མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གིས་བོད་ནང་མི་སེར་སྤེལ་བའི་འབམ་གཡུག་གི་ཡོད།

བོད་ཀྱི་དུས་བབ།
༢༠༡༠/༠༦/༣༠
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཐོག་རྒྱུན་རིང་ཉམས་ཞིབ་དང་སློབ་སྟོན་གྱི་ཐུགས་འགན་བཞེས་མྱོང་མཁན། ཝ་རཱ་ན་སི་མཐོ་སློབ་ཀྱི་སློབ་དཔོན་བྱམས་པ་བསམ་གཏན་ལགས་སུ་བོད་ཀྱི་ཉེ་རབས་ལོ་རྒྱུས་དང་འབྲེལ་ཏེ། ད་ལྟའི་བོད་རྒྱའི་གནད་དོན་སྐོར་ལ་བཅར་འདྲི་ཞུས་ཡོད།

 

དྲི་བ། སྐུ་ཉིད་ཀྱིས་ཝ་རཱ་ན་སི་མཐོ་སློབ་ཏུ་བོད་པའི་རིག་གནས་སྤྱི་དང་། བྱེ་བྲག་ཏུ་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཐོག་ཉམས་ཞིབ་དང་སློབ་སྟོན་གྱི་ཕྱག་ལས་རྒྱུན་རིང་གནང་བའི་གོ་རིམ་ཁྲོད། ད་ལྟའི་ཆར་བོད་པའི་རྩ་དོན་འཐབ་རྩོད་ཀྱི་གནས་ཚད་དེ་ག་འདྲ་ཞིག་ལ་སླེབས་ཡོད་པར་ངོས་འཛིན་གནང་གིན་ཡོད་དམ།

ལན། འདས་པའི་ལོ་ངོ་ལྔ་བཅུའི་རིང་དཔལ་འབྱོར་དང་། མི་འབོར་གང་ཐད་ནས་སྐྱོ་བོ་ཡིན་པའི་མི་རིགས་ཤིག་གིས་རྒྱ་ནག་རྒྱལ་ཁབ་ཆེན་པོ་ཞིག་ལ་ཁ་གཏད་བཅག་བསྡད་པ་རེད། རྒྱལ་རབས་ལོ་རྒྱུས་ཀྱི་ངོས་ནས་བལྟས་ན་ང་ཚོར་གྱོང་ཆེན་པོ་ཞིག་རག་ཡོད་ཀྱང་། གནས་སྟངས་ལ་འབབ་པའི་ཐོག་ནས་བཤད་ན་ང་ཚོའི་འཐབ་རྩོད་ཀྱི་གནས་ཚད་དེ་ཡང་ཚད་ངེས་ཅན་ཞིག་ལ་སླེབས་ཡོད། དུས་རབས་ཉི་ཤུའི་དུས་དཀྱིལ་དུ་རྒྱ་ནག་གིས་ཧམ་ཟ་བྱས་པ་དེ་བོད་གཅིག་པུ་མ་རེད། རྒྱ་ནག་གི་དར་དམར་སྟེང་ཡོད་པའི་སྐར་མ་ཆུང་བ་གཞན་དག་ལའང་བཅོམ་བཅག་གི་གོད་ཆག་དེ་བྱུང་ཡོད། ཡུ་གུར་དང་སོག་པོ། མན་ཇུ་སོགས་དང་བསྡུར་ན། བོད་པའི་གནས་སྟངས་མ་འདྲ་བ་ཞིག་ཆགས་ཡོད། འདི་གཙོ་བོ་༧གོང་ས་མཆོག་གི་རླབས་ཆེན་གྱི་ནུས་སྟབས་ལས་བྱུང་བ་རེད། ཡུ་གུར་དང་སོག་པོ་ཚོས་ད་ཆར་ང་ཚོར་རྩ་དོན་ཟེར་ནས་མཛུབ་མོ་འཛུགས་ས་མེད་པ་ཆགས་སོང་། བོད་པའི་གནད་དོན་དེ་རྒྱ་ནག་གི་གྲངས་ཉུང་མི་རིགས་གཞན་དག་ལས་ལྷག་པ་ཞིག་ཡོང་དོན་དབུ་ཁྲིད་ལ་ཐུག་འདུག་ཟེར་གྱི་ཡོད། མི་རིགས་གཞན་གྱི་སྐད་ཡིག་ནང་ཡོད་པའི་བོད་སྐོར་གྱི་གནས་ཚུལ་ལ་བལྟས་ན། དྲུག་ཅུ་བདུན་ཅུའི་ནང་དུའང་འཛམ་གླིང་ཐོག་བོད་ཤེས་མཁན་ཉུང་ཉུང་རེད། སའི་གོ་ལའི་མཐོ་ས་ཞིག་ན། ཧི་མ་ལ་ཡའི་ཉེ་འཁོར་ཞིག་ན་ལྷ་འདྲེ་དང་། རྫུ་འཕྲུལ་སྣ་ཚོགས་སྟོན་མཁན་གྱི་མི་རིགས་ཤིག་ཡོད་པ་ཙམ་ལས། ཆོས་དང་རིག་གཞུང་། ཤེས་ཡོན་དང་རྣམ་དཔྱོད་ཆེ་བའི་བོད་མི་རིགས་དང་རྒྱལ་ཁབ་ཅིག་འཚོ་སྡོད་བྱས་ཡོད་པ་ཤེས་མཁན་ཧ་ཅང་དཀོན་པོ་རེད། ད་ཆར་འཛམ་གླིང་ཐོག་བོད་པའི་ཆོས་དང་རིག་གཞུང་ལ་མཐོང་ཆེན་བྱེད་པ། ༧གོང་ས་མཆོག་གི་བསླབ་བྱ་ལམ་སྟོན་ལ་གུས་བཀུར་བྱེད་པ། བོད་དོན་ལ་དོ་སྣང་དང་རྒྱབ་སྐོར་བྱེད་པ་ཞིག་ཆགས་ཡོད། རྒྱ་ནག་གཞུང་ངོས་ནས་ཀྱང་གྲངས་ཉུང་མི་རིགས་གཞན་དག་ལས་ལྷག་པར་བོད་དོན་ཟེར་ནས་སྐད་ཆ་བཤད་དགོས་པ་ཞིག་ཆགས་ཡོད། 

 

དྲི་བ། འདས་པའི་ལོ་རྒྱུས་ཐོག་ནས་བོད་ཟེར་བ་དེ་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་ཡང་། ས་ཕག་རིན་གཙང་གི་དབང་སྒྱུར་སྐབས། བྱེད་སྟངས་སྣ་ཚོགས་ཀྱི་དབང་གིས་ད་ཆར་རྒྱལ་སྤྱིའི་ཁྲིམས་ཐོག་ནས་བོད་རང་བཙན་ཁུངས་སྐྱེལ་ཐུབ་དང་མི་ཐུབ་ཀྱི་དཀའ་ངལ་ཡོང་གིན་ཡོད་པའི་ཐད་གཟིགས་ཚུལ་ག་འདྲ་ཡོད་དམ།

ལན། ཆབ་སྲིད་ཀྱི་གནས་སྟངས་ཐོག་ནས་བཤད་ཡོང་དུས་སྐབས་ཐོག་སྐབས་ཐོག་གི་དངོས་ཡོད་གནས་སྟངས་ལ་གཞི་བཅོལ་དགོས་པ་རེད། དཔེར་ན། དུས་རབས་བཅུ་གསུམ་པའི་གནས་ཚུལ་ཞིག་དུས་རབས་ཉེར་གཅིག་པའི་ནང་ལ་འཁྱེར་ཡོང་སྟེ། ང་ཚོར་ལོ་རྒྱུས་ཐོག་ཆ་རྐྱེན་འདི་འདྲ་ཞིག་ཡོད་ཟེར་ནས་དཔེ་འགེབས་བྱ་ཁག་པོ་རེད། འཛམ་གླིང་གི་གནས་སྟངས་དུས་རབས་ཉི་ཤུའི་སྔ་རྗེས་གཉིས་མི་འདྲ། དུས་རབས་ཉི་ཤུ་མགོ་འཛུགས་བྱས་པ་ནས་བཟུང་འཛམ་གླིང་ཁྱོན་ཡོངས་ཀྱི་སྲིད་འབྱོར་རིག་གསུམ་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད། འདི་གཉིས་མཉམ་སྲེས་བྱས་ན་རྙོག་དྲ་ཆེ་རུ་འགྲོ་གི་རེད། བོད་སིལ་བུར་ཐོར་བའི་རྗེས་སུ་རྒྱ་ནག་དང་འབྲེལ་བ་གང་འཚམ་བྱུང་ཡོད་པ་དངོས་ཡོད་རེད། འོན་ཀྱང་། དབྱིན་ཡིག་ནང་གི་ dependant ཟེར་བ་དང་ཅུང་འདྲ་གི་མ་རེད། dependent ཟེར་ན་གཞན་ལ་བརྟེན་ཡོད་པ་ཞིག་ལ་གོ་དགོས་པ་རེད། རྒྱལ་ཕྲན་སིལ་མའི་སྐབས་རྒྱ་ནག་དང་སོག་པོའི་ཤུགས་རྐྱེན་སླེབས་ཡོད་ཀྱང་། བོད་ཀྱི་ལས་དོན་ཚང་མ་རྒྱལ་ཁབ་དེ་དག་ལ་བརྟེན་དགོས་པའི་གནས་སྟངས་ཡོད་པ་མ་རེད། བོད་པའི་ཐོག་ལ་ཕྱིའི་ཤུགས་རྐྱེན་ཆེ་ཤོས་དེ་ཕོ་ལྷ་ནས་རྒྱལ་དབང་བཅུ་གསུམ་པའི་ཐུགས་འགན་མ་བཞེས་པའི་བར་རེད། སྐབས་དེ་དག་ལ་བོད་པའི་བླ་སྤྲུལ་ཚོ་དང་དཔོན་རིགས་ཚོར་ཕྱི་ནས་མཚན་བསྟོད་སྤྲོད་པའི་སྲོལ་ཞིག་བྱུང་ཡོད། དཔེར་ན། རྒྱལ་བོ་ཞིག་གིས་རྒྱལ་བོ་གཞན་ཞིག་ལ་ཆོས་དང་སྲིད་གང་ཐད་ནས་རླབས་ཆེན་རེད་ཟེར་ནས་མིང་ཞིག་སྤྲད་ན། དེ་ནི་ཆེ་བསྟོད་བྱས་པ་ཙམ་རེད། དེ་བཞིན་མན་ཇུ་དང་སོག་པོ་རྒྱ་ནག་གོང་མ་སོགས་ཀྱིས་ཀྱང་། སྔར་ནས་བོད་པའི་བླ་མ་དང་དཔོན་པོ་ཡིན་བསྡད་པ་ཞིག་ལ། ནུབ་ཕྱོགས་སྐྱོང་བའི་ཆོས་ཀྱི་རྒྱལ་བོ་དང་དབུ་ལྷ་སོགས་ཀྱི་མིང་འདོག་བྱས་པ་དེ་ཆེ་བསྟོད་བྱས་པ་རེད། རྒྱལ་དབང་བཅུ་གསུམ་པ་རྒྱ་གར་ལ་ཕེབས་སྐབས། རྒྱ་ནག་གོང་མས་ཕྱི་ལོ་ ༡༩༡༠ ལོའི་ཟླ་ ༢ པའི་ནང་ཉི་མ་དེ་རིང་ནས་ཏཱ་ལའི་བླ་མ་ཐུབ་བསྟན་རྒྱལ་མཚོའི་མཚན་གནས་མེད་པ་བཟོས་པ་ཡིན་ཟེར་ནས་གསལ་བསྒྲགས་ཤིག་བྱས་ཡོད། འོན་ཀྱང་དངོས་ཡོད་གནས་སྟངས་ཐོག རྒྱལ་དབང་བཅུ་གསུམ་པའི་དབང་ཚད་ལ་འགྱུར་བ་གང་ཡང་སོང་མེད། ཐུབ་བསྟན་རྒྱ་མཚོ་གྲྭ་བ་དཀྱུས་མ་ཞིག་ཆགས་མྱོང་མེད། དེས་གཞན་སུ་གང་ལ་འང་བོད་པའི་ཆབ་སྲིད་ཀྱི་དབང་ཚད་མེད་པ་བསྟན་ཡོད། དེང་སྐབས་རྒྱལ་སྤྱིའི་ཁྲིམས་ཐོག་ནས་ཀྱང་རྒྱལ་ཁབ་རང་བཙན་པ་ཞིག་ཡིན་པའི་ཁུངས་སྐྱེལ་ལ་ཆ་རྐྱེན་ལྔ་བཏོན་ཡོད་པ་ལས་རྒྱལ་ཁབ་གཞན་དང་འདྲ་མཉམ་གྱི་ཆིངས་ཡིག་བཞག་ཡོད་མེད་དེ་གཙོ་བོ་ཞིག་རེད། མན་ཇུས་བོད་ལ་ཤུགས་གནོན་ཆེ་བའི་སྒང་ལ་བོད་དང་བལ་བོ་གཉིས་ཆིངས་ཡིག་སྔ་ཕྱི་གཉིས་བཞག་ཡོད། ༡༩༠༤ ལོར་བོད་དང་དབྱིན་ཇུའི་བར་ཆིངས་ཡིག་བཞག་ཡོད། འདི་དག་གིས་བོད་རང་བཙན་ཁུངས་སྐྱེལ་ར་སྤྲོད་བྱས་ཡོད། 

 

དྲི་བ། ལོ་རྒྱུས་དབྱེ་ཞིབ་པ་མང་པོ་ཞིག་གིས་བོད་བཙན་པོའི་རྒྱལ་ཁབ་སྟོབས་འབྱོར་རྒྱས་པའི་སྒང་ལ། ཆོས་དང་སྲིད་ཀྱི་འཐབ་རྩོད་ཅིག་གིས་བཙན་པོ་རྒྱལ་རབས་སིལ་བུར་གཏོར་བ་དང་། ས་ཕག་རིན་གཙང་གི་སྐབས་སུ་ཆོས་ལུགས་གྲུབ་མཐའི་ཕྱོགས་འཐེན་ཀྱིས་ནང་ཁུལ་མི་གསོད་ཁྲག་སྦྱོར་དང་། ཕྱིའི་ཤུགས་རྐྱེན་ནང་འདྲེན་བྱས་པ། དགའ་ལྡན་ཕོ་བྲང་སྐབས་ཆོས་དང་སྲིད་གཉིས་ལས་ཆོས་ཀྱི་མགོ་མཐོ་བ་དང་དབང་བཙན་པའི་སྟབས་ཀྱིས་བོད་རྒྱ་ལག་ཏུ་ཤོར་བའི་གཟིགས་ཚུལ་ཡོང་གིན་ཡོད་པའི་ཐད་དགོངས་ཚུལ་ག་འདྲ་ཡོད་དམ།

ལན། བཤད་སྟངས་འདི་བོད་པ་གཅིག་པུ་མ་རེད། སོག་པོ་ལའང་ཡོང་གིན་ཡོད་པ་རེད། སོག་པོ་སྔོན་མ་ཨེ་ཤ་ཡའི་ནང་གི་སྟོབས་འབྱོར་མངའ་ཐང་ཆེ་ཤོས་གྲས་སུ་སླེབས་ཡོད་ཀྱང་། ཆོས་ལུགས་དར་ཁྱབ་ཏུ་ཕྱིན་རྗེས་ཉམས་རྒུད་ཀྱི་མགོ་བཙུགས་པ་རེད་ཟེར་གྱི་ཡོད། བོད་བཙན་པོའི་རྒྱལ་རབས་ཀྱི་མཐའ་མ་དེ་གླང་དར་མ་ཆགས་དོན་ཆོས་ཀྱི་འཐབ་རྩོད་གཅིག་པུ་མ་རེད། སྐབས་དེའི་རྒྱལ་པོའི་མངའ་འོག་གི་དབང་འཛིན་པ་གཞན་དག་གི་ཁེ་ཕན་དང་དབང་ཆའི་འཐབ་རྩོད་ཅིག་གི་དབང་གིས་བྱུང་བ་རེད་དྲན་ཡོད། འོན་ཀྱང་བསམ་བློ་ཞིབ་ཏུ་བཏང་ན། འཇིག་རྟེན་གྱི་བྱ་བཞག་གང་ཞིག་ཡིན་རུང་ལེགས་པ་དང་ཉེས་པའི་ཆ་གཉིས་ཀ་ཡོད་པ་རེད། ས་ཕག་རིན་གཙང་གི་སྐབས་སུ་ནང་ཁུལ་རྙོག་དྲ་བྱུང་བ་དེ་ཆོས་ལུགས་དང་འབྲེལ་བ་ཆེན་པོ་ཡོད་པ་བདེན་པ་རེད། དུས་རབས་བཅུ་གསུམ་ནས་བོད་དེ་ཆོས་སྲིད་ཟུང་འབྲེལ་ལྟ་བུ་ཆགས་པ་རེད། ཡུལ་ལུང་ཁག་གི་ཆོས་སྲིད་གཉིས་ཀའི་དབང་ཚད་དེ་ཆོས་བརྒྱུད་གྲུབ་མཐའ་ཁག་གི་ལག་ཏུ་ཡོད། འོན་ཀྱང་རྒྱལ་ཁབ་དང་མི་རིགས་སུ་འདྲ་ཞིག་ཡིན་རུང་། ཡུལ་ལུང་གི་མངའ་ཐང་རྒྱས་པ་ཞིག་དང་། ཡུལ་མི་ལ་བདེ་སྐྱིད་ལྡན་པ་ཞིག་བཅས་གཉིས་ཡོད། ཡུལ་ལུང་གི་མངའ་ཐང་ཆེད་དུ་དམག་དང་དྲག་པོའི་སྟོབས་ཤུགས་རྒྱ་སྐྱེད་བཏང་སྟེ། དམག་མི་དང་དམག་རྒྱག་བསྡུ་གསོག་བྱས་ན། འབངས་མི་སེར་གྱི་འཚོ་བ་དང་བདེ་སྐྱིད་ལ་བརྡབ་གསིག་འགྲོ་གི་རེད། དེ་བཞིན། འབངས་མི་སེར་ལ་སུན་གཙེར་དང་དཀའ་ངལ་མ་བཟོས་པར་ལྷིང་འཇགས་ཞི་བདེ་བརྩོན་ལེན་བྱས་ན། ཡུལ་ལུང་དང་མངའ་ཐང་གི་ཕྱོགས་སུ་འཐུས་ཤོར་འགྲོ་སྲིད་པ་རེད། ས་སྐྱའི་སྐབས་སུ་ལམ་ཁ་གཉིས་པ་དེ་བདམས་པ་རེད། སྐབས་དེར་སོག་པོར་ཁ་གཏད་གཅོག་ཐབས་མེད་པ་ས་རིས་ཐང་གསལ་རེད། སོག་པོར་མགོ་བཏགས་པ་ཡིན་ན། མི་གསོད་ཁྲག་སྦྱོར་ཡོང་མི་དགོས་པ་དང་མི་སེར་ལ་ཁྲལ་ཆུང་བ་སོགས་ཀྱི་ཁེ་ཕན་ཡོད། སྟབས་བསྟུན་དེའི་དབང་གིས་ནོར་འཁྲུལ་རེ་ཟུང་བྱུང་ཡོད་ཀྱང་། དངོས་ཡོད་གནས་ཚུལ་དེ་ལས་བརྒལ་ཐབས་ཡོད་པ་མ་རེད། ཡང་ཕྱོགས་གཞན་ཞིག་ནས་བཤད་ན། བོད་པའི་ཆོས་དང་རིག་གཞུང་གི་ཤུགས་རྐྱེན་ཕར་སོག་པོར་ཐེབས་པ་ཡང་ཆུང་ཆུང་མ་རེད། མི་དམངས་དང་དབང་འཛིན་པ་ཚུན་ལ་བཀའ་ལུང་བཏང་ཆོག་པའི་གནས་སྟངས་བྱུང་མྱོང་ཡོད། བོད་ལ་ཆོས་ལུགས་དར་བའི་བཟང་ཕྱོགས་ནས་བཤད་ན། སངས་རྒྱས་ཆོས་ལུགས་ཀྱི་མགོ་ཁུངས་རྒྱ་གར་ཡིན་ཡང་། དེང་སྐབས་འཛམ་གླིང་རྒྱལ་ཁབ་གཞན་ན་མེད་པའི་རིན་ཐང་ཅན་གྱི་རིག་གནས་ཤིག་བོད་པས་ཉར་ཡོད། སྤྱིར་རྒྱལ་བོ་ཞིག་ལ་དམག་གི་སྟོབས་ཤིག་ལས་མེད་ཀྱང་། བོད་པར་མཚོན་ན་ཆོས་སྲིད་གཉིས་ཀའི་སྟོབས་ཤུགས་ཡོད། བོད་པའི་ཆོས་ཀྱི་ཤུགས་རྐྱེན་སོག་པོ་ཙམ་དུ་མ་ཟད་ཨེ་ཤ་ཡའི་རྒྱལ་ཁབ་མང་པོར་སླེབས་ཡོད།

 

དྲི་བ། དེང་སྐབས་རྒྱ་ནག་གིས་བོད་ཆོལ་ཁ་གསུམ་གཅིག་གྱུར་ཟེར་བ་ཞིག་ཡོང་ཐབས་ཡོད་པ་མ་རེད། སྔོན་མ་ནས་བོད་ཀྱི་ཡུལ་ལུང་མང་པོ་ཞིག་དགའ་ལྡན་ཕོ་བྲང་གི་འོག་ཏུ་ཡོད་པ་མ་རེད། བོད་ཕྱི་མ་ནང་མ་ཟེར་ནས་ཤུགས་ཆེན་པོ་བཤད་ཀྱིན་ཡོད་པའི་ཐད་དགོངས་ཚུལ་གང་འདྲ་ཡོད་དམ།

ལན། བོད་ཆོལ་ཁ་གསུམ་ཟེར་བ་དེ་དུས་རབས་བཅུ་གསུམ་པར་ས་སྐྱས་དབང་སྒྱུར་སྐབས་བྱུང་བ་རེད། དེ་ནི་ས་བབ་གཞིར་བཞག་གིས་བགོས་པ་ཞིག་རེད་མ་གཏོགས། དབང་སྒྱུར་གྱི་ཁྱབ་ཁོངས་བགོས་པ་ཞིག་མ་རེད། ཡུལ་གྱི་གནས་བབ་ཀྱིས་སྟོད་སྨད་བར་གསུམ་དུ་ཆགས་ཡོད་ཀྱང་བོད་ཆོལ་ཁ་གསུམ་པོ་ས་འབྲེལ་གཅིག་རེད། ཆོས་དང་རིག་གཞུང་སྐད་ཡིག་ཚང་མ་གཅིག་གྱུར་རེད། ང་དགུའི་སྔོན་ལ་བོད་ཆོལ་ཁ་གསུམ་དེ་དགའ་ལྡན་ཕོ་བྲང་གི་ཐད་ཀའི་འཛིན་སྐྱོང་འོག་མེད་པ་བདེན་པ་རེད། དེ་ཙམ་གྱིས་བོད་ཆོལ་ཁ་གསུམ་གཅིག་གྱུར་མིན་པའི་སྒྲུབ་བྱེད་ཡོང་གི་མ་རེད། དུས་རབས་ཉི་ཤུའི་གོང་དུ་འཛམ་གླིང་གི་ཡུལ་ལུང་མང་པོ་ཞིག་ཁྲིམས་མགོ་རང་ཐོན་རེད། རྒྱ་གར་ལ་མཚོན་ན། རྒྱལ་ཕྲན་ལྔ་བརྒྱ་དྲུག་བརྒྱ་ཡོད། རྒྱལ་ཕྲིན་རེ་རེར་དཔོན་པོ་རེ་ཡོད། སུ་གཅིག་གིས་ཀྱང་རྒྱལ་ཕྲན་དེ་དག་རྒྱ་གར་མ་རེད་ཟེར་མྱོང་མེད། སྐབས་དེར་འཛམ་གླིང་གི་ཡུལ་ལུང་གཞན་དག་ཀྱང་སིལ་བུར་ཐོར་ནས་བསྡད་ཡོད། རྒྱལ་ཁབ་དང་མི་རིགས་ཀྱི་ལྟ་བ་ཡོད་པ་མ་རེད། དེང་སྐབས་རྒྱ་ནག་ཟེར་ན་པེ་ཅིན་གྱི་དབང་སྒྱུར་འོག་ཚུད་དགོས་པ་ཞིག་དང་། རྒྱ་གར་ཟེར་ན་ལྡི་ལིའི་དབང་སྒྱུར་འོག་ཚུད་དགོས་པ་ཞིག་ཆགས་ཡོད། སྔོན་མ་ཡུལ་ལུང་སོ་སོའི་ཁྲལ་བསྡུ་ཁྲིམས་འདོན་རང་མགོ་རེད། དུས་རབས་བཅུ་དགུའི་སྐབས་ཀྱི་གནས་བབ་ཅིག་གི་ཐོག་ལ་དེང་དུས་ཀྱི་འགྲོ་སྟངས་ཤིག་འཁྱེར་ཡོང་སྟེ་ཚད་རྒྱག་ཐབས་ཡོད་པ་མ་རེད། བོད་ཕྱི་མ་དང་ནང་མ་ཟེར་བ་དེ་ཡང་ ༡༩༡༨ བོད་རྒྱའི་བར་དམར་འཁྲུག་བྱུང་སྟེ་དམག་མཚམས་འཇོག་སྐབས་འབྲི་ཆུའི་ཕར་རྒྱབ་ཚུར་རྒྱབ་ལ་བོད་ཕྱི་མ་ནང་མ་ཞེས་མིང་བཏགས་པ་རེད། རྒྱ་ནག་གིས་མིང་དེ་བོད་དང་སོག་པོ་གཉིས་ཀར་བཏགས་ཡོད། ལོ་རྒྱུས་ཐོག་ནས་ཀྱང་སྨད་ཨ་མདོའི་མཐའ་མཚམས་ནས་སྟོད་མངའ་རིའི་ལ་དྭགས་བར་མེས་པོ་ལྡོང་དྲུག་ནས་ཆད་པ་གཅིག་མཚུངས་ཀྱིས་ཁས་ལེན་བྱེད་ཀྱིན་ཡོད།

 

དྲི་བ། བོད་པ་ཚོས་བདུན་ཅུ་དོན་གྲངས་བར་རང་བཙན་བསྐྱར་གསོའི་འཐབ་རྩོད་གནང་བ་རེད། བདུན་ཅུ་དོན་གྲངས་ནས་རང་བཙན་བློས་བཏང་སྟེ། དབུ་མའི་ལམ་གྱི་ཐོག་ནས་རང་སྲིད་རང་སྐྱོང་ཞིག་ལ་འབད་བརྩོན་གནང་གིན་ཡོད་སྟབས། བོད་མིའི་ཆབ་སྲིད་ཀྱི་ཆོད་སེམས་འདི་ལ་ཁེ་གྱོང་གི་ངོས་འཛིན་ག་འདྲ་ཡོད་དམ།

ལན། ང་དགུའི་རྗེས་ནས་བཟུང་བོད་བརྒྱ་ཆ་བརྒྱ་རྒྱ་འོག་ཏུ་ཚུད་ཡོད་པ་མ་ཟད། བོད་རྒྱ་གཉིས་ལ་ཆབ་སྲིད་དང་དཔལ་འབྱོར་དམག་དོན་གང་ཅིའི་ཐད་ནས་ལྡབ་ཁྲི་སྟོང་མང་པོའི་ཁྱད་པར་ཤོར་ཡོད། ད་ཆར་འཛམ་གླིང་ཐོག་རྒྱ་ནག་ཤུགས་རྐྱེན་ཆེ་ཤོས་གྲས་ཆགས་ཡོད། གནས་སྟངས་འདི་གཞི་ལ་བཞག་པའི་ཐོག་ནས་རང་བཙན་བློས་བཏང་སྟེ་རང་སྲིད་རང་སྐྱོང་བདམས་པ་རེད། རྒྱལ་ཁབ་དང་མི་རིགས་སུ་འདྲ་ཞིག་གི་བར་ལ་རྩོད་གཞི་ཞིག་བྱུང་ཡང་། ཕྱོགས་གཉིས་ཀའི་གནས་སྟངས་འདྲ་མཉམ་ཡིན་ན། ཁེ་ཕན་དེ་ཡང་འདྲ་མཉམ་གྱིས་ཐོབ་དགོས་པ་ཞིག་ཆགས་ཡོད། ཕྱོགས་གཉིས་ཀྱི་སྟོབས་ཤུགས་ལ་བར་ཁྱད་ཆེན་པོ་ཡོད་ན། གནས་སྟངས་ལ་འབབ་པའི་འཐབ་རྩོད་ཅིག་བྱ་དགོས་པ་རེད། དེ་ནི་དབྱིན་སྐད་ནང་། Ground Reality ཟེར་བ་དེ་རེད། དངོས་ཡོད་གནས་སྟངས་ཟུར་དུ་བཞག་ཅིང་རྒྱལ་རབས་ལོ་རྒྱུས་བགྲང་སྟེ། ལུས་ལ་མི་འཚམ་པའི་ཁ་ཆེན་པོ་གདང་ན། རེ་བ་ཆུང་ངུ་དེ་ཡང་བརླག་འགྲོ་བའི་ཉེན་ཁ་ཞིག་ཡོད། འདི་ལ་ “ལ་ཉག་མཛོ་གཟེངས” ཟེར་བའི་གཏམ་དཔེ་ཞིག་ཡོད། བོད་རྒྱའི་དཀའ་རྙོག་དེ་སྐད་ཆ་བཤད་དེ་སེལ་དགོས་པ་ཞིག་ཡིན་ན། རང་སྲིད་རང་སྐྱོང་ལ་སྐད་ཆ་བཤད་ས་ཞིག་རག་བསྡད་ཡོད། རང་བཙན་ལ་སྐད་ཆ་བཤད་ས་ཙམ་ཡང་རག་གིན་ཡོད་པ་མ་རེད།

 

དྲི་བ། དུས་རྒྱུན་རང་སྲིད་རང་སྐྱོང་གི་ཆེད་དུ་འདས་པའི་ལོ་རྒྱུས་མི་གླེང་། རྒྱལ་རབས་ལོ་རྒྱུས་ཟུར་དུ་ཞོག་ཟེར་ནས་བཤད་རྐྱང་བྱས་ན། བོད་པའི་བདེན་དོན་འཐབ་རྩོད་ཟེར་བ་དེ་ཡང་འདས་པའི་ལོ་རྒྱུས་ལ་ལྟོས་ས་ལྟོས་འཇོག་གིས་བཤད་ཀྱིན་ཡོད་སྟབས། གནས་ལུགས་དང་རྒྱུ་མཚན་གཞན་དག་མང་པོ་ཞིག་ཀྱང་རང་བཞིན་གྱིས་བགྲང་ས་མེད་པ་ཆགས་གི་མ་རེད་དམ།

ལན། ངས་རྒྱལ་སྤྱིའི་ཁྲིམས་ཀྱི་འགྲོ་སྟངས་ཤེས་ཀྱི་མེད་མོད། འཛམ་གླིང་གི་ལུང་པ་གང་འདྲ་ཞིག་ལ་བལྟས་ཀྱང་། གྲོས་མོལ་ཞིག་གི་ཐོག་ལ་བབས་ཡོང་དུས་སྐབས་ཐོག་དེའི་གནས་སྟངས་གཞི་ལ་བཞག་སྟེ་བཤད་ཀྱིན་ཡོད། ཕྱོགས་གཉིས་ཀའི་འདས་པའི་ལོ་རྒྱུས་མང་པོ་ཞིག་བགྲང་རེས་བྱས་ཏེ་སེམས་ཀྱི་ཚོར་བའི་རྗེས་སུ་རྒྱུག་ན། མིག་མདུན་གྱི་རྙོག་དྲ་ཐག་གཅོད་ཐུབ་པ་ཁག་པོ་རེད། ༧གོང་ས་མཆོག་གིས་འདས་པའི་ལོ་རྒྱུས་བདེན་པ་ཡིན་མིན་དང་། དེ་ཁས་ལེན་མི་ལེན་གྱི་སྐད་ཆ་ཡོད་པ་མ་རེད། སྔོན་མ་བོད་རང་བཙན་ཡིན་པ་དང་རྗེས་སུ་རྒྱ་ནག་གིས་དམག་བརྒྱབ་སྟེ་བོད་ཡོངས་རྫོགས་རྒྱ་འོག་ཏུ་ཤོར་བའི་ལོ་རྒྱུས་དེ་ཟུར་དུ་ཞོག་ལ། ད་ལྟའི་གནས་སྟངས་དང་འབྱུང་འགྱུར་ལ་ཁ་ཕྱོགས་ཏེ་ལེའུ་གསར་པ་ཞིག་ཁ་འབྱེད་གསུང་གིན་ཡོད། དེ་ནི་བོད་མི་ས་ཡ་དྲུག་གི་ཁེ་ཕན་དང་། བོད་པའི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཀྱི་ཆེད་དུ་གདམ་གསེས་བྱས་པ་ཞིག་རེད། ང་ཚོར་སྒུག་ལོང་ཡོད་པ་མ་རེད། ཉེན་ཁ་ཞིག་མིག་མདུན་ལ་སླེབས་ཡོད། མན་ཇུ་རྩ་མེད་དུ་ཕྱིན་ཡོད། སོག་པོ་ཡང་རེ་བ་མེད་པ་ཆགས་ཡོད། ཡུ་གུར་ཀྱང་ཛ་དྲག་ངང་གནས་ཡོད། ང་ཚོས་ལོ་རྒྱུས་ཀྱི་ཉམས་མྱོང་བླངས་ཏེ་གོམ་པ་སྤོ་དགོས། ད་ལྟ་བོད་པའི་གནས་སྟངས་ཉིན་རེ་ནས་ཉིན་རེར་ཛ་དྲག་ཆགས་ཀྱི་ཡོད། ཕྱི་ལོ་ ༡༩༤༥ ལོར་ཨ་རིས་ཉི་ཧོང་ལ་འབམ་ཆུང་ཆུང་གཉིས་གཡུགས་པ་དེ་འཛམ་གླིང་ལ་སྐད་གྲགས་ཆོད་པ་རེད། རྒྱ་ནག་གིས་བོད་ནང་ལ་མི་སེར་སྤེལ་བའི་འབམ་གཡུག་གིན་ཡོད་པ་རེད། མི་སེར་སྤེལ་བའི་འབམ་དེ་ཨ་རིའི་ཉི་ཧོང་ལ་གཡུག་པའི་འབམ་ལས་ལྡབ་འགྱུར་གྱིས་ཤུགས་ཆེ་བ་དང་གཏིང་གནག་པ་ཡོད། རྒྱ་གཞུང་གིས་སྤྱིར་བཏང་གི་འབམ་ཞིག་ལྷ་གསར་གཡུག་ཀྱང་། མདོ་སྟོད་སྨད་གཉིས་ལྷག་འགྲོ་གི་རེད། འཛམ་གླིང་ལ་སྐད་གྲགས་ཆགས་གི་རེད། མི་སེར་སྤེལ་བའི་འབམ་དེས་ཁུ་སིམ་སིམ་དང་འཇམ་ཐིང་ཐིང་གིས་བོད་ཀྱི་ཆོས་དང་རིག་གཞུང་། མི་རིགས་དང་བཅས་པ་རྩ་མེད་བཟོ་བཞིན་ཡོད། ང་ཚོས་ཉེན་ཁ་འདི་ངོས་ཟིན་དགོས་པ་གལ་ཆེན་པོ་རེད།

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

Mobile App

 མགོན་པོ་སྐྱིད་ལགས་ཀྱིས་སླར་ཡང་རང་སྲོག་བློས་གཏོང་གིས་ལས་འགུལ་སྤེལ།

ཆུ་ཚོད་ ༤ སྔོན་ལ།
ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཡེ་ཤུའི་ལྷ་ཁང་གྲགས་ཅན་ MONTSERRAT ནས་གདན་ཞུས་གནང་ལྟར་ཆོས་ཁང་དུ་ཕེབས་ཏེ་ཆོས་ལུགས་འཆམ་མཐུན་དང་འཛམ་གླིང་ཞི་བདེའི་སྐོར་ལ་བཀའ་མོལ་ལྷུག་པོ་གནང་། ༢༠༢༥།༡༡།༠༤ པར་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱི་ངོ་དེབ་ནས་བླངས།
Mobile App

ཀུན་བདེ་གླིང་རྟ་ཚག་རྗེ་སྤྲུལ་རིན་པོ་ཆེ་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ནང་མཛད་འཕྲིན་སྐྱོང་བཞིན་པ།  

༢༠༢༥/༡༡/༠༥
༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུ་ཚབ་ཞུས་ཏེ་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་དམངས་གཙོའི་གཟེངས་རྟགས་བཞེས་པ། ༢༠༢༥།༡༡།༤ དྲ་ལམ་གྱི་པར།
Mobile App

འདི་ལོའི་དམངས་གཙོའི་གཟེངས་རྟགས་༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་སོགས་ལ་ཕུལ།

༢༠༢༥/༡༡/༠༥
Aftab Pureval accepts congratulations following his reelection as Mayor of Cincinnati. Photo by Xiaojie Zavon
Mobile App

བོད་རིགས་ཀརྨ་ལགས་སླར་ཡང་ཨ་རིའི་སིན་སིན་ན་ཊི་གྲོང་ཁྱེར་སྤྱི་ཁྱབ་པར་བདམས་ཐོན་བྱུང་།

༢༠༢༥/༡༡/༠༥
Photo Credit: Global Peace Prayer Festival
Mobile App

འབྲུག་གི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དངོས་སུ་དབུ་འཛུགས་གནང་།

༢༠༢༥/༡༡/༠༤
Setti Warren directed the Harvard Institute of Politics out of the Harvard Kennedy School since 2022. By Claire Yuan
Mobile App

སྲིད་སྐྱོང་མཆོག་གིས་ཧྭ་ཝར་ཌིའི་སྐུ་ཞབས་ཝ་རན་ལགས་འདས་གྲོངས་སུ་ཕྱིན་པར་ཐུགས་གསོ་གནང་།

༢༠༢༥/༡༡/༠༤

མཆན། 6

  1. བཟོད་པ་ལྷ་རྩེ། says:
    ལོ་ 15 སྔོན།

    སློབ་དཔོན་བྱམས་པ་བསམ་གཏན་ལགས་གསུང་གནད་དོན་འདི་ལ་ང་ཚོས་རྟག་ཏུ་བསམ་གཞི་གནང་དགོས་པ་མཐོང་།
    《རྒྱ་ནག་གིས་བོད་ནང་ལ་མི་སེར་སྤེལ་བའི་འབམ་གཡུག་གིན་ཡོད་པ་རེད། མི་སེར་སྤེལ་བའི་འབམ་དེ་ཨ་རིའི་ཉི་ཧོང་ལ་གཡུག་པའི་འབམ་ལས་ལྡབ་འགྱུར་གྱིས་ཤུགས་ཆེ་བ་དང་གཏིང་གནག་པ་ཡོད། རྒྱ་གཞུང་གིས་སྤྱིར་བཏང་གི་འབམ་ཞིག་ལྷ་གསར་གཡུག་ཀྱང་། མདོ་སྟོད་སྨད་གཉིས་ལྷག་འགྲོ་གི་རེད། འཛམ་གླིང་ལ་སྐད་གྲགས་ཆགས་གི་རེད། མི་སེར་སྤེལ་བའི་འབམ་དེས་ཁུ་སིམ་སིམ་དང་འཇམ་ཐིང་ཐིང་གིས་བོད་ཀྱི་ཆོས་དང་རིག་གཞུང་། མི་རིགས་དང་བཅས་པ་རྩ་མེད་བཟོ་བཞིན་ཡོད། ང་ཚོས་ཉེན་ཁ་འདི་ངོས་ཟིན་དགོས་པ་གལ་ཆེན་པོ་རེད།

    Reply
  2. སྣེ་མོ་བསྟན་དར། says:
    ལོ་ 15 སྔོན།

    སློབ་དཔོན་བྱམས་པ་བསམ་གཏན་ལགས་སུ་སྐུ་ཁམས་བཟང་བའི་མཚམས་འདྲི་ཞུ།
    ཡིན་ན་ཡང་བློ་འཕམ་པ་ཞིག་ལ་བཙན་བྱོལ་ནང་གཞོན་སྐྱེས་གང་མང་ཞིག་གི་ཉེན་ཁ་དེ་ད་དུང་ངོས་ཟིན་མིན་འདུག

    Reply
  3. ཀུན་དགའ། says:
    ལོ་ 15 སྔོན།

    དངོས་གནས་ང་ཚོའི་འཐབ་རྩོད་འདིའི་མ་འོངས་འཐོབ་འབྲས་ཐད་ལ་དེང་གི་སྤྱི་ཚོགས་ཁ་ཕྱོགས་དང་མཐུན་པའི་དཔྱད་ཞིབ་ཡག་པོ་གནང་འདུག ལྷག་དོན་༼ལུས་ལ་མི་འཚམ་པའི་ཁ་ཆེན་པོ་གདང་ན། རེ་བ་ཆུང་ངུ་དེ་ཡང་བརླག་འགྲོ་བའི་ཉེན་ཁ་ཞིག་ཡོད། ༽ཟེར་བ་འདི་ང་ཚོའི་གནས་་བབ་དང་། རྒྱ་ནག་གི་སྟོབས་ཤུགས་གང་ཐད་ནས་གནས་ལུགས་དང་མཐུན་པར་སྣང་།

    Reply
  4. གནམ་ལྕགས། says:
    ལོ་ 15 སྔོན།

    མི་སེར་སྤེལ་བ་དེ་ཆེས་གནད་འགག་ཅིག་རེད། དཔྱད་གཞི་ཞིག་ཏུ་ཉིས་སྟོང་ལོ་ནས་ཉིས་སྟོང་ཉི་ཤུ་བར་བོད་དང་སོག་པོ། ཞིན་ཅང་གསུམ་གྱི་ནང་མི་སེར་སྤེལ་རྒྱུའི་འཆར་ཟིན་བཀོད་པ་ལྟར་ད་སྔ་ལེགས་འགྲུབ་བྱུང་བ་དཔེར་ན། སོག་པོའི་ནང་སོག་པོའི་མི་གྲངས་ལས་བསྡུར་ཏེ་བརྒྱ་ཆའི་བརྒྱད་ཅུ་སྟེ། དགྱ་མི་ས་ཡ་བརྒྱད་ལྷག་ཅིག་སྤེལ་ཟིན་པ་དང་ཉིས་སྟོང་ཉི་ཤུར་བརྒྱ་ཆའི་བརྒྱ་ཟིན་ནས་ས་ཡ་ཉིས་བཅུ་ཟིན་ངེས་པ་དང་། ཞིན་ཅང་ནང་བརྒྱ་ཆའི་དྲུག་ཅུ་སྟེ་ད་ལྟ་མི་སེར་སྤེལ་བའི་ཚད་གཞི་དགྱ་མི་ས་ཡ་དྲུག་ལྷག་སྤོས་ཟིན་པ། ཉིས་སྟོང་ཉི་ཤུར་བརྒྱའི་བརྒྱ་ཟིན་ནས་ས་ཡ་བརྒྱད་ཟིན་ངེས། བོད་དུ་ད་སྔ་བརྒྱ་ཆའི་བཞི་ཅུ་སྟེ། དགྱ་མི་ས་ཡ་བཞི་ལྷག་སྟེ། ཉིས་སྟོང་ཉི་ཤུར་བརྒྱ་ཆའི་བརྒྱ་ཟིན་ཏེ་དགྱ་མི་ས་ཡ་དྲུག་ལ་སླེབས་ངེས་ཡིན། དེ་ལྟར་ན་ཉིས་སྟོང་སུམ་ཅུར་སླེབས་དུས་དགྱ་མི་ས་ཡ་བརྒྱད་དུ་སླེབས་ནས་བོད་ཀྱི་མི་གྲངས་ལས་རྦད་དེ་བརྒལ་བར་ཚོད་དཔག་བྱས་ཡོད།

    དྲ་གྲོགས་རྣམ་པ་ལགས། ད་མགྱོགས་པོར་བོད་ལ་རང་དབང་དང་རང་བཙན། ཐ་ན་རང་སྐྱོང་ཙམ་མ་ཐོབ་ཚེ། དུས་རབས་ཕྱེད་ཀའི་ནང་བོད་མི་རིགས་འདི་རྩ་སྟོངས་སུ་འགྲོ་བར་ཧ་ཅང་ཉེན། ད་ལྟའི་དུས་སྐབས་ལའང་། ལྷ་ས་གྲོང་ཁྱེར་གཅིག་བུའི་ནང་དུ་དགྱ་མི་ས་ཡ་གཉིས་ལས་བརྒལ་ཡོད་པར་བརྗོད་ལ། དེ་བཞིན་དུ་བོད་ཡུལ་གྱི་གྲོང་ཁྱེར་ཁག་ཏུ་དགྱ་མི་ཁོ་ནས་ཁེངས་ཡོད།

    ངས་གོང་དུ་བརྗོད་པའི་དགྱ་མིའི་མི་གྲངས་ཀྱི་ཚད་དེར་སླེབས་ཚར་དུས། བོད་ལ་རང་སྲིད་རང་སྐྱོང་ལྟ་བུ་ཞིག་ཐོབ་པའི་མིང་དེ་བཏགས་ཀྱང་། དེ་དུས་མང་གཙོའི་ལམ་ལུགས་ཡིན་པར་ཆ་བཞག་ནས་བཤད་ན་རང་རེའི་རྒྱལ་བོའམ་དཔོན་པོ་དེ་དགྱ་མི་ཞིག་ལས་བོད་པ་ཞིག་འོས་ཤོག་གི་སྒང་ནས་སླེབས་སྟངས་མེད། དེ་དུས་ཐོབ་དང་མ་ཐོབ་གཅིག་པ་ཆགས་པ་མ་རེད་དམ།

    ད་མགྱོགས་ལམ་ཞིག་བརྒྱུད་དགོས་པ་མངོན་གསལ་དོད་པོ་རེད།

    Reply
  5. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    ་་་་ལོ་རྒྱུས་ཐོག་ནས་ཀྱང་སྨད་ཨ་མདོའི་མཐའ་མཚམས་ནས་སྟོད་མངའ་རིའི་ལ་དྭགས་བར་མེས་པོ་ལྡོང་དྲུག་ནས་ཆད་པ་གཅིག་མཚུངས་ཀྱིས་ཁས་ལེན་བྱེད་ཀྱིན་ཡོད། ་་་་། དང་།
    ་་་་མི་སེར་སྤེལ་བའི་འབམ་དེས་ཁུ་སིམ་སིམ་དང་འཇམ་ཐིང་ཐིང་གིས་་་་་་། ཞེས་སོགས་གསལ།

    Reply
  6. མི་ཆུང་། says:
    ལོ་ 15 སྔོན།

    གནད་ལུགས་འགའ་དྲུངས་གནང་འདུག དེ་དེ་བཞིན་ལགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese