མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སློབ་སྦྱོང་བྱས་ཏེ་བོད་རིག་པ་བ་ཞིག་བྱ་འདོད་ཡོད།

བོད་ཀྱི་དུས་བབ།
༢༠༡༠/༠༦/༢༠
Share on FacebookShare on TwitterShare on EmailShare on Whatsapp

བཙན་བྱོལ་ནས་འཚར་ལོངས་བྱུང་ཞིང་བཙན་བྱོལ་གྱི་སློབ་གྲྭ་ཁག་རིམ་བརྒྱུད་ཀྱིས་རྒྱ་གར་ལྡི་ལི་མཐོ་སློབ་དང་། ས་རྭ་བོད་ཀྱི་རིག་གནས་སློབ་གཉེར་ཁང་སོགས་ནས་སློབ་མཐར་ཕྱིན་རྗེས། བོད་གཞུང་དྲིལ་བསྒྲགས་ལས་ཁུངས་ཀྱི་ཡིག་སྒྱུར་བ་དང་། བོད་ཀྱི་དཔེ་མཛོད་ཁང་གི་རྩོམ་སྒྲིག་པའི་ཕྱག་ལས་གནང་མྱོང་མཁན། སྔར་ལོ་སྒེར་ངོས་ནས་ཡིག་རྩལ་བཏང་སྟེ་ཡང་བསྐྱར་ཨ་རིའི་བེ་ཡོ་མེན་གཙུག་ལག་སློབ་གྲྭ་ཆེན་མོར་སློབ་གཉེར་གནང་བཞིན་པའི་སློབ་བུ་བསྟན་འཛིན་ཉིན་བྱེད་ལགས་སུ་བཅར་འདྲི་ཞུས་ཡོད།

 

 དྲི་བ། ཐོག་མར་ཁྱེད་རང་གི་ལོ་རྒྱུས་མདོ་བསྡུས་དང་སློབ་སྦྱོང་གི་གོ་རིམ་ངོ་སྤྲོད་ཅིག་གནོང་དང་།

ལན། ངའི་མིང་ལ་བསྟན་འཛིན་ཉིན་བྱེད་ཟེར་གྱི་ཡོད། སྐྱེས་ས་ཨོ་རི་ས་གཞིས་ཆགས་ཡིན། འཛིན་གྲྭ་བཅུ་བའི་བར་ཨོ་རི་སར་སློབ་སྦྱོང་བྱས་ཤིང་། འཛིན་རིམ་བཅུ་གཅིག་དང་བཅུ་གཉིས་སིམ་ལར་བཏོན་པ་ཡིན། དེ་ནས་ལྡི་ལི་མཐོ་སློབ་ནས་ལོ་གསུམ་གྱི་སློབ་མཐར་ཕྱིན་རྗེས་ཡང་བསྐྱར་ས་རྭ་མཐོ་སློབ་ཏུ་ཞུགས་ཏེ་ལོ་གསུམ་ལ་བོད་ཀྱི་རིག་གནས་ཆེད་སྦྱོང་བྱས་པ་ཡིན། ཕྱི་ལོ་ ༢༠༠༣ ལོར་ས་རྭ་ཐོན་རྗེས་བོད་གཞུང་དྲིལ་བསྒྲགས་ལས་ཁུངས་ནང་ལོ་ ༥ མ་ཟིན་ཙམ་ལ་ལས་ཀ་བྱས་པ་ཡིན། སྐབས་དེར་༧གོང་ས་མཆོག་གི་གསུང་འཕྲིན་དང་བཀའ་ཤག་གི་གསུང་འཕྲིན་ཡིག་སྒྱུར་བྱས་ཤིང་། ཞོར་དུ་རྒྱ་ནག་གི་རྒྱབ་ཤ་དཀར་པོའི་ཡིག་ཆ་ཁག་ལ་ལན་འདེབས་ཀྱི་ལས་ཀ་བྱས་པ་ཡིན། དེའི་རྗེས་བོད་ཀྱི་དཔེ་མཛོད་ཁང་གི་དབྱིན་ཡིག་དུས་དེབ་( Tibet Journal )ཀྱི་རྩོམ་སྒྲིག་པ་ལོ་གཉིས་ཙམ་ལ་བྱས་པ་ཡིན། དཔེ་མཛོད་ཁང་དུ་ལས་ཀ་བྱས་པའི་གནས་སྐབས་དེ་ང་རང་སྐྱིད་ཤོས་དེ་བྱུང་སོང་། གང་ཡིན་ཟེར་ན། གུ་ཡངས་པ་དང་རང་དབང་ཡོད་པ། དཔེ་དེབ་མང་པོ་ཀློག་པའི་གོ་སྐབས་བྱུང་སོང་། ༢༠༠༩ ལོར་ཨ་རིའི་བེ་ཡོ་མེན་མངའ་སྡེ་ནང་གི་ UNIVERSITY OF WYOMING གཙུག་ལག་སློབ་གྲྭར་ཕྱིན་ཏེ། སྲིད་དོན་ཚན་རིག་སྐོར་ལ་སློབ་སྦྱོང་བྱེད་ཀྱིན་ཡོད། སློབ་གྲྭ་དེར་འགྲོ་སྟངས་ག་འདྲ་ཡིན་ཟེར་ན། སྔོན་མ་ངས་ཡིག་རྩལ་གཏོང་སྐབས། ཨང་དང་པོ་ལོན་ཏེ་ཡིག་ཚད་འཕྲོད་ཡོད་ཀྱང་། ང་རང་སློབ་མཐར་ཕྱིན་སའི་ལྡི་ལི་མཐོ་སློབ་ཀྱི་ལག་འཁྱེར་དེ་ངོས་ལེན་བྱེད་མིན་གྱི་དབང་གིས་ལོ་དེར་ང་རང་ཕྱིར་འཐེན་བྱས་ཏེ། སྐབས་དེའི་ཡིག་རྒྱུགས་ཨང་གཉིས་པ་བུ་མོ་ཞིག་ཡོད་པ་དེ་ངའི་ཚབ་ལ་བཏང་སོང་། རྗེས་སུ་ང་རང་གིས་ཡང་བསྐྱར་འབྲེལ་བ་བྱས་ཏེ། ལྡི་ལི་མཐོ་སློབ་གྱི་གནས་ཚུལ་ཞིབ་ཕྲ་འགྲེལ་བཤད་བརྒྱབ་སྟེ། ད་ཆར་ང་ལ་སློབ་གྲྭ་དེའི་སྐུབ་སྟེགས་ཤིག་ལོགས་སུ་སྤྲད་པ་རེད།

