མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དབུ་མའི་ལམ་གྱི་མནབ་བཟའ། བོན་རྒྱ་བསྟན་འཛིན་རབ་རྒྱས།

བོད་ཀྱི་དུས་བབ།
༢༠༡༠/༠༦/༠༧
Share on FacebookShare on TwitterShare on EmailShare on Whatsapp

 

དགེ་རྒན་ཆབ་བྲག་ལྷ་མོ་སྐབས་ལགས་ཀྱི་རྩོམ་ཡིག་སྔ་ཕྱི་གཉིས་ལ་བསམ་ཚུལ་སྤེལ་བ།
བོན་རྒྱ་བསྟན་འཛིན་རབ་རྒྱས།

 

   ཆེས་བཀུར་བར་འོས་པའི་དགེ་རྒན་ལྷ་མོ་སྐྱབས་ལགས།  ཁ་སང་ཁྱེད་ཀྱིས་བློ་བཟང་སེང་གེའི་རྩོམ་ཡིག་ལ་སྤེལ་བའི་བསམ་ཚུལ་སྔ་ཕྱི་གཉིས་ཀ་གནད་འགག་ཅན་ཞིག་ཡིན་རྒྱུ་རེད་དེ།  ངའི་བསམ་པ་ཞིག་ལ། མང་ཚོགས་ཀྱི་སེམས་གསོ་ཞིག་དང་སྤྱིར་བཏང་གི་འུད་བསྟོད་ཅིག་ལས་དངོས་ཡོད་ཅིག་གསལ་བར་བཤད་ཡོད་པའི་ཚོར་སྣང་མ་བྱུང་ཐལ།    རྒྱུ་མཚན་ནི།  ཧ་ཅང་མང་པོ་མང་པོ་ཞིག་གི་སྟེང་ནས་བལྟས་ན་ཁྱེད་ཀྱི་གསུང་ཚིག་གཅིག་ལའང་འགྲིག་རྟགས་རྒྱག་དཀའ་བས་སོ། །

  སྐུ་ཉིད་ཀྱིས་གསུངས་ན།  “བོད་གནས་ཡོད་པ་བོད་པས་ཤེས་ལ།  རྒྱལ་སྤྱིས་ཤེས། རྒྱ་ནག་གིས་ཀྱང་ཤེས་སོ་”ཟེར།  ད་དུང་”བོད་པས་བོད་པ་རང་ས་ན་ཤི་མ་གསོན་དུ་གནས་བ་དང་།  རྒྱལ་སྤྱིས་འགྱེལ་ས་ནས་ལངས་པ།  རྒྱ་ནག་གིས་དུར་ས་ན་རོ་ལངས་རྒྱག་བཞིན་པ་ཤེས་སོ་”ཟེར།  དངོས་ཡོད་གནས་ཚུལ་ལ་འུ་ཅག་འདི་འདྲ་ཞིག་རེད་དམ་ཅེས་ནན་གྱིས་དྲིས་ན་སྐུ་ཉིད་ཀྱིས་ཀྱང་རྐང་པ་ས་ལ་བརྟན་པོར་འཛུགས་ཐུབ་རྒྱུ་མ་རེད།  རྒྱུ་མཚན་ནི།  འུ་ཅག་གི་རང་ས་ལོ་རེ་ནས་ཟླ་རེ་དང་། ཟླ་རེ་ནས་ཉིན་རེ་བཞིན་ཤོར་གྱིན་པ་དང་འགྱུར་གྱིན་པ་མ་ཟད།  རང་མི་ལོ་རེ་ནས་ཟླ་རེ་བཞིན་འཐོར་བཞིན་ཡོད་ལ་འགྱུར་གྱིན་ཡོད་པས་སོ།  སྐབས་འདིའི་འགྱུར་བ་ནི་གཙོ་བོ་མི་རྒྱུད་ལ་ངོས་བཟུང་ན་འགྲིག  འུ་ཅག་གི་མི་རྒྱུད་ནང་རྒྱ་རྒྱུད་དང་དབྱིན་རྒྱུད་སོགས་འདྲེས་ཀྱིན་ཡོད།  དེའི་དབང་གིས་མི་རིགས་ཀྱི་གོམས་གཤིས། སྐད་ཡིག  ཆོས་ལུགས་དང་བཅས་པ་ཉེན་ཁའི་ཕྱོགས་སུ་ཁད་ཀྱིས་ཆས་བཞིན་ཡོད།  འདི་འགྱེལ་ས་ནས་ལངས་སྟངས་རེད་དམ།  འགྱེལ་ས་ནས་ཤི་སྟངས་རེད།  ངས་བལྟས་ན་ཕྱི་མ་དེ་རེད།    

  བཀུར་འོས་དགེ་རྒན་ཁྱེད་ཐུགས་རྒྱལ་མ་བཞེངས་དང་།  རྒྱལ་སྤྱིས་ཀྱང་༸གོང་ས་མཆོག་ལས་བོད་མི་རིགས་གཏན་ནས་ཤེས་ཡོད་པ་མ་རེད། ཤེས་ཡོད་ན་ང་ཚོས་རྒྱལ་སྤྱིའི་ཡིག་ཚང་ཁག་ལ་བསྐྱལ་བའི་སྙན་ཞུ་ཁྲི་འབུམ་མང་པོ་དང་།  མི་ལོ་ལྔ་བཅུའི་རིང་གི་འཚེ་མེད་ཞི་བའི་འཐབ་རྩོད་འདི་ལ་རིན་ཐང་ཞིག་དང་གདེང་འཇོག་ཞིག་གནང་ན་ལོས་ཆོག་སྟེ།  གན་དྷེ་ལྟ་བུའི་ལྟ་བུའི་མི་གཅིག་གིས་འཚེ་མེད་ཞི་བའི་ལས་འགུལ་གྱི་ལྟ་བ་རྒྱུན་སྐྱོང་བྱས་པའི་གདེང་འཇོག་དང་ཆེ་མཐོང་ཙམ་ཡང་རྒྱལ་སྤྱིས་བོད་ལ་སྤྲད་མེད།  འདི་ནི་རྒྱལ་སྤྱིའི་ང་ཚོ་མ་ཤེས་པའི་རྟགས་རེད།  ངས་ཁྱོད་ལ་ད་དུང་ཐག་ཉེ་ཤོས་ཀྱི་དཔེ་མཚོན་ཞིག་འཇོག  ཉེ་བའི་ཟླ་གཅིག་ཙམ་གྱི་སྔོན་ལ་སྐྱེ་རྒུ་མདོར་ས་ཡོམ་གོད་ཆགས་བྱུང་ནས།  བོད་གཞུང་གི་འབངས་མི་ཁྲི་སྟོང་མང་པོ་རྐྱེན་ལམ་ལ་ཤོར་བ་རེད་དེ།  རྒྱལ་སྤྱིའི་ངོས་ལེན་ཡོད་པའི་རྒྱལ་ཁབ་གཅིག་གིས་ང་ཚོའི་གཞུང་ལ་ཐུགས་གསོའི་ཡིག་རྡོག་གཅིག་འབྱོར་ཨེ་ཡོད།  ད་དུང་དེ་ལས་ལྡོག་རྒྱ་གཞུང་དང་ཧུའུ་ཅིན་ཐོར་འབྱོར་ཡོད་སྲིད།  སྤྱིར་རྒྱལ་སྤྱིས་ང་ཚོ་ཤེས་ཡོད་ན་བོད་གཞུང་དང་།  ༸གོང་ས་མཆོག    ཤུལ་ལུས་མི་མང་བཅས་ནི་སྐབས་འདིར་ཐུགས་གསོ་དང་གདུང་སེམས་མཉམ་སྐྱེད་ཞུ་ཡུལ་གཙོ་བོ་དེ་མ་རེད་དམ། ད་དུང་ཉིས་སྟོང་བརྒྱད་ཀྱི་ལོར་འཛམ་གླིང་ཤར་སྣེ་ནས་ནུབ་སྣེ་ལ་ཁྱབ་ཅིང་།  ཚེ་སྲོག་བརྒྱ་སྟོང་མང་པོས་འགྲོ་གྲོན་དུས་གཅིག་ལ་བཏང་སྟེ། སྐམ་མཚོ་གནམ་གསུམ་གྱི་སྟེང་ནས་འཚེ་མེད་ཞི་བའི་ལས་འགུལ་སྤེལ་བ་རེད། སྲིད་པ་ས་ཆགས་ནས་ད་ལྟའི་བར་ཏུ་འཚེ་མེད་ཞི་བའི་ལས་འགུལ་དེ་འདྲའི་གཞི་རྒྱ་ཆེ་བ་དང་།  ལྷད་མེད་པ་ཞིག་སུས་སྤེལ་བ་རེད།  མི་རིགས་སུ་གང་གིས་སྤེལ་ཡོད་པ་མ་རེད།  ཡིན་ནའང་། རླབས་ཆེ་བའི་ང་ཚའི་་ལས་འགུལ་དེ་ལ་རྒྱལ་སྤྱིས་ཁ་ཡ་བྱས་མེད་ལ།  རྒྱལ་སྤྱིའི་ང་ཚོ་མཐོང་མེད་ལ། ངས་བལྟས་ན་འདི་དག་ནི་རྒྱལ་སྤྱིས་ང་ཚོ་མ་ཤེས་པའི་རྟགས་རེད། 

   རྒྱ་ནག་གིས་ང་ཚོས་རོ་ལངས་རྒྱག་སྲིད་པར་འཇིགས་ཀྱིན་ཡོད་སྲིད་པ་རེད།  ཡིན་ནའང་།  དེ་ནི་གཞི་ལུས་རྒྱ་ཆེ་མི་མང་གི་ཞུམ་པ་མེད་པའི་སྙིང་སྟོབས་དང་དུས་རབས་ཀྱི་འགྱུར་བ་གཉིས་ཀྱི་དབང་གིས་ཞེད་ཀྱིན་པ་ལས།  བཙན་བྱོལ་བ་ཚོས་གྲ་སྒྲིག་སྡུག་ས་ནས་བྱས་པའི་རྐྱེན་མ་རེད་ལ།  རེ་བ་བཟང་ས་ནས་བྱས་པའི་འབྲས་བུའང་མ་རེད་དོ། །

   ཡང་སྐུ་ཉིད་ཀྱིས་གསུངས་ན། བོད་པའི་ལས་འགུལ་སྤྱི་ཁྱབ་ཀྱི་གཏན་འབེབས་མིང་ནི། བཅའ་ཁྲིམས་རིན་པོ་ཆེར་གཏན་ལ་ཕབ་གནང་བའི”བོད་དོན་བདེན་མཐའ་གསལ་ཐབས”ཞེས་པ་འདི་ཡིན་ནོ་ཟེར། དེ་ཡང་དྲང་མོར་བཤད་ན་མཚན་ཉིད་རིག་པའི་ཁྲོད་ཀྱི་ཁྱོད་སྒྲ་ལྟ་བུ་ཞིག་རེད།  ཀ་བ་རྩོད་གཞིར་སླེབས་ན་ཀ་བ་ནང་དུ་འཛུལ་འགྲོ་ལ།  བུམ་པ་རྩོད་གཞིར་སླེབས་ན་བུམ་པ་ནང་དུ་འཛུལ་འགྲོ།  དེ་བཞིན་འུ་ཚང་གི་བཅའ་ཁྲིམས་རིན་པོ་ཆེ་རུ་གདན་འདྲེན་ཞུས་པའི་ཐ་སྙད་རླབས་ཆེན་དེ་ཡང་སྐུ་ཉིད་ཀྱིས་ལྟོས་དང་།  བོད་རང་བཙན་ཡང་བོད་དོན་བདེན་མཐའ་གསལ་ཐབས་ཞེས་པའི་ཐ་སྙད་དེར་འཛུལ་འགྲོ་ལ།  དབུ་མའི་ལམ་ཡང་བོད་དོན་བདེན་མཐའ་གསལ་ཐབས་ཞེས་པའི་ཐ་སྙད་དེའི་ཁྲི་ལ་འགྱིང་ཐུབ།  ད་དུང་མི་རིགས་ས་ཁོངས་རང་སྐྱོང་ཡང་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་གདན་ལ་བཞུགས་ཐུབ་པས།  ནམ་ཞིག་གུང་ཁྲན་ཏང་གི་བཅའཁྲིམས་དམར་པོས་ཀྱང་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་སྐྱི་པགས་སེར་བོ་དེ་གྱོན་སྲིད་པ་མ་རེད་དམ།   ཞིབ་ཏུ་ལྟོས་དང་ཐ་སྙད་དེས་ཀྱང་ང་ཚོའི་ལངས་ཕྱོགས་གསལ་བོ་དང་བརྟན་པོ་མིན་པ་བསྟན་མི་འདུག་གམ། དེ་ལས་དབུ་མའི་ལམ་ལྟ་བུའི་ཡོད་ཚད་ནང་ལ་ཡོངས་རྐྱང་མིན་པའི་འཐབ་རྩོད་ཀྱི་བརྡ་ཆད་གཅིག་དང་། ལངས་ཕྱོགས་གཅིག་གཏན་འབེབ་བྱེད་རྒྱུ་ནི་ཁ་ཚ་དགོས་གཏུགས་མ་རེད་དམ། ཡིན་ནའང་།  ཟམ་གདོང་རིན་པོ་ཆེས་རིགས་སྒྲུབ་བྱས་བྱས་ནས་”བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོངས་ཐབས་ཀྱི་བསམ་འཆར་”ལའང་དབུ་མའི་ལམ་གྱི་མནབ་བཟའ་འབུལ་གྱིན་འདུག་པས་དངོས་གནས་བོད་དོན་འཐབ་རྩོད་ཀྱི་ལངས་ཕྱོགས་ཟེར་བ་བདག་གིས་གང་ལ་ངོས་འཛིན་དགོས་པའང་ཤེས་ཀྱི་མི་འདུག་པས།  བཀུར་འོས་སྤྱི་འཐུས་ལགས་ལ་བཀའ་འདྲིར་ཕུལ་བ་ཡིན།    

ཡང་སྐུ་ཉིད་ཀྱིས། “བཙན་བྱོལ་བོད་མི་རྣམས་རྒྱལ་ཁབ་གང་སར་ཁ་འཐོར་གྱི་རྣམ་པར་གནས་ཀྱིན་ཡོད་ན་ཡང། བོད་མི་ཕལ་མོ་ཆེ་མི་རིགས་ཀྱི་ལར་ཞེན་ཞིག་གིས་སྦྲེལ་ཡོད་ལ། སྐད་ཡིག་དང་ཆོས་ལུགས་ཀྱི་སྦྱར་རྩི་ཞིག་གིས་འབྱར་ཡོད་པར་མ་ཟད། བཙན་བྱོལ་བོད་གཞུང་གི་དང་བླང་དཔྱ་ཁྲལ་ལག་དེབ་གཅིག་གི་འོག་ལ་འདུས་ཡོད་”ཟེར།  དང་པོ་དེ་མི་ཞིག་ཡིན་པའི་ཆ་ནས་ཞེན་ཁོག་གིས་གྲུབ་ཡོད་པ་རེད།  དེའི་ཕྱིར་དེ་འགྲིག་ཁུལ་བྱོས།  ཡིན་ནའང་།  ཕྱི་མ་དེ་གཉིས་ཇི་འདྲའི་ཞལ་རྫུན་ཆེ་བ་ལ།  བོད་སྐད་བཤད་ཙམ་དང་རྨོངས་དད་ཡོད་ཙམ་དག་ལ་ངོས་འཛིན་གྱིན་ཡོད་རྒྱུ་མ་རེད།  དེ་ལས་གཞན་ནས་བཤད་ན་བོད་མི་ཕལ་མོ་ཆེ་ཡིག་རྨོངས་བ་ལས་བོད་ཀྱི་སྐད་ཡིག་དང་ཆོས་ལུགས་ཀྱི་སྦྱར་རྩི་ཅན་སུམ་ཆའི་གཅིག་ཀྱང་ཟིན་མེད་པ་ནི།  ཁོག་རྩིས་བརྒྱབས་ན་ཏག་ཏག་ཤེས་པས་རྫུན་བཤད་ནས་ཅི་ལ་ཕན།  མིག་གིས་མཐོང་སའི་བཙན་བྱོལ་ལ་ཆ་བཞག་ནའང་འཛིན་རིམ་བཅུ་བའི་སློབ་མ་ཚོས་རང་མིང་གི་དག་ཆ་ཤེས་མི་ཤེས་དང་།  སློབ་ཆེན་པ་ཚོས་སུམ་རྟགས་ལ་གཞི་ནས་སྦྱོང་བརྡར་བྱེད་ཀྱིན་ཡོད་པ་སྐུ་ཉིད་ཀྱིས་མཁྱེན་གསལ་ཡིན་པས།  ཆོས་ལུགས་དང་སྐད་ཡིག་གི་སྦྱར་རྩི་ཞིག་དེ་ཚོར་ཡོད་མི་སྲིད་དོ།  །རིགས་པ་དེས་གཞན་དག་ཐམས་ཅད་ལ་རྗེས་དཔོག་ཐུབ་པས་འགྲེལ་བཤད་རིང་བོ་དགོས་དོན་མི་འདུག  བོད་མི་ཕལ་མོ་ཆེས་དཔྱ་ཁྲལ་ལག་དེབ་མིག་གིས་མཐོང་མྱོང་དང་རྣ་བས་ཐོས་མྱོང་མེད་པས་དེའི་འོག་ལ་ཇི་ལྟར་ཡོད།   

ཡང་སྐུ་ཉིད་ཀྱིས།  “ང་ཚོའི་རྒྱབ་རྟེན་གཅིག་ནི།  ༸གོང་ས་མཆོག་དང་།  གཉིས་ནི།  གཞིས་ལུས་རྒྱ་ཆེ་མི་མང་ཡིན་ལ།  ༸གོང་ས་མཆོག་ཞལ་མ་བཞུགས་ནའང་།  གཞིས་ལུས་བོད་དམངས་ནུབ་དཀའ། དེ་བས་ང་ཚོའི་འཕག་འཚག་གི་རྒྱབ་བརྟེན་གཙོ་བོ་ཧ་ཅང་བརྟན་ནོ་”ཟེར།  གཞིས་ལུས་རྒྱ་ཆེ་མི་མང་འབོད་སྒྲ་གཅིག་གི་འོག་ནས་ཡར་ལངས་ཐུབ་པ་དང་།  དམིགས་ཡུལ་གཅིག་གི་ཆེད་དུ་སྲོག་གཏོང་ཐུབ་པ་ནི་༸གོང་ས་མཆོག་ལ་དད་སྟོབས་ཁོ་ན་ལས།  མི་རིགས་ལར་ཞེན་དང་གོ་རྟོགས་སད་ཡོད་པ་གཞིས་བྱེས་གཉིས་ན་རེ་ཟུང་ལས་མེད་པས་སྐུ་ཉིད་ཀྱི་བསམ་ཕྱོགས་རྩ་བ་ནས་ནོར་འདུག་ལ།  གལ་སྲིད་༸གོང་ས་མཆོག་ཞལ་བཞུགས་པའི་རིང་ལ་བདེན་མཐའ་མ་གསལ་བ་ཡིན་ན་འུ་ཅག་གི་རྒྱབ་རི་སྨུག་པོ་གཞི་ལུས་རྒྱ་ཆེ་མི་མང་གི་བརྟན་ལྷིང་དང་སྙིང་སྟོབས་ཀྱང་ཉམས་རྨས་སུ་འགྲོ་བ་ལས་ཇེ་བརྟན་དང་ཇེ་ཆེར་འགྲོ་ངེས་པའི་རྟགས་མཚན་ཞིག་བདག་གིས་མ་རྙེད་དོ།  །བགྲོ་གླེང་དང་མཛའ་མཐུན་གྱི་ཕྱོགས་སུ་ཆས་པའི་དུས་རབས་ཀྱི་འགྱུར་བ་འདི་རྟགས་མཚན་གཅིག་ཡིན་སྲིད་ནའང་།  འུ་ཅག་དུས་རབས་དང་ལྷན་ཏུ་སད་རྟོགས་དང་གོམ་པ་སྤོ་ཐུབ་ཀྱི་མེད་པས། དེ་ནི་རྨིལམ་ཞིག་ལས་རེ་བ་ཞིག་གཏན་ནས་མིན་ནོ།      

ད་དུང་ང་ཚོས་རེ་བ་བཟང་ས་དང་གྲ་སྒྲིག་སྡུག་ས་ནས་བྱས་མེད་པའི་སྐོར་སོགས་བདག་ལ་མང་པོ་མང་པོ་བཤད་ཀྱི་ཡོད་མོད། རེ་ཞིག་འདི་ཙམ་གྱིས་མཇུག་བསྡུ་འདོད་བྱུང་སོང་། མཇུག་ཏུ་ཞཱུ་འདོད་པ་ཞིག་ལ། སྐུ་ཉིད་ལ་བགྲོ་གླེང་གནང་འདོད་ཡོད་ན་བདག་ལའང་ད་དུང་མུ་མཐུད་ནས་བཤད་འདོད་ཡོད་དོ། །

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་གནས་མཆོག་གངས་རིན་པོ་ཆེ། དྲ་ལམ་གྱི་པར།
Mobile App

རྒྱ་གར་གྱི་གནས་མཇལ་བ་ ༧༥༠ གངས་རིན་པོ་ཆེར་གནས་མཇལ་དུ་གཏང་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༦ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

ཡེ་ཤུ་ཆོས་དཔོན་ཕོབ་ལེའོ་མཆོག་ལ་༧གོང་ས་མཆོག་དང་ལྷན་དུ་མགྱོགས་མྱུར་མཇལ་འཕྲད་གནང་བའི་འབོད་སྐུལ་ཞུས།

ཆུ་ཚོད་ ༡༦ སྔོན་ལ།
Mobile App

གཏམ་གླེང་དམར་རྗེན་མ།

ཆུ་ཚོད་ ༡༨ སྔོན་ལ།
བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་སྦྱོང་བརྡར་ཁང་དུ། བོད་པའི་སློབ་གྲྭ་ཁག་གི་སཱི་ཤེས་ཡོན་སློབ་གསོའི་མཐུན་སྦྱོར་བ་རྣམས་ལ་སཱི་ཤེས་ཡོན་སློབ་གསོའི་སྦྱོང་བརྡར་སྤྲད། ༢༠༢༥།༥།༢༡ དུས་བབ་ཀྱི་པར།
Mobile App

འཛམ་གླིང་གི་རྒྱལ་ཁབ་ ༡༤༡ ནང་སཱི་ཤེས་ཡོན་སློབ་གསོ་ངོ་སྤྲོད་གནང་ཟིན་འདུག

༢༠༢༥/༠༥/༢༡
FILE PHOTO: Salal Dam on the Chenab river, in Reasi district, J&K, Monday, May 5, 2025. All gates of Salal Dam on the Chenab River were closed following suspension of the Indus Waters Treaty in the aftermath of the Pahalgam terror attack.(PTI)
Mobile App

པཱ་ཀི་སི་ཐན་ནང་ཆུ་རགས་གསར་རྒྱག་གི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་།

༢༠༢༥/༠༥/༢༡
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཁེ་ན་ཌའི་ཨོན་ཊ་རེའོ་བོད་མི་རྣམས་ལ་གསུང་བཤད་གནང་། ༢༠༢༥།༥།༡༨ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་འདི་ལོའི་ཆོས་ཚོགས་ཐེངས་ལྔ་པའི་ཐོག་༧སྐུའི་ཡང་སྲིད་དང་འབྲེལ་བའི་གནད་དོན་ཁག་ཅིག་གསལ་པོ་ཆགས་རྒྱུ་ཡིན་སྐོར་གསུངས།

༢༠༢༥/༠༥/༢༡

མཆན། 17

  1. འོད། says:
    ལོ་ 15 སྔོན།

    ངས་ཅི་ཞིག་བཤད་འདོད་པ་ཚང་མ་བོན་རྒྱ་བས་བཤད་ཚར་འདུག་པས་ང་ལ་རིག་པ་ཁྱད་པར་བ་ཞིག་སྟོན་རྒྱུ་མི་འདུག མགོ་ནས་མཇུག་པར་དུ་ཡི་གེ་ན་གཅིག་མ་ཆད་པར་བཀླགས་ཚར་ཟེར་རྒྱུ་ཡིན། ཐུགས་རྗེ་ཆེ།

    Reply
  2. རིན་ཆེན་རིལ་བུ། says:
    ལོ་ 15 སྔོན།

    ངས་གོང་དུ་༼ ད་དུང་ཉིས་སྟོང་བརྒྱད་ཀྱི་ལོར་འཛམ་གླིང་ཤར་སྣེ་ནས་ནུབ་སྣེ་ལ་ཁྱབ་ཅིང་། ཚེ་སྲོག་བརྒྱ་སྟོང་མང་པོས་འགྲོ་གྲོན་དུས་གཅིག་ལ་བཏང་སྟེ། སྐམ་མཚོ་གནམ་གསུམ་གྱི་སྟེང་ནས་འཚེ་མེད་ཞི་བའི་ལས་འགུལ་སྤེལ་བ་རེད། ༽ ཞེས་པའི་ཚིག་འདི་དང་ ན་ནིང་རྒྱལ་སྤྱིའི་ངོས་ནས་ང་ཚོ་མཐོང་མེད་པ་གསལ་བོ་རེད།་ཅེས་པ་གཉིས་ནང་འགལ་མ་རེད་དམ། རྒྱལ་སྤྱི་ཞེས་པ་དེའང་ཕལ་ཆེར་འཛམ་གླིང་གི་ཤར་སྣེ་ནས་ནུབ་སྣེ་དང་གནམ་མཚོ་སྐམ་གསུམ་གྱི་ཐོག་ན་ཡོད་རྒྱུ་རེད་འདོད་ཀི་ དེ་ཡོད་པ་ཡིན་ན་མི་མཐོང་རྒྱུ་ཞིག་ཡོད་རྒྱུ་མ་རེད་འདོད་ཀི་ རྒྱལ་སྤྱིའི་སྤྱི་ཚོགས་དང་གཞུང་འབྲེལ་གྱི་སྲིད་དོན་ཚོགས་པའམ་མཉམ་འབྲེལ་རྒྱལ་ཚོགས་གཉིས་ཀྱི་ནང་དོད་ཁ་ཁ་མ་རེད་དམ། ཕལ་ཆེར་སྐུ་ཉིད་ཀྱིས་མིང་ཚིག་གི་སྡེབ་སྒྲིག་དང་དེའི་བསྟན་དོན་ལ་གོ་བ་མ་ལོན་ནི་ཡིན་རྒྱུ་མ་རེད། ཨུ་ཚུགས་ཀྱིས་ཚིག་གྲུབ་བཟོ་ཐུབ་ན་ཐང་མོད་གནས་ལུགས་བཟོ་ཐུབ་ནི་མ་རེད་ལགས་ཞུས་པ་ཡིན།

    Reply
  3. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 15 སྔོན།

    སྐུ་ཞབས་ཁང་གསར་ལགས། ངས་གཞིས་གཅིག་པུས་འཇོན་པ་དང་། བྱེས་ཀྱིས་གཏན་ནས་མ་འཇོན་པ་བཤད་མེད། གཞིས་བྱེས་གཉིས་ན་མ་འཇོན་པའི་ཆ་མང་ལ་འཇོན་པའི་ཆའང་རེ་ཟུང་ཡོད། དཔེར་ན། ངས་གོང་དུ་༼ ད་དུང་ཉིས་སྟོང་བརྒྱད་ཀྱི་ལོར་འཛམ་གླིང་ཤར་སྣེ་ནས་ནུབ་སྣེ་ལ་ཁྱབ་ཅིང་། ཚེ་སྲོག་བརྒྱ་སྟོང་མང་པོས་འགྲོ་གྲོན་དུས་གཅིག་ལ་བཏང་སྟེ། སྐམ་མཚོ་གནམ་གསུམ་གྱི་སྟེང་ནས་འཚེ་མེད་ཞི་བའི་ལས་འགུལ་སྤེལ་བ་རེད། ༽ ཞེས་པའི་ཚིག་འདི་ནི་གཞིས་བྱེས་གཉིས་ཐད་ཀྱིས་འཇོན་པའི་ངོས་རེད། ཡིན་ནའང་། རྒྱལ་སྤྱིས་མ་མཐོང་བའི་ངོས་རེད། ན་ནིང་ལྕམ་ནན་སི་པོ་ལོ་ཡིད་བོད་ཀྱི་ལས་འགུལ་འདིར་རྒྱལ་སྤྱིའི་ངོས་ནས་ཡར་ལེན་མ་བྱས་ན། འགྲོ་བ་མིའི་ཐོབ་ཐང་གི་རིན་ཐང་ཞི་བདེའི་རིན་ཐང་ཉམས་པར་འགྱུར་རྒྱུ་རེད་ཅེས་བཤད་ཡོད་པ་བཞིན། ན་ནིང་རྒྱལ་སྤྱིའི་ངོས་ནས་ང་ཚོ་མཐོང་མེད་པ་གསལ་བོ་རེད། དེའི་ཕྱིར་རྒྱལ་སྤྱིའི་གཅེས་ཕྲུག་ཡིན་མདོག་མདོག་སྟོན་རྒྱུ་ཡོད་པ་མ་རེད། འདི་ཤེས་དགོས་པ་ཞིག་རེད། རང་མགོ་གཡོགས་ནས་མི་ཕན་ག

    Reply
  4. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 15 སྔོན།

    སྐུ་ཞབས་ཁང་གསར་ལགས། མནབ་བཟའ་ནི་གུས་ཞབས་ཞུ་ཡུལ་གྱི་མི་སྣ་དག་གི་ལུས་ལ་གསོལ་བའི་གྱོན་གོས་དེར་ངོས་བཟུང་ན་འགྲིག དེ་ལ་ན་བཟའ་ཞེས་བྲིས་ནའང་འགྲིག

    ༸གོང་ས་མཆོག་འཛམ་གླིང་མི་མང་གིས་མཐོང་ཡོད་པ་རེད། ཡིན་ནའང་། མཐོང་བྱེད་ཀྱི་ཐབས་ལམ་ནི་ནང་བའི་ཆོས་དང་། དེ་ལས་ཁོང་གི་ཐུགས་རྒྱུད་ལ་འཁྲུངས་གི་མཁྱེན་དཔྱོད་དག་རེད། དེ་མ་གཏོགས་བོད་པའི་ལས་འགུལ་གྱི་རྐྱེན་པས་༸གོང་ས་མཆོག་རྒྱལ་སྤྱིས་མཐོང་བ་མ་རེད། ཁོང་བཙན་བྱོལ་ལ་ཕེབས་པ་དེ་འཕྲད་རྐྱེན་ཕུན་སུམ་ཚོགས་པ་ཞིག་ལ་གྱུར་ཡོད་པ་རེད་མོད། ཡིན་ནའང་། དེ་ནི་བོད་པས་སྤེལ་བའི་ལས་འགུལ་ཞིག་མིན་པར་བོད་ཅི་བྱ་བརྟོལ་བྲལ་གྱིས་ཞུགས་པའི་ལམ་ཁ་ཞིག་ཡིན་པ་ཚང་མས་ཤེས་གསལ་ལྟར་རོ། །

    སྐུ་ཞབས་བློ་བཟང་སེང་གེ་ཡིས་བཤད་འདོད་པ་དང་སྒྲུབ་འདོད་པའི་རེ་བ་ནི་བོད་པའི་ལས་འགུལ་གྱིས་བོད་རྒྱལ་སྤྱིར་སྟོན་ཐུབ་པ་ཞིག་བྱེད་རྒྱུ་དེ་རེད། དེའི་ཕྱིར་སྐུ་ཉིད་ཀྱི་སྐད་ཆ་དདང་ཁོང་གི་སྐད་ཆ་གཉིས་ཀྱི་དམིགས་དོན་མི་འདྲ་གི། དེ་བཞྀན་བདག་གིས་བཤད་འདོད་པའང་དེ་ཡིན་ལ། ༸གོང་ས་མཆོག་རྒྱལ་སྤྱིས་མཐོང་ཡོད་པ་དེ་ང་ཚོ་ཚང་མའི་འདོད་ཚུལ་གཅིག་མཚུངས་རེད།

    ད་དུང་དཔལ་ལྡན་རྒྱ་མཚོ་སོགས་ཀྱི་བྱ་དགའ་མང་ཆེ་བ་ཞིག་ལའང་གོང་ས་མཆོག་གི་ནུས་ཤུགས་དང་མཚན་མཐོང་ལ་བརྟེན་ནས་རག་པ་མང་རྒྱུ་རེད་སྙམ། ཡིན་ནའང་། རྒྱལ་ཁབ་ཁ་ཤས་ཀྱིས་མི་སྣ་ཁ་ཤས་ལ་མཚན་མཐོང་དེ་ཙམ་ཞིག་སྤྲད་པ་དེས་བོད་དོན་ལ་ནུས་པ་མི་ཐོན་པ་མིག་གིས་མཐོང་ཚོད་ལྟར་རེད།

    Reply
  5. ཕུན་ཚོགས ། says:
    ལོ་ 15 སྔོན།

    ཡིན་ཡང་བོད་པའི་ཆབ་སྲིད་པ་ཁ་ཤས་དང་བོད་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་ཁ་ཤས་ཀྱིས་བོད་དོན་ནི་རྒྱལ་སྤྱིའི་དོ་སྣང་དང་དོ་ཁུར་བྱེད་ས་གཙོ་བོ་ཞིག་ཏུ་གྱུར་ཡོད་ཚུལ་དང་།བོད་དོན་གྱིས་རྐྱེན་པས་རྒྱལ་སྤྱིའི་གནས་བབ་དང་སྒོས་སུ་རྒྱ་ནག་གི་གནས་སྟངས་དང་ཆབ་སྲིད་གྱི་འགྱུར་ལྡོག་ལ་ལ་དོ་ཕོག་དཔེ་མེད་ཐེབས་བཞིན་ཡོད་པའི་བཤད་སྟངས་དང་།བོད་དོན་ནི་རྒྱལ་སྤྱིའི་གནད་དོན་གལ་ཆེན་ཞིག་ཏུ་གྱུར་ཡོད་ཚུལ་གྱི་བཤད་སྟངས་འདི་རིགས་ནི་རྒྱ་མཚོ་མ་མཐོང་བར་བསྐྱིལ་ཆུ་ལ་རྒྱ་མཚོ་ཞེས་མིང་གིས་འབོད་པ་དང་གཉིས་སུ་མེད།གལ་སྲིད་མི་རིགས་ཤིག་དང་རྒྱལ་ཁབ་ཅིག་གི་ངོས་ནས་གླེང་ན་འཛམ་གླིང་གིས་དོ་སྣང་ཏོག་ཙམ་བྱས་པ་དང་གསར་འགྱུར་བརྒྱུད་ལམ་ཁག་གིས་ཁྱབ་བསྒྲགས་རག་ཙམ་བྱས་པ་སོགས་ནི་རྒྱུན་ལྡན་གྱི་གནས་ཚུལ་ཙམ་ཡིན་ཞིང་།དེ་འདྲའི་གནས་ཚུལ་ནི་ཚོགས་པ་ཆུང་ཆུང་དང་བཟོ་གྲྭ་ཆུང་ཚོས་ཀྱང་བཟོ་ཐུབ་ཀྱི་ཡོད་པ་ནི་དུས་ནས་དུས་སུ་མཐོང་ཐུབ་པ་དེའོ།

    Reply
  6. ཕུན་ཚོགས ། says:
    ལོ་ 15 སྔོན།

    ཁང་གསར་ལགས་ལ།
    ང་ཚོས་རྒྱལ་སྤྱིའི་སྒང་དུ་གོ་བབ་གལ་ཆེན་ཟིན་ཡོད་ཚུལ་ཆ་འཇོག་བྱེད་ས་གཙོ་བོ་ནི་བོད་ཀྱི་ནང་ཆོས་ལ་སློབ་གཉེར་བྱེད་མཁན་མང་དུ་འགྲོ་གི་ཡོད་པ་དང་།༧གོང་ས་རྒྱལ་བ་རིན་པོ་མཆོག་ལ་གཟེངས་རྟགས་འབུལ་མཁན་དང་དད་པ་བྱེད་མཁན་ཇེ་མང་དུ་འགྲོ་གི་ཡོད་པ།བོད་དོན་རྒྱབ་སྐྱོར་པ་ཁག་གིས་རོགས་འདོགས་ལས་བོད་དོན་ཁྱབ་བསྒྲགས་ཙམ་བྱེད་ཐུབ་པ།དེ་ལས་བོད་དོན་ཤེས་མཁན་ཇེ་མང་དུ་འགྲོ་གི་ཡོད་པའི་གནས་སྟངས་དག་རེད།འདི་ཡང་ང་ཚོའི་རྒྱལ་ཁ་དང་གྲུབ་འབྲས་མ་ཡིན་པའི་འོལ་ཚོད་སུས་ཀྱང་མི་བྱེད་མོད།རྒྱལ་ཁ་དང་གྲུབ་འབྲས་ནི་དོན་དངོས་འཚོ་བས་ཁ་གྲག་ཡོང་གི་ཡོད་པས།མི་རིགས་འདིའི་མདུན་དུ་ལྷག་པའི་དཀའ་ངལ་དང་ཛ་དྲག་གི་གནས་བབ་དག་དང་ཡོངས་སུ་བསྡུར་ཡོང་དུས།དོན་དངོས་འདི་དག་གིས་རེ་བ་སྨིན་ཞིང་འདོད་པ་ཁེངས་པའི་ལན་འདེབས་ཅི་ཡང་བྱེད་མི་ཕོད་ལ།མི་རིགས་འདིའི་ལས་དོན་གྱི་རྒྱལ་ཁ་ཆེན་པོ་ཞིག་ཏུ་ཁས་ལེན་རྒྱུ་ཤིན་ཏུ་དཀའ་འོ།

    Reply
  7. ཁང་གསར་རྡོ་རྗེ། says:
    ལོ་ 15 སྔོན།

    མགོ་ནས་མཇུག་བར་བཀླགས་པ་ཡིན། གཅིག་མགོ་ཚོས་མ་སོང་། མནབ་བཟའ་ཟེར་བ་དེ་ཅི་རེད། གོས་ཀྱི་ཞེ་ས་”ན་བཟའ་”ལ་གོ་དགོས་སམ། ཡང་ན་གཞན་ཞིག་ལ་གོ་དགོས། དེ་ནས་བསམ་འཆར་ཐུང་ཐུང་འགའ་བཤད།

    ང་ཚོའི་ལས་འགུལ་གནས་ཡོད། བློ་བཟང་སེང་གེས་ཞིབ་དཔྱད་མ་བྱས་པར་བཤད་པ་རེད་མ་གཏོགས། དོན་དུ་གྷུ་གྷོལ་ནང་ free Tibet ཞེས་བྲིས་ན། དེ་འཚོལ་བཤེར་བྱེད་མཁན་གྱི་གྲངས་འབོར་ཧ་ཅང་མང་པོར་སླེབས་པ་མཐོང་ཐུབ། free Tibet འམ་བོད་རང་དབང་གི་འཐབ་རྩོད་ནི་ང་ཚོའི་ལས་འགུལ་རེད། དེ་སྤྱི་ཚོགས་ནང་གནས་པར་མ་ཟད། གྷུ་གྷོལ་ནང་དུའང་གནས་འདུག

    ང་ཚོའི་ལས་འགུལ་རྒྱལ་སྤྱིས་གདེང་འཇོག་བྱས་ཡོད། རྒྱ་གར་གྱི་འཚེ་མེད་ཞི་བའི་ལས་འགུལ་གྱི་དེད་དཔོན་ཆེན་པོ་གྷན་དྷི་ལྟ་བུར་མཚོན་ན། ཞི་བདེའི་གཟེངས་རྟགས་ཀྱི་འོས་གཞིའི་ཁོངས་སུ་ཐེངས་མ་ལྔ་ཚུད་ཀྱང་། གཟེངས་རྟགས་དེ་ཁོང་ལ་ཕུལ་མེད། ང་ཚོའི་ཞི་བདེའི་ལས་འགུལ་གྱི་དེད་དཔོན་ཆེན་པོར་ཞི་བདེའི་གཟེངས་རྟགས་ཀྱིས་མཚོན་པའི་གཟེངས་རྟགས་ག་ཚོད་ཕུལ་སོང་། དེ་ཚོ་རྒྱལ་སྤྱིས་ང་ཚོའི་ལས་འགུལ་ལ་ཆེ་མཐོང་སྤྲད་པ་རེད། ངོས་འཛིན་བྱས་པ་རེད། དེ་མིན་དཔལ་ལྡན་རྒྱ་མཚོ་དང་ཨ་མ་རྗེ་བཙུན་པདྨ། བཙུན་མ་ཕུན་ཚོགས་ཉི་སྒྲོལ། ཚེ་རིང་འོད་ཟེར་སོགས་ལ་གུས་བཀུར་དང་ཆེ་བསྟོད་ཀྱི་གཟེངས་བསྟོད་ཅི་ཙམ་རག་སོང་། དེ་ཚོ་ཡུལ་ལུང་གཞན་ལ་མཐོང་དཀོན་པ་རེད། རྒྱལ་སྤྱིའི་ངོས་འཛིན་རེད།

    དེ་ནས་གཞིས་ལུས་བོད་མིས་འཇོན་པ་དང་བཙན་བྱོལ་བོད་མིས་མ་འཇོན་རབས་དེ་ལའང་ངོས་ལེན་མེད། གཞིས་བྱེས་གཉིས་ཀྱི་འབྲེལ་བ་དེ་གཅིག་ལ་གཅིག་བརྟེན་རེད། བྱེས་ཀྱིས་འཇོན་པའི་རྟགས་སུ་གཞིས་བཞུགས་བོད་མིར་སེམས་སྤོབས་སླེབས་པ་རེད། གཞིས་ཀྱིས་འཇོན་པའི་རྟགས་སུ་བྱེས་བཞུགས་བོད་མིར་རྒྱུ་མཚན་ལྡན་པ་རེད། གཉིས་ཀས་འཇོན་ཡོད། གཅིག་མེད་ན་གཅིག་ཤོས་ལ་བྱེད་རྒྱུ་ཞེ་དྲག་ཡོད་མ་རེད།
    ད་འགྲོ་རན་སོང་། མགྱོགས་པོར་བྲིས་སྟབས་ཡིག་ནོར་ཡོད་སྲིད།

    Reply
  8. ཕུན་ཚོགས ། says:
    ལོ་ 15 སྔོན།

    གསལ་བོ་བཤད་ན།འུ་ཚོའི་ཉེ་བའི་ལོ་རྒྱུས་ཀྱི་རེའུ་མིག་རེ་རེ་ལ་ཕྱི་མིག་བལྟས་ཡོང་དུས་ལོ་རྒྱུས་ཀྱི་ཤོག་ལྷེ་རེ་རེ་ནི་བསྟོད་ཚོགས་ཀྱི་ཤོག་ལྷེ་རེ་རེ་ཡིན་ལ།བསྟོད་པ་ཐལ་དྲག་པའི་དབང་གིས་དོན་དངོས་གནས་ཚུལ་དང་དངོས་ཡོད་གནས་ཚུལ་ཀྱི་གནད་དོན་ཁག་ཅིག་བཀབ་འགྲོ་བའི་གནས་ཚུལ་འབྱུང་གི་ཡོད་པ་ནི་གསལ་བོ་ཡིན།
    དེ་བས་གཞུང་དང་མི་མང་བར་གྱི་སྡོམ་པ་དང་དམ་ཚིག་སྲུང་རྒྱུ་ཁོ་ན་གལ་ཆེན་དུ་བརྩིས་ཏེ་དངོས་ཡོད་གནས་ཚུལ་གང་མང་ཞིག་ལ་གཡས་སྐོར་གཡོན་སྐོར་མང་པོ་བྱེད་པ་དང་།ང་ཚོའི་ལས་དོན་འདི་ནི་མི་རིགས་ཤིག་གི་ལས་དོན་དང་ཡང་ན་རྒྱལ་ཁབ་ཅིག་གི་ལས་དོན་ཀྱི་ཐད་ནས་མི་ལྟ་བ་དང་།མི་རིགས་གཞན་དང་རྒྱལ་ཁབ་གཞན་གྱི་རྒྱལ་ཁའི་འབྲས་བུ་ལ་ཐད་བསྡུར་མི་བྱེད་པ།གྲུབ་འབྲས་ཆུང་ངུ་ཙམ་ལ་རྒྱས་བཤད་དང་རྒྱང་བཤད་མང་བོ་བྱས་ཏེ་ང་ཚོ་ནི་རབ་དང་མཆོག་ཏུ་བཀུར་ཏེ་འདོད་པ་ཁེངས་པའི་སྡོམ་ཚིག་འགོད་པ་སོགས་ནི་ད་ལྟའི་དངོས་ཡོད་གནས་ཚུལ་གྱི་དཀའ་ངལ་དང་ར་མ་འཕྲོད་པའི་བར་སྟོང་ཆེན་པོ་ཞིག་ཏུ་འགྱུར་གྱི་ཡོད།

    Reply
  9. ཕུན་ཚོགས ། says:
    ལོ་ 15 སྔོན།

    བོན་རྒྱ་བས་གླེང་གཞི་གལ་ཆེན་ཞིག་བཏོན་འདུག་པས་ཡིད་རབ་དགའ།

    Reply
  10. ཕུན་ཚོགས ། says:
    ལོ་ 15 སྔོན།

    བོན་རྒྱ་བའི་བསམ་ཚུལ་ལྟར།མི་རིགས་ཤིག་དང་རྒྱལ་ཁབ་ཅིག་་ཡང་ན་བཙན་པོའི་ལོ་རྒྱུས་ཀྱི་རི་མོ་རིང་པོར་བྲིས་མྱོང་བའི་མི་རིགས་ཤིག་གི་ངོས་ནས་གླེང་ན་ད་ལྟ་ཚོས་གླེང་བཞིན་པའི་རྒྱལ་ཁའམ་གྲུབ་འབྲས་འདི་ནི་གླེང་རིན་ཅི་ཡང་མེད་པའི་ཚོད་དུ་ཡོད།འདི་ནི་ཤ་ཞེན་དང་ཕྱོགས་ཞེན་གྱི་དབང་དུ་ཁྱེར་ཏེ་རང་བསྟོད་ཁོ་ནར་དད་མོས་བྱེད་པའི་འུ་ཚང་གི་བོད་པའི་གཤིས་ཀ་དང་ཡོངས་སུ་མཐུན་གྱིན་མེད་ནའང་།ལོ་རྒྱུས་དང་དུས་རབས་དགོས་མཁོའི་མདུན་དུ་ཅིས་ཀྱང་ཚོར་དགོས་པའི་གནད་དོན་ཆེན་པོ་དེ་ཡིན།

    Reply
  11. པད་བསྟན། says:
    ལོ་ 15 སྔོན།

    དབབབབབབབབབབབབབབབབབབབབབབབབབབབབབབབབབབབབ

    Reply
  12. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    བོད་མིའི་སྐྱིད་སྡུག་ཅེས་པ་འདི་ལྟར་གླེང་དགོས་པ་འདྲ། གཅིག་གིས་དགའ་དགའ་དང་སྐྱིད་སྐྱིད་འདྲ་ཞིག་བཤད་ན། ལོས་བདེན་སྙམ་ནས་སེམས་ཤུགས་འཕར། བློ་རྒྱ་བསྐྱེད། ལག་གདང་སྦྲེལ། དགའ་བཞིན་སྤྲོ་བཞིན་དུ་རང་རང་གི་ལས་ལ་བརྩོན་པར་འདོད་པ་ཞིག་དང་།

    ཡང་གཞན་གཅིག་གིས་སྡུག་རབས་སྐྱོ་རབས་འདྲ་གླེང་ན། དེ་ཡང་བདེན་པ་འདྲ་ཞིག་མཐོང་། ཁོང་ཁྲོ་འདྲ་ལངས། ལོས་བདའ་རེ་བྱས། ད་དུང་རང་ཕྱོགས་ཀྱི་སྐྱོན་དང་མཚང་འདྲ་འདོན་འདོད་སྐྱེས་པ་དེ་འདྲ་ཞིག་རེད།

    བོད་མིའི་སྐྱིད་སྡུག་ཟེར་བ་དེ་ཕྱོགས་གཉིས་ཀ་ནས་གླེང་ན་སྐྱིད་པོ་རེད་ལ། སྡུག་པོ་ཡང་ཚོར་གི་འདུག

    Reply
  13. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    དགེ་རྒན་ཆབ་བྲག་ལྷ་མོ་སྐབས་ལགས་ཀྱི་རྩོམ་ཡིག་སྔ་ཕྱི་གཉིས་དང་། བོན་རྒྱ་བསྟན་འཛིན་རབ་རྒྱས་ལགས་ཀྱེ་ཆད་རྩོམ་གཉིས་ཀའི་ཆ་ལ་སོམས་དགོས་པ་མང་པོ་འདུག་སྙམ།

    Reply
  14. མི་ཉག་བཙན་པོ། says:
    ལོ་ 15 སྔོན།

    དྲ་གྲོགས་དག་གིས་གླེང་མོ་བྱས་པ་ལ་རྗེས་སུ་ཡི་རང་ཞུ།
    ཕྲན་གྱི་དོགས་འཆརའདི་ལ་བོད་དོན་ལ་ཕན་པའི་ལན་རེ་ཡོད་ན་དགའ་བསུ་ཡོད།།
    བློ་བཟང་སེང་གེ་ལགས་འབྱུང་འགྱུར་གྱི་བཀའ་ཁྲི་ལ་ཕེབས་ན་མི་གསར་པ་གཞི་གིས་རྟ་གསར་པ་ཞིག་བཞོན་པ་དང་མཚུངས་སོ་ཞེས་སྨྲས་སོ།
    ཟམ་གདོང་བླ་མས་མ་འོང་པའི་ཟབ་ཞིང་རྒྱ་ཆེའི་ལས་འཆར་ཟིན་སོང་བ་རྣམས་དང་
    ཕྱག་ལས་འཕྲོ་གང་ཡོད་འཇུག་སྐྱེལ་ཐུབ་མཁན་ཞིག་དགོས་པ་ལས་ཤེས་ཡོན་ཡོད་པ་ཙམ་གྱིས་མི་ཆོག་པ་ནི་
    ཤིན་ཏུ་གསལ་ལོ་།ཆབ་བྲག་ལྷ་མོས་ངལ་བ་བྱས་དོན་དེ་ལྟར་ཡིན་ནམ་སྙམ་མོ།
    གཞན་ཡང་བཀྲས་ཐོང་བསྟན་འཛིན་རྣམ་རྒྱལ་ལགས་མ་འོང་པའི་བཀའ་ཁྲི་ལ་ཕེབས་ན་དེ་བས་དགོད་བྲོའི་གནས་སུ་འགྱུར་རོ།་བཀྲས་ཐོང་ནི་བཀའ་ཟུར་ཞིག་རེད་ལ་།་བཀའ་ཁྲི་བྱས་པའི་སྐབས་ཀྱི་སྐྱུག་བྲོ་བའི་ལོ་སྒྱུ་ལ་བལྟས་ན་ནག་ཉེས་ཅན་ཞིག་ཆགས་ཡོད།
    ཉག་ཉེས་གང་བསགས་གསལ་བཤད་དགོས་པ་ནི་མ་མཐོང་།་དེ་ལྟ་བུའི་མི་བཀའ་ཁྲིའི་འོས་ལ་བསླེབས་པར་ངོ་རྒོལ་ཡོད།།་མི་རྗོགས་པ་ག་ལ་ཡིན་བསམ་མོ

    Reply
  15. གནམ་ལྕགས། says:
    ལོ་ 15 སྔོན།

    ཨ་ཁུ་བོན་རྒྱ་བའི་བསམ་ཚུལ་ཡག་པོར་ཐེངས་གཅིག་བཀླགས་པ་ཡིན། བཤད་སྟངས་ཁ་ཤས་ལ་བསམ་ཚུལ་ཞིག་བྱུང་སོང་ཡང་། སྤྱིའི་ཆ་ནས་ཡག་པོར་མཐོང་། དེའི་སྟབས་ཀྱིས་རྒྱབ་སྐྱོར་ཞུ་རྒྱུ་ཡིན་ཞེས་བརྗོད་དེ་བུད་སོང་བ་ཡིན།

    Reply
  16. ཨ ༚ བཙན་པོ། says:
    ལོ་ 15 སྔོན།

    བོན་རྒྱ་བསྟན་འཛིན་རབ་རྒྱས་ལགས། བཀླགས་ཟིན་ཡག་པོ་འདུག མུ་མཐུད་དུ་སྤེལ་རོགས། བསམ་ཚུལ་འགའ་ཞུ་འདོད་བྱུང་སོང་དེ་དུས་ཚོད་ཀྱི་རྐྱེན་པས་འགྲོ་དགོས་བྱུང་སོང་།

    Reply
  17. ཨ་རིག་དགེ་མཐོང་། says:
    ལོ་ 15 སྔོན།

    གྲོགས་པོ་ལགས། ང་ཨ་རིག་དགེ་མཐོང་ཡིན། ཁྱེད་ཀྱི་རྩོམ་ཡིག་འདི་ལ་ཁ་བྱང་དགོད་བྲོ་བ་ཞིག་བཏགས་འདུག ད་དུང་ཕྱོགས་གཅིག་ནས་ཟུར་ཟ་རྣོ་པོ་ཞིག་ཀྱང་རེད། གང་ལྟར་རྒན་རབས་པ་དག་དང་བསམ་ཚུལ་བརྗེ་རེས་བྱེད་རྒྱུ་གལ་ཆེན་རེད། ང་ཨ་རིག་དགེ་མཐོང་བུ་མོ་དུང་དཀར་ཤེས་མཁན་དེ་ཡིན། དེ་མིན་དེང་སང་ཨ་རིག་དགེ་མཐོང་མིང་ཅན་གྱི་དྲ་འབུ་མང་བས་གྲོགས་པོ་དག་གིས་གཟབ་རོགས

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese