སྤྱིར་བོད་ལ་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་གལ་ཆེ་བའི་སྐོར་ངས་བཤད་པ་དང་བྲིས་པ་གཉིས་ཀ་ཡོད། གཙོ་བོ་ཆོས་བརྒྱུད་སྤྱི་འཐུས་ཡོད་མེད་ཙམ་གྱིས་ང་ཚོའི་ཆོས་སྲིད་ཟུང་འབྲེལ་གྱི་རྣམ་གཞག་འཇིག་པར་འགྱུར་མིན་དང་དགེ་སྐྱོན་གང་ཆེ་ལ་ཞིབ་ཏུ་བསམས་པ་ལས། ངས་བྱུང་དང་འབྱུང་བཞིན་པའི་ཉོག་དྲ་ཙམ་པོ་བ་འདི་དག་གཙོ་བོར་འཛིན་གྱིན་མེད་ལ། འདི་ཆོས་བརྒྱུད་སྤྱི་འཐུས་གཅིག་པུའི་སྐྱོན་ཞིག་ཡིན་པ་དེ་བས་ཀྱང་བསམས་མ་མྱོང།
ཚང་མས་ཤེས་གསལ་ལྟར་མི་རབས་གསར་བ་སྔ་རྗེས་དུ་མ་ཞིག་གིས་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་ལམ་ལུགས་ལ་སྐྱོན་བརྗོད་ཤུགས་ཆེན་བྱས་དང་བྱེད་ཀྱིན་ཡོད། བོད་ལ་བྱུང་བའི་བྱས་ཉེས་ཚང་མ་དེས་མ་འགྲིགས་པར་འདོད་ཡོད། དེ་བས་ང་ཚོས་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་གསར་བ་འདིས་ད་ལྟ་དང་མ་འོངས་པར་བོད་ཀྱི་སྤྱི་ཚོགས་ལ་དགེ་མཚན་གསར་བ་རེ་འདོན་ཐུབ་པའི་བདེན་དཔང་བྱེད་དགོས་ཀྱི་ཡོད། འོན་ཀྱང་དེང་སང་སྤྱིར་གྲྭ་བའི་མཐོང་དམའ་རུ་འགྲོ་བཞིན་ཡོད་ལ་ལྷག་པར་བླ་སྤྲུལ་རིགས་ལའང་དད་པ་ལོག་གིན་ཡོད། ཆོས་ལུགས་མི་སྣའི་གནས་བབ་འདི་འདྲའི་སྐབས་སུ་ཚད་མཐོའི་གྲོས་ཚོགས་ར་བའི་ནང་དུ་ཆོས་བརྒྱུད་སྤྱི་འཐུས་རྣམ་པས་རྒྱ་ཆེ་བའི་དད་ལྡན་མི་དམངས་ལ་ཤུགས་རྐྱེན་བཟང་པོ་ཞིག་འཇོག་རྐྱུ་ཅི་བས་ཀྱང་གལ་ཆེ་བར་མཐོང་གིན་ཡོད་མོད། འདི་ཐུབ་ཀྱིན་མི་མེད་པས་ཆོས་བརྒྱུད་སྤྱི་འཐུས་དེ་ཡོད་པ་ལས་མེད་ན་བཟང་བའི་སྣང་ཚུལ་འདི་རིགས་བྱུང་དང་འབྱུང་བཞིན་པ་ཞིག་རེད། དེ་བས་ང་ཚོ་མུ་མཐུད་ལམ་ལུགས་འདིའི་ཐོག་སོང་ན་བོད་ཀྱི་ནང་ཆོས་དང་དེ་འཛིན་གནང་མཁན་གྱི་སྐྱེས་བུ་དམ་པས་གཙོས་དགོན་སྡེ་ཁག་ལ་ཡི་རང་དད་མོས་ཡོང་བ་ཞིག་ཏུ་བསྒྱུར་ཐུབ་རྒྱུ་རེད་དམ། ཡང་ན་ཇེ་སྡུག་ཏུ་འགྱུར་རྒྱུ་རེད། གལ་ཏེ་མི་རབས་གསར་བའི་ཆོས་ལུགས་ཀྱི་དད་འདུན་བརླགས་ན་དེའི་མཇུག་འབྲས་ཇི་ལྟ་བུ་ཞིག་ཏུ་འགྱུར་རྒྱུར་ངེས་པར་ཐུགས་བསམ་བཞེས་དགོས། ངས་ནི་ཧ་ཅང་གི་ཚབས་ཆེན་པོ་ཞིག་མཐོང་གིན་འདུག སྤྱིར་བཏང་གི་བླ་སྤྲུལ་ཞིག་དང་གྲྭ་བ་འགའ་རེའི་ཚུལ་མིན་སྤྱོད་པས་ཀྱང་གཞོན་སྐྱེས་ཚོར་ཤུགས་རྐྱེན་ཅི་ཙམ་འཇོག་གིན་འདུག ཆོས་བརྒྱུད་སྤྱི་འཐུས་རྣམ་པ་ནི་བོད་ཀྱི་དགོན་སྡེ་ཡོངས་ཀྱི་ཚབ་མཚོན་གྱི་མི་སྣ་ཞིག་ཆགས་ཀྱིན་ཡོད་པས་ཁོང་ཚོའི་གནང་སྟངས་ཀྱིས་ཤུགས་རྐྱེན་བཟང་ངན་གཞན་ལས་ལྷག་པ་འཇོག་གིན་ཡོད།
གནད་དོན་འདི་འདྲ་ཞིག་ལ་ཐུག་ཡོད་པས་འདིའི་ཐད་ལ་གཡུང་དྲུང་བོན་བཅས་པའི་ཆོས་བརྒྱུད་ཁག་གི་དབུ་ཁྲིད་རྣམ་པས་གཙོས་དགེ་འདུན་པའི་སྡེས་ཐུགས་བསམ་ལེགས་པོ་ཞིག་བཞེས་དགོས་པ་མ་ཟད། ཆེད་དུ་དམིགས་བསལ་ཚོགས་འདུ་བསྐོང་ནས་ཆོས་ལུགས་འཛིན་སྐྱོང་ཐོག་ལ་ཅི་དགེའི་བཀའ་མོལ་གནང་འོས་པར་མཐོང། ངས་འདི་ལྟར་བསམ་བློ་གཏོང་ཁུལ་བྱེད་ཀྱིན་ཡོད།
ངས་ཇོ་ནང་བར་སྤྱི་འཐུས་དགོས་ཚུལ་ཅང་བཤད་མ་མྱོང། ཡིན་ན་ཡང་ཇོ་ནང་བའི་མཁན་པོ་སོགས་ཀྱིས་ལོ་ནས་ལོ་མཐུད་དེ་གྲོས་ཚོགས་ར་བའི་སྒོར་ཕེབས་ནས་ཡིག་ངག་གཉིས་ཐོག་ནས་རེ་བསྐུལ་ཞུས་ཀྱིན་ཡོད་པས་ང་ཚོས་དོ་སྣང་མ་བྱས་ས་མི་འགྲོ་ལ། ཁོང་ཚོས་རྩོད་བཞིན་པ་དེ་འོས་དང་མི་འོས་ཀྱི་ཐག་གཅོད་ཅིག་ཀྱང་གནང་དགོས་པ་རེད་དེ། དེ་དོན་ས་སྐྱ་བའི་ནང་གི་ཉོག་དྲ་ཞིག་ཡིན་ཚུལ་དང། ཆོས་དོན་ལྷན་ཁང་དང་ཆོས་བརྒྱུད་ཁག་གི་ཚོགས་ཆེན་བཅས་ཀྱིས་ཐག་གཅོད་དགོས་པ་ཞིག་ལ་བརྩིས་ནས་ང་ཚོའི་གྲོས་ཚོགས་ལ་འགན་མེད་པ་འདྲ་བོ་ཞིག་ཆགས་བསྡད་ཡོད་པ་དོན་དངོས་རེད། འདི་ཐད་ལ་ཆོས་བརྒྱུད་སྤྱི་འཐུས་ཚོས་དམིགས་བསལ་འགན་ཞིག་བཞེས་ནས་གནང་རྒྱུ་ཅང་མེད་པའམ་མི་ཤེས་པ་ཞིག་རེད། ཡང་ན་ཆོས་ལུགས་ཐད་ཀྱི་གནད་དོན་འདི་རིགས་ཐད་ལ་ཆོས་བརྒྱུད་སྤྱི་འཐུས་རྣམ་པར་དམིགས་བསལ་ཐག་གཅོད་ཀྱི་སྐུ་དབང་ཞིག་ཁྲིམས་ཐོག་ནས་བཟོ་དགོས་ཀྱི་འདུག དེའི་མཚུངས་ཆོས་བརྒྱུད་སྤྱི་འཐུས་འདེམས་ཕྱོགས་ལ་བསམ་འཆར་ཡོང་གིན་ཡོད། འོས་འཕེན་གྱི་ཐོབ་ཐང་གཉིས་ཡོད་པ་དེ་རེད། གང་ལྟར་ལེགས་བཅོས་ཤིག་བྱེད་དགོས་པ་ཆགས་ཡོད་པས་ཇི་ལྟར་བྱེད་མིན་དེ་ང་ཚོས་བསམ་བློ་གཏོང་དགོས་ངེས་རེད། དེ་སྔོན་ནས་གྲོས་ཚོགས་ནང་ལ་གྲོས་འཆར་ཞིག་འདོན་རྩིས་བྱས་མོད། གཅིག་ནས་དུས་ལ་མ་རན་པ་ཞིག་དང་གཉིས་ནས་གནད་དོན་འདི་མི་དམངས་ཀྱིས་གླེང་འོས་པ་ཞིག་ཏུ་མཐོང་ནས་ད་བར་ངག་ནས་བཤད་པ་ལས་ལག་ནས་བྲིས་མེད། དེ་གཅིག་ཡིན།
གཉིས་ནས། ཆོལ་ཁའི་སྤྱི་འཐུས་མང་ཉུང་སྐོར་རེད། འདིའི་དགོས་པ་གཙོ་བོ་དེ་སྔོན་ཁ་ཐོར་ཡ་ཐོར་གྱི་བོད་རིགས་ཡོངས་སུ་རྫོགས་པ་ཁྱིམ་གཅིག་གི་མི་ཡིན་པ་དང་ཕྱིར་ཁྱིམ་གཅིག་ལ་འདུ་བའི་ཆེད་ཡིན་པས་བཙན་བྱོལ་བའི་ཆོལ་ཁོངས་ཀྱི་མི་གྲངས་མང་ཉུང་ལ་མ་བལྟས་པ་རེད། འོན་ཀྱང་འདིའི་ཐོག་ནས་ཀྱང་བསམ་ཚུལ་མང་པོ་ཞིག་བྱུང་དང་འབྱུང་བཞིན་པ་རེད། དེ་རིང་འདི་ཡང་ཞོར་དུ་གླེང་དགོས་བྱུང་སོང།
གཅིག་ནས་བོད་པ་ཚང་གི་ཁྱིམ་ཚང་ཆེན་པོ་མཚོན་ཕྱིར་ཆོལ་གསུམ་སྤྱི་འཐུས་ངེས་པར་མཁོ། གཉིས་ནས་བཙན་བྱོལ་བོད་མིའི་ཆོལ་ཁོངས་མི་འབོར་གི་མང་ཉུང་ཐོག་ནས་འཐུས་མིའི་མང་ཉུང་བཏོད་ཆོག འདི་ལ་ང་མོས་མཐུན་ཡོད། དེང་སང་གི་དབུས་གཙང་ཆོལ་ཁོངས་ལ་ས་ཁུལ་མང་ཐོག་མི་གྲངས་ཀྱང་མང། དེ་བས་སྤྱི་འཐུས་ཀྱང་མང་ཤོས་ཡིན་དགོས།་ དེ་ནས་མདོ་སྟོད། ཉུང་ཤོས་་མདོ་སྨད་ལོས་ཡིན། དེ་དག་གི་ཐོག་ལ་རྒྱལ་ཁོངས་གཞན་གྱི་བོད་མིའི་སྐུ་ཚབ་འཐུས་མི་གང་འཚམ་དགོས། དེ་དག་གི་ནང་ལ་སྐྱ་སེར་ཕོ་མོ་སུ་ཡང་ཡོང་ཆོག དེ་རིང་ནས་ངས་བོད་ཀྱི་དུས་བབ་དྲ་ཐོག་ལ་དེབ་སྐྱེལ་བྱས་ཡོད་པས་ང་ཚོས་ཁ་བརྡ་ཡང་ཡང་བྱེད་ཆོག བདེ་མོ།༢༠༡༠།༧།༣
དྲྭ་ཉུལ་བྱེད་ས་ཞིག་ནས་གྲོགས་པོ་རིག་པའི་རལ་གྲི་ཟེར་བའི་བོད་དུང་བ་ཞིག་གིས་ཆོས་ལུགས་སྤྱི་མཐུས་དགོས་མིན་ནི་༸གོང་ས་མཆོག་གི་དགོངས་བཞེད་དང་བསྟུན་ནས་ཁྲིམས་བཟོ་ལྷན་ཁང་གིས་གྲོས་མོལ་བྱེད་དགོས་སྐོར་བཤད་འདུག་
གལ་སྲིད་ཡིན་གཅིག་མིན་གཅིག་༸གོང་ས་མཆོག་གི་དགོངས་བཞེད་དང་བསྟུན་དགོས་ན་ཁྲིམས་བཟོ་ལྷན་ཁང་གིས་བཀའ་བགྲོས་དགོས་དོན་མེད་ལ། ཁྲིམས་བཟོ་ལྷན་ཁང་གིས་ཁྲིམས་མཐུན་གྱི་གྲོས་ཐག་ཆོད་ན་༸གོང་ས་མཆོག་ལ་བསྟུན་དགོས་ངེས་མེད།
ད་ཡིན་ན། སྲང་ལ་འདེགས་ཀྱང་ལྩི་ཡང་ཞིག ད་ལྟའི་ཁྲིམས་བཟོ་ལྷན་ཁང་དུ་ཡོད་པའི་ཆོལ་ཁ་དང་ཆོས་ལུགས་ཀྱི་སྤྱི་འཐུས་རྣམ་པར་མཐོང་གི་མི་འདུག རང་རེ་བོད་ཅེས་པ་གཅིག་ལས། ཆོལ་ཁ་དང་ཆོས་བརྒྱུད་ཐ་དད་ཟེར་བ་ཞིག་མེད་ན། ཁེ་ཕན་ཆུང་ཚག་གིས་ཕུག་ཚང་ནས། སྤྱི་སེམས་ཁར་ཁྱེར་བའི་བྱེ་གཏེ་རྣམས་ཕེབས་སའི་འཁོར་ཡུག་མེད་ལ། བོད་དོན་ལས་ཀྱང་ལུང་ཚན་གྱི་ལ་རྒྱ་ཆེ་བ་འདི་ཡང་ཡོང་ས་མེད།
མདོར་དོན། ཆོས་ལུགས་ཀྱི་སྤྱི་འཐུས་དགོས་མིན་དེ། དྲྭ་ཐོག་ཏུ་བསམ་ཆར་གཏོན་མིན་གྱིས་བསྒྱུར་བཅོས་ཐུབ་པ་ཞིག་མིན་པར། གཙོ་བོ་༧གོང་ས་སྐྱབས་མགོན་ཆེན་པོའི་དགོངས་བཞེད་དང་བསྟུན་ནས་ཁྲིམས་བཟོ་ལྷན་ཁང་ནང་ལོག་ཏུ་བཀའ་བགྲོས་བྱ་རྒྱུའི་གྲོས་གཞི་ཞིག་ཆགས་འདུག
སྤྲོ་ཚིགས་དགེ་འདུན་ལགས། ཁྲིམས་ལུགས་ཚང་མ་སྤྱི་ཚོགས་ཀྱི་དགོས་མཁོ་ལྟར་བཟོས་པ་ཞིག་ཡིན་པས་དགོས་མཁོ་ལྟར་བཟོ་བཅོས་དང། སྣོན་འཕྲི་གང་ཡང་བྱ་ཆོག་པ་ཞིག་རེད། ད་ཡོང་བ་ལ་མི་མང་ནང་གི་བསམ་ཚུལ་གཙོ་གྲས་དག་འདི་ལྟར་གླེང་ནས་མཐོ་དམན་ཚང་མའི་བསམ་ཚུལ་ཕྱོགས་སྡོམ་བྱེད་འོས་པ་ཞིག་རེད། གཞན་ངས་ལན་ཅང་འདེབས་དགོས་པ་མཐོང་མ་སོང། བས་བལྟས་ན་ཁྱེད་ཀྱིས་ངའི་ནང་གི་ཀུན་སློང་ཕར་ཞོག་ཕྱིའི་ལས་ཀ་གང་ཡིན་ཙམ་ཡང་མཐོང་གིན་མི་འདུག
ཀརྨ་རྡོ་རྗེ་ལགས། སྟོན་པ་ཐམས་ཅད་མཁྱེན་པས། བསྟན་པ་ནང་ནས་མ་འཇིག་ན་ཕྱི་ནས་བཤིག་མི་ཐུབ་ཚུལ་གསུངས་ཡོད། རྒྱ་མི་དམར་པོས་བཤིག་མ་ཐུབ་པ་ཞིག་ལ་ང་ཚོའི་ལམ་ལུགས་ལེགས་བཅོས་བྱེད་པ་རིགས་ལ་རྣམ་རྟོག་ཟ་མི་འོས་སོ།
བློ་བཟང་དཔལ་ལྡན་ལགས། ངས་ “བོད་པ་ཚང་གི་ཁྱིམ་ཚང་ཆེན་པོ་མཚོན་ཕྱིར་ཆོལ་གསུམ་སྤྱི་འཐུས་ངེས་པར་མཁོ”ཞེས་བཤད་པ་འདི་གཞིས་ལུས་བོད་མི་བསམས་པ་ལས་བཙན་བྱོལ་བོད་མི་བསམ་པ་མིན་ལགས། ཆོལ་ཁ་གསུམ་པོའི་འཐུས་མིར་མང་ཉུང་ཤོར་བ་ཙམ་གྱིས་འདྲ་མཉམ་མིན་པ་ཞིག་ཏུ་མི་འགྱུར་ལ་དེ་བས་ཀྱང་ཆོལ་གསུམ་ཁྱིམ་གཅིག་ལ་བསྡུས་པ་མཚོན་མི་ཐུབ་པ་ཞིག་ཅི་ལ་ཡིན། གནད་དོན་འདི་ངའི་གླེང་གཞི་གཙོ་བོ་མིན་ཡང་མཆན་འདོགས་མཁན་ཁྱོད་ཚོས་བཙུར་ཡོང་བས་ཞོར་དུ་བསམ་ཚུལ་ཙམ་རེ་ཐལ་བའོ།
བོན་རྒྱ་བསྟན་འཛིན་རབ་རྒྱས་ལགས། དྲ་ཐོག་གི་ཉམས་མྱོང་བཤད་པ་བཀའ་དྲིན་ཆེ། གནད་འགག་ཚབས་ཆེན་བཤད་ཡོང་གིན་ཡོད་པ་ཚོ་དང་དོགས་གནས་འགའ་རེར་ལན་རེ་མ་བཏབ་ཀྱང་འདུག་མི་ཐུབ་པ་འདྲ་བོ་ཞིག་རེད། ཧ་ཧ་ཧ་་་་
ལུང་རིགས་རྒྱལ་ལགས། དྲི་བ་འདི་འདྲ་དྲིས་ན་དོན་སྙིང་ཆེ་གི་ཡ། ང་ཚོའི་སྤྱི་ཚོགས་ལ་ཆོས་ལུགས་ཤིན་ཏུ་མཁོ་ཞིང་དེ་སྔོན་གྱི་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་ལེགས་བཅོས་ཀྱི་ཚུལ་དུ་ཆོས་འཐུས་ཀྱི་ལམ་ལུགས་འདི་གསར་འཛུགས་གནང་བ་ཡིན་པས། སྤྱིར་ཡིན་ན་འདི་བོད་མིའི་མངོན་འདོད་དང་འཚམ་པའི་ལམ་ལུགས་ཤིག་ཀྱང་ཡིན་པར་འདོད་ཀྱི་ཡོད། འོན་ཀྱང་སྤྱི་ཚོགས་ཀྱི་ལག་ལེན་དངོས་ཀྱི་ཆ་ནས་ལམ་ལུགས་འདིས་ང་ཚོའི་ཐོག་མའི་མངོན་འདོད་བཟང་བོ་མངོན་འགྱུར་དཀའ་བར་མཐོང་། དེ་སྔོན་ཡིན་ན་ཆོས་བརྒྱུད་ཁག་སོ་སོའི་བར་ལ་ལྟ་སྤྱོད་སོགས་ཀྱི་ཐད་ནས་རྩོད་པ་རེ་དང་དབང་འཛིན་པ་ལ་ལས་བྱས་ཉེས་ཙམ་རེ་ལས་ད་ལྟ་ནང་བཞིན་གྱི་ཆོས་ལུགས་མི་སྣ་ཆོལ་ཁའི་ཕྱོགས་སུ་ལྷུང་བཞིན་པའི་སྣང་ཚུལ་འདི་མཐོང་དཀོན་པོ་རེད། ལྷག་པར་དུ་ཆོས་འཐུས་གང་རུང་ཞིག་ཆོལ་ཁའི་ཕྱོགས་སུ་ལྷུང་བ་འདིས་ཞོར་དུ་ཆོས་བརྒྱུད་ཅིག་ཀྱང་ཐག་ཞོར་འབྲེང་འདྲུད་བྱེད་ཀྱིན་ཡོད་པས་འདི་ཉེན་ཁ་ཆེ་བར་མཐོང།
ཆོས་འཐུས་རྣམ་པས་ཆོས་ལུགས་དང་འབྲེལ་བའི་གནད་དོན་རིགས་ལ་དམིགས་བསལ་གྱི་འགན་བཞེས་ཐག་གཅོད་དང་འབྲེལ་ཆུང་ས་གྲོས་ཚོགས་ནང་དུ་འཐུས་མི་བྱེ་བྲག་པའི་བར་དང་ཆེ་ས་ཆོལ་ཁའི་ཕྱོགས་ཞེན་ལྟ་བུའི་རྩོད་གླེང་རིགས་ཡོང་དུས་དེ་དག་གི་བར་འདུམ་གཟུ་དཔང་གི་འགན་ཞིག་བཞེས་དགོས་པ་ཞིག་ལོས་ཡིན་སྙམ་གྱི་ཡོད། གལ་ཏེ་མ་འོངས་པའི་ཆོས་འཐུས་རིམ་འབྱུང་རྣམ་པས་འདི་འདྲ་ཞིག་གནང་ཐུབ་ན་དགེ་མཚན་ལོས་ཆེ་མོད། ངས་བལྟས་ཧ་ཅང་དཀའ་ཚོད་དུ་གདའ། རྒྱུ་མཚན་གཙོ་བོ་ཁྱེད་རང་གི་དགོངས་ཚུལ་ལྟར་འོས་འདེམས་མི་དམངས་ཀྱི་ཞན་ཆ་དེ་བསྒྱུར་དཀའ་བས་རེད། ཚང་མས་སོམས་དང། དགོན་སྡེ་ཁག་གིས་ཆོས་འཐུས་ཀྱི་འོས་ཆོས་ལ་ཞི་དུལ་དང་བཟོད་སྲན། དཀྱེལ་ཡངས། མཁས་བཙུན་བཟང་གསུམ་ཅན་གྱི་མིག་དཔེར་གྱུར་བའི་ཆོས་ལུགས་མི་སྣའི་རིགས་བདམས་པ་ཧ་ཅང་ཉུང། ལ་ལ་ཞིག་དེའི་ལྡོག་ཕྱོགས་ལྟ་བུར་གྱུར་བ་ཡང་བདམས་ཡོད་པ་རེད། གནད་དོན་རྩ་བ་འདི་འདྲར་ཐུག་འདུག དེ་ཡང་ཕར་དེད་ན་གང་ལ་ཐུག་ཡོད་མེད་དེ། དགོན་སྡེ་ཁག་གི་ཆོས་ཞུགས་པ་ཡོངས་ཀྱིས་ཐུགས་བསམ་བཞེས་དགོས་པ་ཞིག་རེད། མདོར་ན་མངོན་འདོད་དང་འཚམ་པའི་ལམ་ལུགས་འདི་དོན་ཕན་ལྡན་པའི་ལག་ལེན་ཐུབ་ཀྱིན་མེད་པས་ན་ལམ་ལུགས་འདི་སྤྱི་ཚོགས་ལ་འཕྲོད་ཀྱིན་མེད་པ་རེད་ཅེས་མི་བཤད་ཀ་མེད་རེད།
རྒན་ལྷ་མོ་སྐྱབས་ཀྱིས་ཁྱད་དུ་འཕགས་པའི་དཔྱད་བརྗོད་ཅིག་སྤེལ་བར་ཐུགས་རྗེ་ཆེ། འདི་འདྲའི་གནད་དུ་སྨིན་པའི་ཕྱག་རྩོམ་རེ་རྒྱུན་དུ་གནང་བར་འོས།
ཉིན་མཚན་དྲུག་ལ་བསྟུད་ནས་བགྲོ་གླེང་བྱས་ཀྱང་ད་དུང་གོ་བརྡ་མི་འཕྲོད་པ་འདི་དུས་བབ་དྲ་ཚིགས་ཀྱི་མཆན་ངོས་སུ་ཕེབས་པའི་ཟིན་བྲིས་པ་དག་དང་ལྷག་པར་དུ་རབ་ཏུ་བྱུང་བ་དང་རབ་བྱུང་ཟུར་པ་དག་གི་རང་གཤིས་ཤིག་ཡིན་པ་འདྲ། གསལ་པོའམ་དམར་རྗེན། རྒན་མོ་མཛུབ་ཚིགས་སུ་བསྟན་ན་ཆོས་བརྒྱུད་ཁག་ལ་བོད་མི་དམངས་སྤྱི་འཐུས་སུ་ཞབས་ནས་འདྲེན་བྱེད་ཀྱི་རྐུབ་སྟེབས་དེ་དགོས་དང་མི་དགོས་གླེང་བཞིན་པ་ལས། བོད་ཀྱི་ཆོས་དེས་བོད་ཀྱི་སྤྱི་ཚོགས་ལ་བྱས་པ་ཡོད་མེད་དང་། གལ་ཆེན་ཡིན་མིན། དགོས་དང་མི་དགོས་ཚིག་ཟུར་ཙམ་ཡང་གླེང་གི་མེད་པ་དེ་རེད། རྙོག་གླེང་ཅན་གྱི་གྲ་བ་འགའ་ཤས་སྤྱི་འཐུས་སུ་སླེབས་ན་དེ་ལ་ཆོས་སྲིད་ཟུང་འབྲེལ་ཞེས་འབོད་པ་ཡིན་ནམ། སྟོན་པའི་ན་བཟའ་བཞེས་པའི་གྲ་བཙུན་རྣམས་ནས་འོས་ཤོག་གཉིས་རེ་འཕེན་པ་དེ་ལ་ཡང་དག་པའི་མང་གཙོ་ཞེས་འབོད་དམ། བདག་ནི་འཐོམ་སོང་ངོ་།།
རྒན་ལགས། བོད་ཀྱི་ཆོས་སྲིད་ཟུང་འབྲེལ་ཞེས་པ་འདི་ལ་དེང་སྐབས་བཤད་སྟངས་གཞན་ཞིག་ཡོང་གི་ཡོད་ས་རེད། དཔེར་ན། བོད་པ་ཚོས་ཆོས་སྲིད་ཟུང་འབྲེལ་ལ་གོ་བ་ལེན་སྟངས་དང་ཉམས་ལེན་བྱེད་སྟངས། དེ་བཞིན་དུ་རྒྱལ་སྤྱིའི་སྟེང་ནས་སོ་སོའི་རིག་གཞུང་དང་སྐད་ཡིག་གི་ནང་ནས་གོ་བ་ལེན་སྟངས་ལ་ཧེ་བག་ཅིག་འཆོར་གི་ཡོད་ཚུལ་བཤད་མཁན་འདུག བོད་པ་ཚོའི་ ༼ཆོས་སྲིད་ཟུང་འབྲེལ་༽ ཞེས་པའི་ཐ་སྙད་འདི་ཚིག་དོན་ཇི་བཞིན་དུ་ད་ལྟའི་ཆར་ཡང་འཛམ་གླིང་གི་སྲིད་དོན་ཚན་རིག་གི་བརྡ་ཆད་ནང་དུ་བསླེབ་མི་འདུག་ཟེར།
དེ་ནས་ཆོས་བརྒྱུད་སྤྱི་འཐུས་དེ་ཡང་། ལམ་ལུགས་ལ་མ་འཕྲོད་པ་རེད་དམ། མངོན་འདོད་ལ་མ་འཚམ་པ་རེད། འདི་སྐུ་ཉིད་ཀྱིས་གསལ་བོ་དག་པོ་བཟོ་རྒྱུ་གལ་ཆེན་པོ་ཆགས་འདུག་སྙམ།
ས་ཇོ་གཉིས་ཀྱི་འབྲེལ་བ་རྩ་ཆད་སོང་བ་འདོད་མཁན་གྱི་ཤེས་རབ་འབྱུངས་ནས་ཞེས་པ་ལགས། ཕྲན་ལ་ས་ཇོ་གཉིས་ལ་དམིགས་གསལ་རྒྱུས་མེད་ཀྱང་། ས་སྐྱ་པ་རྣམས་ཇོ་བཟང་གི་རྣམ་ཐར་ཟིན་ནས་བཞུགས་ཀྱིན་འདུག་པས། རྙོག་དྲྭ་མ་སློང་ན་མི་ལེགས་སམ། གུས་པས་ཐད་ནས་བལྟས་ན། ས་ཇོ་ལ་འབྲེལ་བ་རྩ་ཆད་སོང་ཉིན་མོ། ཇོ་ནང་གི་བསྟན་པ་སྟོང་བའི་ཉིན་མོ་རུ་ངོས་འཛིན་ཆོག
ཆོལ་ཁའི་ཆབ་སྲིད་པ་རྣམས་ཆོས་ལུགས་ཀྱི་མིང་ཁྱེར་ནས། ཆོས་ལུགས་བར་ལ་རྙོག་དྲྭ་སློང་མཁན་གྱི་གཏེ་བོ་དེ་ཆགས་འདུག ས་ཇོ་ལ་ལྟ་བ་གཏན་འབེབས་ཀྱི་སྐབས་སུ་མི་འདྲའི་ཁྱད་པར་ཡོད་ཀྱང་། བླ་སློབ་ཀྱི་འབྲེལ་བ་གསེར་གྱི་སླད་ཐག་བཞིན་ཆགས་འདུག་པས་དུས་ནམ་ཡང་འབྲེལ་བ་རྩ་ཆད་ཡོངས་ཐབ་མེད།
གུས་པ་ལྟ་བུར་མཚོན་ན། ཇོ་ནང་ལུགས་ལ་སྤྱི་འཐུས་འོས་བབ་ཡོད་རེད་བསམ་གྱིན་ཡོད། དེ་མ་ཟད་བུ་སྟོན་ལུགས་དང་། བོ་དོང་ལུགས་དང་། ངོ་ལུགས་དང་། ཚར་ལུགས་དང་། གོང་དཀར་ལུགས་བཅས་ལ་ཡང་སྤྱི་འཐུས་ཀྱི་འོས་བབ་སྤྲད་ན་མི་འགྲིགས་པ་གང་ཡང་མེད། དེའི་རྒྱུ་མཚན་ནི། རང་རེ་བོད་པ་ནི། བོད་ལ་ཆོལ་ཁ་གསུམ་དུ་ཕྱེས། དབུས་གཙང་ལ། དབུས་པ། གཙང་པ། སྟོད་པ་བཅས་ཕྱེས། རྡོ་རྗེ་ཐེག་པའི་བསྟན་པ་ལ། ས་དགེ་དཀར་རྙིང་བཞི་ཕྱེས། དེ་དག་རེ་རེ་ལའང་ནང་ཚན་མང་དུ་ཕྱེ་ནས། གཅིག་བསྡུད་སྟོབ་འཕེལ་གྱི་ཚབ་ཏུ། དུ་མ་ནུས་མེད་བཟོ་བའི་ལུགས་ལ་དགའ་མཁན་གྱི་གཤིས་ཀ་བཅོས་སུ་མེད་པས་དེ་དག་གི་འདོད་མོས་དང་བསྟུན་དགོས་རེད་བསམ་གྱི་ཡོད།
སྤྱི་འཐུས་ཆབ་བྲག་ལྷ་མོ་སྐྱབས་ལགས།ཁྱོད་ཀྱི་ད་ལྟའི་བོད་སྤྱིའི་ཁ་ཕྱོགས་ལ་བསམ་བློ་བཏང་མི་འདུག་གང་ཡིན་ཟེར་ན།བོད་མི་རིགས་འདི་འཛམ་གླིང་ཐོག་ས་ཁྱབ་རྡོ་ཁྱབ་དུ་སོང་བ་དེ་ཚོ་ཆོས་རྒྱུད་ཁག་བརྒྱུད་བྱུང་བ་ཞིག་རེད།རྩ་བ་ནང་ཆོས་རིག་པ་འདི་དང་ཆོས་རྒྱུད་ཁག་གི་ཉམས་ལེན་དང་འཛིན་སྐྱོང་ལས་བྱུང་བ་ཞིག་ཡིན་པ་བཤད་མི་དགོས་ཞིག་རེད།ཁྱོད་དང་འགའ་ཞིག་གིས་ཆོས་རྒྱུད་སྤྱི་འཐུས་དགོས་མེད་རེད་ཟེར་བ་དེ་རྒྱུ་མཚན་བསམ་བློ་གཞན་ཞིག་ཡོད་པ་འདྲ།དེ་ཆོས་རྒྱུད་སྤྱི་འཐུས་ཀྱི་བོད་བསྟན་པ་ཆབ་སྲིད་ལ་གནོད་བྱེད་དུ་གང་འདྲ་ཞིག་སོང་བ་རེད།བོད་གཞུང་འདི་རྒྱལ་ཁབ་གཞན་དང་གཏན་ནས་མཚུངས་ཐུབ་མེད།ད་ལྟའི་བོད་མི་ཡོངས་ཀྱི་ཤེས་ཡོན་དང་དཔལ་འབྱོར་ཐོག་ཆོས་རྒྱུད་ཁག་ལ་རྟེན་དགོས།རྩ་བ་ཆོས་རྒྱུད་ཁག་ཟེར་བ་ཞིག་མེད་ན་བོད་ཟེར་བ་ཞིག་མེད་ཟེར་ཆོག་དེ་ཤེས་དགོས་པ་རེད།ཡིན་ཡང་ཆོས་རྒྱུད་སྤྱི་འཐུས་ཡག་པོ་ཞིག་དགོས་ངོས་རེད།དེ་བདེན་པ་རེད།སྔོན་ཀྱི་ཆོས་རྒྱུད་ཁག་གི་སྤྱི་འཐུས་འགའ་ཞིག་འོས་བ་ཞིག་གཏན་ནས་མ་རེད་བསམ་བྱུང་།ཕྱོགས་ཞེན་མེད་པའི་དྲང་བདེན་དང་ལྷག་བསམ་གོང་ས་མཆོག་གི་བཀའ་དགོངས་ལྟར་ཤར་སྤྱོད་བྱེད་མི་ཞིག་ངོས་པར་དགོས།དེ་ལྟར་ཡོང་བའི་རེ་བ་ཡོད།
སངས་རྒྱས་ཀྱི་བསྟན་པ་དགེ་འདུན་ལ་རག་ལས་པ་གསུངས་ཡོད་པས། ཆོས་བརྒྱུད་ཀྱི་སྤྱི་འཐུས་མེད་པ་བཟོ་བ་ནི་བསྟན་པ་བཤིག་པའི་བྱ་ངན་ལ་འགྱུར་མི་སྲིད་པ་མ་རེད།
རྒན་བློ་བཟང་དཔལ་ལྡན་གྱིས་ཁྱེད་ཀྱི་བཤད་པ་དེ་དངོས་གནས་གནས་ལུགས་འདུག་བདག་གི་ཡང་སྤྱི་མཐུས་ལེགས་ལ་དྲི་བ་དེ་ནང་བཞིན་གཏོང་འདོད་ཡོད་ཆོལ་ཁ་སོ་སོའི་སྤྱི་མཐུས་དེ་ཚོ་སུའི་སྐུ་ཚབ་ཡིན་པ་དེ་ལ་ཐུགས་གནང་ཡག་པོ་གནང་དགོས་ས་རེད?
རྒན་ལགས་ནས་བདག་གི་བསམ་ཚུལ་ལ་ལན་གནང་བ་ཐུགས་རྗེ་ཆེ། སྤྱིར་ཉིད་ནི་བོད་མི་མང་གི་སྤྱི་འཐུས་ཞིག་ཡིན་པ་མ་ཟད་བོད་ཀྱི་རིག་གནས་ལ་བྱང་ཆུབ་པའི་མཁས་དབང་ཞིག་ཡིན་པས་སྤྱི་སེམས་དང་མ་འོངས་བོད་ཀྱི་བདེ་སྡུག་དགོང་ནས་བཀའ་མོས་གནང་བ་ཞིག་ཡིན་ཀྱང་། དེང་སྤྱི་ཚོགས་ནང་མཁས་དབང་དང་སྲིད་དོན་པ་ནི་རང་དོན་སྒྲུབ་པར་མགོ་བོ་བདེ་བཞིན་གཡོ་སྒྱུ་ཚ་བ་རྒྱུ་དངོས་པོར་ཆགས་ཆེ་བས་དེའི་ཆེད་ཡོད་ཚད་བློས་གཏོང་ཐུབ་མཁན་ཞིག་ལས་སྤྱི་ཁྱབ་སེམས་ཁུར་མེད་པའི་དུས་ཚོད་འདིར་རྒན་ལགས་ཀྱི་བཀའ་རྩོམ་འདི་སྤྱི་ཚོགས་སྟེང་ཕན་དོགས་དང་བག་ཆགས་ཇི་ཙམ་ཡོང་མིན་ཐུགས་བསམ་བཞེས་ཡོད་དམ། རེ་བ་དང་ཡིད་ཆེས་ཇི་ཙམ་གནང་གི་ཡོད་དམ།
ཉིད་ནས་གླེང་སློང་འདི་ལྟ་བུ་ཞིག་གིས་བཙན་བྱོལ་བོད་མའི་བཅས་ཁྲིམས་ལ་སྒྱུར་བ་གཏོང་ཐུབ་བམ། དེ་མ་ཐུབ་ན་རྩོམ་དེའི་ཉིང་དགོས་མེད་པའི་མ་བང་མ་ལེན་པའི་བསྟན་བཅོས་ཞིག་ཏུ་མི་གྱུར་རམ།
ཧེ་ཧེ་ཧེ་་་་ལྷ་མོ་སྐྱབས་ལགས།
ཁྱེད་ཀྱིས་ཆོལ་ཁའི་སྤྱི་འཐུས་ལ་འགྱུར་བཅོས་གཏོང་དགོས་ཚུལ་གསུངས་འདུག་པ་དང་། དེ་ཡང་ས་གནས་སོ་སོའི་མི་འབོར་ལ་གཞི་བཞག་ནས་སྤྱི་འཐུས་སྐོས་དགོས་པའི་དབང་གཏོང་ཡང་གྲྭ་ཆས་གྱོན་པའི་སྤྱི་འཐུས་སྔར་བཞིན་ཡོང་ངེས་རེད།
1.བཙན་བྱོལ་སྤྱི་ཚོགས་ནང་དུ་གྲྭ་ཆས་གྱོན་མཁན་ག་ཚོད་འདུག་གམ། འདི་ཚོ་བོད་མི་ཡིན་པས་ཁོང་རྣམ་པའི་སྤྱི་འཐུས་ཀྱང་དགོས་ངེས་རེད། ས་གནས་སོ་སོའི་མི་འབོར་ལ་དཔག་པའི་སྤྱི་འཐུས་སྡོམ་པ་ཡིན་ནའང་གཅིག་པ་རེད།
2.གྲྭ་ཆས་གྱོན་མཁན་ཚོས་སྤྱི་འཐུས་གྲོས་ཚོགས་ནང་དུ་སྤྱི་དོན་གླེང་པར་སངས་རྒྱས་བསྟན་པའི་ཞབས་འདྲེན་ཞུ་དོན་གང་མེད། ང་དང་ཁྱེད་ལྟ་བུའི་གྲྭ་ལོག་ཚོས་སངས་རྒྱལ་བསྟན་པའི་ཞབས་འདྲེན་མ་ཞུ་ན་ཁོང་རྣམ་པ་ལ་སེམས་འཁྲུལ་དགོས་དོན་མི་འདུག
3.བོད་རྒྱལ་ཁབ་ཀྱི་ནང་དུ་གྲྭ་བཙུན་གྱི་མི་འབོར་ག་ཚོད་ཡོད་དམ། ག་ཚོད་ཡོད་པ་དེ་ཚོད་ཀྱི་སྤྱི་འཐུས་དགོས་པ་མ་ཡིན་ནམ། ཡིན་ན་སྤྱི་འཐུས་བཞི་ཅུ་ཞེ་གཉིས་ནས་བཅུ་ཙམ་གྲྭ་བཙུན་ཚོའི་ཐོབ་ཐང་ལུས་ཡིན་དགོས།
4.དེ་ལས་བཙུན་མ་ཚོ་ལ་ཡང་སྤྱི་འཐུས་དགོས་ཀྱི་འདུག་ཞེས་གསུངས་མཁན་་ཡང་འདུག་པས་བོད་ཀྱི་རྩ་དོན་ཐོག་ཏུ་བཙུན་མ་མང་པོའི་རང་སྲོག་བློའི་བཏང་བྱས་ཀྱི་ཡོད་པ་མཐོང་ཆོས་སུ་ཡོད། དེ་འདྲ་ཡིན་དུས་བཙུན་མ་ཚོ་ལ་སྤྱི་འཐུས་ཞིག་དགོས་ངེས་རེད།
5.ང་རང་ཚོའི་བོད་མི་རིགས་ཀྱི་ཆེད་དུ་འཐབ་རྩོད་བྱེད་མཁན་རྣམས་ཀྱི་སྤྱི་འཐུས་དགོས་པ་ལས་བོད་མི་རིགས་ཀྱི་སྤྱི་རྒྱུ་ལྐོག་ཟ་བྱེད་མཁན་སྤྱི་འཐུས་དགོས་པ་མི་འདུག་ལགས། མ་ཟད་མི་ཚང་གི་སྤྱི་འཐུས་དེ་ལས་མི་དགོས།
6.བོན་རྒྱལ་དང་ཁྱེད་གཉིས་ལ་ཆོས་རྒྱུད་ཀྱི་སྤྱི་འཐུས་མི་དགོས་པའི་རྒྱུ་མཚན་ཡང་དག་ཅི་ཡང་མི་འདུག་པས་སྒྲུབ་བྱ་གྲུབ་ཀྱི་ཁག་པོ་རེད། དེ་མིན་པའི་ཆོས་རྒྱུད་ཁག་གི་སྤྱི་འཐུས་ཚོའི་བོད་མི་རིགས་ཀྱི་སྤྱི་དངུལ་ལྐོག་ཟ་བྱེད་ཀྱི་འདུག་གམ། བོད་མི་ཉམ་ཆུང་ཚོའི་བདེ་སྡུག་ལ་བསམ་གཞི་བྱས་ཀྱི་མི་འདུག་གམ། འོ་ན་ཅི་ཞིག་ལེན་པ་རེད། རྒྱུ་མཚན་ཡང་དག་འདྲ་ཡོད་ན་བཀོད་རོགས། དེ་འདྲ་མེད་ན་ཁ་ཁ་སྡོད་རོགས།
རང་གི་སེམས་ལ་སྤྱི་སེམས་མེད་བཞིན་དུ།
ཆོས་འཐུས་མི་དགོས་ཟེར་པར་སྒེར་དོན་རེད།
གཞུང་དངུལ་ལྐོག་ཟ་བྱས་མཁན་མ་དགག་པར།
ཆོས་འཐུས་མི་དགོས་ཟེར་པར་ཟ་འདོད་རེད།
ཡིག་རྨོངས་སྤྱི་འཐུས་མི་དགོས་མི་ཟེར་པར།
རིག་སྨྲ་ཆོས་འཐུས་དགག་པར་ལྟས་ངན་རེད།
གསར་འབྱོར་ཐོབ་ཐང་འཕྲོག་མཁན་མ་དགག་པར།
གྲུབ་ཐོབ་ཆོས་འཐུས་དགག་པར་ཐན་རྟགས་རེད།
ཐུགས་རྗེ་གཟིགས་་་་་་ཏོག་ཙམ་མང་དྲག་སོང།
ཆོས་རྒྱུད་ཀྱི་སྤྱི་འཐུས་ཟེར་ནའང་འདྲ་ཆོས་ལུགས་པ་ཟེར་ནའང་འདྲ་མདོ་དོན།
སྤྱི་འཐུས་བེ་རི་འཇིགས་མེད་དབང་རྒྱལ་
སྤྱི་འཐུས་སྨོན་ལམ་མཐར་ཕྱིན།
སྤྱི་འཐུས་གཡང་དྲུང་རྒྱལ་མཚན།
སྤྱི་འཐུས་བསོད་ནམས་བསྟན་འཕེལ།
སྤྱི་འཐུས་ཚུལ་ཁྲིམས་འོད་ཟེར།
སྤྱི་འཐུས་ཨོ་རྒྱན་སྟོབས་རྒྱལ།
སྤྱི་འཐུས་ཡེ་ཤེས་ཕུན་ཚོགས།
ད་དུང་གྲྭ་ཆས་གྱོན་པའི་སྤྱི་འཐུས་རེ་བཟུང་ཡོད་ཀྱང་མིང་ཤེས་མ་སོང་།
མི་བུ་འདི་ནི་རྟོག་གེ་སྨྲ་བ་ཤ་དག་རེད་ལ་རིག་གནས་ལྡན་པ་ཤ་དག་ཀྱང་རེད། མི་བུ་འདི་འདྲ་སྤྱི་འཐུས་ཕེབས་པར་དགའ་བསུ་མི་ཞུ་པ་དགག་བྱ་གནང་བ་འདི་ནི་ཡག་པོ་རྩ་བ་ནས་མ་རེད་ཞུ།
ལྷ་མོ་སྐྱབས་ཁྱེད་ཀྱིས་དམིགས་ཡུལ་དང་དགག་ཡུལ་སྐྱོ་པོ་འདི་འདྲ་རེད། གོང་གི་མིང་འདོན་བྱས་སྤྱི་འཐུས་རྣམས་ལས་ལྷག་པའི་སྤྱི་འཐུས་ཞིག་སུ་ཡོད་དམ།
གང་གི་ཐད་ནས་ཡིན་ནའང་ཤེས་ཡོན་དང་དྲང་བདེན། ལྷག་བསམ་དང་ཀུན་སློང། དཔའ་ངར་དང་བློ་སྟོབས། འདི་ཕྱི་དང་རྦྱུ་འབྲས། མི་བུ་ཁོང་ཚོ་ལས་ལྷག་པའི་སྤྱི་འཐུས་ཞིག་སུ་ཡོད་དམ། བོད་མི་ཉམ་ཆུང་ཚོའི་བདེ་སྡུག་ལ་རྒྱབ་སྐྱོར་བྱེད་མཁན་ཁོང་རྣམ་པ་ལས་རེ་བ་ཆེ་བའི་སྤྱི་འཐུས་སུ་ཡོད་དམ།
རྒན་ལྷ་མོ་སྐྱབས་ལགས་
ངའི་དྲི་བ་གསུམ་ཕལ་ཁུལ་བྱས་ཡོད་མོད་
འོན་ཀྱང་རྒན་ལགས་ནས་དྲི་བ་གཉིས་པར་འགྲེལ་བཤད་ཞིག་ལས་ལན་མི་འདུག་
ཀྱང་འགྲེལ་བཤད་དེ་་དེ་ག་རང་རེད་།སྤྱི་མཐུས་ཚང་མའི་ནང་དུ་སྐྱོན་ཅན་རེ་འགའ་ཡོད་པས་ན་དམིགས་བསལ་གྱི་ཆོས་མཐུས་མགོ་ལ་སྐྱོན་དེ་དག་འགེལ་དགོས་དོན་མེད་ལ་འགེལ་ཐུབ་གིན་ཡང་མ་རེད། གལ་ཏེ་ཉེས་པ་ཚང་མ་ཆོས་འཐུས་སྒང་ལ་ལྷུང་གིན་ཡོད་པས་དབང་དུ་བཏང་ན་ཡང་།དེ་ནོར་བ་རེད་མི་དེའི་སྐྱོན་ཡིན་པ་ལས་་ཆོས་ལུགས་སྤྱི་མཐུས་ཐོག་ཉེས་བ་དེ་ཡོང་ས་མེད། གཞན་རྒན་ལགས་ནས་དེས་སྐྱེནཔས་ཆོས་བརྒྱུད་ཁག་གི་ནང་དུ་ལྟ་སྟངས་ངན་པ་ཡོང་གཞི་ཞིག་ཡིན་ཚུལ་གསུངས་བ་བདེན་པ་རེད་།་འོན་ཀྱང་ལྟ་སྟངས་འདི་འདྲ་ཆོལ་ཁའི་ནང་དུ་ཡང་ཡོང་གིན་རེད་།དེ་དངོས་པོའི་གཤེས་ལུགས་རེད་དམིགས་བསལ་བསྡུག་བསྔལ་བྱེད་དགོས་དོན་མ་མཐོང་། གཞན་རྒན་ལགས་ལ་ཞུ་རྒྱུར་དྲི་བ་གཞན་གཉིས་ལ་ལན་རེ་སྐྱབས་འཇུག་ཞུ་གིན་ཡོད། གསལ་བཤད་ཞུ་རྒྱུར། ངའི་དྲི་བ་ཟབས་མོ་ཡིན་ཟེར་གིན་མེད་ལ་དེ་བས་ཀྱང་རྒན་ལ་རྒོར་གིན་མེད་དེ་་་་་སྒོང་ང་བྲག་ལ་ཞུས་ན་ཁེ་དང་གྱོང་སུ་ལ་ཡོད་པ་ངའི་ལུས་ཤེས་ལགས་།་ངའི་ཤེས་འདོད་པ་ནི་་་་་་་་ཧ་ཧ
སྤྱི་འཐུས་ལྷ་མོ་སྐྱབས་ལགས།
ངས་ཁྱེད་ལ་དོན་མེད་སྐྱོན་ཞིག་ཆ་བཙའ་བཙའ་བྱས་དགོས་དོན་གང་ཡང་མེད། ངས་ཁྱེད་ངོ་མི་ཤེས་ལ་ཁྱེད་ཀྱིས་ང་ངོ་མི་ཤེས། ངེད་གཉིས་བར་རུ་སྒེར་གྱི་འཁོན་འཛིན་གང་ཡང་མེད།
ཡིན་ནའང་ཁྱེད་ཀྱིས་རྩོམ་ཡིག་རེ་བྲིས་དུས་ཚིག་མ་རུང་བ་བེད་སྤྱོད་བྱས་པ་དང་དོན་བོད་མིའི་བཅའ་ཁྲིམས་དང་འགལ་བ་ཀུན་སློང་ཆོལ་ཁའི་ཕྱོགས་འཐེན་ཡིན་པ་འདི་འདྲ་མཐོང་དུས་ང་ཅོ་རི་ཁ་བཙུམ་ནས་བསྡད་ཐུབ་ཀྱི་མི་འདུག་མ་གཏོགས་གཞན་ངས་ཁྱེད་ལ་སྙིང་ནད་ཅི་ཡང་མེད། དེ་གཅིག་རེད།
གཉིས་ནས་ཁྱེད་ཀྱི་བྲིས་པའི་རྩོམ་ཡིག་འདི་དང་ཁྱེད་ཀྱི་བསམ་ཚུལ་རྣམས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་འགལ་ཡོད་མེད་གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་མཁྱེན་དང་མི་མཁྱེན་ཅི་ཡིན་ཡང་ང་ལྟ་བུ་བོད་མི་དཀྱིལ་མ་ཞིག་གིས་ཀྱང་ཤེས་ངེས་རེད།
ག་དུས་ཡིན་ནའང་བཙན་བྱོལ་བོད་གཞུང་གི་བཅའ་ཁྲིམས་ལ་བརྩི་མེད་རྐྱང་རྐྱང་བཏང་ནས་བཅའ་ཁྲིམས་ཀྱི་ལྡོག་ཕྱོགས་ནས་བསམ་ཚུལ་བཤད་དང་རྩོམ་བྲིས་པ་ས་ཡིག་རྒྱག་པ་ལ་སོགས་བྱས་ཀྱི་ཡོད་པ་འདིར་ཡག་པོ་མ་རེད།
ཁྱེད་ཀྱིས་ཆོས་རྒྱུད་ཀྱི་སྤྱི་འཐུས་མི་དགོས་ཟེར་མཁན་རོགས་པ་མང་ཙམ་རག་པ་ཡིན་ན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་དུ་ཆོས་རྒྱུད་ཀྱི་སྤྱི་འཐུས་དགོས་ཞེས་བཀོད་ཡོད་པ་འདིར་བརྩི་མེད་དུ་གཏོང་གི་རེད།
བཙན་བྱོལ་བོད་གཞུང་གི་བཅའ་ཁྲིམས་ལ་བརྩི་སྲུང་བྱེད་སྟངས་གང་འདྲ་རེད་དམ། བཅའ་ཁྲིམས་ནང་དུ་བྱ་བ་གང་ཞིག་བྱེད་དགོས་ཞེས་བཀོད་ཡོད་ན་དེར་མ་བྱས་ན་བཅའ་ཁྲིམས་དང་འགལ་བ་ཨེ་རེད།
ཁྱེད་དངོས་གནས་བཙན་བྱོལ་བོད་གཞུང་དང་བོད་མི་ལ་ཤ་ཚ་བའི་མི་ཞིག་ཡིན་ན་སྐབས་རྗེས་མའི་སྤྱི་འཐུས་ནང་དུ་ཡིག་རྨོངས་མི་ཡོང་བ་དང་སྤྱི་འཐུས་ཡིན་ན་བོད་གཞུང་གི་བཅའ་ཁྲིམས་ཀློག་ཐུབ་པ་ཞིག་དང་བཅའ་ཁྲིམས་ཀྱི་དགོངས་དོན་གོ་ཐུབ་པའི་སྤྱི་འཐུས་དགོས་ཀྱི་འདུག
ཆོས་རྒྱུད་ཀྱི་རྟོག་གེ་སྨྲ་བའི་སྤྱི་འཐུས་ཚོ་ནི་བོད་གཞི་བྱེས་གཉིས་ཀྱི་ཆེད་དུ་དགོས་མཁོ་འདུག་པས་སྐྲ་རིང་མ་ཁྱེད་ཀྱིས་དགག་པ་རྒྱབ་ཙམ་གྱི་མེད་པ་བཏང་ཐུབ་ཀྱི་མ་རེད།
ཐུགས་རྗེ་གཟིགས།
བྱམས་རྒྱལ་ལགས། ང་ཚོས་འདི་ལྟར་དགེ་སྐྱོན་སྐོར་ནན་གྱིས་ཞིབ་ཏུ་གླེང་ན་མ་མཐར་ཡང་ཆོས་འཐུས་རིམ་འབྱུང་གི་སྤུས་ཀ་ལེགས་སུ་འགྲོ་རྒྱུར་ཕན་ངེས། ད་ར་ཆུར་ཁུར་གྱུར་ན་ཆུར་བ་ཞིམ་པོ་ཡང་ཡོང་གི་རེད།
ཆེས་བཀུར་བར་འོས་དགེ་རྒན་ལྷ་མོ་སྐྱབས་ལགས། གསལ་བཤད་རེ་རེ་བཞིན་གནད་ལ་སྨིན་པ་དང་དོན་ལ་རེག་པ་འབའ་ཞིག་གནང་འདུག སྙིང་ནས་ཐུགས་རྗེ་ཆེ།
ཡིན་ནའང་། ཞར་ནས་ཞུ་འདོད་པ་ཞིག་ལ། གནས་ལུགས་ཀྱིས་ལོང་བར་གྱུར་ཅིང་ཕྱོགས་ཞེན་གྱིས་བཟི་བར་གྱུར་བའི་དྲ་འབུ་བླུན་པོ་འདི་དག་ལ་གནས་ལུགས་ཀྱིས་གོ་བརྡ་འཕྲོད་ནི་མ་རེད། དེའི་ཕྱིར་གསལ་བཤད་གནང་བ་ལས་མ་གནང་ན་དགེ་མཚན་དེ་ལ་ཆེ་བ་ཡོད་པ་རེད། དེ་ལྟར་ཡང་ཐུགས་འཇགས་ཞུ།
ངས་བོད་ཀྱི་དུས་བབ་དྲ་ཐོག་ལ་མང་པོར་རིག་པ་བཏོན་ཀྱང་བཀོད་ཀྱིན་མེད་པས་ངས་ཅི་ཞིག་ནོར་ཡོད་པ་གསལ་བཤད་ཞིག་བྱེད་རོགས།
བཀུར་འོས་སྤྱི་འཐུས་ལགས། ཁྱོད་ཀྱིས་བཙན་བྱོལ་གཞུང་གི་སྤྱི་འཐུས་འདི་ཚོ་གཞིས་ལུས་རྒྱ་ཆེ་མང་ཚོགས་ཀྱི་སྐུ་ཚབ་ཞིག་ལ་ངོས་འཛིན་མེད་དམ། ཁྱོད་ཀྱིས་གཅིག་ནས་བོད་པ་ཚང་གི་ཁྱིམ་ཚང་ཆེན་པོ་མཚོན་ཕྱིར་ཆོལ་གསུམ་སྤྱི་འཐུས་ངེས་པར་མཁོ། གཉིས་ནས་བཙན་བྱོལ་བོད་མིའི་ཆོལ་ཁོངས་མི་འབོར་གི་མང་ཉུང་ཐོག་ནས་འཐུས་མིའི་མང་ཉུང་བཏོད་ཆོག འདི་ལ་ང་མོས་མཐུན་ཡོད། དེང་སང་གི་དབུས་གཙང་ཆོལ་ཁོངས་ལ་ས་ཁུལ་མང་ཐོག་མི་གྲངས་ཀྱང་མང། དེ་བས་སྤྱི་འཐུས་ཀྱང་མང་ཤོས་ཡིན་དགོས།་ དེ་ནས་མདོ་སྟོད། ཉུང་ཤོས་་མདོ་སྨད་ལོས་ཡིན། དེ་དག་གི་ཐོག་ལ་རྒྱལ་ཁོངས་གཞན་གྱི་བོད་མིའི་སྐུ་ཚབ་འཐུས་མི་གང་འཚམ་དགོས། ཞེས་གསུངས་པ་འདི་ལ་དོགས་པ་ཞིག་སླེབ་སོང་གང་ཡིན་ཟེར་ན། བཅའ་ཁྲིམས་དང་རྩ་ཁྲིམས་དང་མཐུན་མི་མཐུན་དང་། གཞིས་ལུས་རྒྱ་ཆེ་མང་ཚོགས་གི་སྐུ་ཚབ་མཚོན་དགོས་ན་གཞིས་བཞུག་གི་ཆོལ་གསུམ་གྱི་མི་གྲངས་དང་ས་ཁྱོན་མ་ཤེས་ན་འདི་ལྟར་བཤད་པ་དག་དག་འགིག་གམ། ལྷག་པར་ཁྱོད་ཀྱིས་བཙན་བྱོལ་ཙམ་ཞིག་མ་གཏོག་མི་གླེང་དོན་གང་ཡིན་ནམ། ཁྱོད་བོད་ཀྱིས་དུས་བབ་དྲ་ཐོག་ལ་དེབ་སྐྱེལ་བྱས་ནས་ང་ཚོར་ཁ་བརྡ་ཡང་ཡང་བྱེད་རྒྱུར་དགའ་བསུ་ཡོད་མོད་ཁྱོད་ཀྱི་སྐད་ཆ་འདི་ཅུང་བློ་ཡུལ་ལ་ཤོང་མ་སོང་།
རྒན་ལགས་ཁྱེད་དུས་དེང་སང་ ཡོད་པ་མེད་པར་བཏང་དར་ར་ཕྱུར་ཁུ་ལ་གཏོང་དགོས་བྱུང་ན་ནམ་ལང་ལང་དང་ཉི་མ་ཤར་ཤར་རེད་འདུག་།
ཆོས་བརྒྱུད་སྤྱི་འཐུས་སྤུས་ཁ་བཟང་པོ་གྲོས་ཚོགས་སུ་སླེབས་ཐབས་མི་གནང་བར་ཆོས་བརྒྱུད་སྤྱི་འཐུས་མི་དགོས་ཟེར་ཡ་འདི་མཁས་པའི་གཏམ་ཞིག་ལ་རྩི་ཐབས་བྲལ་སོང་།
བོད་ཀྱི་བསྟན་སྲིད་སྣུམ་ཟད་མར་མེ་ལ།
མཁས་དབང་ཚོ་ཡང་རླུང་དམར་ཇེ་ལྡང་རེད།
གཡས་གཞོགས་གཡོན་འདེགས་སྲི་ཞུར་མི་བརྩོན་པར།
ཕན་མེད་གཏམ་གྱིས་ལ་དཀྲུགས་ལུང་དཀྲུགས་བྱེད།
ཝ་ཉིད་ཝ་ཡི་རིགས་ལ་སྡང་ ཞེས་ས་པན་གྱིས་གསུངས་འདི་ཅི་མི་བདེན་
སྤྲོ་ཚིགས་དགེ་འདུན་ལགས། སྔ་ལོའི་ཚོགས་ཆེན་གྱི་མཇུག་སྡུད་མ་ཐུབ་པ་དེ་ཆོས་འཐུས་འགའ་ཁོ་ནས་བྱས་པ་ཞིག་མིན། འདི་ལྟར་ཉེས་པ་ཚང་མ་ཆོས་འཐུས་སྒང་ལ་ལྷུང་གིན་ཡོད་པས་འགྲིག་གིན་ཡོད་པ་མ་རེད། གནད་དོན་འདི་རིགས་ཆོས་འཐུས་ཡོད་མེད་ཀྱིས་གཙང་མ་བཟོ་ཐུབ་མིན་ཞིག་མ་རེད། འདི་རིགས་ནི་སྤྱིར་ཆོལ་ཁ་སོ་སོའི་མི་དམངས་ཡོངས་དང་ལྷག་པར་དུ་སྤྱི་འཐུས་རྣམས་ཀྱིས་རང་རང་གི་ནོར་འཁྲུལ་དང་ཕྱོགས་ཞེན། སྒེར་འཁོན་སོགས་མ་སྤངས་བར་དུ་གཙང་མ་ཆགས་དཀའ་བའི་གནད་དོན་རིགས་རེད། ངས་ནི་གཙོ་བོ་ཆོས་འཐུས་འདི་ཡོད་པས་ཡོད་གོ་དམིགས་བསལ་བ་ཆོད་རྒྱུ་ཅང་མེད་ཚུལ་དང། ཆོས་འཐུས་རྣམ་པས་དོན་མེད་དུ་ཞྭ་མོ་ནག་པོ་རེ་གོན་པ་འདིས་རང་ཉིད་ཙམ་དུ་མ་ཟད་རང་གི་ཆོས་ལུགས་སམ་ཆོས་བརྒྱུད་ཁག་ལའང་ལྟ་སྟངས་ངན་པ་ཡོང་གཞི་ཞིག་ཡིན་ཚུལ་བཤད་ཀྱིན་ཡོད།
ཀུ་ཤུ་ལགས། ༡༩༦༠ལོའི་ཀུ་ཤུ་རུལ་ཚར་ཡོད་རེད། ད་ལྟ་ད་ལྟའི་ཀུ་ཤུ་དང། མ་འོངས་པར་མ་འོངས་པའི་ཀུ་ཤུ་བཟའ་དགོས་པ་རེད། འདི་ལ་དུས་རབས་ཀྱི་འགྱུར་བ་ཟེར། ངས་གནས་ལུགས་རེ་ཤོད་ཁུལ་བྱེད། རང་གིས་ངའི་ཀུན་སློང་ལ་ཞུ་དག་གྱིས། ངའི་ཀུན་སློང་མཁྱེན་སོང་ན་ངས་ཁྱོད་ལ་ཕྱག་འཚལ་ཆོག
གཡག་ལགས། གཡག་གི་ངུར་སྒྲ་འདྲ་བོ་འདི་མི་གོ་གི མི་ཤེས་སོ།
སྡར་མ་ལགས། ངས་ཆོས་འཐུས་གང་ཞིག་གི་གནད་དོན་གླེང་གིན་མེད། ངས་ཆོས་ལུགས་ཀྱི་ཉེན་ཁའི་སྐོར་དང་འབྲེལ་བའི་གནད་དོན་ཞིག་གླེང་བཞིན་པའི་ཁུལ་ཡིན། ཆོས་འཐུས་དང་ཆོལ་ཁུངས་ལ་བསླེབས་པའི་འཐུས་མི་གཉིས་ཀྱི་ཡོང་ཁུངས་དང་འོས་འགན་ལ་ཁྱད་པར་ཡོད།
འདིར་ཚང་མས་ཤེས་དགོས་པ་ཞིག་ལ། ཆོས་འཐུས་ཡིན་ན་སེར་མོ་བ་ཞིག་ཡིན་མི་དགོས་པ་རེད། འདིས་བོད་མི་ཚང་མ་དོན་གྱིས་ཆོས་ལུགས་སམ་ཆོས་བརྒྱུད་གང་རུང་གི་ཚབ་མཚོན་ཡང་ཆགས་ཀྱིན་ཡོད་པ་བསྟན་ཡོད། རྒྱུ་མཚན་འདིས་ཀྱང་ཆོས་འཐུས་སེར་མོ་བ་ཞིག་ལོགས་སུ་མི་མཁོ་ཟེར་གྱིན་ཡོད།
སྐུ་ཉིད་ཀྱི་ཆོས་རྒྱུད་སྤྱི་འཐུས་ཀྱི་ཉེས་པ་བཤད་སྐབས། ཆོས་རྒྱུད་སྤྱི་འཐུས་ཀྱིས་ཆོས་དང་ཆོས་པར་མཐོང་རླགས་བྱེད་ཅིག་ཏུ་འགྱུར་རྒྱུ་ཡིན་པ་འདྲ་བོ་བཤད་པ་འདིར་བསམ་ན། གྲོས་ཚོགས་ར་བའི་ཆོས་པ་ཞིག་སླེབས་ན་གཅིག་མཚུངས་ཀྱིས་ཆོས་དང་ཆོས་པར་འགན་ཁུར་དགོས་པས་ན། དེ་ཡང་མི་དགོས་ཟེར་རྒྱུ་ཡིན་ནམ། དེ་ལྟར་ཡིན་ན། དེང་གི་ང་ཚོའི་དམངས་གཙོ་ནི་གྲྭ་པ་རེར་འོས་གཉིས་རེ་བླུགས་རྒྱུའི་ཐོབ་ཐང་ཡོད་པའི་ཡ་མཐར་ལྷུང་བ་ཞིག་ཡིན་པ་ལ། ཁྱོད་ཀྱི་དམངས་གཙོ་ནི་གྲྭ་པ་ལ་གདམ་བྱ་འདེབས་བྱེད་ཀྱི་ཐོབ་ཐང་ཙམ་པོ་བ་ཡང་མེད་པའི་དམངས་གཙོ་ཞིག་ཏུ་གྱུར་མི་འགྲོའམ། སྐད་གྲོས་ཚོགས་ར་བའི་ནང་ལ་ཆོས་པ་མི་དགོས་ཟེར་མཁན་ཚོ་ལའང་བཤད་པ་ཡིན།
སྤྱིར་བཤད་ན། ཆོས་བརྒྱུད་སྤྱི་འཐུས་མེད་པའམ་ཡང་ན་ཆོས་བརྒྱུད་རེ་རེ་ནས་གཅིག་རེས་མ་འཐུས་པ་མེད་པར་སྙམ། གལ་སྲིད་ཆོས་བརྒྱུད་སྤྱི་འཐུས་དགོས་པར་ངེས་ན་ཇོ་ནང་པ་ལ་ཡང་སྤྱི་འཐུས་ངེས་པར་དུ་དགོས་པ་འདྲ། ཇོ་ནང་པ་འདི་ཡང་ཆོས་བརྒྱུད་རང་རྐྱ་པ་ཞིག་ཡིན་པ་སྔོན་གྱི་ལོ་རྒྱུས་དང་ལྟ་བའི་ཁྱད་པར་སོགས་ཀྱིས་གསལ་བོར་སྟོན་གྱིན་འདུག ལྷག་པར་དུ་སྤྱི་འཐུས་རྣམ་པ་བོད་གཞིས་བྱེས་གཉིས་ཀྱི་སྐུ་ཚབས་ཡིན་ན་ངེས་པར་དུ་ཡོད་འོས་པ་འདྲ། གཞིས་བཞུགས་ཇོ་ནང་བར་དགོན་སྡེ་ཁག་ཅི་ཙམ་ཞིག་ཡོད་པ་ཉེ་སྔོན་འཕགས་ཡུལ་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཟེར་བས་འགྲེམ་སྤེལ་བྱས་པའི་ཇོ་ནང་བའི་ཆོས་འབྱུང་སྐོར་ཞེས་པའི་དེབ་ཅིག་ཡོད་པ་དེར་དགོན་པ་པར་རིས་དང་བཅས་གསལ་བོར་བཀོད་འདུག་པས་དྲང་བདེན་གྱིས་ཐག་གཅོད་འོས་པ་འདྲ་ཞིག་མཐོང་གིན་འདུག སྤྱིར་ཆོས་བརྒྱུད་སྤྱི་འཐུས་དགོས་མིན་འདི་གནད་འགག་ཅིག་རེད་འདུག
༡་་བཅའ་ཡིག་དོན་ཚན་སོ་བདུན་པ་བཅོས་ཆོག་ན་བཅའ་ཡིག་ནང་གི་བཀའ་ཁྲིའི་དོན་ཚན་ཡང་བཅོས་མི་ཐུབ་པ་མེད་དོན་གང་ཡིན་ནམ
༢ སྲིད་ཀྱི་སྟེགས་བུ་དེའི་ཐོག་ནས་ཆོས་མཐུས་ཚོའི་མི་དམངས་ལ་ཤུགས་རྐྱེན་བཟང་པོ་ཞིག་འཇོག་རྒྱུ་ཅི་བས་ཀྱང་གལ་ཆེ་ཡང་། འདི་ཐུབ་ཀྱིན་མི་མེད་གསུངས་པ་དེའི་གཞི་སྔ་ལོའི་ཚོགས་འདུའི་འཇུག་སྡོམས་སྐབས་ཀྱི་ཆོས་མཐུས་འགའ་ཞིག་གི་བྱེད་ཚུལ་ལས་གཞན་པའི་རྒྱུ་མཚན་མེད།་དེ་ལྟར་ན་སྤྱིར་སྤྱི་མཐུས་ཟེར་བ་དེ་ལ་སྐྱོད་འདི་ཡོདཔས་ཅི་བྱེད་རྒྱུ་ཡིན།
༣ སྤྱིར་གྲྭ་བ་དང་བླ་མ་སོགས་མཐོང་དམའ་རུ་འགྲོ་བཞིན་ཡོད་ཚོད་རེད་།འོན་ཀྱང་ཆོས་མཐུས་མེད་པར་བཟོས་པས་ཕནཐོགས་མེད་དེ་འདི་བོད་དམངས་ཀྱི་བསོད་ནམ་དང་འབྲེལ་བ་དམ་ཟབ་ཡོད་མ་ཟད་ལྷག་པར་དུ་མི་སྐྱ་དམངས་ལ་འབྲེལ་བ་ཡོད། གྲྭ་སོགས་འགའ་ཞིག་གི་བྱེད་ཚུལ་ཁོ་ན་ལས་དེ་དག་གི་རྐང་བའི་འཐེན་མི་ཐུབ།
དེ་རིང་དེ་ཙམ་ཡིན།
སྤྱི་འཐུས་ཆབ་བྲག་ལྷ་མོ་སྐྱབས་ཁྱེད་ཀྱི་ནང་སེམས་ཀྱི་རི་མོ་ཇི་ལྟར་ཡིན་མི་ཤེས་མོད། རྩོམ་ཡིག་དེར་བལྟས་ན་ཨའོ་ཙམ་མེད་དམ་སྙམ་པ་ཞིག འོན་ཀྱང་ཁྱེད་ཀྱི་བྲིས་པ་དེའི་ནང་དོན་འཐད་ལ་༡༩༦༠་ནང་ལ་༸གོང་སོ་མཆོག་དང་བོད་གཞུང་གིས་སྤྱི་འཐུས་ཀྱི་སྒྲིག་འཛུགས་ཐོག་མར་དབུ་འཛུགས་གནང་སྐབས་ཀྱི་དམིགས་ཡུལ་དང་སྒྲོམ་གཞི་ལ་འཁྱུག་ཙམ་གཟིགས་ན་རང་གི་ནོར་འཁྲུལ་མཁྱེན་སྲིད་པས་དེ་དོན་དགོངས་འཇགས་ཞུ་རྒྱུ་དང་། ཟ་ཁང་དང་ཚོང་ཁང་སོགས་ནས་ལས་ཀྱི་བྲེལ་བས་དེ་ལྟར་མི་ཐུབ་ན་རེ་བ་བྱེད་དང་ངས་གང་ཐུབ་ཀྱི་གོ་རྟོགས་ཞིག་སྤེལ་ཐབས་བྱེད་ལ། སྤྱི་སྟེ་ལན་མེད་ན་ཁྱེད་ཀྱི་རྩོམ་ཡིག་དེ་འབྲི་བའི་ཀུན་སློང་ལ་ངས་འགྲེལ་བ་གཞན་ཞིག་རྒྱག་རྒྱུ་ཡིན། བདེ་མོ་བྱེད།
སྐུ་ངོ་སྤྱི་འཐུས་ལགས་ཀྱིས་གླེང་ཡག་པོ་ཞིག་བསླངས་ཤག
༡ ཆོས་བརྒྱུད་སྤྱི་འཐུས་དང་ཆོལ་ཁའི་སྤྱི་འཐུས་གཉིས་ཀ་རྙོག་དྲའི་འབྱུང་ཁུངས་རེད། དེ་ལས་ཡུལ་གྱུར་བོད་མིའི་ཚབ་ཚོན་ཐུབ་པའི་སྤྱི་འཐུས་ཐད་འདེམས་བྱེད་པར་ཕན་ཐོགས་དང་བློ་སྒོ་འབྱེད་ཐུབ་ཀྱི་འདུག
༢ ཡུལ་གྱུར་བོད་མིའི་ཚབ་ཚོན་ཞེས་པ་འདིའང་དེང་སྐབས་བོད་གཞུང་སྐྱིད་སྡུག་གི་ངོ་བོར་འཕོས་ཀྱིན་པས། སྤྱི་འཐུས་སོགས་ཀྱང་དེ་ལུགས་ཀྱིས་འགྱུར་དགོས་པ་གསལ་བོ་རེད།
རྒན་ལགས་ལ་ལན་གནང་བར་ཐུགས་རྗེ་ཆེ་ཞུ། ཆོས་ལུགས་ཀྱི་སྤྱི་འཐུས་མེད་ན། ཆོས་རིགས་བཀའ་བློན་གཅིག་པུས་ཆོས་ལུགས་རིས་མེད་ཡོངས་ཐབས་མེད། ཆོས་རིགས་ཀྱི་བཀའ་བློན་ལ་ད་ལྟའི་ཆོས་ལུགས་ཀྱི་སྤྱི་འཐུས་ཀྱི་ནུས་པ་དེ་ཡོད་པའི་དབང་དུ་གཏང་ན་ཆོས་བརྒྱུད་རིས་མེད་ཀྱི་བཀའ་བློན་དེ།
འཇམ་དབྱངས་མཁྱེན་བརྩེ་སྐུ་གོང་འོག་ནང་བཞིན་དང་། ད་ལྟའི་སྐུ་འཚོ་བཞིན་བཞུགས་པའི༧གོང་ས་སྐྱབས་མགོན་ཆེན་པོ་ནང་བཞིན་ཞིག་གདེམས་ཐུབ་པ་ཁག་པོ་རེད། དེ་གདེམས་མ་ཐུབ་ན། ཆོས་སྲིད་ཟུང་འབྲེལ་གྱི་སྲིད་གཞུང་རྙིང་པ་དེ་དང་ཁྱད་པར་མེད།
ཆོས་རིགས་ཀྱི་བཀའ་བློན་དེ་བཀའ་ཤག་གི་ཁ་གཡོག་རེད། ཆོས་བརྒྱུད་ཀྱི་སྤྱི་འཐུས་མེད་ན། ཆོས་རིགས་བཀའ་བློན་ཀྱིས་ཆོས་ཀྱི་སྐུ་ཚབ་ཡོངས་ཐབ་མེད།
ལོ་རྒྱུས་ལ་ཕྱི་མིག་བལྟས་ན། མགྲོ་མགོན་ཆོས་རྒྱལ་འཕགས་པ་ནས་ཆོས་སྲིད་ཟུང་འབྲེལ་འགོ་ཚུགས་པའི་ངོས་འཛིན་བྱེད་ཀྱི་ཡོད། མགྲོ་མགོན་ཆོས་རྒྱལ་འཕགས་པའི་སྐུ་རིང་དུ་ཆོས་ལུགས་རིས་མེད་ཀྱི་སྲིད་གཞུང་ཟེར་ངོས་འཛིན་གནང་ན་མ་འགྲིགས་པ་མེད་བསམ་གྱིན་འདུག གཞན་གོང་ས་ལྔ་བ་ཆེན་པོའི་སྐུ་དུས་ལ་ཡང་ཆོས་ལུགས་རིས་མེད་ད་ལྟ་ནང་བཞིན་ཞིག་ཆགས་ཐུབ་ཡོད་མེད། ཆོས་བརྒྱུད་གཞན་གྱི་དགོན་སྡེ་སྦྱིན་བདག་ཇི་ཙམ་ཞིག་དགེ་ལུགས་སུ་བཙན་བསྒྱུར་བྱེད་པའི་ལོ་རྒྱུས་ཀྱིས་གསལ་ཐུབ་ཀྱི་རེད།
གཞུང་ངོས་ནས་ཆོས་ལུགས་རིས་མེད་ཆགས་མ་ཐུབ་པའི་རྒྱུ་རྐྱེན་གྱིས། གཞུང་མང་གཉིས་ཀྱི་བར་ཐག་ཤིན་ཏུ་ནས་རིང་པོར་གྱུར་དེ། བོད་སྡེ་བ་གཞུང་ཟེར་མིང་གིས་ཐོས་སྐབས་ཞེན་པ་ལོག་དགོས་པ་ཞིག་ཆགས་ཡོད།
ད་ལྟའི་གོང་ས་སྐྱབས་མགོན་ཆེན་པོས། སྙིགས་དོར་བཅུད་ལེན་གྱིས། བོད་གཞུང་དེ་ཆོས་སྲིད་ཟུང་འབྲེལ་གྱི་སྲིད་གཞུང་སྔོན་མེད་གསར་བ་ཞིག་ཚུགས་ཡོད་པ་དེ་ནི། ཆོས་ལུགས་རིས་མེད་ཀྱི་སྲིད་གཞུང་དངོས་སུ་ཚུགས་ཐུབ་པ་འདི་རེད།
འདིའི་དགེ་མཚན་ནི། བོད་གཞུང་མང་གཉིས་ཀྱི་བར་ཐག་ཉེ་རུ་ཕྱིན་ཡོད་ལ། ད་དུང་ཕྱི་གསལ་ནང་གསལ་གྱིས་གཞུང་ངོས་ནས། ཆོས་ལུགས་རིས་མེད་ཞིག་ཆགས་ཐུབ་ན། ཧ་ཀྱང་དགེ་མཚན་ཆེན་པོ་མཐོང་།
གཞན་སྟོང་གི་ལྟ་གྲུབ་ཟིན་པའི་རྒྱུ་མཚན་གྱིས་ཆོས་བརྒྱུད་ས་སྐྱ་ལས་གཞན་དུ་འཇོག་དགོས་ན། ས་སྐྱའི་པའི་མཁས་པའི་སུམ་ཆ་ཞིག་ས་སྐྱ་ལས་ལོག་ཏུ་འདོད་དགོས་ལ། དཔའ་བོ་གཙུགས་འཕྲེང་སོགས་དང་། ཀུན་མཁྱེན་པད་ཀར་སོགས་ཀྱང་བཀའ་བརྒྱུད་བྱིང་ལས་ཐ་དད་ཡིན་དགོས་ཏེ། དེ་དག་གིས་རང་སྟོང་དུ་བཞེད་ཅིང་། བཀའ་བརྒྱུད་བྱིང་གིས་གཞན་སྟོང་དུ་ཁས་ལེན་པས་སོ།
ཅང་སྐྱ་རོལ་རྡོའི་བརྒྱུད་འཛིན་རྣམས་ཀྱང་། དགེ་ལྡན་པ་བྱིང་ལས་ཐ་དད་པའི་ཆོས་བརྒྱུད་དུ་འདོད་དགོས་ལ། བོན་ཀྱི་ཆོས་བརྒྱུད་འདི། མདོ་ཕྱོགས་ནས། དགེ་ལྡན་པའི་ཆོས་བརྒྱུད་དང་གཅིག་ཞིག། སྔགས་ཕྱོགས་ནས་རྙིང་མ་པ་དང་གཅིག་པར་འདོད་དགོས་པར་འགྱུར་ཞིང་། མདོ་ཕྱོགས་ནས་ཐ་སྙད་ཁ་ཤས་ཐ་དད་མ་གཏོགས་བདེན་སྟོང་རྗེས་བཞེད་པ་ནང་བཞིན་བཞེད་ཀྱིན་འདུག་པའི་ཕྱིར་དང་། སྔགས་ཕྱོགས་ནས་རྙིང་མ་ནང་བཞིན་བཞེད་ཅིང་འདུག་པའི་ཕྱིར།
ངས་བསམ་པ་ལ། ས་སྐྱའི་སྤྱི་འཐུས་ཀྱིས། ཇོ་ནང་ས་སྐྱའི་ཁོང་གཏོགས་ཡིན་པས། ཇོ་ནང་ལ་སྤྱི་འཐུས་ཡོང་མི་ཆོག་ཟེར་ལབ་ཡོད་ན། ཆབ་སྲིད་གང་ཡང་མ་ཤེས་པའི་གཏམ་རེད། ས་སྐྱའི་ཁོང་གཏོགས་ཡིན་ན། དེ་ལ་སྤྱི་འཐུས་ཇི་ཙམ་མང་ན་དེ་ཙམ་སྟོབས་ཤུགས་ཆེ་ནས་ཡོང་རེད།
གོང་དུ་ཞུས་པ་ནང་བཞིན། ཇོ་ནང་ས་སྐྱའི་ཆོས་བརྒྱུད་ཁོང་དུ་བརྩིས་དང་མ་བརྩིས་ཀྱིས་ས་སྐྱ་པ་ལ་ཁེ་གྱོང་གང་ཡང་རེག་ཀྱི་མ་རེད་བསམ་གྱིན་ཡོད། འོན་ཀྱང་ལོ་རྒྱུས་ལ་བདེན་དཔང་མ་བྱས་ན། ཆོས་བརྒྱུད་འཛིན་མཁན་རྣམས་ཀྱིས་མིང་ཙམ་ལས། སོ་སོའི་ཆོས་བརྒྱུད་ཇི་བཞིན་འཛིན་མ་ཐུབ་པ་རེད།
དེ་ཙམ་ཡིན། བཀྲ་ཤིས་བདེ་ལེགས
རིག་རལ་ཉོན་དང་།
དེ་སྔོན་ཇོ་ནང་སྐྱའི་ཁོངས་སུ་བཞག་ཡོད་པའི་ཁུངས་སྐྱེལ་ཡིག་ཆ་ཡོད་དམ། མེད་ན་དེ་འདྲ་མ་བཞད་ན་བཟང་གི་རེད། དེ་སྔོན་ས་ཇོ་གཉིས་ཀྱི་བར་ལ་འབྲེལ་བ་ཡག་པོ་ཡོད་མོད། དེང་སང་ཁྱོད་འདྲའི་མི་ངན་རེ་ཟུང་གིས་བྱེད་སྟངས་ཀྱིས། ས་ཇོ་གཉིས་ཀྱི་འབྲེལ་བ་རྩ་ཆད་བྱུང་བ་མ་ཟད། ས་སྐྱ་གོང་མ་སངས་རྒྱས་འདུག་ཟེར་ན་ཡང་། ཇོ་ནང་པ་ཚོས་མགོ་མི་སྒུར་ཁོ་ཐག་རེད། རྙིག་དྲ་འདི་ཐོག་མར་བཟོ་མཁན་ས་འཐུས་ཀ་ཟི་ཚེ་རིང་པོ་ཟེར་བ་རེད། འདི་སྤྱི་འཐུས་ཞིག་གི་བྱེད་སྟངས་རེད་དམ། སྤྱི་འཐུས་སམ་ཁྲིམས་བཟོ་ལྷན་ཁང་ལས་ལྷག་པའི་བོད་གཞུང་ཞིག་ཡོད་པ་མ་རེད། ཁྲིམས་བཟོ་ལྷན་ཁང་ནས་འདི་ལྟར་ལུགས་མེད་ཀྱི་ལས་ཀ་བྱས་ཡོང་དུས། བོད་མི་བོདགཞུང་ལ་མི་དགའ་བའི་གནད་དོན་འབྱུང་བཞིན་ཡོད་པ་རེད།
ངས་བལྟས་ན་ཇོ་ནང་ཆོས་བརྒྱུད་ལ་ཆོས་བརྒྱུད་གཞན་ལྟར་ཐོབ་ཐང་སྤྲོད་དགོས་པ་མ་ཟད། ཕྱིས་དྲག་འདུག་སྙམ། དེའི་སྤྱི་འཐུས་དང་བཀའ་ཤག་གིས་ངེས་པར་ཐུགས་བསམ་བཞེས་དགོས་འདུག
རྩོམ་ཡིག་འདིའི་ཁ་བྱང་གིས་བསྟན་པའི་གནད་དོན་ཞིག་རྩོམ་ཡིག་འདིའི་ནང་ནས་མཐོང་མ་སོང་། ཁོ་བོས་བསམ་ཚུལ་བྱས་ན་ཆོས་ལུགས་སྤྱི་འཐུས་དགོས་མིན་གྱི་གནད་དོན་གཙོ་བོ་དབུ་ཁྲིད་ཚོས་ཆོས་ལུགས་ཕྱོགས་ཞེན་བྱེད་མིན་ལ་ཐུག་ཡོད། རང་གང་དུ་གཏོགས་པའི་ཆོས་བརྒྱུད་ཀྱི་ཁེ་ཕན་ལ་བསམ་ནས་གཞན་གྱི་སྐྱིད་སྡུག་བློས་བཏང་བ་ཡིན་ན་རི་ལུག་པ་ཐག་པས་མི་འདོམས་པའི་ཚད་དུ་འགྱུར་ངེས་རེད། དེར་བརྟེན་ཆོས་ལུགས་ཀྱི་ཕྱོགས་ཞེན་ཆེ་བའི་སྤྱི་ཚོགས་འདི་འདྲ་ཞིག་གི་ཁྲོད་དུ་ཆོས་ལུགས་ཡོད་ཚད་ལ་འདྲ་མཉམ་གྱི་ཐོབ་ཐང་དང་གོ་སྐབས་འཐོབ་པའི་ཆེད་དང་། གཞུང་དམངས་བར་གྱི་འབྲེལ་བ་སྲ་བརྟན་དུ་གནས་པའི་ཆེད་དུ་ཆོས་བརྒྱུད་སྤྱི་འཐུས་མེད་དུ་མི་རུང་བ་ཞིག་རེད། སྔོན་ཆད་ ༼ཚོགས་པ་བཅུ་གསུམ།༽ཟེར་བ་ཞིག་བྱུང་མྱོང་བ་དེ་ཡང་ཆོས་ལུགས་འཐེན་འཁྱེར་གྱི་དབང་གིས་བྱུང་བ་རེད། དེར་བརྟེན་ཉམས་མྱོང་ལས་བསླབ་བྱ་ལེན་དགོས་པ་ལས། སེམས་ཤུགས་དང་ངར་ཤུགས་ཀྱི་སྐད་ཆས་གནད་དོན་ཐག་ཆོད་པ་ལས་ལྡོག་སྟེ་ཚབས་ཇེ་ཆེར་འགྱུར་ངེས་རེད།
དེ་ལངེས་པར་དུ་དགག་བྱ་ཡོད། ཆོས་ལུག་སྤྱི་མཐུན་མེད་དུ་མི་རུང་བ་ཞིག་རེད།
ལྷ་མོ་སྐྱབས་ལགས།
དེང་སྤྱི་ཚོགས་འདིར་ཨ་མདོའི་སྤྱི་འཐུས་ཡིན་ན་རྩོམ་པ་པོ་ཡིན་པས་ཁྱབ། ཅེས་གཏམ་ཡམས་ཤིག་ཁྱབ་བཞིན་འདུག དེའི་དོན་དང་ཕག་ན་ཅི་ཡོད་ས་རེད། ཐུགས་བསམ་ཞིག་གནོང་དང་།
འདི་དག་གིས་རྩོམ་ཡིག་གོ་བདེ་འདི་འདྲ་ཡང་གོ་གི་མེད་དམ། ཡང་ན་མ་གོ་ཁུལ་བྱེད་ཀྱིན་ཡོད་དམ། འདིས་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་ལེགས་བཅོས་འོས་སྐོར་ཅིག་བཤད་འདུག འདིས་ཆོས་ལུགས་ལ་དམིགས་བསལ་གྱི་འགན་ཁུར་འདུག འདིས་བོད་ཕྱི་ནང་གཉིས་ཀྱི་གནས་བབ་ལ་བསམ་བློ་བཏང་འདུག འདིས་ཆོས་ལུགས་མི་སྣ་དག་གི་གཟི་བརྗིད་དང་མཚན་སྙན་ལ་སྲུང་སྐྱོབ་བྱེད་ཀྱིན་འདུག འདིས་དོན་ངོ་མའི་སྤྱི་འཐུས་ཤིག་འོས་འགན་ཕྲག་ལ་བླངས་འདུག དོན་ཆེན་འདི་འདྲར་ཚང་མས་གཟུ་གཏམ་བཤད་ན་འོས་སོ།༧།༣
བཟོད་པ་ལྷ་རྩེ་ལགས་སུ་ལན་འདེབས།
༡། ད་ལྟའི་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་གསར་བ་ཟེར་བ་ཆོས་བརྒྱུད་སྤྱི་འཐུས་ཡོད་པའི་བཙན་བྱོལ་གཞུང་གི་ལམ་ལུགས་འདི་ལ་གོ་དགོས།
༢། ཆོལ་ཁའི་སྤྱི་འཐུས་ལ་མང་ཉུང་དགོས་པ་དང། ཆོལ་ཁའི་སྤྱིའི་དབྱེ་འབྱེད་ཀྱི་སྤྱི་འཐུས་མི་དགོས་པར་འདོད་པ། ཡང་ན་ཆོལ་ཁ་སོ་སོའི་སྤྱི་འཐུས་དེ་ཆོལ་གསུམ་ཡོངས་ནས་གདམ་ན་བཟང་ཚུལ་སོགས་ཀྱི་མི་དམངས་ཀྱི་བསམ་འཆར་ལོ་མང་སྔོན་ནས་བྱུང་བར་མ་ཟད་ད་ལྟ་ཡང་མཆན་འདོགས་མཁན་ནང་ལ་སླེབས་པ་འདི་རེད། དམངས་ཁྲོད་ཀྱི་བསམ་ཚུལ་ཡིན་པས་དེའི་ཐད་ལ་རང་ཉིད་ཀྱང་དམངས་འཐུས་ཤིག་ཡིན་པས་བསམ་འཆར་རེ་འདོན་ལོས་དགོས། མི་འགྲིགས་ན་ནོར་འདུག་ཅེས་བཤད་ཆོག་གི་རེད།
༥། ད་ལྟ་རང་རྒྱ་གར་བའི་ཁོངས་རེད། དེ་བས་རྒྱལ་ཁོངས་གཞན་ཟེར་བ་ཡུ་རོབ་དང་ཨ་རི་སོགས་ན་ཡོད་པའི་བོད་པ་ཚོར་གོ་དགོས། དོན་ཚན་གཞན་པ་གཉིས་ང་ལ་འབྲེལ་བ་ཅང་མི་འདུག
རིག་པའི་རལ་གྲི་ལགས་སུ།
ནང་ཆོས་བོད་ལ་གལ་ཆེ་ཚུལ་ཤེས་ནས་ངས་སེམས་ཁུར་གྱི་སྐད་ཆ་འདི་དག་བཤད་པའི་ཁུལ་ཡིན། གལ་ཏེ་ཆོས་བརྒྱུད་སྤྱི་འཐུས་ཟེར་བ་ཞིག་མེད་པར་ཆོས་ལུགས་ཟུང་འབྲེལ་ཞིག་མི་ཡོང་ན་དེ་སྔོན་གྱི་ལམ་ལུགས་དེ་ཅི་ཡིན་ནམ། ངས་ཆོས་ཀྱི་བློན་ཆེན་དགོས་ཟེར་གྱིན་ཡོད། དེ་བས་ཆོས་ལུགས་ཀྱི་སྐུ་ཚབ་མེད་པར་ཅི་ལ་འགྱུར། ཇོ་ནང་བ་ས་སྐྱའི་ཁོངས་ཡིན་ཚུལ་ས་སྐྱའི་སྤྱི་འཐུས་སོགས་ཀྱིས་གསུང་གིན་ཡོད་པ་རེད། ངས་ནི་ཇོ་ནང་བའི་དབུ་མ་གཞན་སྟོང་བ་ཞེས་གྲུབ་མཐའ་དམིགས་བསལ་བ་ཞིག་ཡིན་ཚུལ་༸གོང་ས་མཆོག་གིས་མཛད་གནང་བའི་སྨོན་ལམ་ལས་ཤེས་པ་མ་གཏོགས་ཅང་མི་ཤེས་ལགས།
སྒོམ་སྡེ་དོན་གྲུབ་རྒྱལ་ལགས་ཀྱི་སྐད་ཆའི་འཇའ་ངས་མི་གོ་གི
ཇོ་རུ་ཉི་མ་ལགས། ངས་རྒྱ་ཆེའི་མི་དམངས་ཀྱི་དགོངས་ཚུལ་ལ་རྒྱུས་ལོན་བྱེད་ན་འདོད་ཡོད། གལ་ཏེ་བརྒྱ་ཆའི་མང་ཤོས་ཀྱིས་ཆོས་བརྒྱུད་སྤྱི་འཐུས་མི་མཁོ་བར་མཐོང་ན་ བཅའ་ཁྲིམས་ལ་བཟོ་བཅོས་རྒྱག་དགོས་ངེས་རེད། ངའི་དམ་བཅའ་ངས་སྲུང་གི་ཡོད་མེད་གཤིན་རྗེ་ཆོས་ཀྱི་རྒྱལ་པོས་མཁྱེན་གྱི་རེད། མ་གཞི་རང་གིས་ང་ལ་སྐྱོན་ཆ་ཞིག་ཤིག་བཙལ་བཙལ་བྱེད་འདོད་ཡོད་ན་ངས་མི་ཤེས། རང་གི་འདོད་པ་རེད། ང་ལ་ཅང་མི་གནོད་ཀི
ལ་ལ་ཞིག་གིས། “ཆོས་ལུགས་སྤྱི་འཐུས་དྲག་སྤྱོད་པ”ཞེས་དང”སྲོག་ལའང་བར་ཆད་ཡོང”ཞེས་པའི་སྐད་ཆ་དེ་ཚོ་རྒྱ་ནག་གཞུང་གི་ཤོད་ཚུལ་ཞིག་རེད། དཀྲུག་ཤིང་ངོ་མ་འདི་འདྲ་རང་རེད། གནས་ལུགས་ཤོད་རྒྱུ་མེད་པའམ་ཤོད་མི་ཕོད་པ་ཚོ་ཁ་རོག་བཞུགས་ན་འགྲིག་གི་རེད།
དེ་མིན་རང་རང་གི་བསམ་ཚུལ་བཤད་པ་དག་ལ་ང་ཅང་བཤད་རྒྱུ་མེད། བསམ་ཚུལ་ནི་བསམ་ཚུལ་རང་རེད། ཉན་མཁན་ཞིག་གིས་ཉན་གྱི་རེད།
ཆོས་བརྒྱུད་སྤྱི་འཐུས་ནི་དངོས་འབྲེལ་དགོས་དོན་མི་འདུག ཆོས་ཕྱོགས་ཀྱི་ལས་དོན་བསྒྲུབ་དགོས་དུས་ཆོས་རིག་ལས་ཁུངས་བརྒྱུད་ནས་བྱས་ན་མི་འགྲིག་པ་མེད་བསམ། སྲིད་དོན་གཙོ་བོར་སྤྱོད་དགོས་པའི་སྲིད་གཞུང་ཞིག་གམ། ཡང་ན་ཆབ་སྲིད་སྐྱབས་བཅོལ་བའི་སྒྲིག་འཛུགས་ཤིག་གི་ངོས་ནས་ཀྱང་། སྲིད་དོན་ལ་དོ་སྣང་དང་དོ་སྣང་བྱེད་འོས་པའི་མི་སྐྱའི་རིགས་གྲོས་ཚོགས་འཐུས་མིར་དགོས་འོས་ཆེ་བ་ལས། ཆོས་ལུགས་མི་སྣ་དང་ཆོས་བརྒྱུད་སྤྱི་འཐུས་རིགས་གྲོས་ཚོགས་ནང་དུ་ཡོད་གོ་མི་ཆོད་པའི་ཁར་དེ་ཚོ་རྩོད་རྙོག་འདྲེན་གཞི་ཞིག་རེད། རང་རེ་བོད་མི་ཚོས་སྔོན་ནས་དུས་ད་ལྟ་བར་དུ་བོད་ནི་ཆོས་སྲིད་ཟུང་འབྲེལ་ཡིན་ཞེས་བརྗོད་ཀྱང་། དོན་དངོས་སུ་བོད་གཞུང་དང་མཐོ་རིམ་མི་སྣ་ཚོས་གཙོ་བོར་བསྒྲུབས་ཡོད་པ་ནི་ཆོས་ཕྱོགས་ཀྱི་ལས་དོན་འབའ་ཞིག་རེད་ལ། བོད་ཀྱི་སྤྱི་ཚོགས་ཁྲོད་ཆོས་ལུགས་ཀྱི་གོ་གནས་དང་དབང་ཤུགས་ཧ་ཅང་མཐོ་བས་རྐྱེན་གྱིས་བོད་ཡོངས་སུ་ཆོས་ལུགས་ཀྱིས་ཁ་ལོ་ཅི་དགར་བསྒྱུར་ཐུབ་པ་འདི་བྱུང་ཡོད། ཤུགས་རྐྱེན་དེའི་དབང་གིས་ཆོས་ལུགས་ཀྱིས་སྲིད་དོན་ལ་སྟངས་འཛིན་བྱེད་བདེ་བར་གྱུར་ཡོད་ཅིང་། བོད་ཀྱི་ཆབ་སྲིད་ནི་ཆོས་ལུགས་ལ་སྲི་ཞུ་སྒྲུབ་མཁན་ཞིག་གི་ཚུལ་ལས་གཞན་ཅིར་ཡང་འདའ་ཐུབ་མེད་པར་སྣང་།
དམ་བཅའ་རི་འདྲ་བ་རེ་བཞག་རྗེས། དམ་བཅའ་འདུས་བྱས་ཡིན་པས་འཇིག་སོང་ཟེར་ནས་ཐག་རིང་ཐག་རིང་ཞིག་ལ་བུད་འགྲོ་ནི་རེད།
དམངས་གཙོ་ཡང་དག་ཅིག་ཡིན་ན། ཆོས་རྒྱུད་སྤྱི་འཐུས་དགོས་དང་མི་དགོས་རྩོད་པ་ལས་འོས་བླུགས་ན་འགྲིག་གི་རེད།
སྤྱི་འཐུས་ཀྱི་གནད་དོན་ཙམ་མ་རེད། ནུབ་ཕྱོགས་ཀྱི་སྤྱི་ཁྲོད་དུ་བོད་མི་དང་བོད་ཀྱི་བླ་སྤྲུལ་དང་དགེ་བཤེས་གསུམ་ཀར་སྔར་དང་མི་འདྲ་བ་ལྟ་སྟངས་དང་ཆ་འཇོག་མར་ཆགས་འགྲོ་གི་འདུག དེའི་ནང་ནས་བླ་སྤྲུལ་ཚོའི་མཐོང་མར་ཆགས་པ་ཚབས་ཆེ་བ་འདུག ངོ་ནས་གཟབ་གཟབ་བྱོས་མ་གཏོགས་ནུབ་ཕྱོགས་ཁག་དམར་པོ་གོན་མཁན་གྱི་བོད་ཀྱི་བླ་སྤྲུལ་ཟེར་དུས་གཡོ་ཟ་དང་ཁྲམ་པ་མཁས་པ་ལྟ་བུའི་ངོས་འཛིན་བྱེད་རྒྱུར་ཡུན་རིང་འགོར་ས་མ་རེད། ནུབ་ཕྱོགས་ཁག་ཏུ་རྒྱ་རིང་པོ་ཡོད་པའི་ཁ་ཆེ་ཞིག་ཡིན་ན་དྲག་སྤྱོད་པ་མིན་འགྲོ་བསམ་ནས་ཞེད་སྣང་དང་དོགས་པ་ཆེན་པོ་བྱེད་ཀྱི་འདུག དེ་བཞིན་མི་རིང་བར་དམར་པོ་གོན་མཁན་བོད་ཀྱི་བླ་མ་ཟེར་དུས་ཁྲམ་པ་དང་གཡོ་ཟ་བྱེད་བྱེད་མཁན་ལྟ་སྟངས་མ་སླེབས་པའི་ངེས་པ་མི་འདུག ངས་མཐོང་ཐོས་ལས་ཉེན་བརྡ་བཏང་བ་ལས། ངན་དམོད་མིན། ངོ་ནས་ཆོས་བརྒྱུད་ཁག་གི་གཟབ་གཟབ་གནང་རོགས་ཞུ་གི་ཡོད།
སྤྱི་འཐུས་ལྷ་མོ་སྐྱབས་ལགས་སུ་ཐོག་མར་བཀྲིས་བདེ་ལེགས་ཀྱི་མཚམས་འདྲི་དང་འབྲེལ་དྲི་བ་འགའ་ཞུ་འདོད་བྱུང་།
༡ རྒན་ལགས་ནས་ཆོས་སྲིད་བཟུང་འབྲེལ་གྱི་ལམ་ལུགས་གསར་པ་འདི་ཞེས་པའི་འདི་འདྲ་དེ་ད་ལྟའི་བོད་གཞུང་གི་གཉིས་སྨན་དབུ་མའི་ལམ་འདི་གོ་དགོས་སམ་ཡང་ན་སྤྱིར་ཆོས་སྲིད་བཟུང་འབྲེལ་ལམ་ལུགས་ལ་གོ་དགོས། དང་པོ་ལྟར་ན་གཉིས་སྨན་དབུ་མའི་ལམ་གྱི་སྲིད་ཇུས་ནི་རང་རྒྱལ་གཞན་ཕམ་གྱིས་སྲིད་ཇུས་ཞིག་མིན་ལ་རང་གཞན་གཉིས་ཀ་ལ་ཕན་པའི་བལྟ་གྲུབ་ཡང་དག་པ་ཞིག་ཡིན་པས་དེར་ཆོས་བྱེད་མི་སྣས་ཆ་ཤས་ལེན་ན་ཆོས་བྱེད་མི་སྣར་ཆེ་མཐོང་ལས་མཚན་བཞད་ཇི་ལྟར་གྱུར་རམ། གཉིས་པ་ལྟར་ན་ཆོས་སྲིད་བཟུང་འབྲེལ་གྱི་ལམ་ལུགས་གསར་པ་ཞེས་པའི་ཚིག་འདི་མ་འབྲེལ་བ་གྱུར་ཏེ་ཆོས་སྲིད་བཟུང་འབྲེལ་ལམ་ལུགས་འདི་ལོ་བརྒྱ་ཕྲག་སྔོན་ནས་གྲུབ་སྡད་ལ་ཞིག་ལ་གསར་པ་ཞེད་ན་རྙིང་པ་དེ་གང་ནས་འཇོག་གམ།
༢ རྒན་ལགས་ནས་ཆོལ་གསུམ་གྱི་སྤྱི་འཐུས་ཀྱི་ཞལ་གྲངས་མི་མང་ཉུང་ལ་ཞིག་སྟེ་གཏན་འབེབས་དགོས་པའི་དགོངས་ཚུལ་ཞིག་གསུང་བར་ཞིག་ན་ནུབ་ཕྱོགས་སམ་ཕྱི་རྒྱལ་དུ་སྤྱི་འཐུས་ཁ་སྣོན་དགོས་ཀྱི་ཡོད་པའི་སྒྲུབ་བྱེད་འདྲ་བོ་མཐོང་སོང་དེ་དངོས་བདེན་ཡིན་ནམ། དེ་ལྟར་ཡིན་ན་དེ་སྔོན་དྲྭ་ལམ་ཁག་ཏུ་བཙན་བྱོན་གཞུང་དེ་ནུབ་ཕྱོགས་གནས་སྤོས་བྱ་དགོས་ལུགས་གསུང་མཁན་ཁ་ཤས་འདུག་དེ་དག་རྒན་ལགས་ཀྱི་དགོངས་ཚུལ་གཅིག་མཐུན་འདྲ་བས་རྒན་ལགས་ཀྱི་དགོངས་ཚུལ་དེ་ལྟར་ཡིན་ནམ།
༣ ནུབ་ཕྱོགས་སུ་བཙན་བྱོལ་གཞུང་གནས་སྤོས་བྱ་ན་བོད་དོན་གྱི་ལས་འགུལ་དམིགས་གསལ་ཤུགས་ཆེ་རུ་འགྲོ་རྒྱུའི་དགོངས་ཚུལ་ཡོད་ན་དེ་ནི་ཡང་དག་པ་མ་ཡིན་ཏེ་དེ་སྔོན་བོད་རང་དབང་སློབ་ཕྲུག་ཚོགས་པས་ཕྱི་ལོ་ ༢༠༠༨ ལོར་བོད་ནང་ལས་འགུལ་སྤེལ་བར་ཕེབས་རྒྱུའི་གསལ་སྒྲགས་རྐྱང་ནས་ནུབ་ཕྱོགས་སུ་ཡོད་པའི་རང་རིགས་སྤུན་ཟླ་ཇི་ཙམ་གྱི་ཆ་ཤས་སླངས་ཡོད་མེད་རྒན་ལགས་ནས་མ་མཁཡེན་པ་ཡིན་ནམ།
༤ རྒན་ལགས་ནས་དེང་གྲྭ་བ་དང་བླ་མ་སོགས་ལ་སྤྱི་ཚོགས་ནང་བལྟ་ཚུལ་གཞན་པོ་ཡོད་པའི་རྒྱུ་མཚན་གྱིས་ཆོས་ལུགས་སྤྱི་འཐུས་དགོས་མེད་པའི་ལྟ་བ་ཞིག་བཟུང་ཡོང་གི་འདུག་དེ་ལྟར་ཡིན་ན། སྤྱི་འཐུས་གྲོས་ཚོགས་སྐབས་དགུ་པའི་ཚོགས་འདུ་ལམ་ལོང་དུ་མ་ཕྱིན་པའི་རྐྱེན་གྱི་སྤྱི་ཚོགས་ཧྲིལ་པོའམ་མི་མང་གི་སྤྱི་འཐུས་ལ་བལྟ་ཚུལ་གཞན་པོ་ཞིག་ཆགས་ཡོད་པ་དངོས་བདེན་ལགས་པས་ང་ཚོའི་སྤྱི་ཚོགས་ནང་སྤྱི་འཐུས་ཟེར་བ་རྩ་བ་ནས་མེད་པ་བཟོ་ན་འགྲིག་གམ།
༥ རྒན་ལགས་ནས་རྒྱལ་ཁོངས་གཞན་གྱི་བོད་མིའི་སྐུ་ཚབ་འཐུས་མི་གང་འཚམ་དགོས་བཞེས་གསུང་འདུག་པ་དེ་ལ་གོ་བ་གང་འདར་ཞི་ལེན་དགོས་སམ་ དཔེར་ན་རྒྱ་གར་གྱི་མི་སེར་ཡིན་པའི་བོད་མི་འདྲ་བོ་གསུང་གི་ཡོད་དམ། དེ་ལྟར་ཡིན་ན་ད་ལྟ་རྒྱ་གར་གྱི་མི་སེར་གྱི་ཕྱག་འཁྱེར་ཡོད་པ་དང་བལ་པོ་མི་སེར་གྱི་ཕྱག་འཁྱེར་ཡོད་པ་སྤྱི་འཐུས་ནང་ཡོད་ཡོད་པ་ཡིན་པས་གསར་པ་གང་ཡང་མིན་འདུག་སམ། ཤེས་མེད་རྨོངས་ཐོམ་ཞིག་གི་རང་གི་བསམ་ཚོད་ཀྱིས་དྲི་བ་ལགས་ན་ཐུགས་རྒྱལ་མི་བཞེས་པ་ཞུ་ཞེས་རེ་བ་ཡིན།
ང་ཚོའི་་ཆོས་ལུགས་སྤྱི་འཐུས་འདི་ཚོའི་དེ་སྔའི་ནོར་འཁྲུལ་འདི་འགྱུར་བ་གཏོང་ཐབས་ལ་ང་ཚོས་ཤུགས་རྒྱགས་དགོས་པ་རེད། མ་ཟད་མ་འོང་བར་ཆོས་པ་སྲིད་ཀྱི་སྟེགས་བུརཔར་མེད་བྱ་དགོས་པའང་གསལ་པོ་རེད། ཡིན་ནའང་ད་ལྟ་ང་ཚོས་ཕྱོགས་མང་བོ་ཞིག་ལ་རྣམ་འགྱུར་སྟོན་དགོས་ཙང་ཆོལ་ཁ་དང་ཆོས་ལུགས་སྤྱི་འཐུས་འདི་གཉིས་གནས་སྐབས་ཀྱི་དགོས་མཁོ་མེད་དམ། གཉིས་ཆ་བརྒྱུད་སྤྱི་ཚོགས་མཐུན་པོ་མེད་པ་བཟོ་བཞིན་གཅིག་མཚུངས་རེད། འདོད་མོས་ཡོད་མེད་འོས་འདེམས་བྱས་ན་གཉིས་ཀ་ལ་བརྒྱ་ཆ་མང་ཤོས་དགའ་བོ་མེད་པ་འདི་ཡང་གསལ་པོ་རེད།
རྒན་ལགས་ད་ཁྱེད་ཀྱི་དེ་འདྲ་མ་གསུང་ཆོས་རྒྱུད་སྤྱི་འཐུས་དེ་ཚོ་ལ་ཞེད་སྣང་འདུག་ད་ཁྱེད་ཀྱི་ཀྱང་དེ་འདྲ་བཤད་ཡ་མང་དྲགས་ན་ཁྱེད་རང་གི་སྲོག་ལ་ཡང་བར་ཆད་བྱུང་ཡོང་། ཆོས་རྒྱུད་སྤྱི་འཐུས་མེད་དགོས་ན་མི་ཞིག་ལ་རྐང་པ་གཅིག་མེད་པ་དང་མཚུངས་སོ། དེས་ན་བོད་པ་ཚང་རྐང་གཅིག་རང་རེད།
རྒན་ལགས་ལ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་ལྷན། གུས་པས་ཀྱང་བསམ་ཆར་ཁ་ཤས་ཡང་བསྐྱར་གཏོན་འདོད་བྱུང་།
བཙན་བྱོལ་གཞུང་འདི། གཞི་ལུས་བོད་མིའི་སྐུ་ཚབ་ཡིན་ལ། ཆོལ་ཁའི་སྤྱི་འཐུས་རྣམ་པ་ཡང་དེ་བཞིན་གཞིས་ལུས་ཀྱི་བོད་མདོ་སྟོད་སྨད་དབུས་གཙང་བཅས་ཀྱི་སྐུ་ཚབ་ཡིན་གྱི་མ་གཏོགས། ཕྱི་རྒྱལ་དུ་ཡོད་པའི་སྐྱབས་བཅོལ་བ་གཅིག་པུའི་སྐུ་ཚབ་མིན། གལ་སྲིད་ཕྱི་རྒྱལ་དུ་ཡོད་པའི་སྐྱབས་བཅོལ་བ་གཅིག་པུའི་སྐུ་ཚབ་ཡིན་ན། མདོ་སྟོད་སྨད་ལས་སྐུ་ཚབ་སྤྱི་འཐུས་ཉུང་ཟད་མ་གཏོགས་དགོས་པ་མེད།
ད་ལྟའི་བོད་ཀྱི་གནས་བབ་ལ་ད་ལྟའི་ལམ་སྲོལ་འདི་ལས་འཚམས་པ་ཞིག་སྤྱི་འཐུས་བསྐོས་ཕྱོགས་ལ་མཐོང་གི་མེད།
དེ་དང་ཕྱོགས་མཚུངས། ཆོས་ལུགས་ཀྱི་སྤྱི་མཐུས་དགོས་མིན་དེ། བཙན་བྱོལ་བོད་ཀྱི་ལང་ཕྱོགས་ལ་རག་ལས་ནས་སྡད་ཡོད། གལ་སྲིད་བཙན་བྱོལ་བོད་འདི་ཆོས་མེད་ཆབ་སྲིད་རྐྱང་པའི་རིང་ལུགས་ཤིག་ཡིན་ན། ཆོས་ལུགས་ཀྱི་སྤྱི་འཐུས་དགོས་ཀྱི་མེད། འོན་ཀྱང་ནང་ཆོས་ཁར་ཁྱེར་རྒྱུ་མེད་ན། བཙན་བྱོལ་བོད་གཞུང་མང་གཉིས་འཚོ་སྡོད་ཐུབ་མིན་བཤད་ཚོད་མི་ཤེས།
བྱས་ཙང་ནང་ཆོས་ནི། བོད་ཀྱི་ཆབ་སྲིད་འཚོ་གནས་ཀྱི་སྲོག་དབང་ནང་བཞིན་ཆགས་ནས་སྡད་ཡོད། རྒྱ་གཞུང་གིས་དེ་ལྟར་ལམ་ཙམ་ཤེས་རྟེན་ནང་ཆོས་ལ་སྡང་བར་བྱེད་པའི་རྒྱུ་མཚན་ཡང་དེ་རེད་བསམ་གྱིན་ཡོད།
ཆོས་ཡོད་རིང་ལུགས་ཀྱི་སྲིད་གཞུང་ཞིག་དགོས་ན། ཆོས་ཀྱི་སྐུ་ཚབ་ཀྱི་ཆབ་སྲིད་པ་ཞིག་དགོས་ངེས་རེད། ཆོས་ཀྱི་སྐུ་ཚབ་ཀྱི་ཆབ་སྲིད་པ་ཞིག་གདེམས་པའི་ཚེ། སྤྱི་འཐུས་ནང་བཞིན་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོད་བཅས་ཀྱི་སྐུ་ཚབ་ཆགས་ཀྱི་ཡོད་མ་གཏོགས་ཕྱི་རྒྱལ་དུ་ཡོད་པའི་ཆོས་བརྒྱུད་གཅིག་པུའི་སྐུ་ཚབ་མིན།
ཇོ་ནང་དེ་ས་སྐྱ་ནང་ཁུལ་གྱི་རྙོག་དྲྭར་བརྩིས་པ་འདི་ཡང་མ་འགྲིགས་པ་རེད་བསམ་གྱིན་ཡོད། ལོ་རྒྱུས་ནི་ནམ་ཡང་ནག་བསྲུབ་གཏང་ཐུབ་ཀྱི་མེད། ལོ་རྒྱུས་ལ་བདེན་དཔང་མཛད་ནས། ཆོས་བརྒྱུད་ཆེན་པོ་བཞི་ནང་བཞིན་ཆོས་བརྒྱུད་གཞན་ཞིག་རེད་འདུག་ན། ཆོས་བརྒྱུད་ཀྱི་སྤྱི་འཐུས་དགོས་ངེས་རེད། གལ་སྲིད་ལོ་རྒྱུས་ལ་གསལ་ཁ་མེད་ན། ལོ་རྒྱུས་ཀྱི་བདེན་དཔང་མེད་རེད། ཇོ་ནང་ཆོས་བརྒྱུད་ཐ་དད་བཞག་པས་ས་སྐྱ་པ་ལ། གྱོང་གུད་གང་ཡང་མེད་ངེས་རེད། དེ་སྔོན་ཇོ་ནང་ཆོས་བརྒྱུད་ས་སྐྱར་བརྩིས་ཀྱང་ཁེ་ཕན་གང་ཡང་མཐོང་མ་སོང་།
འབྲི་སྟག་འབྲུག་པ་སོགས་ནི། ཐ་དད་ཡིན་པའི་གསལ་ཁ་ལོ་རྒྱུས་བདེན་དཔང་རྭ་འཕྲོད་གསལ་པོ་ཡོད་རུང་། བཀའ་བརྒྱུད་ཅེས་གཅིག་གྱུར་དུ་ཆགས་ཐུབ་ན། ནུས་ཤུགས་ཆེན་པོ་ཆགས་ངེས་རེད།
འོན་ཀྱང་། ནུབ་ཕྱོགས་པའི་ལྟ་གྲུབ་ཁྱེར་མཁན་ཁ་ཤས་ཀྱིས། ཚོགས་སྡེ་ཆེན་པོ་འཐོར་རྐྱེན་དངོས་ཤུགས་བརྒྱུད་གསུམ་ནས་བྱེད་པ་ལྟར་བྱས་ན། དེ་དག་ལ་ཡང་ནང་ཁུལ་གྱི་སྤྱི་འཐུས་ཀྱི་ཐོབ་ཐང་དགོས་ཞེས་བརྩོད་མཁན་འབྱུང་སྲིད་རེད། རྒྱུ་མཚན་ནི་ལྐོག་གཡོ་ཅན་གྱི་གཡོ་འོག་ཏུ་ཚུད་ཀྱི་རེད།
མདོ་དོན། གཞུང་ཕྱོགས་ནས་ཆོས་ལུགས་ལ་རིས་སུ་མེད་པའི་ལྟ་སྟངས་ཞིག་ཐུབ་ན། བོད་མིའི་རྙོག་དྲྭ་ཆེ་ཤོས་ཤིག་མེད་པ་ཆགས་པའི་ཐོག བོད་མི་བོད་གཞུང་ལ་དགའ་བའི་ཆ་རྐྱེན་ལེགས་ཤོས་ཤིག་གཞུང་ངོས་ནས་ཚང་གི་ཡོད། དེ་ནི་བོད་མི་རྣམས་སོ་སོའི་ཆོས་བརྒྱུད་དེ། སོ་སོའི་སྲོག་ལས་ཀྱང་རྩ་ཆེན་བརྩིས་ཀྱི་ཡོད་པའི་རྒྱུ་མཚན་གྱིས་ཡིན།
གཞུང་ཕྱོགས་ནས་ཆོས་ལུགས་རིས་མེད་ཆགས་དགོས་ན། ད་ལྟའི་ཆོས་བརྒྱུད་ཀྱི་སྐུ་ཚབ་སྤྱི་འཐུས་བསྐོས་ཚུལ་འདི་ལས་ལྷག་གཞན་རྒྱུ་དངོས་ཆོས་ཁྲིད་གང་གིས་ཀྱང་བྱེད་ཐབས་མེད།
ཆོས་ལུགས་ཀྱི་སྤྱི་འཐུས་དགོས་མིན་ཀྱི་སྐོར་ལ་བགྲོ་གླེང་བྱེད་པ་ལས་ཀྱང་། ཆོས་ལུགས་ཀྱི་སྤྱི་འཐུས་ལ་དམིགས་གསལ་ཚང་དགོས་པའི་འོས་ཆོས་ཇི་དགོས་ཀྱི་བསྐོར་ལ་བགྲོ་གླེང་བྱེད་ན་ལེགས། དེ་ནི་ཡོངས་རྒྱུ་ཡོད་པ་དང་གྲུབ་རྒྱུ་ཡོད་པའི་བགྲོ་གླེང་དུ་འགྱུར་སྲིད།
སྐད་ཆ་དྲི་མ་ཅན་དེ་ཚོ་ནི་མི་སེམས་དཀྲུག་བྱེད་ལས་མ་འདས། ཆོས་བརྒྱུད་སྤྱི་མཐུས་དགོས་མིན་དེ་སྔོན་ནས་མ་དྲན་པར་བསམ་དོན་མ་འགྲུབ་པའི་རྗེས་སུ་གཞི་ནས་རོ་ལངས་བརྒྱབ་ཡོང་བ་འདྲ་བོ་ཅི་རེད།
ངས་བལྟས་ན་ང་ཚོའི་ཆོས་ལུགས་རིེས་མེད་ནི་གོང་ས་མཆོག་གི་དགོངས་གཞི་རྨ་མེད་པ་ཞིག་ཡིན་པས། ངས་བལྟས་ན་དེ་ཐད་ཀྱི་གཞུང་ལུགས་དང་། འགྲེལ་བཤད་། ལག་ལེན་སོགས་ཀྱི་གནས་ཚུལ་ཕྱོགས་བསྡུས་བྱས་ན་བཟང་སྙམ། དེ་མིན་ཕན་ཚུན་ལ་ཁྱེད་ཀྱི་ཁ་དང་ངའི་རྣ་ཟེར་རྩོད་པ་བརྒྱབ་ནས་ཅི་ཡང་ཕན་གྱི་མི་འདུག
སྤྱི་འཐུས་ཤིག་དང་མྱི་ཆེན་ཟིག་གིས་བྲིས་ན་རིན་ཐང་ཡོད་པ་མིན་ན། ངས་ཀྱང་ལྷག་བསམ་རྣམ་དག་གིས་ཆོས་རྒྱུད་སྤྱི་འཐུས་སྐོར་ལ་བསམ་འཆར་ཞིག་བྲིས་ནས་རྩོམ་སྒྲིག་པ་ལ་བསྐུར་ཡིན། འོན་ཀྱང་ཕྲན་ནི་སློབ་དཔོན་ཆེན་མོ་དང་སྤྱི་འཐུས་དེ་འདྲ་མིན་པར་རིན་ཐང་མེད་སོང་བ་ཡིན་པ་འདྲ། དེ་མིན་ཕྲན་གྱི་མིང་གཞན་གྱིས་ཐོག་ནས་བྲིས་ན་འགོད་རྐྱང་རེད། ཡ་མཚན་དངོས་བྱུང་འདྲ་བོ་རེད།
ཆོས་ལུགས་སྤྱི་འཐུས་དྲག་སྤྱོད་པ་ཡིན་ནའང་ཐུ་མི་ངེས་པར་དགོས་རེད།
ཡག་པོ་བྱུང་སྤྱི་འཐུས་ལྷ་མོ་སྐྱབས་དུས་བབ་དྲ་ནང་དུ་མཆན་འགོག་མཁན་ཕེབས་པར་དགའ་པོ་བྱུང་།
བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་སོ་བདུན་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྒྲིག་འཛུགས་ཁ་པ་ལས།
ཁ་་་་་་་རྙིང་མ་དང་། བཀའ་བརྒྱུད། ས་སྐྱ། དགེ་ལུགས། གཡུང་དྲུང་བོན་བཅས་ལྔ་པོ་རེ་རེ་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་གཉིས་རེ་དགོས། ཞེས་གསལ་འདུག་ལགས།
དང་པོར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེན་ལས་ཆོས་རྒྱུད་ཀྱི་སྤྱི་འཐུས་དགོས་ཞེས་བཀོད་ཡོད་དུས་ཆོས་རྒྱུད་ཀྱི་སྤྱི་འཐུས་མི་དགོས་ཞེས་རྩོམ་བྲིས་པ་འདིར་བཅའ་ཁྲིམས་དང་མ་མཐུན་པ་མ་ཡིན་ནམ།
རྒྱ་ནག་གཞུང་གི་རྩ་ཁྲིམས་དང་བོད་རང་སྐྱོང་ལྗོངས་ཀྱི་བཅའ་ཁྲིམས་དང་འགལ་བའི་ལས་ཀ་བྱས་པའང་རྩོམ་བྲིས་པ་ཡིན་ན་རྒྱ་ནག་གཞུང་གིས་ཁྲིམས་འགལ་བརྩི་ནས་ཁྲིམས་གཅོད་གཏོང་བཞིན་ཡོད་པ་མ་ཡིན་ནམ།
བོན་རྒྱ་ཁྱེད་གཉིས་ཀྱིས་བཙན་བྱོལ་གཞུང་གི་བཅའ་ཁྲིམས་དང་འགལ་བའི་རྩོམ་ཡིག་བྲིས་བསྡད་པ་འདིར་ཚོ་ལ་བཙན་བྱོལ་གཞུང་གིས་ངོས་ནས་ཁྲིམས་གཅོད་འདྲ་གཏོང་གི་རེད་དམ།
ཨེ་ལྷ་མོ་སྐྱབས། ཁྱེད་ཀྱིས་དམ་བཅའ་འདི་འདྲ་འཇོག་ཡོད་པ་མ་ཡིན་ནམ།
བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལས།
སྤྱི་འཐུས་ལས་ཁུར་དམ་བཅའ་་་་་་་ཁས་ལེན།
༄༅། །བདག་ལྷ་མོ་སྐྱབས་སྤྱི་འཐུས་འོས་འདེབས་བྱུང་བ་ལགས་ན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཡིད་ཆེས་དང་བློ་གཏད་ཀྱི་ཐོག་ནས། སྤྱི་འཐུས་ཀྱི་ལས་ཁུར་ཞུ་སྒོ་མཐའ་དག བཅའ་ཁྲིམས་ཀྱི་འབྲུ་དོན་འགལ་མེད་ཐོག རང་དོན་ཕྱོགས་ལྷུང་དང་། འཇིགས་ཞུམ་ཆགས་སྡང་མེད་པར། དྲང་བདེན་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་རང་ནུས་གང་ཐེག་ཞུ་རྒྱའི།
མཆོག་གསུམ་དཔང་བཙུགས་ཀྱི་དམ་བཙའ་བརྟན་པོ་ཞུ་རྒྱུ་ཡིན། ཞེས་མ་ཡིན་ཐལ། ཧ་ཧཧ
ཁྱེད་ཀྱིས་བྲིས་པའི་རྩོམ་ཐུང་འདིར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་འབྲུ་དོན་དང་འགལ་བ་མ་ཡིན་ནམ།
རང་གིས་དམ་བཅའ་ག་རེ་བཞག་པ་རང་གིས་དྲན་པ་བྱེད་དགོས་པ་མ་རེད་པས།
འདི་ནི་ཁྱེད་རང་དམ་བཅའ་དང་འགལ་འདུག་པས་སྒྲུབ་བྱེད་ཙམ་ལས་ཆོས་རྒྱུད་ཀྱི་སྤྱི་འཐུས་དགོས་པའི་རྒྱུ་མཚན་འགོད་མེད།
རྗེས་སུ་ཞུ་ཆོག་པ་ཞིག
ཐུགས་རྗེ་གཟིགས།
རྒན་ལགས་ཁྱེད་ཀྱིས་ཆབ་སྲིད་ཀྱི་བཟློས་གར་ཟབ་མོ་ཞིག་འཁྲབ་བཞིན་པ་རེད་འདུག
གང་ཡིན་ཟེར་ན་སྤྱི་འཐུས་ཀྱི་འོས་ཤོག་འཕེན་ལ་ཉེར་དུས་རྩོམ་པ་པོ་རྣམས་ཀྱིས་དེའི་
མཉམ་དུ་འདུར་རྒྱུགས་ཀྱི་བྲེལ་མགོ་རྩམས་སོང་ ད་ནི་མི་མང་ཚང་མ་ལྷིང་འཇགས་ངང་བཞུགས་དགོས་པའི་དུས་ཚེས་ཤིག་ཁེལ་འདུག
བཀུར་འོས་སྤྱི་འཐུས་མཆོག་ཁྱོད་ཀྱིས་བཙན་བྱོལ་གཞུང་གི་སྤྱི་འཐུས་འདི་དག་བོད་མི་རིགས་སྤྱི་དང་ཁྱད་པར་དུ་གཞིས་ལས་རྒྱ་ཆེ་མང་ཚོགས་གི་སྐུ་ཚབ་ཞིག་ལ་ངོས་འཛིན་མེད་དམ། ཁྱོད་ཀྱིས་བོད་པ་ཚང་གི་ཁྱིམ་ཚང་ཆེན་པོ་མཚོན་ཕྱིར་ཆོལ་གསུམ་སྤྱི་འཐུས་ངེས་པར་མཁོ། གཉིས་ནས་བཙན་བྱོལ་བོད་མིའི་ཆོལ་ཁོངས་མི་འབོར་གི་མང་ཉུང་ཐོག་ནས་འཐུས་མིའི་མང་ཉུང་བཏོད་ཆོག འདི་ལ་ང་མོས་མཐུན་ཡོད། དེང་སང་གི་དབུས་གཙང་ཆོལ་ཁོངས་ལ་ས་ཁུལ་མང་ཐོག་མི་གྲངས་ཀྱང་མང། དེ་བས་སྤྱི་འཐུས་ཀྱང་མང་ཤོས་ཡིན་དགོས།་ དེ་ནས་མདོ་སྟོད། ཉུང་ཤོས་མདོ་སྨད་ལོས་ཡིན། དེ་དག་གི་ཐོག་ལ་རྒྱལ་ཁོངས་གཞན་གྱི་བོད་མིའི་སྐུ་ཚབ་འཐུས་མི་གང་འཚམ་དགོས། ཞེས་གསུངས་ཚུལ་འདི་བཙན་བྱོལ་བོད་མི་ཙམ་ཞིག་ལས་གཞན་བསམ་བློ་གཏོང་མི་དགོས་པ་ཅི་ཞིག་ཡིན། གསུངས་ཚུལ་འདི་རྩ་ཁྲིམས་དང་བཅའ་ཁྲིམས་ལ་མཐུན་ནམ། གཞིས་ལུས་བོད་མིའི་མི་འབོར་དང་ས་ཆའི་རྒྱ་ཁྱོན་ལ་རྗེས་མངའ་ཡོད་དམ། དྲ་ཐོག་ལ་དེབ་སྐྱེལ་བྱས་ནས་ཁ་བརྡ་བྱས་ན་མ་འགྲིག་པ་མེད་མོད་ངས་བསམ་ཚུལ་ལ་ཁྱོད་ཀྱིས་སྐད་ཆ་འདི་ཉེན་ཁ་ཞིག་ལ་མཐོང་སོང་།
ཨོ། རྒན་ལགས ཁྱོད་ཧོབ་སྟེ་གཉིད་སད་པ་འདྲ་བོ་ག་རེ་བཤད་བསྡད་ཡོད། དེ་ལས་ནུབ་ཕྱོགས་པའི་ལྟ་སྤྱོད་གང་འདྲ་ཡིན་མིན་བཤད་ན་མི་དགའ་འམ། ད་རྡོག་རྡོག་ཁྱེད་ཆོས་ལུགས་སྤྱི་འཐུས་དྲག་སྤྱོད་པ་དེ་ཚོར་སྐྲག་གི་མེད་པ་འདྲ།