 

དྲི་བ། ཁྱེད་རང་འགྲོ་སའི་ཨ་རིའི་གཙུག་ལག་སློབ་གྲྭ་དེ་ག་འདྲ་ཡོད་པ་དང་། སློབ་གྲྭ་དེར་ཐོག་མར་ཞུགས་སྐབས་རྒྱལ་ཁབ་གཞན་གྱི་སློབ་གྲོགས་ཚོའི་རྗེས་མ་ཆོད་པའི་དཀའ་ངལ་འདྲ་འདུག་གམ།  

ལན། སློབ་གྲྭ་དེར་སློབ་ཕྲུག་ག་ཚོད་ཡོད་པ་དང་རྒྱ་ཆེ་ཆུང་གསལ་བོ་ཤེས་མ་སོང་། རྒྱ་ནག་དང་ཨེ་ཤ་ཡ་སོགས་རྒྱལ་ཁབ་འདྲ་མིན་གྱི་སློབ་ཕྲུག་མང་པོ་འདུག ང་རང་གི་སློབ་ཚན་སྲིད་དོན་ཚན་རིག་དང་། སྲིད་དོན་མཚན་ཉིད་རིག་པ། འཛམ་གླིང་རྒྱལ་ཁབ་ཁག་གི་སྒྲིག་འཛུགས་ཀྱི་འགྲོ་སྟངས་དང་། དཔལ་འབྱོར་སྟོབས་ཤུགས་ཀྱི་དར་རྒུད། དཔེར་ན། སྔོན་མ་སྐབས་ཤིག་ལ་Venice ད་ལྟའི་ཨི་ཊ་ལི་སྟོབས་ཆེན་ཆགས་པ་དང་། རྗེས་སུ་ཨི་ཊ་ལི་ཉམས་རྒུད་དུ་ཕྱིན་ཏེ་སི་པན་ཨང་དང་པོ་ཆགས་པ། སི་པན་ཉམས་ཏེ་ཧོ་ལན་ཨང་དང་པོ་ཆགས་པ། ཧོ་ལན་ཉམས་ཏེ་དབྱིན་ཡུལ། དེང་སྐབས་དབྱིན་ཡུལ་ཉམས་ཏེ་ཨ་རི་རྩེ་མོར་སོན་པ། མ་འོངས་པའི་དཔལ་འབྱོར་གྱི་འཕེལ་ཕྱོགས་ལྟ་བུ་རེད། སློབ་ཚན་དེ་དག་ཧ་ཅང་གལ་ཆེན་པོ་རྐྱང་རྐྱང་རེད་དེ། སློབ་གྲྭའི་སྒྲིག་གཞི་གུ་ཡངས་པོ་ཡོད། དཔེར་ན། ཚེས་གཅིག་ལ་ཡིག་རྩལ་ཡིན་ཡང། སློབ་ཕྲུག་ཅིག་ལ་ན་བ་དང་། ཡང་ན་ལས་དོན་གཞན་ཡོད་ན། ཁོ་ལ་ཚེས་བཞི་ལྔ་ཞིག་ལ་ཡིག་རྩལ་གཏོང་གི་རེད། ཡིག་རྩལ་གྱི་འབྲི་ཤོག་དང་ནང་དོན་ཚང་མ་གཅིག་པ་རེད། དེ་ནི་སློབ་ཕྲུག་ཚོས་དཔེ་ལྟ་བ་དང་རྐུ་བཤུ་བྱེད་པའི་ལུགས་སྲོལ་ཡོད་པ་མ་རེད་ལ། དགེ་རྒན་ཚོ་ཡང་སློབ་ཕྲུག་ལ་ཡིད་ཆེས་ཡོད་པ་རེད། དགེ་རྒན་དང་སློབ་ཕྲུག་བར་སྐད་ཆ་བཤད་སྐབས་ཀྱང་། གྲོགས་ཕན་ཚུན་བར་སྐད་ཆ་བཤད་ཀྱི་ཡོད་པ་དང་གཅིག་མཚུངས་ཀྱི་ལྟ་ཚུལ་འཛིན་གྱི་ཡོད། ཀུ་རེ་རྩེད་མོ་ཡང་མང་པོ་བྱེད་གི་རེད། བོད་པའི་སྤྱི་ཚོགས་ནང་དགེ་རྒན་དང་སློབ་མ་གཉིས་ལས་མཚམས་རེར་སློབ་མས་སྐད་ཆ་རིན་ཐང་ཅན་བཤད་མཁན་ཡོད་ཀྱང་། དེ་ལ་དང་ལེན་བྱེད་མཁན་གྱི་དགེ་རྒན་ཁོག་རྒྱ་ཅན་དཀོན་པོ་རེད།

 

དྲི་བ། ཁྱེད་རང་ཐོག་མར་ཨ་རིར་འབྱོར་སྐབས་ལྟ་ཚུལ་མཐོང་སྣང་ག་འདྲ་བྱུང་ཡོད་པ་དང་། ཨ་རི་ནི་དམངས་གཙོའི་གནས་ཚད་མཐོ་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་ཟེར་བའི་ཐད་བསམ་ཚུལ་གང་འདྲ་བྱུང་སོང་ངམ།

ལན། འདས་པའི་ལོ་གཅིག་མ་ཟིན་ཙམ་རིང་ང་ལ་བག་ཆགས་ཟབ་ཤོས་དེ་ཨ་རིའི་དམངས་གཙོ་རེད། ཨ་རིའི་དམངས་གཙོ་དེ་ལ་ཧ་ལས་སོང་། སྤྱིར་ཨ་རིར་ཞན་ཆ་མང་པོ་ཡོད་པ་རེད། དཔེར་ན། འཛམ་གླིང་ཡོངས་རྫོགས་ཨ་རི་ཡིན་སྙམ་པའི་མིག་རྒྱ་ཆུང་བ་རེད། འོན་ཀྱང་། སྤྱི་ཚོགས་ཀྱི་འགྲོ་སྟངས་ཐད་ནས་ཁ་ནས་བཤད་བསྡད་པའི་དམངས་གཙོ་དང་། ཡིག་ཐོག་ཏུ་ཕབ་བཞག་པའི་དམངས་གཙོ་ཙམ་མ་རེད། མི་ཚང་མར་དམངས་གཙོའི་གཤིས་ཀ་དང་དམངས་གཙོའི་འདུ་ཤེས་ཚད་མཐོན་པོ་རེད། ལོ་རྒན་གཞོན་དང་གོ་ས་མཐོ་དམའ། རྒྱུ་ཆེ་ཆུང་དང་ཤེས་ཡོན་ཡོད་མེད། ཕོ་མོ་སོགས་ལ་ཁྱད་པར་གཅིག་ཀྱང་མི་འདུག མི་ཚང་མར་འདྲ་མཉམ་གྱི་ལྟ་ཚུལ་འདུག ཡུ་རོབ་ལ་དམངས་གཙོ་ཡོད་ཟེར་ཡང་། སྔོན་མ་ཧྥ་རན་སིའི་སྲིད་དོན་ཚན་རིག་པ་Alexis de Tocqueville ཞུ་བ་ཁོང་ཨ་རིར་ཡོང་སྐབས་ཨ་རིའི་དམངས་གཙོར་ཧ་ལས་ཏེ། ཨ་རིའི་ནང་གི་དམངས་གཙོ་ཟེར་བའི་དེབ་ཅིག་བྲིས་ཡོད། ང་ཚོའི་སྤྱི་ཚོགས་ནང་མི་རྒན་པ་ཚོས་ཉམས་མྱོང་དང་མཁྱེན་ཡོན་ཆེན་པོ་ཞིག་ཡོད་མདོག་མདོག་གིས་གཞོན་པ་ཚོའི་སྟེང་ལ་རྣམ་འགྱུར་སྟོན་སྟངས་ཤིག་དང་། གཞོན་པ་ཚོས་ཀྱང་རྒན་པ་ཚོར་མཁྱེན་རྒྱ་ཆེ་མདོག་མདོག་གིས་གོང་བཀུར་བྱེད་པའི་ལུགས་སྲོལ་ཞིག་ཡོད། ཨ་རིའི་ནང་དེ་འདྲ་ཁྱོན་ནས་ཡོད་པ་མ་རེད། མི་རྒན་གཞོན་ཙམ་མ་རེད། དགེ་རྒན་དང་སློབ་ཕྲུག་བར། གཞུང་གི་ལས་བྱེད་དང་མི་དམངས་དཀྱུས་མའི་བར། ཤེས་ཡོན་ཅན་དང་ཡིག་རྨོངས་པའི་བར། རྒྱུ་ཆེན་པོ་དང་གླ་བྱེད་མཁན་གཡོག་པོའི་བར་ལྟ་སྟངས་གཅིག་པ་རེད། ཨ་རིའི་བྱིས་པ་ཚོས་སྐད་ཆ་བཤད་སྐབས་གདེང་ཚོད་ཆེན་པོ་འདུག ང་རང་གཤིས་ཀ་འདི་ལ་ཧ་ཅང་དགའ་བོ་ཡོད། མ་གཞི་ང་རང་སྐྱེས་ཁུངས་བོད་རིགས་རེད། སྐྱེས་ས་རྒྱ་གར་ཡིན་ནའང་། ལྷན་སྐྱེས་ཀྱི་གཤིས་ཀ་མ་འདྲ་བ་ཞིག་ཡོད།

 

དྲི་བ། ཁྱེད་ཀྱིས་ཐེམ་པ་རིམ་འཛེགས་ཀྱིས་ལོ་ངོ་ཉི་ཤུ་ལྷག་རིང་སློབ་སྦྱོང་དང་ལས་ཀ་མཉམ་འགྲོ་བྱས་ཡོད་ནའང་། ད་བར་རིགས་གཅིག་རྐང་འཛིན་དང་ཆེད་ལས་དམིགས་བསལ་གྱིས་བདམས་མེད་པའི་རྒྱུ་མཚན་གང་ཡིན་ནམ།

ལན། ཆེད་ལས་པ་ཟེར་བ་དང་རིགས་གཅིག་རྐང་འཛིན་པ་ཟེར་བ་དེར་ང་དགའ་བོ་མེད། གང་ཡིན་ཟེར་ན། ཆེད་ལས་པ་ཟེར་བ་དེ་སྤྱི་ཚོགས་ལ་ཕན་ཐོགས་པོ་དང་དགོས་མཁོ་ཆེན་པོ་ཡིན་ཡང་། མི་སྒེར་བའི་ཐོག་ནས་བཤད་ན། ཆེད་ལས་པ་དང་རིགས་གཅིག་རྐང་འཛིན་པ་དེ་དག་ཤེས་ཡོན་པ་རྣལ་མ་ཞིག་མ་རེད། ང་ལ་ད་སྔ་མ་འོངས་པར་ལས་ཀ་འདི་བྱ་རྒྱུ་ཡིན་ཟེར་ནས་བདམས་གསེས་གཅིག་ཀྱང་མེད། གང་ལྟར་སློབ་སྦྱོང་བྱས་ཏེ་བོད་རིག་པ་བ་ཞིག་བྱ་འདོད་ཡོད། ཆེད་ལས་པ་ཟེར་ནས་ལོགས་སུ་བགར་མཁན་དེ་ཨེ་ཌམ་སི་མེ་ཐུ་ Adam Smith རེད། ཁོང་གིས་ Division of Labor  ཟེར་བའི་ལྟ་གྲུབ་དེ་སྲོལ་བཏོད་རྗེས་ཆེད་ལས་པ་དང་རིགས་རྐང་འཛིན་པ་ལོགས་སུ་བྱུང་བ་རེད། དེའི་སྔོན་ལ་ཆེད་ལས་པ་ཟེར་བ་ཞིག་ཡོད་པ་མ་རེད། སྨྱུ་གུ་བཟོ་མཁན་ཞིག་ལ་མཚོན་ན་མགོ་ནས་མཇུག་བར་མི་གཅིག་གིས་བཟོ་བཞིན་ཡོད། ཆེད་ལས་པ་ལོགས་སུ་བགར་བ་ནས་བཟུང་། སྔོན་མ་མི་ལྔ་ཡིས་ལོ་གཅིག་ལ་སྨྱུ་གུ་སྟོང་གཅིག་བཟོ་བཞིན་ཡོད་ན། ཆེད་ལས་པ་ལོགས་སུ་བགར་རྗེས་མི་གསུམ་གྱིས་སྨྱུ་གུ་ཁྲི་ལས་བརྒལ་བ་བཟོ་ཐུབ་པ་བྱུང་བ་རེད། འོན་ཀྱང་། ཆེད་ལས་པ་ཡིན་ཟེར་ནས་ཕྱོགས་གཅིག་གི་ཐོག་ལ་མགོ་འཁོར་བསྡད་ན། རིག་གནས་གཞན་དག་སྦྱོང་བའི་གོ་སྐབས་ཤོར་འགྲོ་བ་རེད། དེར་བརྟེན། ཆེད་ལས་པ་ཕལ་ཆེ་བ་གླེན་པ་དང་མིག་རྒྱང་ཐུང་བ། སེམས་གུ་དོགས་པ་བཅས་ཀྱི་གཤིས་ཀ་ཡོད། ང་རང་ཆུང་དུས་ནས་རྩོམ་རིག་དང་རྒྱལ་རབས། ཚན་རིག རི་མོ། སྲིད་དོན། སྙན་ངག ཆོས་འབྱུང་། སྒྱུ་རྩལ། ཐ་ན་གླུ་གཞས་དང་ལུས་རྩལ་སོགས་ཚང་མར་དགའ་བོ་ཡོད་ལ། ད་ལྟའང་དེ་དག་ཚང་མར་སློབ་སྦྱོང་བྱེད་ཀྱིན་ཡོད། ལྷག་པར་དུ་ང་ལ་མ་འོངས་པར་ཆབ་སྲིད་ཀྱི་ཐོག་ལ་ལས་ཀ་བྱ་འདོད་པ་དེ་འདྲ་མེད།

