ཟླ་འདིའི་ཕྱི་ཚེས་ ༢ ཉིན་གྱི་དགོང་དྲོའི་ཆུ་ཚོད་ ༦ ཙམ་ལ་ཡུ་རོབ་ཧོ་ལན་ཌིའི་རྒྱལ་ས་རྙིང་པའི་རྒྱ་ནག་གཞུང་ཚབ་ཁང་མདུན་ཐང་དུ། བོད་རིགས་གཞོན་སྐྱེས་བསྟན་འཛིན་མཐར་ཕྱིན་གྱིས་རང་ལུས་མེར་བསྲེག་བཏང་བའི་གནས་ཚུལ་བྱུང་ཡོད་ཀྱང་། དེར་ཡོད་བདེ་སྲུང་དམག་མིའི་མྱུར་སྐྱོབ་བྱས་ཏེ་མཐར་སྲོག་གི་ཉེན་ལས་ཐར་ཡོད་འདུག
སློབ་བུ་བསྟན་འཛིན་མཐར་ཕྱིན་གྱི་རང་ལུས་མེར་བསྲེག་གི་ལས་འགུལ་དེའི་ཐད། དེ་རིང་འདི་གའི་གསར་འགོད་པས་ཁ་པར་བརྒྱུད་བསྟན་འཛིན་མཐར་ཕྱིན་གྱི་གཉེན་ཉེ་བསོད་ནམས་བཀྲ་ཤིས་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས་ངོ་སྤྲོད་གནང་དོན། གནས་ཚུལ་དེ་འདྲ་ཞིག་བྱུང་བ་བདེན་པ་རེད། འོན་ཀྱང་སྐབས་དེར་ང་ཁོང་ཚོ་དང་མཉམ་དུ་མེད། ཁོའི་ཨ་མ་དང་སྤུན་མཆེད་གཉིས་ཀྱིས་ང་ལ་གསང་བ་བྱས་སོང་། ཡིན་ནའང་། ཕྱིས་སུ་ཁོང་གི་ཨ་མས་ཁ་པར་ནང་ནས་ང་ལ་ལབ་པ་ལྟར་ན། བསྟན་འཛིན་མཐར་ཕྱིན་གྱིས་སྔོན་མ་ནས་བོད་དོན་དང་འབྲེལ་བའི་ལས་འགུལ་ཞིག་སྤེལ་རྒྱུ་ཡིན་ཟེར་ནས་ཐེངས་མང་ལབ་སོང་། འོན་ཀྱང་ཉན་འཇོག་བྱས་མེད། ཉིན་དེའི་ཞོགས་པ་སློབ་གྲྭར་འགྲོ་ཁར་ང་ལ་དངུལ་ཏོག་ཙམ་དགོས་ཀྱི་འདུག་ཟེར་ནས་ཡུ་སྒོར་ ༡༣༠ ཙམ་ཁྱེར་ནས་ཕྱིན་སོང་། རྗེས་སུ་ཁོས་གྲོགས་པོ་ཞིག་ལ་ཁ་པར་བཏང་སྟེ། ཨ་མ་དང་སྤུན་མཆེད་གཉིས་ལ་ཡི་གེ་ཞིག་བཞག་ཡོད་ཅེས་ལབ་འདུག ཡི་གེ་དེའི་ནང་། ཚེ་འདིར་ཨ་མར་དྲིན་ལན་མཇལ་ཐུབ་མེད་ཀྱང་སྐྱེས་བ་ཕྱི་མར་དྲིན་ལན་མཇལ་བའི་རེ་བ་ཡོད་ཚུལ་དང་། སྤུན་མཆེད་ཀྱིས་མ་འོངས་པར་ཨ་མར་ལྟ་རྟོགས་ཡག་པོ་བྱ་དགོས་པའི་ཁ་འཆེམས་ཤིག་བྲིས་འདུག་ཟེར། ཞེས་བརྗོད་བྱུང་།
བསོད་ནམས་བཀྲ་ཤིས་ཀྱིས་མུ་མཐུད་དུ་བསྟན་འཛིན་མཐར་ཕྱིན་གྱི་ཨ་མའི་ཁོ་ལ་གང་བཤད་པ་དག་བརྗོད་དོན། ཁོང་ཉིན་དེའི་ཕྱི་དྲོ་དུས་ལྟར་ནང་ལ་སླེབས་མ་སོང་སྟབས། ཉེན་རྟོག་པར་ལབ་སྟེ་བརྩད་གཅོད་བྱས་པ་ཡིན། རྗེས་སུ་ཁོ་ཧོ་ལན་ཌིའི་རྒྱལ་ས་རྙིང་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ཕྱིན་པ་ཤེས་སོང་། ཉིན་དེར་གཟའ་སྤེན་པར་འཁེལ་ཡོད་སྟབས། ཁོང་གཞུང་ཚབ་ཀྱི་མདུན་ཐང་དུ་སླེབས་སྐབས་མི་མང་པོ་མི་འདུག་ཟེར། ཡིན་ནའང་རྒྱ་གར་གྱི་བུད་མེད་ཅིག་གིས་ཁོ་ལ་ཅེར་ནས་ཡུན་རིང་བསྡད་སྟབས། དུས་ཚོད་གང་འཚམ་ཞིག་ལ་ཁོས་སོ་སོའི་སྟེང་སྣུམ་ལྡུག་ཐུབ་མི་འདུག་ལ། ཕྱིས་སུ་ཁོས་སྣུམ་རང་སྟེང་དུ་བླུགས་ཏེ་མེ་སྦར་བ་དང་སྐར་མ་ལྔ་དྲུག་ཅིག་གི་རྗེས་སུ་དམག་མི་བསླེབས་ཏེ་ཁོ་ཁྲིད་ཡོད་འདུག ཉིན་གཉིས་རིང་བཀག་ཉར་བྱས་རྗེས་གཞི་ནས་སྨན་ཁང་དུ་བཏང་འདུག་ལ། ད་ཆར་ཕྱིར་ནང་དུ་ལོག་སྟེ་རྨས་སྐྱོན་ཡང་དྲག་སྐྱེད་བྱུང་འདུག ཅེས་བརྗོད་བྱུང་།
ཡང་ཁོང་ལ་བསྟན་འཛིན་མཐར་ཕྱིན་ནི་ལོ་ ༡༨ ཡིན་སྟབས། འདི་འདྲའི་བྱིས་པ་ཆུང་ཆུང་ཞིག་གིས་ཛ་དྲག་གི་ལས་དོན་དེ་འདྲ་ཞིག་བརྩམས་དོན་གང་ཡིན་སྐོར་དྲིས་པར་ཁོས། བསྟན་འཛིན་མཐར་ཕྱིན་ལ་མཚོན་ན། སྐྱེས་ས་བོད་ཡིན་ཡང་སློབ་སྦྱོང་བྱེད་ས་གཙོ་བོ་བོད་ཁྱིམ་ཡིན། སྐབས་དེར་༸གོང་ས་མཆོག་དང་ཨ་མ་རྗེ་བཙུན་པདྨ་རྣམ་གཉིས་ཀྱིས་བོད་ཀྱི་མ་འོངས་པའི་སྲོག་རྩ་དང་རྒྱུད་འཛིན་པ་བོད་རིགས་གཞོན་སྐྱེས་ཚོ་ཡིན་པའི་བཀའ་སློབ་ཡང་ཡང་གནང་བ་དང་། དགེ་རྒན་ཚོས་རྟག་པར་རྡོག་རྩ་ཆིག་སྒྲིལ་གྱིས་བོད་པའི་རྩ་དོན་ལ་ལས་འགུལ་སྤེལ་དགོས་པའི་སློབ་གསོ་བཏང་བ་བཅས་ཀྱིས་ཡིན་རྒྱུ་རེད། ཅེས་བརྗོད་བྱུང་།
རང་ལོ་ ༡༨ ཡིན་པའི་བསྟན་འཛིན་མཐར་ཕྱིན་ནི། ཁམས་རྫ་ཆུ་ཁ་བ་ཁྲོམ་བཟའ་འགབ་མ་ནས་ཡིན་འདུག་ལ། ཁོ་ཨ་མ་དང་མཉམ་དུ་བཙན་བྱོལ་དུ་འབྱོར་རྗེས་འཛིན་རིམ་བརྒྱད་པའི་བར་བོད་ཁྱིམ་སློབ་གྲྭར་བསྡད་ཅིང་། ༢༠༠༩ ལོར་ཡུ་རོབ་ཧོ་ལན་ཌིའི་ནང་ཕྱིན་ཡོད་འདུག
གསར་འགོད་པ། དོན་གོ
(དུས་བབ་དྲ་རྒྱའི་འབྲེལ་ཡོད་གནས་འཕྲིན་ལ་གསལ་བཤད་དུ་ཕུལ་བ)རང་ལུས་མེར་བསྲེག་གི་ལས་འགུལ་སྐོར་གྱི་ཁ་སྣོན་གསལ་བཤད།
གནས་ཚུལ་འབྱུང་ཁུངས་དངོས་ལ་དྲི་བརྩད་བྱས་ནས་ཤེས་རྟོགས་བྱུང་བ་ལྟར་ན།
༼གཅིག
བུ་བསྟན་འཛིན་མཐར་ཕྱིན་ལགས་གྱིས་སྐུ་ལུས་མེར་བསྲེག་གཏོང་བའི་ལས་འགུལ་སྤེལ་དུས་བཟའ་སྤེན་པའི་ཉིན་རེད་འདུག།
ཉིན་དེ་བདམས་དགོས་དོན། ཁོང་གི་ཨ་མས་རྒྱུན་དུ་ཕྲུ་གུས་ཐ་མག་སོགས་མི་འཐེན་པའི་ཆེད་དགོས་ངེས་གྱི་ལག་དངུལ་ཉུང་ངུ་ཙམ་ལས་སྤྲོད་ཀྱི་མེད་པ་དང་། ཉིན་དེར་རྒྱུན་ལྡན་སློབ་གྲྭའི་སློབ་མ་བསྐྱེལ་ལེན་བྱེད་པའི་འགྲུལ་འཁོར་གྱི་བྱང་བུ་Bus Cardཞིག་ཟླ་རེའི་མཚམས་ནས་བཟོ་དགོས་ཀྱི་ཡོད་པར་དུས་མཚམས་ལ་ཁེལ་ཡོད་པར་སྐབས་དེར་ཨ་མས་འཆར་ཅན་ལྟར་ཡོ་སྒོར་བརྒྱ་དང་བཅུ་སྤྲོད་ཀྱི་ཡོད་པ་ལྟར་། དེ་ནི་རང་གིས་མེ་བསྲེག་ལས་འགུལ་གྱི་ས་སྣུམ་ཉོ་བྱེད་དུ་སྤྱོད་རྒྱུའི་འཆར་གཞི་བཏང་འདུག གལ་ཏེ་Bua Card བྱང་བུ་དེ་ཉིན་དེར་མ་བཟོས་པ་ཡིན་ན་བཟའ་ཉི་མར་ལས་ཁང་གི་སྒོ་མེད་པ་དང་། བཟའ་ཟླ་བར་སློབ་གྲྭར་འགྲོ་དགོས་པས་ཨ་མས་ཡིད་ཆེས་བྱས་ནས་སྒོར་མོ་སྤྲད་འདུག
དེས་ན་ཁོང་གིས་ཨ་མར་འཛིན་བྱང་བཟོ་སར་འགྲོ་རྒྱུ་ཡིན་ཞེས་ལབ་པ་ལས་དོན་དངོས་དེ་ཉིན་གྱི་སྒོར་མོ་དག་གིས་ཚོང་ཁང་ཞིག་ནས་འཕྲུལ་རྟའི་ཞིག་སྣུམ་ཉོས་རྗེས་རྒྱ་མིའི་གཞུང་ཚབ་ཡོད་སའི་ས་གནས་སུ་ཐད་ཀར་ཕྱིན་འདུག
འཆར་གཞི་ལ་གཞུང་ཚབ་ཀྱི་རྒྱ་མིའི་རྒྱལ་དར་མར་ཕབ་ནས་བོད་ཀྱི་རྒྱལ་དར་ཞིག་འགེལ་རྒྱུའི་བསམ་བློ་བཏང་ནས་བོད་ཀྱི་རྒྱལ་དར་ཞིག་རུམ་དུ་བཅུག་ཡོད་འདུག
འོན་ཀྱང་ཁོང་གིས་རྒྱ་མིའི་རྒྱལ་དར་དེ་མར་འབེབས་པའི་གོ་སྐབས་གཏན་ནས་མི་འདུག་ཟེར།
ཁོས་ལག་ཏུ་ཉོས་མ་ཐག་པའི་སྣུམ་དེ་ལས་གཞན་པ་ཕྲེང་བ་བཟུང་ཡོད་ཅིང་། ཁོས་རང་གི་ལས་ཀ་ལམ་ལྷོང་ཡོང་ཆེད་ས་གནས་ལ་མ་སླེབས་ཀྱི་བར་དུ་ཞལ་འདོན་སྐྱོར་བཞིན་སོང་འདུག
ད་དུང་ཁོས་ནང་ནས་ཐོན་ཁ་མ་དང་འོག་མ་ལ་ཡི་གེ་ཁག་གཉིས་བཞག་ཡོད་པར་མ་ཟད། ཡི་གེའི་ནང་དུ་ཁོང་ཉིད་རྒྱ་གར་ནས་ཡོ་རོབ་ལ་ནང་མི་ཟླ་སྒྲིལ་གྱི་དུས་ཡུན་རིང་དངུལ་བེད་སྤྱོད་གཏོང་ཕྱོགས་ཀྱི་སྐོར་སོགས་མ་རྒན་ལ་གསལ་བོ་བཟོས་མེད་པ་དང་། སེམས་ནང་གི་རེ་བ་སོགས་ཞིབ་ཆ་བྱས་ནས་བྲིས་ཡོད་འདུག
༼གཉིས། ད་དུང་ཉེན་རྟོག་པ་དང་སྨན་ཁང་རིམ་པ་ཁག་གིས་ཁོང་ལོ་ཆུང་དེ་འདྲ་ཞིག་གིས་ལས་ཀ་བྱེད་སྟངས་ལ་རྒྱུན་ལྡན་མིན་པའི་རྒྱུ་རྐྱེན་ཡོད་མེད་བརྟག་དཔྱད་རིམ་པ་བྱས་རྗེེས་སེམས་ཁམས་མ་བདེ་བ་སོགས་ཀྱི་རྒྱུ་རྐྱེན་གཞན་མེད་པའི་བདེན་དཔང་བྱས་མཚམས། སྨན་པ་ཞིག་གིས། ཁྱོད་ལྟ་བུའི་ལོ་ཆུང་ཞིག་གིས་སྐད་ཆ་ཆེན་པོ་དང་ལས་ཀ་ཆེན་པོ་འདི་འདྲ་བྱེད་པ་དེ་སུ་ལ་ཡང་ཕན་ཐོགས་ཀྱི་མ་རེད། ཁྱོད་རང་གི་སྡུག་གྱོང་རེད་ཅེས་ལབ་སྐབས་ཁོང་གིས། ཁྱེད་ཚོའི་རྒྱལ་ཁབ་སྔ་མོ་ཇར་མན་གྱི་བཙན་འོག་ཏུ་ཡོད་སྐབས་སྡུག་བསྔལ་ག་འདྲ་འདུག ང་ཚོ་བོད་པ་ཡང་དེ་དང་གཅིག་པ་རེད། ང་ཚོ་ཚང་མར་རྒྱ་མིའི་བཙན་འོག་ཏུ་ཡོད་པའི་སྡུག་བསྔལ་དང་ཚོར་སྣང་ཡོད་པ་རེད། ཅེས་ཐེ་ཚོམ་མེད་པའི་ལན་འདེབས་བྱས་འདུག
༼གསུམ། ཁོང་གིས་རྒྱལ་བ་རིན་པོ་ཆེས་ནམ་རྒྱུན་བོད་པའི་གཞོན་སྐྱེས་ཞིག་ཡིན་ན་བོད་བསྟན་པ་ཆབ་སྲིད་ལ་ཕན་པ་ཞིག་དགོས་པའི་བཀའ་སློབ་ཡང་ཡང་གནང་ན་ཡང་། ང་ལྟ་བུ་ཞིག་ལ་རང་ལུས་བློས་གཏོང་བ་ལས་གཞན་པས་མི་ལ་སེམས་ཤུགས་བསྐྱེད་ཐུབ་པའི་ནུས་ལྡན་གྱི་ལས་ཀ་གཞན་ཞིག་བྱ་ཐུབ་པའི་ནུས་པ་རང་སྟེང་ནས་མཐོང་མ་ཐུབ་པས་མཐར་ངས་ང་ཚོ་ཕྱི་ལོགས་ཀྱི་བོད་པ་ཚོ་དཔལ་འབྱོར་ཁོ་ན་ལ་མགོ་མི་འཁོར་བར་བོད་ནང་གི་བོད་པ་ཚོ་ནང་བཞིན་བོད་དོན་གྱི་ཆེད་སེམས་ཤུགས་སྤོར་རྒྱུའི་ཆེད་དུ་ཡིན་ཞེས་ལན་བཏབ་འདུག
༼བཞི། དེ་ལས་དོ་སྣང་འོས་པ་ཞིག་ནི་ཁོང་གིས་སྣུམ་ཉོས་པའི་རྒྱུད་རིམ་དེ་རེད།
ཁོང་གིས་གནས་ཚུལ་མ་བྱུང་བའི་གཟའ་འཁོར་གཅིག་གི་སྔོན་ལ་ཨ་མར་རྒྱལ་ཁབ་འདིའི་ས་སྣུམ་ཡག་ཤོས་དེ་གང་རེད་ཅེས་དྲིས་པར་ཁོང་གི་མས་ཁྱོད་ཀྱིས་དེ་དྲིས་ནས་ཅི་བྱེད་ཀྱི་ཡིན་ཞེས་འདྲི་སྐབས་བུས་ང་ལ་སློབ་གྲྭའི་དགེ་རྒན་གྱིས་ནང་ལས་སུ་སྤྲད་སོང་། ངེས་པར་དུ་ཤེས་དགོས་ཞེས་ལན་བཏབ་འདུག
མ་རྒན་གྱིས་བདེན་པར་སྙམ་ནས་བྷི་ར་ན་ཨོ་ལས་ཞེས་པའི་སྣུམ་དེ་མིན་འགྲོ་ཞེས་སྨྲས་འདུག་ཀྱང་བསྟན་འཛིན་ནས་སླར་ཡང་དྲ་ཐོག་ཏུ་བཙལ་ནས་དེ་ཡག་ཤོས་ཞིག་རེད་མི་འདུག་ཅེས་བཤད་འདུག
དེ་ནས་ཁོས་ཡང་བསྐྱར་ཤེས་འདོད་བྱས་པ་ལྟར་ཁོང་གི་ཨ་མས་ས་ཆ་དེ་གའི་སྐད་ཡིག་ཡག་པོ་ཡོད་པའི་ལ་དྭགས་པ་སྤེན་མ་ཟེར་བའི་གྲོགས་མོ་ཞིག་ལ་ཁ་པར་བརྒྱུད་དྲིས་ཀྱང་དེས་ཀྱང་གསར་པོ་ཤེས་མི་འདུག
དེ་རྗེས་ཁོ་ཡང་གིས་ས་གནས་གཞན་ཞིག་ཏུ་ཡོད་པའི་ཟ་ཁང་གཉེར་བཞིན་པའི་བོད་པ་ཨོ་དགའ་ཟེར་བ་ཞིག་ཁ་པར་བརྒྱུད་དྲིས་སྐབས་ཁོས་ཀྱང་གསར་པོ་ཞིག་ལབ་མི་འདུག
དེ་རྗེས་ཨུ་རུག་ཞེས་པའི་ས་ཆར་ཡོད་པའི་བོད་པ་ལྷུན་གྲུབ་ཟེར་བའི་སྐྱེས་སྨན་སྤེན་མ་ཞེས་པར་ཁོ་རང་དངོས་སུ་སོང་ནས་སློབ་གྲྭའི་ནང་ལས་ཡིན་པས་གལ་ཆེན་ཡིན་ཞེས་དྲིས་པར། མོས་གྲོང་པའི་མི་གཞན་པ་ཞིག་ལ་དྲིས་ནས་སྣུམ་ཞིག་གི་མིང་རྩད་ཆོད་ཀྱང་དེ་ཡང་དྲ་ཐོག་ནས་བཙལ་སྐབས་ཡག་ཤོས་དེ་མིན་པ་ཤེས་རྟོགས་བྱུང་འདུག
མཐར་ཡང་བསྐྱར་དཀར་མཛེས་ནས་ཡིན་པའི་བློ་བཟང་ཟེར་བ་ཞིག་ལ་དྲིས་དུས་འཕྲུལ་རྟའི་སྣུམ་ཕལ་ཆེར་སྣུམ་ཡག་ཤོས་ཡིན་གྱི་རེད་ཅེས་ལན་བཏབ་འདུག
ད་དུང་བར་སྐབས་ཞིག་ལ་ཁོས་སྣུམ་གཞན་ཞིག་གྱོན་གོས་རྙིང་པའི་ཐོག་ཏུ་བླུགས་ནས་འབར་ཤུགས་ལ་ཚོད་ལྟ་ཡང་བྱས་འདུག
དེ་རྗེས་ཁོས་སླར་ཡང་ཕ་ཡུལ་གཅིག་པ་འཇམ་དགའ་ཟེར་བར་སྣུམ་ཡག་ཤོས་གང་ཡིན་དྲིས་པར་འཇམ་དགས་ཞུ་བ་ཁོང་གིས་དང་པོ་ག་རེ་བྱེད་རྩིས་ཡོད་པ་དྲིས་འདུག་ཀྱང་། མཐར་སློབ་གྲྭའི་ནང་ལས་ཡིན་ཞེས་སྨྲས་སྟབས་ཡིད་ཆེས་ནས་འཕྲུལ་རྟའི་སྣུམ་ཡག་ཤོས་ཡིན་རྒྱུ་རེད་ཅེས་བཤད་འདུག
སྤྱི་ཟླ་བཅུ་པའི་ཚེས་གཅིག་གི་ཉིན་སྤུན་ཟླ་ཆུང་བ་ཁྲིད་ནས་སྤྱིར་བཏང་གི་ཚོང་ཁང་ཁ་ཤས་ལ་སྣུམ་ཡག་ཤོས་ཉོ་སའི་སྐོར་དྲི་བརྩད་བྱས་འདུག
གནས་ཚུལ་འདི་ལ་གནས་ཚུལ་འབྲི་མཁན་གྱི་ངོས་ནས་སྒྲོ་འདོགས་སྤུ་ཙམ་མེད་ན་ཡང་། ད་དུང་དོགས་གནས་ཡོད་ན་གནས་ཚུལ་འབྱུང་ཁུངས་ལ་མི་མཐུད་དོགས་འདྲི་གནང་ནས་དོན་གནས་གྱི་གདེངས་འཇོག་གནང་རྒྱུའི་རེ་བ་ཡོད།
དོན་དེ་ངོ་མ་ཡིན་ན་བསྡགས་བརྗོད་དང་གུས་འདུད་ཞུ་བ་ཡིན།
བོད་མི་རིགས་ཀྱི་ཆེད་དུ་རང་སྲོག་བློས་གཏོང་བྱེད་མཁན་ལ་བསྡགས་རྗོད་ཡོད།
མ་གཞི་གསར་འགྱུར་འདི་གསལ་བོ་བཀོད་ཐུབ་མི་འདུག་པ་འདི་གསར་འགོད་པའི་སྐྱོན་ཆ་རེད་དེས་ན་ཁོ་དང་ཁོའི་ཨ་མ་ད་ལྟ་ཡོད་པས་གནས་ཚུལ་མ་འཁྲུགས་པའི་གསལ་བོ་འགོད་ཐུབ་པའི་རེ་བ་ཞུ།
གང་ལྟར་ཀྱང་ཐུགས་རྗེ་སྙིང་ནས་ཞུ་དགོས་པ་ཞིག་རེད།
གནས་ཚུལ་ཞིབ་ཚགས་ཡོད་མེད་ཀྱི་ཐད་ལ་བསམ་བློ་ཡང་ཡང་བཏང་དགོས་པ་ཞིག་ཆགས་འདུག
གལ་སྲིད་འདི་གནས་ཚུལ་དངོས་གནས་ཡིན་ན་བློ་ཡིད་ལས་འགོངས་པའི་བྱ་འགུལ་ཞིག་ལ་དངོས་འཛིན་མི་ཞུ་ཐབས་མེད་རེད།
མང་པོས་འདིའི་ཕྱོགས་ལ་རྩོད་པ་མ་རྒྱག་རོགས་ཞུ་རྒྱུ་ཡིན།
གང་ཡིན་ཟེར་ན་རྩོད་པ་ནི་མི་རིགས་ནང་ཁུལ་ལ་མི་མཐུན་པའི་འགལ་རྐྱེན་ཡོང་བྱེད་ཀྱི་གཞི་ཞིག་ལས་གཞན་ཕན་ཐོགས་གང་ཡང་ཡོང་གི་མ་རེད་བསམ་གྱི་འདུག
ཐུགས་རྗེ་ཆེ། ལོ་གཞོན་དཔའ་པོ་དེ་ལ་སྙིང་ནས་གུས་ཕྱག་འཚལ།
ཁ་ཆེ་ཚོས་རང་གཞན་གཉིས་ཀ་སྲེག་བཞིན་འདུག བོད་པ་རེ་ཟུང་གིས་རང་ཉིད་གཅིག་བུ་སྲེག་བཞིན་འདུག བདེན་ཁ་སུ་ལ་སྟེར་དགོས། གོང་ས་མཆོག་འདི་ནི་འཚེ་བའི་ལས་ཤིག་རེད་ཅེས་ཐུབ་བསྟན་དངོས་གྲུབ་ཀྱི་སྐབས་སུ་གསལ་བོར་གསུངས་སོང་བས། འདི་ལ་བསྟོད་བསྔག་བྱེད་དགོས་སམ་ཕྱིན་ཆད་འཚེ་བའི་ལས་དེ་འདྲ་མ་བྱེད་ཅེས་སློབ་གསོ་རྒྱག་དགོས། མགོ་འཐོམས་སོང་།
ཀློག་པ་པོ་དག་ལ་ཞུ་རྒྱུར། གོང་བཀོད་གསར་འགྱུར་དེ་ཟླ་ ༡༠ ཚེས་ ༢ ཉིན་བྱུང་བའི་གནད་དོན་ཞིག་རེད། ཚེས་ ༩ ཙམ་ལ་གནས་ཚུལ་རགས་ཙམ་འདི་གའི་གསར་ཁང་གིས་གོ་ཐོས་བྱུང་། འོན་ཀྱང་ཁ་གསལ་ཁུངས་དག་མེད་པའི་གཏམ་འཁྱར་ཙམ་རེད། ཚེས་ ༡༧ ཉིན་ཡིག་ཐོག་ནས་འབྱོར་སོང་། སྤྱིར་དེ་ལ་ཞིབ་ཚགས་ཅུང་ལྡན་མོད། ཀློག་པ་པོ་ཁྲི་སྟོང་གི་མིག་མདུན་དུ་བསྟར་རྒྱུའི་གསར་འགྱུར་ཞིག་གི་ཐད་ནས་བཤད་ན། ད་དུང་ཡིག་འཁྱམས་ཙམ་ལས་གསར་འགྱུར་ཞིག་གི་ངོ་བོའི་ཆ་རྐྱེན་ཚང་མ་སོང་། འོན་ཀྱང་དུས་དེ་ནས་བཟུང་བརྩད་གཅོད་བྱས་ཏེ། གནད་དོན་དེ་དང་ཐད་ཀར་འབྲེལ་ཡོད་ཅིག་ལ་བཀའ་འདྲི་ཞུས་ཏེ། གསར་འགྱུར་ཁུངས་ཐུབ་ཡོང་ཆེད་དང་། ཀློག་པ་པོ་ཚོར་ཡིད་ཆེས་ཕེར་ཐབས་སུ་འབྲེལ་ཡོད་ཀྱི་སྐད་ཆ་དངོས་རག་ཐབས་བྱས་པ་ཡིན།
གོང་བཀོད་གནས་ཚུལ་འདི་གཅིག་པུ་མ་ཡིན་པར། དུས་བབ་ཀྱི་གསར་འགྱུར་ཕལ་ཆེ་བར་འབྲེལ་ཡོད་ཀྱི་སྐད་ཆ་དངོས་དང་སྦྲགས་ཏེ་སྤེལ་རྒྱུའི་རྩ་དོན་དེར་རྒྱུན་འཁྱོངས་བྱ་བྱེད་ཀྱིན་ཡོད།
སེམས་ལa་རྗེས་སུ་ཡིད་རང་ཡོད་ འོན་ཀྱང་ང་ཚོ་བོད་པས་་རང་སྲོག་བཅོད་མཁན་ལ་དཔའ་བོ་མ་ཟེར་ལ་མཁས་པ་ཀྱང་མ་ཟེར།
ྱ༷སློབ་བུ་བསྟན་འཛིན་ྱམཐར་ཕྱིན་ལགས་སུ་མཚམས་འདྲི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་རྒྱུ་ཡིན་ ཁྱེད་ཀྱིས་དཔའ་བོའི་བྱས་རྗེས་ལ་ངེད་བོད་རིགས་ཡོངས་ཀྱིས་ཅི་ནས་ཀྱང་སློབ་སྐྱེད་ལེན་དགོས་པ་ཡིན་ རང་ལུས་མེར་སྲེག་བཏང་བ་ནི་ལས་སླ་པོའི་བྱ་བཞག་ཞིག་མིན་ འགའ་རེས་རང་སྲོག་བློས་བཏང་ནས་ལས་འགུལ་སྤེལ་བ་དེ་ལ་དགག་པ་ྲརྒྱག་མཁན་ཡོད་ཀྱང་འདི་ནི་ང་ཚོ་བོད་རིགས་སེམས་ཤུགས་བཅག་མཁན་རིགས་ཡིན་པས་དེ་ལ་ཉན་འཇོག་གནང་མི་ཉན་
ཉིན་ ༢༦ ཡི་རྗེས་སུ་གཞི་ནས་དེའི་གནས་ཚུལ་སྤེལ་དོན་གང་ཡིན་དང་།
དེའི་སྔོན་དུ་གནས་ཚུལ་དེ་དག་སྤེལ་མ་ཐུབ་པའི་རྒྱུ་མཚན་རེ་རེ་ནས་འགྲེལ་བཤད་དགོས་ས་རེད།
གསར་འགྱུར་འདི་དངོས་གནས་རླབས་ཆེན་པོ་དང་གཟི་བརྗིད་ལྡན་པ་ཞིག་ཡིན་ཡང་བརྗོད་བྱའི་གནས་ཚུལ་དངོས་ཇི་བཞིན་དུ་ཁུངས་དང་ལྡན་པའི་སྒོ་ནས་མང་ཚོགས་ལ་གསལ་བཤད་བྱེད་ཐུབ་མེད་པས་གསར་འགྱུར་རྩོམ་ཡིག་འབྲི་སྟངས་ལ་ནོར་འཁྲུལ་ཡོད་ངེས་པ་དང༌། གལ་སྲིད་གནས་ཚུལ་དེ་འདྲ་དངོས་སུ་བྱུང་ཡོད་ན་མི་སྣའི་རྒྱུད་རིམ་དང་སྲིད་དོན་གྱི་དགོས་པ་བཅས་རྒྱུ་མཚན་གསལ་བོར་བརྗོད་ནས་མང་ཚོགས་ལ་ཤེས་རྟོགས་ཡོང་བར་བྱེད་པ་དང་དེར་བསྔགས་བརྗོད་དང་རྗེས་དྲན་བྱེད་དགོས་ངེས་རེད།
གནས་ཚུལ་མཁོ་བསྡུ་བྱས་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། གནས་ཚུལ་གསལ་བོ་བཟོ་རྒྱུ་གལ་ཆེ།
ལོ་ཆུང་འདིས་རང་ལུས་མེར་བསྲེགས་གནང་བ་ནི་བོད་ཀྱི་བདེན་མཐའ་གསལ་ཆེད་ཡིན་པ་ནི་རྩོད་མེད་རེད།
ཁོང་གི་སྐུ་གཟུགས་བདེ་ཐང་ཡོང་བ་དང་ཚེ་ལ་བར་ཆད་མི་འབྱུང་བའི་སྨོ་ལམ་ཡོད།
གསར་འགོད་པས་དཀའ་ལས་རྒྱབ་ཏེ་གནས་ཚུལ་མཁོ་བསྡུ་བྱས་བར་ཐུགས་རྗེ་ཆེ། འོན་ཀྱང་བསོད་ནམས་བཀྲ་ཤིས་སམ་བསྟན་འཛིན་མཐར་ཕྱིན་གྱི་ཨ་མ་སྐད་ཆ་བཤད་པ་ཚང་མ་ཆ་ཁ་ཡར་རྡབ་རྐྱང་རྐྱང་རེད་འདུག ཉིན་དེར་སློབ་གྲྭ་ནས་དུས་ཚོད་ལྟར་ནང་ལ་སླེབས་མ་སོང་ཟེར། དེ་ནས་ཉིན་དེར་རེ་གཟའ་སྤེན་པ་རེད་ཟེར། གཟའ་སྤེན་པ་ཉི་མ་ལ་སློབ་གྲྭ་འཚོགས་རྒྱུ་ཡོད་དམ། དེ་ནས་ཛ་དྲག་གི་གནས་ཚུལ་དེ་འདྲ་འབྱུང་རྐྱེན་གཙོ་བོ་༧གོང་ས་མཆོག་དང་ཨ་མ་རྗེ་བཙུན་པདྨའི་བཀའ་སློབ་ཡིན་པ་འདྲ་བོ་ཞིག་བཤད་འདུག བསྟོད་མི་ཤེས་མཁན་གྱིས་བསྟོད་པ་ལས་སྨད་མི་ཤེས་མཁན་གྱི་སྨད་ན་དགའ་ཟེར་བ་ཅི་མ་བདེན། གནས་ཚུལ་དེ་འདྲ་ཞིག་བྱུང་བ་བདེན་པ་ཡིན་ན་ཁོའི་དམིགས་ཡུལ་རང་ལུས་མེ་ལ་བསྲེགས་པ་འཛམ་གླིང་མི་དམངས་ལ་ཤེས་རྟོགས་ཡོངས་ཆེད་ཡིན་རྒྱུ་རེད་མ་གཏོགས་གསང་བ་བྱས་ན་རང་ལུས་བསྲེགས་ན་རྒྱ་ནག་གཞུང་ཚབ་ཁང་ཚ་སྲིད་རྒྱུ་མ་རེད། ད་ངོ་མ་མགོ་ཚོས་ཀྱི་མི་འདུག
གསར་འགོད་པས་བསྟན་འཛིན་མཐར་ཕྱིན་ལགས་དང་ཁོང་གི་ཨ་མ་གཉིས་ལ་ཐད་ཀར་སྐད་ཆ་དྲི་ཐུབ་མེད་པ་དེ་ག་རེ་བྱས་སོང་བ་རེད་དམ། བྱུང་ན་ཨ་མ་དང་བུ་ལ་སྐད་ཆ་དྲིས་པ་ཡིན་ན་གནས་ཚུལ་གསལ་པོ་ཤེས་རྟོག་ཡོང་རྒྱུ་རེད་བསམ་གྱི་འདུག
འདི་ཟོ་གནའ་ཟིག་གི་ཁ་བརྡ་ངོ་ལ་ཐོན་ཚར་ཞིག་རེད།
དཔའ་བོ་ཁོང་གི་མཛད་རྗེས་ལ་བསྔགས་བརྗོད་དང་གུས་འདུད་ཞུ།
སློབ་བུ་བསྟན་འཛིན་མཐར་ཕྱིན་གྱི་ཨ་མ་དང་སྤུན་མཆེད་གཉིས་ཀྱིས་གསང་བ་བྱས་དོན་ཅི་ཡིན་ནམ། ཅོ་ཅོ་དོན་གོ་ལགས། གསར་འགྱུར་བླངས་པ་ཐུགས་རྗེ་ཆེ། ཁོང་གི་རེ་འདུན་ངོ་མ་གང་ཡིན་དང་འབོད་ཚིག་གཙོ་བོ་གང་ཡིན། སྐབས་དེའི་སྲུང་སྐྱོབ་དམག་མིས་གནས་ཚུལ་འགྲེལ་བཤད་ག་རེ་བརྒྱབ་འདུག རྩད་གཅོད་ཅིག་གཏོང་ཐུབ་ན་ཡག་པོ་འདུག འདིར་འཁོད་པ་ལྟར་རྒྱ་ནག་གི་གཞུང་ཚབ་ཀྱི་མདུན་ཐང་དུ་སློབ་བུ་ཁོང་གི་རང་ལུས་མེར་བསྲེགས་གནང་བ་ཙམ་དུའང་བཀའ་དྲིན་རྗེས་དྲན་བྱེད།