དོལ་ཚོགས་ཀྱིས་བཞུགས་སྒར་ཕོ་བྲང་གི་ཉེ་འཁོར་ནས་མི་གསོད་ཀྱི་དོན་རྐྱེན་བཟོས་སྐབས། བཙན་བྱོལ་སྤྱི་ཚོགས་ནང་ཚོགས་པ་སྐྱིད་སྡུག་ཉིས་བརྒྱ་ལྷག་ཡོད་ཀྱང་། ཛ་དྲག་གི་གནད་དོན་དེ་ལ་ཁ་གཏད་གཅོག་མཁན་དང་པོ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཡིན། གཞོན་ནུ་ལྷན་ཚོགས་ཀྱིས་ ༡༩༩༦ ལོར་དོལ་རྒྱལ་སྐོར་ལ་ཛ་དྲག་གི་ཚོགས་འདུ་བསྐངས་ཏེ་གྲོས་ཆོད་དོན་ཚན་ ༦ བཞག་སྟེ་ད་ལྟ་ལག་བསྟར་བྱེད་མུས་ཡིན་ཟེར།
དེ་རིང་ཉིན་རྒྱབ་ཆུ་ཚོད་ ༢ སྟེང་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་གོ་སྒྲིག་འོག བཞུགས་སྒར་ཡོངས་གླིང་སློབ་གྲྭ་རུ་༼ དབུ་མའི་ལམ་དང་རང་བཙན་བརྩོན་ལེན་པ་གཉིས་ཀྱིས་ལམ་དབུ་མར་ལྟ་ཚུལ་གང་འདྲ་བཟུང་ཡོད༽ ཅེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཞིག་གོ་སྒྲིག་ཞུས་ཡོད་ཅིང་། གཏམ་བཤད་གནང་མཁན་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་རྒྱུན་ལས་མགོ་ལོག་དམ་ཆོས་དཔལ་བཟང་ལགས་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་དོན་གྲུབ་ལྷ་དར་ལགས། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ལས་རོགས་འཇམ་དཔལ་སྨོན་ལམ་ལགས་བཅས་ཕེབས་འདུག ཐོག་མར་གཏམ་བཤད་གནང་མཁན་ཚོས་སོ་སོའི་བརྗོད་གཞིའི་ཐོག་སྐར་མ་བཅུ་རེར་གསུང་བཤད་གནང་རྗེས་མང་ཚོགས་དང་ལྷན་དུ་དྲི་བ་དྲིས་ལེན་བྱས་ཡོད།
བགྲོ་གླེང་གི་ཐོག་མར་དམ་ཆོས་དཔལ་བཟང་ལགས་ཀྱིས་༼ གཉིས་སྨན་དབུ་མའི་ལམ་གྱི་དགོས་དམིགས་དང་། གཞིས་བྱེས་རྒྱ་ཆེའི་མི་མང་གི་མངོན་འདོད ༽ ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་དོན། དེ་རིང་འདིར་སྐད་ཆ་བཤད་མཁན་ང་རང་ལ་མཚོན་ན། དབུ་མའི་ལམ་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན། ཡིན་ནའང་རང་བཙན་སླར་གསོ་བྱེད་མཁན་ལ་སྔར་དགག་པ་བརྒྱབ་མྱོང་མེད་ལ། ཕྱིན་ཆད་ཀྱང་དགག་མི་སྲིད། རྒྱུ་མཚན་གང་ཡིན་ཟེར་ན། བོད་བསྟན་སྲིད་ཆེད་བཙན་བྱོལ་སྤྱི་ཚོགས་ནང་འདམ་ག་བཞི་བྱུང་ཡོད། འདི་ནི་ཁ་ཡོད་ལག་ཡོད་ཀྱི་དམངས་གཙོ་ཡང་དག་པ་ཞིག་ལ་ངོས་འཛིན་བྱས་ཡོད། དེར་བརྟེན། ཕན་ཚུན་གུ་ཡངས་ཀྱི་བགྲོ་གླེང་ལྷུག་པོ་དང་བསམ་ཤེས་ཡོང་གི་རེད་བསམ་ཡོད། ཅེས་དང་།
མ་གཞི་ང་ཚོ་དང་ཁྱེད་ཚོའི་བར་གྱི་འགལ་བ་ཞིག་མིན་ལ། སུ་རྒྱལ་སུ་ཕམ་གྱི་གནད་དོན་ཞིག་དེ་བས་ཀྱང་མིན། སོ་སོས་བདམས་པའི་ལམ་ལ་འགྲོ་པ་ལས་གཅིག་གི་ཁ་གཏད་དུ་གཅིག་ལངས་བ་ཞིག་རྩ་བ་ནས་མིན། ད་ལོའི་ཟླ་ ༩ ཚེས་ ༤ ཉིན་དབུ་མའི་ལམ་གྱི་ཚོགས་མི་དང་གཞོན་ལྷན་གྱི་ཚོགས་མི་ཕོ་བྲང་དུ་མཉམ་བཅར་སྐབས། ༧གོང་ས་མཆོག་གིས་ཀྱང་དེང་སྐབས་སྤྱི་ཚོགས་ནང་། ཁོ་རང་བཙན་རྩོད་མཁན་རེད། ཁོ་དབུ་མའི་ལམ་རྩོད་མཁན་རེད་ཟེར་ནས་འགལ་ཟླའི་རྣམ་པ་ཞིག་ཡོང་གི་ཡོད་པ་དེ་ནོར་བ་རེད་ཅེས་གསུངས་པ་ཚང་མས་མཁྱེན་གསལ་རེད། ད་ལྟའི་ཆར་རང་ཅག་གི་ལས་འགན་གཙོ་བོ་ནི། མཐུན་སྒྲིལ་གཅིག་གྱུར་ཐོག་གཞིས་བྱེས་བོད་མིའི་མངོན་འདོད་ངོ་མ་དེ་མངོན་འགྱུར་བྱ་ཐབས་སུ་འབད་བརྩོན་ལྷོད་མེད་བྱ་རྒྱུ་དེ་རེད། དེ་རིང་གི་བགྲོ་གླེང་ཡང་རང་རེའི་བར་གྱི་སྣང་ཚུལ་དང་གནས་ཚུལ་མི་མཐུན་ཕྱོགས་ཀྱི་དཀའ་ངལ་སེལ་རྒྱུར་དམིགས་པ་ཡིན། ཞེས་གསུངས་སོང་།
མཇུག་ཏུ་དབུ་མའི་ལམ་དང་རང་བཙན་བར་གྱི་ཁྱད་པར་འགའ་བརྗོད་དོན། དབུ་མའི་ལམ་དང་རང་བཙན་གཉིས་ཀྱི་ལྟ་ཚུལ་དང་ཐབས་ལམ་ཡང་ཐུན་མོང་དང་། དམིགས་ཡུལ་ཁ་ཁ་ཡིན། དང་པོ། དབུ་མའི་ལམ་དང་རང་བཙན་གཉིས་ཀྱི་ལྟ་ཚུལ་ཐུན་མོང་བ་ནི། ལོ་རྒྱུས་ཐོག་བོད་འདི་རྒྱ་དང་སོག་པོ། མན་ཇུ། གོ་མིན་ཏང་དང་གུང་ཁྲན་ཏང་གང་གི་ཆ་ཤས་ཀྱང་མིན་པ་དེ་རེད། གཉིས་པ། ཕྱོགས་གཉིས་ཀྱི་ཐབས་ལམ་ཐུན་མོང་བ་ནི། འཚེ་བ་མེད་པའི་ལམ་ནས་རྩ་དོན་འཐབ་རྩོད་དང་། ༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུ་དེ་རེད། གསུམ་པ། ཕྱོགས་གཉིས་ཀྱི་དམིགས་ཡུལ་ཁ་ཁ་ཡིན་པ་ནི། དབུ་མའི་ལམ་རྩོད་མཁན་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཚད་ལྡན་ཞིག་ཡོང་ཐབས་བྱ་རྒྱུ་དེ་ཡིན་ཞིང་། རང་བཙན་རྩོད་མཁན་ཚོས་བོད་རྒྱ་ནག་ལས་ཁ་བྲལ་ཏེ་ཇི་སྲིད་བར་རང་བཙན་གཙང་མའི་ངོ་བོར་སྡོད་རྒྱུ་དང་། ལོ་རྒྱུས་ཐོག་གི་བོད་ཕྱི་ནང་སྣོད་བཅུད་དང་བཅས་པར་རང་བདག་བྱ་རྒྱུ་དེ་རེད། ཅེས་གསུངས་སོང་།
དེའི་རྗེས་དོན་གྲུབ་ལྷ་དར་ལགས་ཀྱིས་༼ བོད་རང་བཙན་རྩོད་ལེན་པས་གཉིས་སྨན་དབུ་མའི་ལམ་ལ་ལྟ་ཚུལ ༽ ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་དོན། བར་ལམ་ཞིག་ནས་དབུ་མའི་ལམ་དང་རང་བཙན་བར་འགལ་ཟླའི་གླེང་སློང་ཞིག་ཡོང་གི་ཡོད། དབུ་མའི་ལམ་དང་རང་བཙན་གཉིས་བར་རྩ་དོན་གྱི་དམིགས་ཚད་ལ་ཁྱད་པར་ཆེན་པོ་ཡོད་པ་ཁས་ལེན་དགོས་ལ། ལངས་ཕྱོགས་འདི་གཉིས་བར་ཐུན་མོང་གི་དམིགས་ཡུལ་དང་ཐུན་མོང་གི་དགོས་ཕན་ཡོད་པ་ཡང་ཁས་ལེན་དགོས། ལྷག་བསམ་རྣམ་དག་གིས་རང་བཙན་རྩོད་མཁན་དང་དབུ་མའི་ལམ་རྩོད་མཁན་ཞིག་ཡིན་ན། ༧གོང་ས་མཆོག་དང་བོད་གཞུང་ལ་གུས་བཀུར་ཡིད་ཆེས་གཅིག་གྱུར་ཡིན། དེ་ལ་ཁྱད་པར་དང་མཐོ་དམན་ཡོད་པ་མ་རེད། དེ་བཞིན། བོད་ནང་གི་ཁོར་ཡུག་དང་རིག་གཞུང་། མི་རིགས་ཀྱི་གནས་བབ་ཛ་དྲག་ལས་བསྐྱབ་རྒྱུ་དེ་ཡང་ཐུན་མོང་གི་དམིགས་ཡུལ་རེད། ད་དུང་རང་བཙན་རྩོད་མཁན་དང་དབུ་མའི་ལམ་རྩོད་མཁན་གཉིས་ཀར་ཐུན་མོང་གི་སྟོབས་ཤུགས་གསུམ་ཡོད། དང་པོ། ལོ་རྒྱུས་ཐོག་བོད་རང་བཙན་ཡིན་པ། གཉིས་པ། ༧གོང་ས་མཆོག་གི་དབུ་ཁྲིད། གསུམ་པ། ཆོལ་ཁ་གསུམ་རྡོག་རྩ་གཅིག་སྒྲིལ་བཅས་རེད། ཅེས་དང་།
དེ་རིང་འདིར་གསལ་བོ་བཟོ་དགོས་པ་ཞིག་ལ། བར་ལམ་ཞིག་ནས་བོད་པའི་འཐབ་རྩོད་དེ་ལམ་དབུ་མ་དང་རང་བཙན་བར་གྱི་འཐབ་རྩོད་ཡིན་པའི་བཟོ་འདྲ་བོ་གསུང་མཁན་ཡོང་གི་ཡོད། ལྷག་བསམ་རྣམ་དག་གིས་དབུ་མའི་ལམ་རྩོད་མཁན་ཡིན་ན། ཁ་གཏད་གཅོག་ས་རྒྱ་ནག་ཡིན་པ་དང་། དམིགས་ཡུལ་བོད་མི་ས་ཡ་དྲུག་གི་ཁེ་ཕན་ཆེད་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་ལ། ལྷག་བསམ་རྣམ་དག་གིས་རང་བཙན་རྩོད་མཁན་ཞིག་ཡིན་ནའང་ཁ་གཏད་ས་དགྲ་བོ་རྒྱ་ནག་དང་། དམིགས་ཡུལ་བོད་མི་ས་ཡ་དྲུག་གི་བདེ་རྩའི་ཆེད་ཡིན་པར་ཡིད་ཆེས་བྱེད་ཀྱི་ཡོད། དེར་བརྟེན། ང་ཚོའི་འཐབ་རྩོད་དེ་ལམ་དབུ་མ་དང་རང་བཙན་བར་གྱི་འཐབ་རྩོད་ཅིག་རྩ་བ་ནས་མིན། ཞེས་གསུངས་སོང་།
ཡང་མང་པོ་ཞིག་གིས་རང་བཙན་བརྩད་ན་དབུ་མའི་ལམ་ལ་གནོད་པ་དང་། གཞོན་ནུ་ལྷན་ཚོགས་ཀྱིས་༧གོང་ས་མཆོག་དང་བོད་གཞུང་ལ་ཁ་གཏད་གཅོག་གི་ཡོད་པའི་དགོངས་ཚུལ་གསུང་མཁན་ཡོད། དེ་དག་ལ་གསལ་བོ་ཞུ་རྒྱུ་ཞིག་ལ། གཞོན་ནུ་ལྷན་ཚོགས་ཀྱིས་ལམ་དབུ་མར་ཁ་གཏད་གཅོག་གི་མེད་ལ། ༧གོང་ས་མཆོག་དང་བོད་གཞུང་ལ་ཡང་ཁ་གཏད་གཅོག་གི་མེད། སུ་ལ་ཁ་གཏད་གཅོག་གི་ཡོད་ཟེར་ན་དགྲ་བོ་རྒྱ་ནག་ལ་ཁ་གཏད་གཅོག་གི་ཡོད་ལ། སུ་ཞིག་གི་ཆེད་དུ་ཡིན་ཟེར་ན་བོད་མི་ས་ཡ་དྲུག་གི་མ་འོངས་པའི་མདུན་ལམ་ཆེད་དུ་ཡིན། འདི་ལ་བདེན་དཔུང་གང་ཡོད་ཟེར་ན། ༡༩༧༠ ལོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་པ་ནས་ཉི་མ་དེ་རིང་བར་ལངས་ཕྱོགས་རང་བཙན་ཡིན། སྐབས་དེ་དུས་འཛམ་གླིང་ཐོག་ལམ་དབུ་མ་ཟེར་བ་ཞིག་མེད། བོད་གཞུང་དམངས་གཉིས་ཀྱི་ལངས་ཕྱོགས་རང་བཙན་རེད། ཅེས་དང་།
༧གོང་ས་མཆོག་དང་བོད་གཞུང་ལ་མཛད་དཀའ་བཟོ་མཁན་དེ་གཞོན་ནུ་ལྷན་ཚོགས་མ་རེད། དོལ་རྒྱལ་ཚོགས་པ་དང་བོད་སོག་ལས་ཁུངས་ཀྱི་དངུལ་ཟ་མཁན་དེ་ཚོ་རེད། འདི་ལ་འཚེར་སྣང་དང་འཛེམ་ཟོན་བྱ་དགོས་པ་གང་ཡང་ཡོད་པ་མ་རེད། དོལ་ཚོགས་ཀྱིས་བཞུགས་སྒར་ཕོ་བྲང་གི་ཉེ་འཁོར་ནས་མི་གསོད་ཀྱི་དོན་རྐྱེན་བཟོས་སྐབས། བཙན་བྱོལ་སྤྱི་ཚོགས་ནང་ཚོགས་པ་སྐྱིད་སྡུག་ཉིས་བརྒྱ་ལྷག་ཡོད་ཀྱང་། ཛ་དྲག་གི་གནད་དོན་དེ་ལ་ཁ་གཏད་གཅོག་མཁན་དང་པོ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཡིན། གཞོན་ནུ་ལྷན་ཚོགས་ཀྱིས་ ༡༩༩༦ ལོར་དོལ་རྒྱལ་སྐོར་ལ་ཛ་དྲག་གི་ཚོགས་འདུ་བསྐངས་ཏེ་གྲོས་ཆོད་དོན་ཚན་ ༦ བཞག་སྟེ་ད་ལྟ་ལག་བསྟར་བྱེད་མུས་ཡིན། ཞེས་གསུངས་སོང་།
ཁོས་མུ་མཐུད་དུ་གསུངས་དོན། དབུ་མའི་ལམ་ལ་དང་ལེན་མ་བྱས་པ་ཙམ་གྱིས་༧གོང་ས་མཆོག་གི་དགོངས་གཞི་ཡོངས་རྫོགས་དང་འགལ་ཟླ་ཆགས་ཀྱི་མེད། ༧གོང་ས་མཆོག་གི་ཆབ་སྲིད་ཀྱི་ལངས་ཕྱོགས་དེ་དབུ་མའི་ལམ་ཡིན་རུང་། སྤྱི་ཡོངས་ཀྱི་ལམ་སྟོན་དང་དགོངས་གཞི་དེ་དམངས་གཙོ་ཡང་དག་པའི་ལམ་སྲོལ་ལ་བརྟེན་ཏེ། བོད་པ་མི་རེ་ངོ་རེ་ཡིས་འཚེ་མེད་ཞི་བའི་ཐོག་ནས་རྩ་དོན་འཐབ་རྩོད་ལ་འགན་འཁུར་རྒྱུ་དེ་རེད། དགོངས་གཞི་དེའི་འོག་དབུ་མ་དང་རང་བཙན། རང་ཐག་རང་གཅོད། བདེན་པའི་ཨུ་ཚུགས་གང་ཞིག་བརྩད་ཀྱང་ཆོག་གི་རེད། རང་བཙན་རྩོད་པ་དེ་དབུ་མའི་ལམ་གྱི་ཆེད་མིན་ཡང་། རང་བཙན་འཐབ་རྩོད་བྱས་ན་དབུ་མའི་ལམ་ལ་བརྒྱ་ཆའི་བརྒྱ་ཕན་གི་རེད་མ་གཏོགས་གནོད་གི་མ་རེད། ཅེས་བརྗོད་བྱུང་།
མཇུག་ཏུ་འཇམ་དཔལ་སྨོན་ལམ་ལགས་ཀྱིས་༼ གཉིས་བྱེས་གཉིས་སུ་བོད་མིའི་གཅིག་སྒྲིལ་ལ་བལྟས་པའི་མྱོང་ཚོར ༽ ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་དོན། དབུ་མའི་ལམ་དང་རང་བཙན་གཉིས་རྩ་དོན་འཐབ་རྩོད་ཀྱི་ལངས་ཕྱོགས་ཁ་ཁ་ཡིན་ཡང་། འཐབ་རྩོད་ཀྱི་ཁ་གཏད་ས་རྒྱ་ནག་དང་། དམིགས་ཡུལ་མཐར་ཐུག་བོད་མི་ས་ཡ་དྲུག་གི་བདེ་སྐྱིད་ཆེད་རེད། རང་བཙན་རྩོད་མཁན་ཡིན་ན། རང་བཙན་གྱི་ལྟ་བ་ལངས་ཕྱོགས་དང་། དགོས་པ་དམིགས་ཡུལ་ཆ་ཚང་ལ་ངེས་པ་བརྙེས་དགོས་ལ། དེ་བཞིན། དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་མཁན་ཡིན་ནའང་། དབུ་མའི་ལམ་གྱི་འདས་པའི་བྱུང་རིམ་དང་། མ་འོངས་པའི་དམིགས་ཡུལ་ཆ་ཚང་རྟོགས་དགོས། འདི་ལྟར་ཕྱིན་པ་ཡིན་ན། ལངས་ཕྱོགས་འདི་གཉིས་བར་འགལ་བ་གང་ཡང་ཡོང་གི་མ་རེད་ལ། རྩ་དོན་འཐབ་རྩོད་ཐོག་ནུས་པ་ཤུགས་ཆེན་འཐོན་གི་རེད། བོད་ནང་ལ་མཚོན་ན། ཆོལ་ཁ་ཆོས་ལུགས་ཀྱི་འཐེན་འཁྱེར་ཡོད་པ་མ་རེད་ལ། རང་བཙན་དབུ་མའི་ལམ་གྱི་རྩོད་གླེང་ཡང་ཡོད་པ་མ་རེད། བོད་ཡུལ་མདོ་དབུས་ཁམས་གསུམ་དམ་ཚིག་རྡོག་རྩ་གཅིག་སྒྲིལ་རེད། རྒྱག་གཅིག་མཆོང་གཅིག་གིས་རྒྱ་གཞུང་ལ་ངོ་རྒོལ་དང་། ༧གོང་ས་མཆོག་བོད་དུ་ཕེབས་རྒྱུ་དེ་རེད། ཅེས་གསུངས་སོང་།
དབུ་མའི་ལམ་དང་རང་བཙན་གཉིས་ཀ་མ་ཡིན་པ་ཞིག་ཡིན་ཚེ་དེ་ཡང་དབུ་མ་བ་ཞིག་མ་ཡིན་ནམ།
ང་རང་བཙན་གཙང་མའི་ལངས་ཕྱོགས་ཡིན། དབུ་མའི་ལམ་ལ་ཡང་རྒྱལ་སྐྱོར་ཡོད། ད་ང་མགོ་གཉིས་མ་ཞིག་ཡིན་ས་རེད་པ། ཧ་ཧ་ཧ་ཧ།
གུག་རྟགས་ནང་གི་༼ གཉིས་བྱེས་གཉིས་སུ་་་་་་་་་་་་་་་་་་་༽ཟེར་བ་དེ་༼གཞིས་བྱེས་གཉིས་སུ༽ཡིན་པ་འདྲ།
ང་ཚོའི་སྟོབས་ཤུགས་ནི་ཆིག་སྒྲིལ་དང་ཤེས་ཡོན།་་བདེན་པ་བཅས་ཡིན་པས་དེར་བརྟེན་ང་ཚོས་ངེས་པར་དུ་དབུ་མ་དང་རང་བཙན་གཉིས་བར་རྩོད་པ་མཚམས་བཞག་ནས་གཙོ་བོ་རང་འགན་རང་་ཁུར་བྱས་ན་ང་ཚོ་བོད་མི་ཀྱི་རིགས་ཀྱི་དམིགས་འདུན་དུ་སླེབས་ཐུབ་པར་བྱ
རང་བཙན་དང་དབུ་མ་གཉིས་ཕན་ཚཱུན་སྐྱོན་འཛུགས་རེས་མ་བྱས་ནས་ཐོག་མར་ང་ཚོ་བོད་མི་རྣམས་ཤེས་ཡོན་ཡང་དག་པར་སྤྲོད་ཐུབ་པར་གྱིས་དང་ང་ཚོའི་ལྟ་བར་ཁྲེགས་འཛིན་བྱས་ན་ཕན་མི་ཐོག་པའི་ཉ་ཉོག་གཤད་ན་ཀྱི་ཕན།་
གཙོ་བོ་ལྷག་བསམ་རྣམ་དག་གི་སྒོ་ནས་རང་མི་རིགས་ལ་ཕན་པའི་བྱ་བ་རེ་སྒྲུབ་ན་དེའི་ཕན་ཐོགས་ཆེ་སྙམ།
བདེན་གི བླ་རྒན་ཚོ་ལ་སྨྲ་བརྗོད་རང་དབང་ལོས་དགོས། འོན་ཀྱང་སྨྲ་བརྗོད་རང་དབང་ཟེར་བ་དེ་ལ་ཡང་ཚད་ཅིག་ཡོད་པ་ཤེས་དགོས། ལྷག་པར་ཆབ་སྲིད་ཀྱི་གར་སྟེགས་སྟེང་ནས་གཏམ་བཤད་བྱེད་སྐབས། བཤད་འོས་པ་དང་མི་འོས་པའི་ས་མཚམས་ཟིན་དགོས། དེ་མིན་སྔ་ཚིག་མི་མཚུང་རི་བོང་ཡ་ཁ་ལྟ་བུ་དང་། ཕྱི་ཚིག་མི་མཚུངས་དྲེད་མོང་གི་ཕྱི་སྟང་ལྟ་བུ་བཤད་ན་ཕན་ལས་གནོད་པ་ཆེ་ནི་རེད།
ལྷག་པར་དུ་༧གོང་ས་མཆོག་དང་བོད་མིའི་ཐོག་རྒྱ་ནག་གིས་བཙན་འགེལ་བྱེད་བཞིན་པའི་ཐ་སྙད་ཁ་བྲལ་བ་ཟེར་བ་དེ་རང་བཙན་འཐད་རྩོད་པའི་མགོར་བཞག་ན་ཤིན་ཏུ་མི་འོས་པ་རེད། སྤྱིར་བཏང་ཆབ་སྲིད་ཀྱི་ཟུར་ཆ་ཙམ་ཡང་མི་ཤེས་པའི་བླ་རྒན་འདི་ཚོ་རང་གི་དགོན་པར་སོང་ནས་ཁ་འདོན་རེ་བཏོན་ནས་བསྡད་ལ་ཡག་ཤོས་རེད།
གལ་ཏེ་ཆབ་སྲིད་ལ་གོ་རྟོགས་ཡོད་ཅིང་བོད་རིགས་ཀྱི་རྩ་དོན་ལ་ཤ་ཚ་ཡོད་མཁན་ཞིག་ཡིན་ན། སྐྱ་སེར་གྱི་ཁྱད་པར་ཡོད་ནི་མ་རེད། མི་མང་གི་ཡིད་ཆེས་དང་དད་པ་བྱེད་སའི་བླ་ཆེན་རྣམས་ཀྱིས་ངེས་པར་དུ་བོད་དོན་སྒྲུབ་དགོས། དཔེར་ན་ཤིང་བཟའ་རིན་པོ་ཆེ་ལྟ་བུ་རེད།
དེ་མིན་གོང་གི་བླ་རྒན་མྱིག་རྫོད་ལྟ་བུ་ཚོ་གད་སྙིགས་ནང་བཞིན་སྲིད་ཀྱི་གར་སྟེགས་སྟེང་ནས་གཡུག་བཞག་ན་ཡག་པོ་རེད།
མངའ་རིས་བུ། ཁྱོད་ལ་ཡིན་ཅིག་མིན་གཉིས་གཅིག་རང་དགོས་ན།
བོད་མི་ཚང་མས་རང་བཙན་བརྩོད།
དེ་ལས་གཞན་ཁྱོད་ལ་ལམ་ཁ་མེད་ཤེས་སོང་ངམ་་་་་་་་་མང་པོ་མེད་དེ་རང་ཡིན།
བླ་རྒན་འདི་ཚོས་འཁྲབ་སྟོན་ཡག་པོ་ཞེ་དྲ་ཤེས་ཀྱི་འདུག།
དེང་སང་བླ་རྒན་ཁག་ཅིག་གིས་གྲྭ་ས་གྲྭ་ཚང་ཁག་ཅིག་ལ་རང་གི་དབང་ཤུགས་བེད་སྤྱོད་གཏོང་ནས་སྔོན་ན་མེད་པའི་དབུ་མའི་ལམ་གྱི་སླབ་བྱ་ཟེར་བ་དེ་འདྲ་ཡང་ཐེང་ཁ་ཤས་སྤེལ་ཡོད། སླབ་བྱ་ཡིན་པས་སྐད་ཆ་བཤད་མཁན་ཡང་བླ་རྒན་ལྟ་བ་མཉམ་གནས་ཟེར་བ་གང་ཡིན་མི་ཤེས་མཁན་རྐྱང་རྐྱང་རེད། ད་དུང་དགོད་ཁ་སློང་བྱེད་ཞིག་ལ་དབུ་མའི་ལམ་གྱི་སླབ་བྱ་ཟེར་ཡང་སླབ་བྱ་རྒྱབ་མཁན་གྱིས་དབུ་མའི་ལམ་གྱི་ངོ་བོ་དང་རྒྱབ་ལྗོང་ཙམ་ཡང་མཁྱེན་ཀྱི་མི་འདུག་། ཡིན་ན་ཡང་དེ་དག་གི་སྐད་ཆ་ནང་ཤུགས་ཆེ་ཤོས་ཤིག་ལ་༧གོང་ས་མཆོག་གི་མཚན་ནས་ཡང་ནས་སྐྱར་དུ་འབོད་ཀྱི་འདུག། ངས་མཐོང་སྣང་ལ་ཁོ་ཚོའི་སྒྲུབ་བྱེད་མཐའ་ཐུགས་དེ་༧གོང་ས་མཆོག་གི་དགོངས་གཞི་རེད་ཟེར་བ་ལས་གཞན་རང་ཉིད་ཀྱིས་བཏགས་དཔྱད་བྱས་ནས་དགེ་མཚན་དང་ཞན་ཆ་འདི་དང་འདི་ཡོད་ཞེས་ཚིག་གཅིག་ཀྱང་གསུངས་བ་ངས་གོ་ཐོས་མ་བྱུང། ད་དུང་དེ་དག་གིས་ཟ་དང་ཟུར་ལ་རང་བཙན་བརྩོད་ན་བོད་མི་རིགས་རིག་གཞུང་བཅས་པ་ཛ་དྲག་ལས་སྐྱོབ་ཐུབ་ཀྱི་མེད་པ་དང། བོད་རང་བཙན་ནི་བོད་མིའི་མངོན་འདོད་མ་ཡིན་ཚུལ་ཁུང་མེད་ལུང་མེད་ཀྱི་སྐད་ཆ་མང་པོ་བཤད་ཀྱི་འདུག། དགོན་པའི་དགེ་སྐུལ་དེ་དག་གིས་དབུ་མའི་ལམ་གྱི་བགྲོ་གླེང་མི་བཙུག་པར་སླབ་བྱ་སྤེལ་དགོས་དོན་ནི་སླབ་བྱ་སྐབས་སླབ་བྱ་སྤེལ་མཁན་རྣམས་མ་གཏོག་གྲྭ་མང་གིས་རང་ཉིད་མངོན་འདོད་བཤད་རྒྱུ་བའི་གོ་སྐབས་མེད། མ་ཚད་སྤྱི་གཏང་ནས་སྔོན་དགོན་པ་ཚང་མའི་སླབ་བྱ་ཟེར་དུས་ངེས་པར་དུ་སླབ་དགོས་པའི་གནད་དོན་རྣམས་དགེ་རྒན་དང་བླ་མ་རྩ་ཆེན་དེ་དག་གིས་ངེས་པར་དུ་སླབ་དགོས་པ་དང་མ་སླབ་ན་མི་འགྲིག་པར་བཤད་སའི་དུས་ཚོད་ཞིག་དང་དེ་དག་སླབ་འདོད་མེད་ཚེ་དགོན་པའི་སྒྲིགས་དང་འགའ་བས་དགོན་པ་ནས་ཐོན་དགོས་པའི་སྐོར་ངར་ངར་བྱས་ནས་སྐད་ཆ་བཤད་སའི་སྡེང་ཆ་ཞིག་ཀྱང་རེད། འདིར་འདྲའི་སྡེང་ཆ་ཞིག་དུ་དབུ་མའི་ལམ་གྱི་སླབ་བྱ་ཟེར་བ་ཞིག་སྤེལ་བ་ནི་རང་སྣང་གང་དྲན་ལས་གཞན་ཆབ་སྲིད་དང་མང་གཙོ་ཙམ་ཡང་མི་ཤེས་པའི་རང་ལྟ་མཆོག་འཛིན་གྱི་གང་ཟག་ཞིག་ཡིན་པ་ནི་སུས་ལྟས་ཀྱང་མཐོང་ཐུབ། ཁོ་པ་ཚོའི་དམིགས་ཡུལ་ནི་བོད་མི་རིགས་ཀྱི་ཆེད་དུ་མིན་ལ་༧གོང་ས་མཆོག་གི་དབུ་འོག་དཔུང་འདེད་བྱས་པ་ཡང་དེ་བས་མིན། དམིགས་ཡུལ་ཁག་ཅིག་ཡོད་པ་ནི་རང་རང་གི་ལས་གནས་སྐབས་༧གོང་ས་མཆོག་གི་དགོངས་གཞི་སྒྲུབ་ཀྱི་ཡོད་པའི་རྣམ་པ་སྟོན་ཆེད་དང་དེ་འཚུངས་སུ་དབུ་མའི་ལམ་ལ་འདུན་པ་ཤུགས་ཆེར་ཡོད་པའི་གཞུང་གི་གནད་ཡོད་མི་སྣ་དེ་དག་གི་གསལ་རྟོགས་ཡོང་ཆེད་། ད་དུང་སློབ་གཉེར་བ་རང་བཙན་ལ་མོས་པ་ཡོད་མཁན་རྣམས་འབུ་འཇོམ་སྟོང་ཆེད་
སོགས་གནད་དོན་དེ་དག་ལས་གཞན་དགེ་མཚན་གང་ཡང་མེད།
བླ་རྒན་འདི་ཚོས་་་་་་་་་ཅི་མཛད་ལེགས་པ་མཐོང་བས་མོས་གུས་ཀྱིས།
བླ་མའི་བྱིན་རླབས་སེམས་ལ་འཇུགས་པ་ཤོགས་
ཞེས་པའི་ཚིག་འདི་ཆབ་སྲིད་ནང་དུ་ཁུར་ཡོང་ནས་དེང་སང་བེད་སྤྱོད་ཆེན་པོ་གཏོང་བཞིན་འདུག། རང་རང་གི་རྣམས་དཔྱོད་བེད་སྤྱོད་གཏོང་ནས་རང་རང་གི་ལྟ་བ་དང་ལང་ཕྱོགས་འཛིན་དགོས་པ་ལས་བླ་ཆེན་དང་དཔོན་ཆེན་དག་གིས་རྗེས་སུ་རྒྱུག་ནས་ཚོད་ཚོད་ཀྱི་སྐད་ཆ་བཤད་པ་ནི་བོད་མི་ཞིག་གི་ལས་འགན་མ་ཁུར་པ་དང་རང་ཉིད་ཀྱི་གཟུགས་ཕུང་རང་དབང་ལུང་དུ་ཡོད་ཀྱང་སེམས་པའམ་བསམ་བློའི་རང་དབང་མི་གཞན་གྱི་འོག་དུ་ཤོར་ཟིན་པ་ཡིན་པས་ཅི་ནས་ཀྱང་གངས་ཅན་པ་རྣམས་གཟབ་པ་མཚལ། ངས་ངོ་མ་ཡིན་ཀོ། ཨ་བདེན་པ་གསལ།
གཞོན་ནུ་ལྷན་ཚོགས་ཀྱིས་༧གོང་ས༧་མཆོག་ལ་ཁ་གཏད་གཅོག་གི་མེད་ཅིང་བོད་གཞུང་ལའང་ཁ་གཏད་མི་གཅོག་པ་ཤེས་གསལ་རེད།
འོན་ཀྱང་༧གོང་ས་༧་མཆོག་གི་དགོངས་པ་དང་འགལ་བར་བཤད་པ་ནི་དངོས་བདེན་རེད།
ལྷག་པར་དུ་༧གང་ས་༧ས་མཆོག་དང་བཙན་བྱོལ་བོད་གཞུང་གིས་བསྒྲུབ་བཞིན་པའི་དབུ་མའི་ལམ་དེར་འགོག་རྐྱེན་གཏན་གཏན་གྱིས་ཟོས་ཡོད།
གང་ཡིན་ཟེར་ན།
༧གོང་ས་༧་མཆོག་དང་བོད་གཞུང་ནས་རྒྱ་ནག་ལ་སྐད་ཆ་ཤོད་དུས་དང་རྒྱ་ནག་གིས་ནམ་ཞིག་ཡིན་ཀྱང་ཏ་ལི་ཁ་བྲལ་རིང་ལུགས་དང་ཏ་ལིས་རང་བཙན་རྩོད་ཀྱི་འདུག་ཅེས་དང།
ཏ་ལི་ནས་དངོས་ཤུགས་རྒྱུད་གསུམ་ནས་རང་བཙན་རྩོད་ཀྱི་འདུག་ཅེས་པ་དེ་ནི་གཞོན་ནུ་ལྷན་ཚོགས་ཀྱིས་རྩོད་གཞི་དེ་ཚོར་ཟེར་བ་མ་གཏོགས་དེ་མིན་༧གོང་ས་༧མཆོག་གིས་ནམ་ཡང་རང་བཙན་བརྩད་པ་མེད་པས་དེ་ལྟར་ཤོད་དགོས་པའི་དགོས་དོན་མེད་པའི་ཕྱིར།
ཚངས་བང་གཅིག་གི་ནང་དུ་ཤ་མེད་དང་ཤ་ཡོད་ཀྱི་ཟས་རིགས་སྣ་ཚོགས་ཤིག་བཟོ་དགོས་ཚེ་གཅིག་གིས་གཅིག་ལ་འགལ་རྐྱེན་འཕྲད་ངེས་རེད།
བོད་མི་ཀུན་གྱིས་དབུ་ཁྲིད་གཅིག་གི་འོག་ནས།
བདེ་སྐྱིད་བསྒྲུབ་པའི་ཐབས་ལམ་གཅིག
དམིགས་ཡུལ་གཅིག
འབོད་སྐད་གཅིག
སྙན་ཞུ་གཅིག
རྒྱལ་ཁབ་ཀུན་ལ་ཤོད་རྒྱུ་གཅིག་བྱུང་ན་མི་ལེགས་སམ།
དེ་མིན་༧གོང་ས་༧་མཆོག་དང་བོད་གཞུང་གིས་བོད་ལ་རང་སྐྱོངས་ལྗོངས་ལ་རྒྱབ་སྐྱོར་དགོས་ལུགས་ཀྱིས་འབོད་བསྐུལ་ཞུས།
གཞོན་ནུས་རང་བཙན་དགོས་ལུགས་ཀྱིས་འབོད་བསྐུལ་ཞུས།
ཅིག་ཅིག་མིག་མིག་གིས་བདེན་པའི་དབུ་ཚུགས་ཀྱི་འབོད་བསྐུལ་ཞུས།
དེ་འདྲ་བསམ་ཚུལ་མི་མཐུན་མང་པོ་ཞིག་ལ་རྒྱལ་ཁབ་དང་དེ་ཡི་དབུ་ཁྲིད་དེ་ཡི་གྲོགས་ཚོགས་དེ་ཡི་ཡུལ་མི་གྲོགས་པོ་ཚོའི་མགོ་བོ་འཁོར་ནས་བསྡོད་རྒྱུ་ལས་ཁས་ལེན་བྱེད་ཐབས་དཀའ་བ་ཞིག་རེད།
ཡང་ན་ཁོང་ཚོ་རྣམས་ཀྱིས་མི་རེ་ངོ་རེའི་ངོར་ཁས་ལེན་མི་འདྲ་བ་རེ་བྱས་ཏེ་སྡོད་རྒྱུ་ལས་མ་འདས།
བླ་རྒན་ལ་སྨྲ་རྗོད་རང་དབང་ཡོད་དགོས་ཀྱི་རེད།
ཁོས་མུ་མཐུད་དུ་གསུངས་དོན། ཞེས་པའི་ཚིག་འདི་ཏོག་ཙམ་མ་བདེ་
ཞིག་མི་འདུག་གམ། ཁོང་གིས་མུ་མཐུད་དུ་གསུངས་ན་ལེགས་པར་མཐོང་
འདི་ནི་བསམ་ཚུལ་ཙམ་ཡིན། བོད་ཀྱི་དུས་བབ་ཀྱིས་འདི་ཚོ་ལ་ཡང་གཟབ་
གནན་གནང་གལ་ཆེ་སྙམ།
བོད་གཞུང་གི་དབུ་མའི་ལམ་ལ་ཞུགས་ཞེས་པ་དེ། དངོས་གནས་བཤད་ན་རྒྱ་ནག་གཞུང་གི་བཀའ་ཅི་བསྩལ་ན་སྒྲུབ་ཞེས་པ་དེ་རེད། འོན་ཀྱང་ཡ་མཚན་པ་ཞིག་ལ་རྒྱ་གཞུང་དེ་ལ་ལན་ཡ་ཙམ་མེད་པ་མ་ཟད། གྲོས་མོལ་འཚམས་འཇོག་བྱས་ཟིན་པ་རེད།
ད་དུང་བོད་པ་ཚོས་ལམ་དབུ་མ་ལ་རེ་བ་བྱེད་པ་འདི་སྙིང་རྗེ་བ་དང་ངུ་ཤོར་དུས་མཉམ་དུ་འོངས་བས་གནས་ཞིག་རེད།
རང་བཙན་དང་དབུ་མའི་ལམ་བར་འཆམས་མཐུན་ཟེར་བ་འདི་ལ་དཔྱད་ན་ཁོང་རྣམ་པས་བཤད་པའི་རང་བཙན་དེ་ད་ལྟ་རྒྱ་ནག་གི་འདོད་པའི་བོད་རང་སྐྱོང་ལྗོངས་ཙམ་ལ་རང་བཙན་ཅེས་འབོད་ན་མ་རྟོགས་དབུ་མའི་ལམ་ཡོང་སྟངས་མེད་། དབུ་མའི་ལམ་ནི་རྒྱ་བོད་གཉིས་ཀ་ལ་ཕན་ཕོག་ཡོད་པའི་རང་དབང་གི་ཐབས་ལམ་ཅིག་ལ་དབུ་མ་ཟེར་བ་ཡོངས་གྲགས་རེད་། དེ་ཡང་ཨ་མདོ་བ་གཙོའི་ལོ་མང་རིང་རྒྱ་ནག་གི་དབང་འོག་ཏུ་ཡོང་རིང་སྡོད་པའི་བོད་རིགས་ཡོངས་རྫོགས་ཡིན་ན་ནི་མིང་དོན་མཚུང་པའི་རང་བཙན་ཡིན་པ་ལས་དབུ་མ་ཟེར་བ་ཡོང་སྟངས་མེད་པས་ཁོང་རྣམ་པས་བཤད་པའི་གཏམ་ལ་ཡོང་ཐབ་མེད་པའི་རྨི་ལམ་འདྲ་པོ་མང་དག་གཅིག་མཐོང་གི་འདུག། གལ་སྲིད་བོད་གཞུང་གི་འདོད་པའི་དབུ་མའི་ལམ་ལ་ནི་དེ་བས་མཐུན་ཐབ་མེད་པས་དཔྱད་ལྡན་རྣམ་པས་དགོངས་
ཡ། འདི་ན་ཡང་བླ་རྒན་མྱིག་རྫོད་ཞིག་ཐོན་འདུག
༧རྒྱལ་བའི་རླབས་ཆེན་དགོངས་གཞི་དབུ་མའི་ལམ་དང་། བོད་རང་བཙན་རྩོད་མཁན་ཁག་གི་བར་ལ་ཚབ་ཆེའི་འགལ་འདུ་ཞིག་ཡོད་པ་ཐོས་མ་མྱོང་ལ། དེ་གཉིས་ཀྱིས་གྲོས་མོལ་ཚོགས་ཆུང་བཙུགས་ནས་ཕན་ཚུན་གུ་ཡངས་ཀྱི་ལམ་ནས་འཆམ་མཐུན་བྱེད་དགོས་དོན་གཏན་ནས་མེད། དེ་གཉིས་ཀྱིས་བོད་མི་ས་ཡ་དྲུག་གི་དོན་དུ་ཐབས་ལམ་མི་འདྲ་བ་གཉིས་གསུང་གིན་ཡོད་པ་རེད།
དེར་བརྟེན་དོན་གྲུབ་ལྷ་དར་ལགས་ཀྱིས། གཞོན་ནུ་ལྷན་ཚོགས་ཀྱིས་༧གོང་ས་མཆོག་དང་བོད་གཞུང་ལ་ཁ་གཏད་གཅོག་གི་ཡོད་པའི་དགོངས་ཚུལ་གསུང་མཁན་ཡོད། དེ་དག་ལ་གསལ་བོ་ཞུ་རྒྱུ་ཞིག་ལ། གཞོན་ནུ་ལྷན་ཚོགས་ཀྱིས་ལམ་དབུ་མར་ཁ་གཏད་གཅོག་གི་མེད་ལ། ༧གོང་ས་མཆོག་དང་བོད་གཞུང་ལ་ཡང་ཁ་གཏད་གཅོག་གི་མེད། སུ་ལ་ཁ་གཏད་གཅོག་གི་ཡོད་ཟེར་ན་དགྲ་བོ་རྒྱ་ནག་ལ་ཁ་གཏད་གཅོག་གི་ཡོད་ལ། སུ་ཞིག་གི་ཆེད་དུ་ཡིན་ཟེར་ན་བོད་མི་ས་ཡ་དྲུག་གི་མ་འོངས་པའི་མདུན་ལམ་ཆེད་དུ་ཡིན། འདི་ལ་བདེན་དཔུང་གང་ཡོད་ཟེར་ན། ༡༩༧༠ ལོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་པ་ནས་ཉི་མ་དེ་རིང་བར་ལངས་ཕྱོགས་རང་བཙན་ཡིན། སྐབས་དེ་དུས་འཛམ་གླིང་ཐོག་ལམ་དབུ་མ་ཟེར་བ་ཞིག་མེད། བོད་གཞུང་དམངས་གཉིས་ཀྱི་ལངས་ཕྱོགས་རང་བཙན་རེད། ཞེས་གསུངས་པས་གསལ་བོར་ཆགས་འདུག ཁོང་གི་གཏམ་བཤད་འདིའི་ཐོག་ནས་བླ་རྒན་ཕམ་ནག་རྡོ་རྒྱབ་འདུག་ག ཚིག་གིས་ཕམ་ཟེར་བ་འདི་ལས་ལྷག་ཟིག་ཡོད་ནི་མ་རེད།
ངས་བལྟས་ན་བླ་རྒྱན་འདིས་དེ་གཉིས་ཀྱི་བར་ལ་བསམ་བཞིན་འགལ་བ་སློང་གིན་འདུག རང་གི་ཁ་ནང་ནས་ག་རེ་ཤོད་ཀྱིན་ཡོད་མི་ཤེས་པའི་བླུན་རྒན་འདི་ཚོ་གར་སྟེགས་སྟེང་མ་ཡོང་ན་ཡག་པོ་འདུག ཁོས་ངོ་ཚ་ཟེར་བ་དེ་ག་འདྲ་ཞིག་ཡིན་པ་གཏན་ནས་ཤེས་ཀྱིན་མེད་པ་འདྲ།
ཨ་ལ་ལ་ལ་ལ་ལ་ལ།
དོན་གྲུབ་ལྷ་དར་གྱིས་ཅི་ཞིག་བཤད་ཀྱིན་ཡོད་པ་རེད། རྡ་རམ་ས་ལར་མི་གསོད་རྐྱེན་ངན་བྱུང་དུས་གཞོན་ཚོགས་ཀྱིས་ཁ་གཏད་ཅི་ཞིག་བཅག་ཡོད་པ་ཡིན་ནམ།
འགལ་བ་འདི་ལྟ་སྟངས་གཅིག་བྱས་ན་ཆེན་པོ་ཞིག་གང་ཡང་མ་རེད། གཉིས་ཀ་བོད་མི་མང་གི་བདེ་དོན་རེད། ལྟ་སྟངས་གཞན་ཞིག་གིས་བལྟས་ན་ཧ་ཅང་འགལ་བ་ཆེན་པོ་ཞིག་རེད། རྒྱ་དམར་གྱི་ཚིག་བེད་སྤྱོད་བྱས་ན་རྒྱལ་གཅེས་པ་དང་ཁ་བྲལ་བའི་བར་གྱི་འཐབ་རྩོད་ཅིག་རེད། དམ་ཆོས་དཔལ་བཟང་གི་ཚོགས་ཁག་དེ་རྒྱལ་གཅེས་པ་དང་དོན་གྲུབ་ལྷ་དར་གྱི་ཚོགས་ཁག་དེ་ཁ་བྲལ་བ་རེད། ང་ཚོའི་དྲི་བ་ངོ་མ་དེ་རྒྱལ་གཅེས་པ་དང་ཁ་བྲལ་བ་མཉམ་གནས་ཅི་ལྟར་ཐུབ་ཅེས་པ་དེ་རེད།
དངོས་གནས་ཡག་པོ་བྱུང་འདུག་དགའ་སུ་ཡོད་
ལྷག་པར་དུ་དོན་གྲུབ་ལྷ་དར་གིས་གཏམ་བཤད་དེ་དངོས་གནས་ཚོ་བ་ཡོད་བ་ཞིག་བཤད་འདུག་ག
རང་བཙན་དང་དབུ་མའི་ལམ་གྱི་ལས་འགུལ་བ་ཚོས་གཅིག་ཕན་གཅིག་གྲོགས་བྱེད་མ་ཐུབ་ཀྱང་། གཅིག་གིས་གཅིག་ལ་དགྲར་ནམ་ཡང་བལྟ་མི་རུང་། ལྷག་པར་རང་བཙན་དང་དབུ་མའི་ལམ་གང་དུའང་མ་ཞུགས་པའི་བར་མ་མདོ་ཚོས་ཡས་རེད་མས་རེད་ཅེས་གླེང་བའི་གླེང་རྙོག་མ་བཟོ་རོགས། རང་རང་གི་རྣམ་དཔྱོད་ལ་བརྟེན་ཏེ་ཆབ་སྲིད་ཀྱི་ལྟ་གྲུབ་ཅི་ཞིག་བཟུང་ནའང་མི་རིགས་ནང་ཕན་ཚུན་རང་མགོ་རྡུང་རེས་ནམ་ཡང་བྱེད་མི་རིགས།
མདོར་ན། ཆབ་སྲིད་ཐོག་སྐད་ཆ་ཚིག་གཅིག་ཤོད་ཀྱི་ཡོད་ཀྱང་། དེར་འགན་ཁུར་གྱི་བསམ་བློ་དགོས་ལ། མི་རིགས་འདིར་སྨན་པའི་གཏམ་གླེང་ཞིག་ཏུ་འགྱུར་བ་འབད་གལ་ཆེ།།