 

དྲི་བ། སྐུ་ཉིད་ཀྱིས་སློབ་སྦྱོང་གི་གོ་རིམ་མང་པོ་ཞིག་བརྒྱུད་པ་མ་ཟད། གཞུང་གི་སྒྲིག་ཁོངས་ནས་ཀྱང་ལོ་གང་འཚམ་རིང་ཕྱག་ལས་གནང་བ་རེད། ད་ཆར་ཕྱི་རྒྱལ་དུ་ཕྱིན་ཏེ་ཕྱིར་མིག་བལྟས་ན། བཙན་བྱོལ་བོད་གཞུང་གི་ལས་དོན་བྱེད་ཕྱོགས་དང་། རྩ་དོན་འཐབ་རྩོད་གནང་ཕྱོགས་ཐད་དགོངས་ཚུལ་ག་འདྲ་འདུག་གམ།

ལན། ང་རང་ངྷ་རམ་ས་ལར་ལོ་མང་པོར་བསྡད་པ་རེད། ལས་ཀ་བྱེད་སྟངས་ཚང་མ་རྒྱུན་འཛིན་པ་དང་། མུ་མཐུད་པ་ལྟ་བུ་ཞིག་མ་གཏོགས་གསར་གཏོད་དང་། རྒྱ་སྐྱེད་ཀྱི་སྤོབས་པ་དང་བསམ་བློ་མི་འདུག དབྱིན་ཡིག་གི་གཏམ་དཔེར་ Push the boundary ཟེར་བ། ར་བ་ལ་འཕུད་རྒྱག་གཏོང་བའི་གོམས་གཤིས་མི་འདུག རྩ་དོན་འཐབ་རྩོད་ཐད་དུའང་ཐབས་ལམ་གསར་པ་འཚོལ་དགོས་ཀྱང་། དཔྱད་སྟོབས་ཀྱི་རིག་པས་འདང་གིན་ཡོད་པ་མ་རེད། མཐར་གཏུགས་ན་སློབ་སྦྱོང་གིས་འདང་གིན་ཡོད་པ་མ་རེད། རྩ་དོན་འཐབ་རྩོད་ཀྱི་ལངས་ཕྱོགས་དེ་རང་བཙན་ཡིན་ན་འདྲ་ལ། དབུ་མའི་ལམ་ཡིན་ནའང་འདྲ། ང་ཐོག་མར་དབུ་མའི་ལམ་ལ་དགའ་མོས་ཡོད་ཀྱང་། བར་སྐབས་ཤིག་རང་བཙན་ཡག་པོར་མཐོང་སོང་། ཐོག་མར་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་སྐབས་རང་བཙན་རྩོད་མཁན་ལ་ཅུང་མི་དགའ་བ་དང་། ཁོང་ཚོའི་ལྟ་གྲུབ་རྦད་དེ་ནོར་འཁྲུལ་ཡིན་པའི་བསམ་ཚུལ་འཁོར་མྱོང་། རྗེས་སུ་དབུ་མའི་ལམ་རྩོད་མཁན་ཚོར་མི་དགའ་བ་དང་། ལམ་ཕྱོགས་དེ་ནོར་འཁྲུལ་རེད་སྙམ་སྟེ་བཟོད་སྒོམ་བྱེད་མི་ཐུབ་པ་སོགས་ཡོང་གིན་འདུག ད་ཆར་སློབ་སྦྱོང་དང་ཉམས་མྱོང་མང་པོ་གསོག་འཇོག་བྱས་ཡོང་སྐབས། ལྟ་སྟངས་དེ་གཉིས་ཆ་ནོར་འཁྲུལ་རེད། རང་བཙན་ཡག་པོ་ཡིན་དང་དབུ་མའི་ལམ་ཡག་པོ་ཡིན་གཙོ་བོ་མ་རེད། དེ་གཉིས་ཀ་འདྲ་མཉམ་ཀྱི་འདུ་ཤེས་ཤིག་དང་། བཟོད་སྲན་གྱི་བློ་ཁོག་ཅིག་སྐྱེ་དགོས་ཀྱི་འདུག དཔེར་ན། གཞོན་སྐྱེས་སྐོར་ཞིག་གིས་རྩོམ་ཡིག་འབྲི་སྐབས་དང་གཏམ་བཤད་གནང་སྐབས། རང་བཙན་སྐོར་ལ་ཤུགས་ཆེན་པོ་ངར་རང་བྱེད་པ་དང་། ཁག་ཅིག་གིས་དབུ་མའི་ལམ་གྱི་ཐོག་ལ་ངར་ངར་གྱིས་ཕྱོགས་ཞེན་བྱེད་ཀྱིན་འདུག ང་རང་གིས་འདི་དག་ཕྱོགས་གཅིག་ལ་ལྷུང་རྒྱུ་མང་དྲགས་ཏེ། ཕྱོགས་གཞན་པ་དེ་ལ་ལྟ་ཐུབ་ཀྱི་མི་འདུག་དྲན་ཡོད། རྒྱ་ནག་གིས་ང་ཚོར་རང་བཙན་དང་དབུ་མའི་ལམ་གཉིས་སྤྲོད་རྒྱུ་ཁས་བླངས་མེད། རང་བཙན་དང་དབུ་མའི་ལམ་གཉིས་ཀ་འཆར་སྣང་རེད། སེམས་ཀྱི་འཆར་སྣང་ཙམ་ལ་མགོ་འཁོར་ཏེ་རྩོད་པ་རྒྱག་འདུག་རྒྱུ་ལས། ང་ཚོས་དངོས་ཡོད་གནས་ཚུལ་ཁས་བླངས་ཏེ། སོ་སོའི་སེམས་ཀྱི་འགལ་བ་དེ་སེལ་ཐུབ་པ་བྱ་དགོས་ཀྱི་འདུག ཐེངས་ཤིག་འཇམ་དབྱངས་ནོར་བུའི་ཟིན་བྲིས་ནང་གི་རྩོམ་ཡིག་ཅིག་གི་འོག་མཆན་འདེབས་མཁན་ཚོས་སྐད་ཆ་འདྲ་མིན་བཤད་ཀྱི་འདུག སྐབས་དེར་ངས་ཁྱེད་ཅག་གིས་ཚིག་བེད་སྤྱོད་གཏོང་སྟངས་ལ་བལྟས་ན། ནམ་ཞིག་ཁྱེད་རང་ཚོས་རང་བཙན་བླངས་པ་ཡིན་ན་ཡང་། ང་རང་བཙན་དེ་འདྲ་ཞིག་གི་འོག་ནས་འདུག་ཐུབ་ས་མ་རེད་ཅེས་བྲིས་ཡོད། མི་སུ་འདྲ་ཞིག་ཡིན་རུང་རྒྱལ་ཁབ་ལ་རང་བཙན་ཡོད་ཀྱང་། མི་སྒེར་ལ་རང་དབང་དང་དམངས་གཙོ་མེད་ན། དེའི་འོག་ཏུ་འདུག་འདོད་ཡོད་པ་མ་རེད།

 

དྲི་བ། སྐུ་ཉིད་བཙན་བྱོལ་བོད་གཞུང་གི་སློབ་གྲྭའི་འཛིན་གྲྭ་ཆ་ཚང་བརྒྱུད་མྱོང་མཁན་ཞིག་ཡིན་པའི་ངོས་ནས་དམའ་རིམ་དང་གཞི་རིམ་གྱི་སློབ་ཚན་སྐོར་ལ་དགོངས་ཚུལ་ག་འདྲ་འདུག་གམ།

ལན། སློབ་ཚན་གང་ལ་གང་འཚམ་འགྲིག་ཡོད་རྒྱུ་རེད། ད་ལྟ་ཕྱིར་འདང་བརྒྱབ་ན་སློབ་ཚན་འདིས་ང་ལ་བག་ཆགས་ཟབ་མོ་ཞིག་བཞག་སོང་བསམ་པ་དྲན་གྱི་མི་འདུག ང་རང་གིས་བལྟས་ན། སློབ་དེབ་དང་སློབ་ཚན་དེ་ཙམ་གཙོ་བོ་མ་རེད། གཙོ་བོ་སློབ་དེབ་དེ་ཁྲིད་མཁན་གྱི་དགེ་རྒན་དང་སློབ་ཚན་དེ་ཁྲིད་སྟངས་ཐབས་ལམ་གཙོ་བོ་རེད། གཉིས་པ་སློབ་ཕྲུག་གི་བསམ་བློ་འཚར་ལོངས་བྱུང་སའི་ཁོར་ཡུག་རེད། བྱིས་པ་ཚོས་གང་ཞིག་ལ་ལྟ་འདོད་དང་རེག་འདོད། འགྲོ་འདོད་པ་དང་། ཤེས་འདོད་པའི་མཚར་སྣང་གི་བློ་དེ་འགོག་ཉན་གྱི་མི་འདུག གཤིས་ཀ་འདི་ཕྲུ་གུ་མང་ཆེ་བར་ལྷན་སྐྱེས་སུ་ཡོད་ཀྱང་། དགེ་རྒན་དང་ཕ་མ་མང་ཆེས་མགོ་གནོན་བྱེད་ཀྱི་ཡོད། བོད་ནང་གི་ཕྲུ་གུ་ཚོར་ཐོག་མར་ཕ་མས་མགོ་གནོན་དང་དེ་ནས་དགེ་རྒན་གྱི་མགོ་གནོན། འཚར་ལོངས་བྱུང་སྐབས་རྒྱལ་ཁབ་ཀྱི་མགོ་གནོན་སོགས་ཡོད་མོད། བཙན་བྱོལ་ནང་ཕ་མ་དང་དགེ་རྒན་གྱི་མགོ་གནོན་ཤུགས་ཆེན་པོ་ཡོད་ཀྱང་། རྒྱལ་ཁབ་ཀྱི་མགོ་གནོན་ཡོད་པ་མ་རེད། བྱིས་པ་ཚོའི་མཚར་སྣང་གི་བསམ་བློ་དེ་མ་བཀག་པ་ཡིན་ན། ཕྱི་རོལ་གྱི་བྱ་དངོས་ཚང་མས་ཤེས་ཡོན་མཁོ་སྤྲོད་བྱས་ཡོང་གི་རེད། ལྷག་པར་དུ་རྒྱ་གར་རང་དབང་ལུང་པར་གློག་བརྙན་དང་དྲ་རྒྱ། སྤྱི་ཚོགས་བཅས་ནས་ཤེས་ཡོན་མང་པོ་ཞིག་རེག་ཡོང་གི་རེད། ང་རང་ཆུང་དུས་ནས་རྒྱ་གར་གྱི་གློག་བརྙན་ལ་བལྟ་རྒྱུར་དགའ་བོ་ཡོད་ལ། ལྷག་པར་དུ་ཡར་མར་འགྲོ་སྐབས། ཚོང་ཁང་དང་ཟ་ཁང་། བཟོ་གྲྭ་བཅས་ཀྱི་སྒོ་བྱང་དང་ཁྱབ་བསྒྲགས་ཀློག་རྒྱུ་དང་། དེའི་ནང་དོན་ལ་བསམ་བློ་གཏོང་རྒྱུར་དགའ་བོ་ཡོད། མཚམས་རེར་རླངས་འཁོར་ནང་འགྲོ་སྐབས། ཞོགས་པ་ནས་དགོང་མོ་མུན་རུབ་སྟེ་རླངས་འཁོར་ཕྱི་རོལ་མི་མཐོང་བར་བཀླགས་པ་ཡིན།

 

དྲི་བ། སློབ་གྲྭ་ཁག་ནས་ཡིག་རྩལ་བཏང་སྟེ་གྲུབ་འབྲས་རྩེ་ཕུལ་རིགས་བོད་གཞུང་གི་སློབ་ཡོན་འོག ཕྱི་རྒྱལ་ཁག་ཏུ་གཏོང་གིན་ཡོད་ནའང་། སློབ་ཕྲུག་མང་པོ་ཞིག་ཕྱིར་མ་ལོག་པ་དང་། ཡང་རེ་ཟུང་ལོག་ཀྱང་ལོ་རེ་ཟུང་ནས་ཕྱི་རྒྱལ་དུ་བུད་འགྲོ་བའི་གནས་སྟངས་ཤིག་ཡོང་གིན་ཡོད་པའི་ཐད་ལྟ་ཚུལ་ག་འདྲ་ཡོད་དམ།  

ལན། འདིའི་ཐད་ང་རང་ལ་ལྟ་ཚུལ་གཉིས་ཡོད། དང་པོ་སློབ་ཕྲུག་སུ་ཞིག་ཡིན་རུང་ཐོག་མར་ཕར་འགྲོ་སྐབས། བོད་གཞུང་དང་གན་རྒྱ་ལྟ་བུ་བཞག་ཡོད་པ་དེ་ཚོ་ངེས་པར་དུ་ཕྱིར་ལོག་དགོས་པ་རེད་དྲན་ཡོད། ཡང་འགའ་རེ་ཡིས་ཚུར་ལོག་མཁན་ཚང་མ་ཡག་པོ་ཡིན་པ་དང་། མ་ལོག་མཁན་ཚང་མ་སྡུག་ཅག་ཡིན་པའི་ལྟ་ཚུལ་ཐོག་ནས་སྐྱོན་བརྗོད་བྱེད་ཀྱི་འདུག དེ་ཏག་ཏག་བསྡད་ཡོད་པ་མ་རེད་དྲན་ཡོད། གཞུང་གི་སློབ་ཡོན་འོག་ཕྱི་རྒྱལ་ནས་སློབ་སྦྱོང་བྱས་མཐར་ཕྱིར་ལོག་དང་མི་ལོག་ཟེར་བ་དེ་སློབ་ཕྲུག་ཁོ་རང་ཚོས་ཐག་གཅོད་བྱས་པ་དེ་གཞི་འཛིན་དགོས་པ་རེད། ཕྱིར་ལོག་འདོད་མེད་མཁན་ཞིག་ལ་གཞུང་གིས་ཨུ་ཚུགས་མཐར་སྐྱེལ་བྱས་ཏེ་ལོག་ཏུ་བཅུག་ཀྱང་། ལྷག་བསམ་དང་སེམས་ཤུགས་གང་ཐད་ནས་གཞུང་ལ་ཕན་ཐོགས་པའི་ལས་ཀ་ཞིག་བྱེད་ཁག་པོ་རེད། གལ་སྲིད་འདོད་པ་ཡོད་མཁན་ཞིག་ཡིན་ན་གཞུང་གིས་གན་རྒྱ་མ་བཞག་ཀྱང་། གཞུང་གི་རེ་བ་ལྟར་ཕྱིར་ལོག་གི་རེད་ལ། ལས་ཀར་ཡང་ཧུར་ཐག་བྱེད་གི་རེད། གནད་འགག་ཆེ་ཤོས་དེ་གང་རེད་ཟེར་ན། གཞུང་གི་གན་རྒྱའི་འོག་ཚུར་ཡོང་ཞིང་གཞུང་ཞབས་ཁོངས་ནས་ལས་ཀ་བྱས་ཏེ།  ལོ་གཉིས་གསུམ་རྗེས་གཞུང་ཞབས་ཁོངས་ནས་ཐོན་ཏེ་ཕར་འགྲོ་བཞིན་ཡོད་པ་དེ་དག་ལ། ལྷག་བསམ་མེད་སོང་བ་རེད་དམ། ཤེས་ཚད་ཀྱིས་མ་འདང་བ་རེད། གཞུང་གི་སྒྲིག་འཛུགས་འོག་ནས་རང་འགུལ་གྱིས་ཐོན་དགོས་པའི་རྒྱུ་མཚན་གང་ལ་ཐུག་སོང་བ་རེད། དེ་དག་ལ་བོད་གཞུང་གི་ངོས་ནས་ཞིབ་འཇུག་ཡག་པོ་ཞིག་བྱ་དགོས་པ་རེད་དྲན་ཡོད།

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

༢༠༢༥/༠༦/༢༧
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧
Close view of Chinese PLA combat helicopter in Tibet_January 05 2021
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་གཟིགས་ཞིབ་དགོས་པའི་རེ་སྐུལ་ཞུས། 

༢༠༢༥/༠༦/༢༦
Mobile App

མི་འགྱངས་བར་སྟོབས་ཆེན་རྒྱལ་ཁབ་ལྔ་ཡིས་ཚོགས་ཆེན་འཚོག་རྒྱུ་ཡིན་འདུག 

༢༠༢༥/༠༦/༢༦
ལྕམ་སྐུ་པེ་ལོ་སི་མཆོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

ཨ་རིའི་གྲོས་ཚོགས་ནང་༧སྐུའི་གོ་སྟོན་སྲུང་གཙི་གནང་།

༢༠༢༥/༠༦/༢༦

མཆན། 4

  1. མཁས་ཚང་ཤེས་རབ་དབང་རྒྱལ། says:
    ལོ་ 15 སྔོན།

    མངོན་ནས་ཡགས་པོ་གསུང་འདུག་ཐུགས་ཆེ་ཞུ།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    སྤྱི་སྒེར་གཉིས་ཀར་ཕན་པའི་མཁས་དབང་ལམ་ལྷོངས་ཅན་ཡོང་བའི་སྨོན་འདུན་དང་བཅས།

    Reply
  3. གཅན་བཟོད་རྒྱམ། says:
    ལོ་ 15 སྔོན།

    ཉིན་བྱེད་ལ་བཀྲ་ཤིས་བདེ་ལེགས་ཞུ། ང་ཡང་ཁྱོད་ལ་རེ་བ་ཆེན་པོ་ཡོད། ཁྱོད་ཀྱི་རེ་འདོད་ཇི་བཞིན་འགྲུབ་པའི་སྨོན་འདུན་ཞུ།

    Reply
  4. བྱ་གཞུང་འཇམ་དབྱངས། says:
    ལོ་ 15 སྔོན།

    འདི་འདྲ་རིགས་མང་ཙམ་འགོད་ཐུབ་ན་གཞོན་སྐྱེས་ཚོའི་སེམས་ལ་འདུ་ཚོར་མི་འདྲ་བ་ཞིག་སྤྲོད་ཀྱིན་རེད། མདོར་བསྡུས་ན་དེང་སྐབས་ཀྱི་ན་གཞོན་ཚོའི་སེམས་ལ་མནའ་དེང་གཉིས་ཀའི་སློང་སྦྱོང་ལ་ཕྱོགས་པའི་ཚོར་ཤུགས་མི་འདྲ་བ་ཞིག་ཐུབ་བྱེད་རྒྱུ་གལ་ཆེན་རེད་བསམ། དེང་སྐབས་ཀྱི་གཞོན་སྐྱེས་མང་ཆེ་བས་སློབ་སྦྱོང་དང་ཤེས་ཡོན་ལ་སེམས་ཀྱི་འཛིན་སྟངས་ཧ་ཅང་ཞན་པོ་འདྲ་མཐཽང་སོང་། དེ་བས་བསྟན་འཛིན་ཉིན་བྱེད་འདྲ་བའི་མྱི་གང་མང་སྐྱེད་སྲིང་བྱེད་ཐུབ་ན་ཧ་ཅང་བཟང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese