མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མི་འཛམ་གླིང་ཐོག་མེད་དུ་མི་རུང་བ་ཞིག་མིན།

བོད་ཀྱི་དུས་བབ།
༢༠༡༠/༠༦/༡༣
Share on FacebookShare on TwitterShare on EmailShare on Whatsapp

ད་ལོའི་འཛམ་གླིང་ཁོར་ཡུག་ཉིན་མོ་སྟེ་ཕྱི་ཟླ་ ༦ ཚེས་ ༥ ཉིན་ངྷ་རམ་ས་ལའི་གངས་དཀར་ཏི་སི་ཁོར་ཡུག་གོ་རྟོགས་ལས་འགུལ་ཁང་གིས་ངྷ་རམ་ས་ལ་ཉེ་འཁོར་གྱི་དགོན་སྡེ་ཁག་གི་དགེ་འདུན་པ་ཚོར་ཁོར་ཡུག་ཐད་བགྲོ་གླེང་ཞིག་གོ་སྒྲིག་བྱས་ཡོད་པ་དང་། དེ་དང་མཉམ་དུ་བོད་སྒྱུར་བྱས་ཡོད་པའི་ཁོར་ཡུག་སྐོར་གྱི་དཔེ་དེབ་ཁག་ཅིག་དབུ་འབྱེད་གནང་ཡོད། སྐབས་དེ་དང་བསྟུན་ཏེ་འདི་གའི་གསར་འགོད་པས་གངས་དཀར་ཏི་སི་ཁོར་ཡུག་གོ་རྟོགས་ལས་འགུལ་ཁང་གི་འགན་འཛིན་ཚེ་རིང་གཡང་སྐྱིད་ལགས་སུ་བཅར་འདྲི་ཞུས་ཡོད།

 

དྲི་བ། ཐེངས་འདིའི་འཛམ་གླིང་ཁོར་ཡུག་ཉིན་མོ་དང་བསྟུན་ཏེ། གངས་དཀར་ཏི་སི་ཁོར་ཡུག་གོ་རྟོགས་ལས་འགུལ་ཁང་གིས་དགེ་འདུན་པ་ཚོར་ཁོར་ཡུག་སྐོར་གྱི་བགྲོ་གླེང་ཞིག་གོ་སྒྲིག་བྱས་པའི་ནང་དོན་དང་དམིགས་ཡུལ་སྐོར་ངོ་སྤྲོད་ཅིག་གནང་རོགས། 

ལན། ཕྱི་ཟླ་ ༦ ཚེས་ ༥ དེ་འཛམ་གླིང་ཁོར་ཡུག་ཉིན་མོ་རེད། སྔོན་མ་ང་ཚོའི་ལས་ཁུངས་འདི་ཡང་ཉིན་མོ་དེ་རང་ལ་དབུ་བརྙེས་པ་རེད། སྔོན་མ་ཡིན་ན་ཉིན་མོ་འདི་དང་བསྟུན་ཏེ་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་དང་སློབ་གྲྭ་ཁག་ཏུ་བསྐྱོད་དེ། ཁོར་ཡུག་སྐོར་གྱི་ཟབ་སྦྱོང་སྤྲོད་ཀྱིན་ཡོད་པ་རེད། ཕྱི་ལོ་ ༢༠༠༥ ལོར་རྒྱ་གར་ལྷོ་ཕྱོགས་ཀྱི་དུས་འཁོར་དབང་ཆེན་སྐབས། ས་གནས་སུ་སོང་སྟེ་ཁོར་ཡུག་གཅེས་ཉར་དང་རི་དྭགས་སྲུང་སྐྱོབ་སྐོར་ཁྱབ་བསྒྲགས་བྱས་པ་ཡིན། ད་ལོ་སྔར་དང་མི་འདྲ་བར་དགོན་སྡེ་ཁག་ ༡༤ ཙམ་གྱི་དགེ་འདུན་པ་གཉིས་རེ་བསྐངས་ཏེ། ཁོར་ཡུག་སྐོར་ལ་གླེང་སྟེགས་ཤིག་བསྐྲུན་པ་ཡིན། བགྲོ་གླེང་ཐོག་དགོན་སྡེ་ཁག་ནང་ཁོར་ཡུག་ཚོགས་ཆུང་འཛུགས་རྒྱུ་དང་། ཁོར་ཡུག་སྐོར་གྱི་རྩོམ་ཡིག་འགྲན་བསྡུར་སྤེལ་རྒྱུ། དགོན་པའི་བླ་སྤྲུལ་དགེ་བཤེས་རྣམ་པས་གྲྭ་བཙུན་དང་མང་ཚོགས་ལ་ཁོར་ཡུག་དང་འབྲེལ་བའི་བཀའ་སློབ་ལམ་སྟོན་གནང་རྒྱུ། སློབ་གྲྭའི་སློབ་ཚན་ནང་ཁོར་ཡུག་སྲུང་སྐྱོབ་སྐོར་འཇོག་རྒྱུ་བཅས་དོན་ཚན་ ༡༤ ཙམ་ཐག་གཅོད་གནང་ཡོད་པ་རེད། ང་ཚོའི་ལས་ཁུངས་ཀྱི་དམིགས་ཡུལ་གཙོ་བོ་གང་ཡིན་ཟེར་ན། སྔོན་མའི་བོད་པའི་སྲོལ་རྒྱུན་ནང་། ཁོར་ཡུག་གཅེས་ཉར་དང་སྲུང་སྐྱོབ་སྐོར་གྱི་གོམས་གཤིས་བཟང་པོ་མང་པོ་ཞིག་ཡོད་པ་དེ་དག་ཉམས་གསོ་དང་། དེང་གི་སྤྱི་ཚོགས་ནང་དར་སྤེལ་གཏོང་རྒྱུ་དེ་རེད། དཔེར་ན། གད་སྙིགས་མེར་བསྲེགས་གཏོང་བ་དང་། རྫས་སྦྱོར་གྱི་དངོས་རྫས་མང་པོ་བེད་སྤྱོད་བཏང་ན། དེ་ལ་གནོད་སྐྱོན་ག་རེ་ཡོད་མེད་ངོ་སྤྲོད་བྱས་ཏེ། ཁོར་ཡུག་སྲུང་སྐྱོབ་ཐད་གོ་རྟོགས་སྤེལ་རྒྱུ་དེ་རེད། འོན་ཀྱང་ང་ཚོས་སྐད་ཆ་ཅི་ཙམ་བཤད་ཀྱང་། མང་ཚོགས་ཀྱིས་དེ་ཙམ་དོ་སྣང་བྱེད་གི་མ་རེད། དེ་བས་བོད་མི་ཚོ་བརྩེ་བ་ཡོད་སའི་བླ་མ་དང་གྲྭ་བ་ཚོས་གསུང་པ་ཡིན་ན། ཕན་རླབས་ཆེ་བ་དང་ནུས་པ་འཐོན་རྒྱུར་རེ་བ་རྒྱག་གིན་ཡོད།

 

དྲི་བ། དེང་སྐབས་འཛམ་གླིང་ཡོངས་ཁོར་ཡུག་ལ་དོ་སྣང་སླེབས་པ་དང་བསྟུན་ཏེ། ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་གཞུང་ལུགས་མང་པོ་ཞིག་འཐོན་བཞིན་ཡོད། དེ་བཞིན་བོད་རང་གི་སྲོལ་རྒྱུན་གྱི་རིག་གཞུང་དང་གོམས་སྲོལ་ནང་དུའང་ཁོར་ཡུག་ལ་བདག་གཅེས་ཀྱི་ཤེས་བྱ་མི་ཉུང་བ་ཞིག་ཡོད་སྟབས། ཁྱེད་ཅག་གིས་གང་ལ་རྩ་འཛིན་གནང་གིན་ཡོད་དམ།

ལན། ཁོར་ཡུག་སྲུང་སྐྱོབ་ཐད་ལྟ་གྲུབ་སྣ་ཚོགས་ཡོད་པ་རེད། དཔེར་ན། ཤིང་སྡོང་ལྟ་བུར་མཚོན་ན། ཤིང་སྡོང་དེས་སའི་བཅུད་འཛིན་པ་དང་རང་བྱུང་ཁམས་དོ་མཉམ་བཟོ་བ། མི་ལ་སྲོག་རླུང་དང་དབྱངས་དབུགས་སྩོལ་བ། ཤིང་འབྲས་མིས་ལོངས་སུ་སྤྱོད་དགོས་པ་སོགས་ནི། མིའི་དགོས་མཁོ་གཞིར་བཞག་གིས་རང་བྱུང་ཁམས་སྲུང་སྐྱོབ་བྱེད་སྟངས་ཤིག་རེད། ཡང་ཧ་ཅང་གཏིང་ཟབ་པའི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལྟ་གྲུབ་གསར་པ་ཞིག་ཡོད། དེ་ནི་རང་བྱུང་ཁམས་ཆེན་པོའི་ནང་གི་རི་སྐྱེས་སྲོག་ཆགས་དང་། རྩི་ཤིང་ནགས་ཚལ་ཡོངས་རྫོགས་ལ་འཚོ་གནས་ཀྱི་ཐོབ་ཐང་ཡོད་པ་དང་། དེ་ལ་མིས་ཧམ་སྤྱོད་དང་གཏོར་བཤིག་གི་དབང་ཆ་མེད་པའི་བཤད་སྟངས་ཤིག་ཡོད། ལྟ་གྲུབ་འདི་ནང་པའི་ཆོས་དང་འབྲེལ་བ་ཡོད་སྐོར་བཤད་ཀྱིན་ཡོད་སྟབས། ལྟ་གྲུབ་འདིའི་རིགས་གང་ཐུབ་ཀྱིས་ང་ཚོས་བོད་སྒྱུར་བྱེད་ཀྱིན་ཡོད། ད་ཆར་བཟོ་ལས་གསར་བརྗེ་དང་ཁོར་ཡུག་གཏོར་བཅོམ། མཁའ་དབུགས་སྦག་བཙོག་ཡོངས་རྫོགས་མིའི་དགོས་མཁོ་བསྒྲུབ་ཆེད་ཁོ་ན་ལས་བྱུང་བ་རེད། འོན་ཀྱང་རང་བྱུང་ཁམས་ཆེན་པོ་དེ་མི་ཁོ་ནར་དབང་བ་ཞིག་མ་རེད། མཐར་གཏུགས་ན་མི་ལ་འདོད་ཆུང་ཆོག་ཤེས་དགོས་པ་དེ་རེད། བཤད་སྟངས་འདི་ནང་བའི་ཆོས་ཀྱི་ལྟ་གྲུབ་ཅིག་རེད། ང་ཚོས་ལྟ་གྲུབ་འདི་ཉམས་ལེན་བྱ་དགོས་ཀྱི་འདུག་ཟེར་གྱིན་ཡོད།

 

དྲི་བ། ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་ལུང་པ་རེ་ཟུང་གིས་སོ་སོའི་ལུང་པའི་ཡར་རྒྱས་ཆེད། ཁོར་ཡུག་སྲུང་སྐྱོབ་ལ་དོ་སྣང་བྱེད་ཀྱིན་མེད་པ་མ་ཟད། ད་དུང་ཁོར་སྲུང་སྐྱོབ་ཀྱི་ལས་འགུལ་སྤེལ་མཁན་ཚོར་འདོད་པ་མེད་པའི་རྣམ་འགྱུར་སྟོན་བཞིན་ཡོད། དེ་བཞིན་དུ་བོད་པ་ཡང་ཡར་རྒྱས་ཕྱིན་མེད་པའི་ཡུལ་ལུང་ཞིག་ཡིན་སྟབས། འདིའི་ཐད་དགོངས་ཚུལ་ག་འདྲ་ཡོད་དམ།

ལན། ང་ཚོས་འཛམ་གླིང་ཡར་རྒྱས་འགྲོ་ཐབས་དང་། མི་ཁོ་ན་འཚོ་གནས་ཐུབ་ཐབས་བཤད་ཀྱི་ཡོད་པ་མ་རེད། འཛམ་གླིང་གི་མི་སྟོང་སོང་རུང་སེམས་ཅན་གཞན་ལ་གནོད་སྐྱོན་ཐེབས་གི་མ་རེད། སྲོག་ཆགས་གཞན་སྟོང་སོང་བ་ཡིན་ན་འཛམ་གླིང་ལ་གནོད་སྐྱོན་ཐེབས་གི་རེད། མི་ཟེར་བ་དེ་གལ་ཆེན་ཞིག་མ་རེད། འཛམ་གླིང་གི་སེམས་ཅན་བགྲང་ལས་འདས་པའི་ནང་མི་དེ་སྲོག་ཆགས་གསར་ཤོས་གྲས་རེད། ང་ཚོས་མི་དེ་གལ་ཆེན་དུ་བརྩི་གི་མེད། མི་འཛམ་གླིང་ཐོག་མེད་དུ་མི་རུང་བ་ཞིག་མ་རེད། རྩི་ཤིང་ནགས་ཚལ་དང་སྲོག་ཆགས་སེམས་ཅན་གཞན་དག་མེད་དུ་མི་རུང་བ་རེད། འོན་ཀྱང་། ནུབ་ཕྱོགས་སུ་བཟོ་ལས་གསར་བརྗེ་དར་བའི་ཚུན་གྱི་ལོ་ངོ་སུམ་བརྒྱའི་རིང་། མི་ཟེར་བ་དེ་འཛམ་གླིང་གི་སེམས་ཅན་གལ་ཆེ་ཤོས་དང་དབང་ཐང་ཆེ་ཤོས་བཟོས་པ་རེད། ང་ཚོའི་བོད་པའི་རིག་གཞུང་ནང་དེ་འདྲ་མེད། མི་ཟེར་བ་དེ་འགྲོ་བ་རིགས་དྲུག་གི་བྱེ་བྲག་ཅིག་ཡིན་པ་དང་། མིས་གང་བྱུང་བྱ་མི་ཆོག་པ་དེ་ཤུགས་ཆེན་པོས་བཤད་ཡོད། བོད་མཐོ་སྒང་དེ་ཡུལ་དུས་གནས་བབ་གང་གི་ཆ་ནས་ཀྱང་། རི་སྐྱེས་སྲོག་ཆགས་རྩ་སྟོང་དང་རྩི་ཤིང་ནགས་ཚལ་འཕྲོ་བརླག་འགྲོ་སླ་བ་ཡོད་ཀྱང་། བོད་པའི་སྲོལ་རྒྱུན་ནང་ལྷ་ལ་སྐྲག་དགོས་པ་དང་ཀླུ་ལ་སྐྲག་དགོས་པའི་ལམ་སྲོལ་འདི་དག་གིས་མཐོ་སྒང་སྲུང་སྐྱོབ་བྱས་ཏེ། ད་ཆར་འཛམ་གླིང་ན་དཀོན་པའི་སྐྱེས་དངོས་རིགས་དང་། རི་དྭགས་སེམས་ཅན་མང་པོ་ཞིག་འཚོ་སྡོད་བྱས་ཡོད།

 

དྲི་བ། མར་བ་དང་མི་ལ་ཡབ་སྲས་ནས་བརྒྱུད་པའི་བོད་པའི་སྔོན་བྱོན་སྐྱེས་ཆེན་དམ་པ་མང་པོ་ཞིག་གིས་རང་བྱུང་ཁམས་དང་བར་ཐག་ཉེ་བར་འཚོ་ཞིང་། རི་སྐྱེས་སྲོག་ཆགས་དང་འཆམ་མཐུན་གྱི་འཚོ་བ་རོལ་བའི་སྲོལ་བཟང་ཞིག་ཡོད། འོན་ཀྱང་བོད་ཀྱི་གསོ་བ་རིག་པའི་ནང་རི་སྐྱེས་སྲོག་ཆགས་རྩ་ཆེན་རིགས་ཀྱི་ཤ་རུས་ཁྲག་གསུམ་བེད་སྤྱོད་གཏོང་གིན་ཡོད་པ་མ་ཟད། རྩ་སྨན་དང་སྔོ་སྨན་གྱི་རིགས་ཀྱང་མང་ཆེ་བ་ཞིག་སྟོང་ལ་ཉེ་བའི་སྐྱེས་དངོས་རྩ་ཆེན་དག་ཆགས་ཡོད་པའི་ཐད་དགོངས་འཆར་འདྲ་ཡོད་དམ།  

ལན། བོད་པའི་སྲོལ་རྒྱུན་ནང་རང་བྱུང་ཁམས་དང་འབྲེལ་འདྲིས་བྱེད་པའི་ལམ་སྲོལ་དེར་ང་ཚོས་གལ་ཆེན་དུ་བརྩི་བཞིན་ཡོད། བོད་ཀྱི་གསོ་བ་རིག་པའི་ནང་རི་སྐྱེས་སྲོག་ཆགས་ཀྱི་ཤ་ཁྲག་རུས་གསུམ་དགོས་ས་མང་པོ་འདུག ལྷག་པར་དུ་འབྲོང་གི་སྙིང་ཁྲག་དང་། དོམ་མཁྲིས། སྟག་རུས། གླ་རྩི་སོགས་དགོས་པ་རེད། དེ་དག་འགྲིག་གི་མེད་པ་དང་ཁྲིམས་འགལ་ཡིན་སྐོར་རྟག་པར་བཤད་ཀྱིན་ཡོད། དེ་ཙམ་དུ་མ་ཟད་བོད་སྨན་ནང་སྤྱོད་བཞིན་པའི་སྨན་རྩ་མང་ཆེ་བ་ཞིག་རྩ་སྟོང་དུ་འགྲོ་ལ་ཉེ་བའི་གྲས་རེད། ཁོར་ཡུག་སྲུང་སྐྱོབ་ཟེར་དུས་ཧ་ཅང་རྒྱ་ཆེན་པོ་ཞིག་དང་གཏིང་ཟབ་པོ་ཞིག་ཡིན་སྟབས། ངྷ་རམ་ས་ལའི་སྤྱི་ཚོགས་ཆུང་ཆུང་ནང་། ང་ཚོའི་ལས་ཁུངས་གསར་པ་འདི་ལྟ་བུ་ཞིག་གིས་རྒྱ་ཆེན་པོ་ཞིག་ལ་ལག་པ་འཆང་ན། མཚམས་རེར་དཀའ་ངལ་འཕྲད་ཀྱིན་འདུག བོད་པའི་གསོ་བ་རིག་པ་དང་། བོད་མི་རིགས་ཀྱི་སྲོལ་རྒྱུན་ཆས་གོས་དེ་རིགས་ལ་སྐྱོན་བརྗོད་དང་བླང་དོར་བྱ་དགོས་ཚུལ་བཤད་རྒྱུ་ཕར་ཞོག ཐ་ན་གད་སྙིགས་མེར་བསྲེགས་གཏོང་མི་རུང་བའི་སྐོར་བཤད་ཀྱང་ང་ཚོར་ཁ་བརྡུང་རག་ཡོང་གིན་འདུག གོ་ཐོས་ལྟར་ན། བོད་གཞུང་སྨན་རྩིས་ཁང་གིས་ཤ་ཁྲག་རུས་གསུམ་གྱི་ཚབ་ཏུ་སྔོ་སྨན་སྤྱོད་ཐུབ་མིན་ལ་ཚོད་ལྟ་ཞིག་བྱེད་ཀྱིན་ཡོད་པ་གོ་སོང་མོད། རྩི་ཤིང་གི་སྔོ་སྨན་དེ་རིགས་ཀྱང་སྐྱེས་དངོས་རྩ་ཆེན་ཆགས་ཀྱི་ཡོད་པ་རེད། རྒྱ་གར་གྱི་སྨན་པ་ཚོས། སོ་སོས་བེད་སྤྱོད་གཏོང་གིན་ཡོད་པའི་སྨན་རིགས་ཁོང་ཚོ་རང་གིས་འདེབས་འཛུགས་བྱེད་ཀྱིན་ཡོད། བོད་པའི་སྨན་པ་ཚོར་མིས་འདེབས་ལས་བྱས་པའི་སྨན་དང་རང་བྱུང་ཁམས་ཀྱི་སྨན་གཉིས་ཀྱི་ནུས་པ་མི་འདྲ་ཟེར་བའི་བཤད་སྲོལ་ཞིག་ཡོད། ལྷག་པར་དུ་བོད་ནང་གི་བོད་སྨན་ཁང་ཁག་དང་། ལྷག་པར་དུ་ལྷ་ས་སྨན་རྩིས་ཁང་སོགས་སུ་རི་སྐྱེས་སྲོག་ཆགས་ཀྱི་ཤ་ཁྲག་རུས་གསུམ་བེད་སྤྱོད་གཏོང་གིན་ཡོད་པས་མི་ཚད། བརྙན་འཕྲིན་སོགས་སུ་བོད་སྨན་ཁྱབ་བསྒྲགས་བྱེད་སྐབས། གླ་རྩི་དང་དོམ་མཁྲིས། སྟག་རུས་སོགས་ཡོད་སྐོར་ཤུགས་ཆེན་པོས་བཤད་ཀྱིན་འདུག དེ་དག་ལ་སེམས་འཚབ་ཆེན་པོ་ཡོད།

 

དྲི་བ། ཉེ་ཆར་ཁྱེད་ཅག་གིས་བོད་བསྒྱུར་བྱས་པའི་དེབ་ཆུང་ཞིག་ཏུ་སྐྱེ་ལྡན་སོ་ནམ་འདེབས་ལས་ཀྱི་གལ་ཆེའི་རང་བཞིན་བཀོད་འདུག སྔོན་མ་ཟམ་གདོང་རིན་པོ་ཆེ་མཆོག་བཀའ་བློན་ཁྲི་པར་བཞུགས་མ་ཐག བོད་པའི་གཞིས་ཆགས་ཁག་ནང་སྲོལ་རྒྱུན་སོ་ནམ་འདེབས་ལས་ཀྱི་སྲིད་བྱུས་བཏིང་བ་རེད། འོན་ཀྱང་། བོད་པའི་གཞིས་ཆགས་ཁ་ཤས་ནང་སྲོལ་རྒྱུན་སོ་ནམ་ལ་དཀའ་ངལ་མི་ཉུང་བ་ཞིག་འཕྲད་ཀྱིན་ཡོད་སྐོར་གོ་སོང་། འདིའི་ཐད་དགོངས་ཚུལ་ག་འདྲ་ཡོད་དམ།

ལན། བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གི་སྲིད་བྱུས་དེ་ལ་ང་ཚོས་བསྔགས་བརྗོད་དང་རྒྱབ་སྐྱོར་བྱེད་ཀྱིན་ཡོད། ང་ཚོ་གཞིས་ཆགས་ཁག་ལ་ཟབ་སྦྱོང་སྤྲོད་པར་ཐེངས་ཁ་ཤས་ཕྱིན་པ་ཡིན། བོད་མིའི་གཞིས་ཆགས་ཁག་གི་འཚོ་བའི་རྟེན་ས་གཙོ་བོ་དེ་ཞིང་ལས་མ་རེད། མང་ཆེ་བ་ཚོང་ལས་དང་ནང་མི་ཕྱི་རྒྱལ་དུ་ཡོད་པ། དེ་བཞིན་སྦྱིན་བདག་སོགས་ལ་བརྟེན་འདུག གཞིས་ཆགས་ཐོག་མར་འཛུགས་སྐབས། བྷེལ་ཀོབ་ལྟ་བུར་མཚོན་ན། སྔོན་མ་གླིང་ཆེན་དང་ཕག་པ། ཤ་བ་སོགས་སེམས་ཅན་རྩ་ཆེན་མང་པོ་ཡོད་ས་དང་། རྩི་ཤིང་ནགས་ཚལ་རྩ་ཆེན་མང་པོ་ཞིག་ལ་གཏོར་བཤིག་བཏང་སྟེ། གཞིས་ཆགས་བརྒྱབ་ཅིང་ཞིང་ཁ་བཟོས་ཤིང་། རྒྱུན་རིང་པོ་ཞིག་ལ་རྫས་ལུད་བེད་སྤྱོད་བཏང་བ་རེད། བར་སྐབས་ཤིག་ནས་སའི་ནང་དུ་འབུ་རིགས་གཅིག་ཀྱང་མཐོང་རྒྱུ་མེད་པ་ཆགས་ཤིང་། རྒྱུག་ཆུ་དང་མཚོ་དང་མཚེའུ་མང་པོ་ཞིག་སྐམ་ཡོད་པ་རེད། རྗེས་སུ་ཟམ་གདོང་རིན་པོ་ཆེ་མཆོག་གིས་སྐྱེ་ལྡན་སོ་ནམ་འདེབས་ལས་ཀྱི་སྲིད་བྱུས་ལག་བསྟར་བྱས་རྗེས་སླར་ཡང་འབུ་རིགས་མཐོང་རྒྱུ་ཡོད་པ་ཆགས་ཤིང་། མཚེའུ་དང་ཆུ་འཁྱིལ་ཕྲན་བུ་གང་སར་མཐོང་རྒྱུ་ཡོད་པ་ཆགས་པ་རེད། རྒྱུ་མཚན་དེ་དག་ལ་བརྟེན་ཏེ། བོད་མིའི་གཞིས་ཆགས་ཁག་ནང་སྐྱེ་ལྡན་ཞིང་ལས་ལ་དགའ་མོས་ཡོད་མཁན་མང་དུ་འགྲོ་བཞིན་ཡོད། ལྷག་པར་དུ་སྤྱི་སེམས་ཡོད་མཁན་དང་། བསམ་བློའི་ཕུགས་རྒྱང་རིང་བོ་ཡོད་མཁན་ཞིག་ཡིན་ན་སྐྱེ་ལྡན་སོ་ནམ་འདེབས་ལས་ཀྱི་དགེ་མཚན་གསལ་བོ་ཧ་གོ་གི་རེད། 

 

དྲི་བ། རྒྱ་ནག་གིས་གཙང་གསུམ་མགོ་ཁུངས་སྲུང་སྐྱོབ་གཙོས་པའི་འབྲོག་པའི་རྩྭ་ཐང་ཉམས་གསོའི་ཆེད་འབྲོག་པ་གཞིས་སྤོར་བྱེད་པ་དང་གྲོང་ཁྱེར་ཅན་དུ་བསྒྱུར་བ། ཕྱུགས་རིགས་ཇེ་ཉུང་དུ་གཏོང་བ་སོགས་ཀྱི་སྲིད་བྱུས་ལག་བསྟར་བྱེད་ཀྱིན་ཡོད། འདི་དག་ཀྱང་ལྟོས་ས་ལྟོས་འཇོག་གིས་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བ་མེད་ཟེར་དཀའ་ཡང་། བཙན་བྱོལ་བོད་གཞུང་གིས་རྒྱ་ནག་གི་སྲིད་བྱུས་དེ་ནི། བོད་པ་རྩ་མེད་དུ་གཏོང་བའི་སྲིད་བྱུས་གཏིང་ནག་ཅིག་ཡིན་པར་ངོས་འཛིན་གྱིས་སྐྱོན་བརྗོད་བྱེད་ཀྱིན་ཡོད་པའི་ཐད་ལྟ་ཚུལ་གང་འདྲ་ཡོད་དམ།

ལན། རྒྱ་ནག་གི་ལས་གཞི་དེའི་དམིགས་ཡུལ་ངོ་མ་དེ་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཡིན་མིན་ཐད། མི་མང་པོ་ཞིག་ལ་དོགས་པ་ཡོང་གིན་ཡོད་པ་རེད། འོན་ཀྱང་། ཁོང་ཚོའི་དམིགས་ཡུལ་ཡག་བཙོག་ལ་མ་ལྟོས་པར་གྲུབ་འབྲས་ནི་ཁོར་ཡུག་སྲུང་སྐྱོབ་ལ་ཕན་པ་ཞིག་ཡིན་ན། ང་ཚོས་དེ་ལ་བསྔགས་བརྗོད་ཞུ་རྒྱུ་ཡིན། འོན་ཀྱང་། བོད་པའི་འབྲོག་པ་རྣམས་གཞིས་སྤོར་དང་གཏན་སྡོད་ཀྱི་འཚོ་སྟངས་ལ་བསྒྱུར་རྗེས། རྒྱ་ནག་ཁོ་རང་ཚོས་ཤུལ་དུ་གཏེར་ཁ་སྔོག་འདོན་བྱེད་པ་དང་། རྨ་ཆུ་དང་འབྲུ་ཆུ། རྫ་ཆུ་གསུམ་གྱི་འབྱུང་ཁུངས་ཁག་ཏུ་གསེར་དངུལ་ཟངས་ལྕགས་ཀྱི་གཏེར་ཁ་སྔོག་འདོན་བྱེད་ཀྱིན་ཡོད་ལ། དེ་བཞིན་ཆུ་རགས་ཆེ་ཆུང་སྣ་ཚོགས་རྒྱག་པ། ཁོར་ཡུག་སྲུང་སྐྱོབ་ས་ཁུལ་ཡིན་ཟེར་བཞིན་དུ་འཛུགས་སྐྲུན་གྱི་ལས་གཞི་མུ་མཐུད་སྤེལ་བ་སོགས་བྱེད་ཀྱིན་ཡོད། ལྷ་ས་ཀོང་པོའི་ས་ཁུལ་དུ་ས་གནས་བོད་རིགས་མང་ཚོགས་ལ་བུད་ཤིང་ཡང་འཐུ་རུ་འཇུག་གིན་མེད་ཀྱང་། རྒྱ་ནག་ཁོ་རང་ཚོས་ཤིང་ནགས་གཅོད་འབྲེག་གིས་རྒྱ་ནང་ལ་སྐྱེལ་འདྲེན་མུ་མཐུད་བྱེད་ཀྱིན་ཡོད། གནས་ཚུལ་དེ་དག་ལ་བལྟས་པ་ཡིན་ན། རང་བཞིན་གྱིས་རྒྱ་གཞུང་གིས་ཁོར་ཡུག་སྲུང་སྐྱོབ་ཟེར་བའི་ལས་གཞི་དེ་དང་། ཁོར་ཡུག་སྲུང་སྐྱོབ་ས་ཁུལ་ཡིན་ཟེར་ནས་བཀག་སྡོམ་བྱས་ཡོད་པ་དེ་དག་ལ་སེམས་འཚབ་ཆེན་པོ་ལངས་དགོས་པའི་གནས་སྟངས་ཤིག་ཆགས་འདུག

 

དྲི་བ། ༧གོང་ས་མཆོག་གིས་དུས་རྒྱུན་ཁོར་ཡུག་སྲུང་སྐྱོབ་དང་གོ་ལ་ཧྲིལ་བོའི་བདེ་སྡུག་གླེང་གིན་ཡོད། དེ་བཞིན་བཞུགས་སྒར་ངྷ་རམ་ས་ལར་བོད་གཞུང་ཁོར་ཡུག་ཉམས་ཞིབ་སྡེ་ཚན་དང་བཀའ་བརྒྱུད་ཁོར་ཡུག་སྲུང་སྐྱོབ་ཚོགས་པ། ངྷ་ས་བདེ་དོན་ཁོར་ཡུག་ཚོགས་པ། གངས་དཀར་ཏི་སི་ཁོར་ཡུག་གོ་རྟོགས་ལས་འགུལ་ཁང་སོགས་ཡོད་ཀྱང་། ངྷ་རམ་ས་ལ་དེ་ཧི་མ་ཅལ་མངའ་ཁུལ་གྱི་ཁོར་ཡུག་སྦག་བཙོག་ཆེ་ཤོས་གྲས་ཆགས་དོན་ཅི་ཡིན་ནམ། 

 ལན། ཁྱེད་ཀྱིས་གསུངས་པ་དེ་ཧ་ཅང་བདེན་པ་རེད། བོད་པའི་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་ཚང་མ་སྡོད་ས་ངྷ་རམ་ས་ལ་གཡས་གཡོན་རེད། འོན་ཀྱང་མིག་གིས་ལྟ་ས་དང་སྐད་རྒྱག་ས་ཐག་རིང་ཆགས་ཀྱི་ཡོད་པ་རེད། ང་ཚོའི་ལས་ཁུངས་ལྟ་བུར་མཚོན་ན། ལོ་རེ་བཞིན་ཐེངས་གཉིས་དང་གསུམ་ལ་ངྷ་རམ་ས་ལ་ཁུལ་དུ་གད་སྙིགས་གཙང་བཟོའི་ལས་ཀ་བྱེད་ཀྱིན་ཡོད། འོན་ཀྱང་གད་སྙིགས་མང་དྲགས་ཏེ་ཅི་བྱེད་འདི་བྱེད་མེད་པ་ཆགས་ཡོང་གིན་འདུག ངྷ་རམ་ས་ལ་ཁུལ་གྱི་གད་སྙིགས་ཕོ་ས་དེ་ཡང་ཚན་རིག་དང་མཐུན་པ་ཞིག་ཆགས་ཀྱི་ཡོད་པ་མ་རེད། གད་སྙིགས་ལ་དབྱེ་འབྱེད་མེད་པར་ངྷ་ཤོད་རླངས་འཁོར་འབབ་ཚིགས་ཀྱི་ཕར་ཕྱོགས་ལུང་པའི་ནང་ཕོ་བཞིན་ཡོད། བོད་གཞུང་གིས་ལོ་ལྟར་འཛམ་གླིང་ཁོར་ཡུག་ཉིན་མོ་དང་བསྟུན་ཏེ། གད་སྙིགས་གཙང་བཟོའི་ལས་འགུལ་ཞིག་སྤེལ་གྱིན་ཡོད་མོད། ཉིན་དེར་གད་སྙིགས་མང་པོ་བཏུས་རྗེས་མེར་བསྲེགས་གཏོང་གིན་འདུག དེ་ནི་གད་སྙིགས་འཐུ་བ་ལས་མ་བཏུས་ན་བཟང་གི་རེད། གད་སྙིགས་ལ་དབྱེ་བ་མ་བཀར་བར་གང་བྱུང་དུ་མེར་བསྲེགས་བཏང་བ་ཡིན་ན། མཁའ་དབུགས་བཙོག་པ་བཟོས་ཤིང་སོལ་རླུང་མང་དུ་བཏང་སྟེ། འཛམ་གླིང་ཁྱོན་ཡོངས་ལ་གནོད་སྐྱོན་ཕོག་པའི་ཉེས་པ་ཚབས་ཆེན་ཞིག་གསོག་གིན་ཡོད་པ་རེད། མ་འོངས་པར་ང་ཚོ་ཁོར་ཡུག་སྲུང་སྐྱོབ་ཀྱི་ཚོགས་པ་བཞི་མཉམ་རུབ་ཐོག་བཞུགས་སྒར་ཁུལ་གྱི་གད་སྙིགས་གཙང་བཟོའི་ཐད་ལས་ཀ་བྱ་དགོས་ཀྱི་འདུག་དྲན་ཡོད།

 

དྲི་བ། གལ་སྲིད་བོད་ནང་ལྟ་བུ་ཞིག་གིས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཚོགས་པ་འཛུགས་ན། ཕྱི་རྒྱལ་གྱི་རོགས་ཚོགས་ལ་མཉམ་འབྲེལ་བྱེད་སྟངས་དང་། རྒྱ་ནག་གཞུང་གི་རྩ་ཁྲིམས་དང་ས་གནས་མི་རིགས་རང་སྐྱོང་བཅའ་ཁྲིམས་སོགས་དང་མ་འགལ་བའི་ཐོག་ནས་ཚོགས་པ་འཛུགས་སྟངས་དང་། ཁོར་ཡུག་སྲུང་སྐྱོབ་བྱེད་སྟངས་ཐད་ལམ་སྟོན་འདྲ་གནང་རྒྱུ་ཡོད་དམ།  

ལན། ཁྱེད་རང་གི་དྲི་བ་འདི་ཧ་ཅང་གལ་ཆེན་པོ་རེད། བོད་ནང་ནས་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་ཞིག་འཛུགས་རྒྱུ་ཡིན་ན། ཐོག་མར་སོ་སོར་ཁོར་ཡུག་སྐོར་གྱི་ཤེས་ཡོན་ཡག་པོ་དགོས་པ་དང་། ལས་དོན་འདི་ལ་དགའ་ཞེན་དང་སྐད་ཆ་བཤད་རྒྱུ་སོགས་ལ་དང་འདོད་ཆེན་པོ་དགོས་པ་གལ་ཆེན་པོ་རེད། དེ་བཞིན་རྒྱ་ནག་གི་རྩ་ཁྲིམས་དང་མི་རིགས་ས་གནས་རང་སྐྱོང་བཅའ་ཁྲིམས་ལ་ཞིབ་འཇུག་བྱ་ཐུབ་པའི་རྒྱ་ཡིག་ཡག་པོ་ཤེས་དགོས། ཕྱི་རྒྱལ་རོགས་ཚོགས་ཁག་ལ་འབྲེལ་ལམ་བཟོ་བ་དང་། རོགས་དངུལ་འཚོལ་རྒྱུར་སྙན་ཞུ་འབྲི་ཐུབ་པའི་དབྱིན་ཡིག་ཀྱང་ཡག་པོ་ཤེས་དགོས། གལ་སྲིད་དེ་མ་བྱུང་བ་ཡིན་ན། བོད་ནང་ཁོར་ཡུག་ལ་ཞིབ་འཇུག་བྱེད་དུ་ཡོང་མཁན་ཕྱི་རྒྱལ་བ་དག་ལ་དཀའ་ངལ་བཤད་རྒྱུ་དང་། ཁོང་ཚོར་འབྲེལ་བ་བྱས་ཏེ་མཉམ་འབྲེལ་ཡོང་རྒྱུར་འབད་བརྩོན་བྱ་དགོས། གལ་སྲིད་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་དེ་འདྲར་དམིགས་བསལ་གྱིས་འབྲེལ་བ་བྱ་མ་ཐུབ་ན། བོད་ནང་ལྟ་སྐོར་ལ་ཡོང་མཁན་དང་པར་རྒྱག་མཁན་སོགས་ལའང་དཀའ་ངལ་བཤད་དེ་རོགས་སྐྱོར་ཞུས་པ་ཡིན་ན། དེ་ནི་ཆབ་སྲིད་དང་འགལ་བ་ཞིག་ཆགས་ཀྱི་ཡོད་པ་མ་རེད། དེང་སྐབས་འཛམ་གླིང་ཡོངས་ཁོར་ཡུག་ཐོག་དོ་སྣང་སླེབས་ཀྱིན་ཡོད་སྟབས་ཏན་ཏན་ཕན་རོགས་ཡོང་གི་རེད། ཡང་ཕྱི་རྒྱལ་བ་མ་ཡིན་པར་པེ་ཅིན་སོགས་རྒྱ་ནག་ནང་ལོགས་ས་ཁུལ་གྱི་ཤེས་ཡོན་ཅན་དང་། སློབ་གྲྭ་ཆེན་མོ་བ། རྒྱུ་ཆེན་པོ་ཡོད་མཁན་ཚོར་དཀའ་ངལ་བཤད་དེ་འབྲེལ་བ་འཛུགས་དགོས་པ་རེད། གཞན་རྒྱ་ནག་རང་ལ་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་མང་པོ་ཡོད་པ་རེད། དེ་དག་ནང་འཛུལ་ཞུགས་བྱ་ཐུབ་པ་ཡིན་ན་ལམ་ཁ་ཞིག་ཡོད་པ་རེད།

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

ཆུ་ཚོད་ ༢ སྔོན་ལ།
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

ཆུ་ཚོད་ ༤ སྔོན་ལ།
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢

མཆན། 4

  1. རྭ་ལོ། says:
    ལོ་ 16 སྔོན།

    གླེན་པའི་གཏམ་ལན།

    གལ་སྲིད་ཚེ་རིང་གཡང་སྐྱིད་ལགས་ཀྱི་བཀའ་མོལ་འདིའི་ཐོག་ལ་རིག་པ་ཞིག་འདོན་དགོས་ཚེ། ངས་རིག་པ་འདི་ལྟ་བུ་ཞིག་འདོན་ཐུབ་ས་རེད།

    མི་ནི་ཛམ་གླིང་སྟེང་མེད་དུ་མི་རུང་བ་ཞིག་མིན་པ་ལྟར། ཛམ་གླིང་སྟེང་མེད་དུ་མི་རུང་བའི་སྲོག་ཆགས་གཞན་ཡང་མེད། ཐ་ན། ཛམ་གླིང་འདི་ཡང་ངེས་པར་དུ་གནས་དགོས་པའི་རྒྱུ་མཚན་མེད།

    དེར་བརྟེན་སུས་ཀྱང་འགན་ཐེག་མི་ཐེག་གི་ངལ་བ་དེ་འདྲ་ལེན་དགོས་དོན་མི་འདུག སྔོག་མཁན་ལ་སྔོག་ཏུ་ཆུག གཏོར་མཁན་ལ་གཏོར་དུ་ཆུག གསོད་མཁན་ལ་གསོད་དུ་ཆུག ཟ་མཁན་ལ་ཟ་རུ་ཆུག

    ཨ་རི་ནང་བཞིན་་་་་ རྒྱ་ནག་ཇི་བཞིན་་་་

    རྡུལ་དུ་རློགས། ཐལ་བར་ཐོངས།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 16 སྔོན།

    ནོར་བཅོས། གནས་ཚང་མི་འདུག་སྙམ་པའི་ལོག་ལྟ་དང་། གལ་གཅིག་ཐོལ་བ་དང་འཇིག་ལའང་ཛ་ལག་ཐོལ་པ་མཐོལ་ལོ་བཤགས།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 16 སྔོན།

    འཛམ་གླིང་འདིའི་ནང་གི་མི་ཟེར་བ་དེ་གལ་སྲོག་ཆགས་གལ་ཆེ་ཤོས་ཤིག་རེད། འོན་ཀྱང་། མིའི་འདོད་རྔམས་དེ་སྡུག་ཤོས་ཅིག་རེད། དེ་ལ་ཆོས་དང་འཛིག་རྟེན་ཡ་རབས་ཀྱི་ནང་སློབ་སྟོན་ནང་ལ་འདོད་ཆུང་ཆོག་ཤེས་བྱེད་དགོས་པའི་སློབ་སྟོན་གནང་ཟིན་པ་དང་ད་དུང་མུ་མཐུད་ནས་གནོངས་དགོས་རེད། དེ་གཉིས་དབྱེ་འབྱེད་བྱེད་ཤེས་དགོས།

    Reply
  4. བཟོད་པ་ལྷ་རྩེ། says:
    ལོ་ 16 སྔོན།

    དེང་སང་བོད་པའི་སྤྱི་ཚོགས་ནང་གྲྭ་བའམ་དགེ་འདུན་རྣམས་ཀྱི་སྔར་ལས་ཀྱང་ལྷག་པའི་ཕྱག་ལས་རླབས་ཆེན་ཞིག་སྒྲུབ་རྒྱུ་ལྟ་མགོན་རྩོམ་བཞིན་ཡོད་ཟེར་ན་འུར་གཏམ་ཡིན་མི་སྲིད་དེ་ཡང་ཚན་རིག་ཟབ་སྦྱོང་བ་ཚང་མ་དགེ་འདུན་པ་ཚོ་རེད་ལ་ཁོར་ཡུག་ཟབ་སྦྱོང་བ་ཚང་མ་དགེ་འདུན་པ་རེད་འདུག རྩ་བའི་ཆ་ནས་དཔེ་མི་སྲིད་པའི་ཡག་པོ་རེད། སྤྱི་ཚོགས་གཅིག་དང་འགྲོ་བ་ལ་ཕན་ན་ཆོས་ཟེར་ཀྱང་དེ་ལས་ལྷག་པ་ཞིག་གང་དུ་ཡོད། འོན་ཀྱང་དགོང་པ་ཞེས་རྒྱུ་གལ་ཆེན་ཞིག་ལ་དགེ་འདུན་པ་ལའང་དགེ་འདུན་པའི་གནས་བབ་ཞིག་དང་རང་འཁྲིལ་འཁོར་ལོ་གསུམ་གྱི་བྱ་བ་བཞེས་པ་འགན་ལྗིད་ལ་རླབས་ཆེ་བའི་བྱ་བ་མང་། སྤྱི་ཚོགས་སྟེང་གི་ལས་དོན་ཡོད་ཚད་ཀྱི་ཟབ་སྦྱོང་གི་གོ་སྐབས་ཚང་མ་དགེ་འདུན་པ་ཚོ་བ་གནང་བ་ལས། ང་ཚོའི་སྤྱི་ཚོགས་སྟེང་གི་ན་གཞོན་ལས་མེད་དག་ལ་གནང་ནས་དེ་དག་ལ་ལས་ཀ་རག་ཐབས་བྱས་པ་ཡིན་ན་སྤྱི་སྒེར་གང་ནས་བསམ་ཀྱང་ཕན་པ་ཆེ་བ་མེད་དམ། གཞན་ཡང་ནང་ཆོས་དང་མཐུན་པའི་རྒྱུ་མཚན་གྱི་དགེ་འདུན་པ་རྣམ་པ་དང་བླ་མ་རྣམ་པས་སྤྱི་ཚོགས་ཀྱི་ལས་རིགས་ཚང་མར་དོ་འཁུར་བྱ་དགོས་ཡོད་ན་བཟའ་ཚང་མཚམས་མཐུན་དང་ཕྲུག་གུ་སྐྱེས་འཕེལ་ནད་པར་སེམས་གསོ་དྭ་ཕྲུག་གཅེས་སྐྱོང་ལས་མེད་གསོ་ཉར་སད་སེར་སྔོན་འགོག་སོགས་ཤིན་ཏུ་མང་བས་དེ་དག་ཀྱང་དགེ་འདུན་དང་བླ་མ་རྣམས་ཀྱི་གནང་ཐུབ་བམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese