མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འདི་ལས་ལྷག་པའི་ཆག་འཇིག་ཉམ་ང་ཞིག་ཡོང་རྒྱུ་མེད།

བོད་ཀྱི་དུས་བབ།
༢༠༡༠/༡༡/༠༡
Share on FacebookShare on TwitterShare on EmailShare on Whatsapp

ཉིན་འདི་འགར་བོད་ནང་གི་སློབ་ཕྲུག་ཚོས་སྐད་ཡིག་སྲུང་སྐྱོབ་ཐད་ལས་འགུལ་བསྟུད་མར་སྤེལ་གྱིན་ཡོད་པའི་གོ་སྐབས་དང་བསྟུན་ཏེ། འདི་གའི་གསར་འགོད་པས་ས་རཱ་མཐོ་སློབ་ཀྱི་སློབ་དཔོན་བསོད་ནམས་རྒྱལ་མཚན་ལགས་སུ་བཅར་འདྲི་ཞུས་ཡོད།  

དྲི་བ། ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་ནས་མདོ་སྨད་རེབ་གོང་ནས་མགོ་བརྩམས་ཏེ་མཚོ་སྔོན་ཞིང་ཆེན་གྱི་ས་ཁུལ་མང་ཆེ་བའི་སློབ་མ་རྣམས་ཀྱིས་ཞི་བའི་ངོ་རྒོལ་བྱས་པ་དང་། ཞིང་ཆེན་གཞན་དང་ས་ཁུལ་གཞན་གྱི་མཐོ་རིམ་སློབ་མས་ཀྱང་རྒྱབ་སྐྱོར་གྱི་ཆེད་དུ་ཞི་བའི་ངོ་རྒོལ་བྱས་ཡོད། ཐེངས་འདིའི་སློབ་མའི་ལས་འགུལ་འདིར་ཕྱོགས་ཡོངས་ནས་གཟིགས་སྟངས་གང་འདྲ་ཡོད་དམ།

ལན། དེའི་ཐད་ཐོག་མར་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་གྱིས་ ༢༠༡༠ ནས་ ༢༠༢༠ བར་གྱི་སློབ་གསོའི་འཆར་གཞི་དང་། དེའི་བར་གྱི་སློབ་གསོའི་རྩ་དོན་ཟེར་བའི་ཡིག་ཆ་གཉིས་མར་བསྒྲགས་ཏེ། གཞི་རིམ་གྱི་སྐད་ཡིག་དེ་རྒྱའི་སྐད་ཡིག་ཏུ་བསྒྱུར་དགོས་པའི་སྲིད་ཇུས་བཏིང་སྟབས། སློབ་མ་མང་བོའི་སེམས་ཁམས་ལ་ཕོག་ཐུག་དང་ཤེས་ཡོན་པ་མང་བོའི་སེམས་ཁམས་ལ་ཕོག་ཐུག་བཅས་ཕྱིན་ཏེ། ཐེངས་འདིའི་བོད་ནང་གི་སློབ་མའི་ངོ་རྒོལ་འདི་བྱུང་བ་རེད།

རྒྱ་ནག་གི་འཆར་གཞི་འདི་སྡུག་ཅག་ཅིག་ཡིན་པ་གསལ་བོ་རེད་ལ། སྤྱིར་བཤད་ན་རྒྱ་ནག་དམར་ཤོག་གི་རྩ་དོན་དངོས་ཀྱི་གནད་དོན་ཞིག་ཀྱང་རེད། མི་རིགས་མང་བོ་མཉམ་དུ་ཡོད་པའི་རྒྱལ་ཁབ་ཅིག་ཡིན་ན་མི་རིགས་གཞན་ལ་དབང་བསྒྱུར་བྱེད་ཐུབ་ཆེད། མི་རིགས་གཞན་པའི་སྐད་ཡིག་དེ་རྩ་མེད་དུ་གཏོང་དགོས་པའི་སྲིད་ཇུས་ཤིག་ཡོད། དཔེར་ན། སི་ཏ་ལེན་གྱིས་མི་རིགས་ཤིག་ལ་དབང་བསྒྱུར་བྱེད་དགོས་ན་སྔོན་ལ་མི་རིགས་དེའི་སྐད་ཡིག་མེད་པར་བཟོ་དགོས་ཞེས་པ་ལྟར། དམར་ཤོག་པར་ལངས་ཕྱོགས་དེ་ལྟ་བུ་ཞིག་ཡོད་སྟབས། དེ་ལྟ་བུའི་ལངས་ཕྱོགས་ཤིག་རྒྱབ་ལྗོངས་བྱས་ཏེ་ད་ལྟའི་འཆར་གཞི་འདི་བཏོན་པ་རེད། མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་གྱི་མགོ་གཙོ་ཝིང་ཡེ་པུའུ་ཡི་གཏམ་བཤད་ནང་། སྐད་ཡིག་སློབ་ཁྲིད་ལ་བསྒྱུར་བ་གཏོང་རྒྱུ་དེ་དོན་དག་ཤུགས་ཆེན་པོ་ཞིག་གི་སྒང་ནས་གླེང་གི་ཡོད་པར་མ་ཟད། ཁོའི་སྐད་ཆའི་ནང་གི་ཤེས་དགོས་པའི་དོན་དག་གལ་ཆེ་ཤོས་ཤིག་ཡོད་པ་ནི། འདི་ཀྲུང་དབྱང་གི་དགོངས་དོན་དང་མཐུན་གི་ཡོད། རྒྱལ་ཁབ་སློབ་གསོ་ཨུ་ཡོན་ལྷན་ཁང་གི་སྲིད་ཇུས་དང་མཐུན་གི་ཡོད། རྩ་ཁྲིམས་དང་མཐུན་གི་ཡོད་ཅེས་བསྒྲུབ་བྱེད་བཏང་ཡོང་དུས། འདིའི་རྒྱབ་ཕྱོགས་སུ་མཚོ་སྔོན་ཞིང་ཆེན་གཅིག་པུའི་སྲིད་ཇུས་ཤིག་མིན་པར། རྒྱལ་ཁབ་སློབ་གསོ་ཨུ་ཡོན་ལྷན་ཁང་གི་འཆར་འགོད་ཡོད་པ་དེ་གསལ་བོ་རེད། དེ་བཞིན་བོད་གཅིག་པུའང་མིན་པར། རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་ཡོད་ཚད་ཀྱི་སྟེང་དུ་ལག་བསྟར་བྱ་རྒྱུའི་སྲིད་ཇུས་ཤིག་ཡིན་པ་གསལ་བོ་རེད། དེར་བརྟེན། རེབ་གོང་ནས་མགོ་བཙུགས་ཏེ་མཚོ་སྔོན་ཞིང་ཆེན་གྱི་ས་ཁུལ་མང་བོ་ཞིག་ནས་སློབ་མའི་ལས་འགུལ་འདི་སྤེལ་བ་རེད། པེ་ཅིན་མི་རིགས་སློབ་ཆེན་གྱི་སློབ་མས་རྒྱབ་སྐྱོར་གྱི་ཚུལ་དུ་ངོ་རྒོལ་བྱས་པ་དེ་གལ་ཆེན་པོ་རེད་ལ། ལས་འགུལ་འདིར་དོ་སྣང་བྱ་དགོས་ཀྱི་འདུག བཙན་བྱོལ་སྤྱི་ཚོགས་དང་ཤེས་ཡོན་ཅན་རྣམས་ཀྱིས་དོ་སྣང་བྱ་དགོས་ཀྱི་འདུག

ང་ཚོས་རྒྱ་ནག་ལ་བདེན་དོན་རྩོད་པ་དེ་ཆོས་དང་རིག་གཞུང་གི་ཆེད་དུ་ཡིན་ཟེར་གི་ཡོད། ལོ་མང་བོའི་སྔོན་དུ་ང་ཚོས་བཤད་བསྡད་པའི་ཆོས་དང་རིག་གཞུང་བསྣུབ་གི་འདུག་ཟེར་བ་དེ། ད་ལྟ་དངོས་སུ་ང་ཚོའི་མི་རིགས་ཀྱི་རིག་གཞུང་གི་རྩ་བ་སྐད་ཡིག་ལ་དོ་ཕོག་བཏང་ཡོང་དུས། འདི་འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ལུགས་དང་རྒྱ་ནག་གི་བཅའ་ཁྲིམས་དོན་ཚན་བཞི་པའི་ནང་གསེས་དག རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་གཏན་འབེབས་བྱས་པའི་སྒྲིག་གཞི་དག་དང་འགལ་འགྲོ་གི་འདུག མིའི་རིགས་ས་ཁོངས་རང་སྐྱོང་གི་བཅའ་ཁྲིམས་དོན་ཚན་བཅུ་པ་བཅས་ལ་འགལ་འགྲོ་གི་འདུག དེར་བརྟེན་བོད་ནང་གི་ཤེས་ཡོན་པ་དང་བོད་ཕྱིའི་ཤེས་ཡོན་པ་གང་ཡིན་རུང་། འདིའི་སྐོར་ལ་རྩོད་གླེང་བྱས་པ་དེ་ཁྲིམས་འགལ་ཆགས་མེད། ཁྲིམས་འགལ་ཆགས་མཁན་དེ་རྒྱ་ནག་དབུས་སློབ་གསོ་ཨུ་ཡོན་ལྷན་ཁང་གི་སློབ་གསོའི་ལམ་སྟོན་སྲིད་ཇུས་དང་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་གྱི་བྱེད་ཕྱོགས་ཡིག་ཆ་གཉིས་ཁྲིམས་དང་འགལ་བ་གསལ་བོ་རེད།

 

དྲི་བ།  སྲིད་ཇུས་གསར་བ་འདི་ནི་རིག་གནས་གསར་བརྗེ་མཇུག་སྒྲིལ་རྗེས་ཀྱི་བོད་སྐད་ཡིག་གི་ཚེ་སྲོག་ལ་ཐད་ཀར་རྒོལ་བ་ཚབས་ཆེ་ཤོས་དེ་རེད་སྙམ། དེར་བརྟེན་འདི་ཉེན་ཁ་ཆེན་པོ་ཞིག་ལ་གཟིགས་ཀྱི་ཡོད་དམ།

ལན། འདི་རྦད་དེ་ཉེན་ཁ་ཆེན་པོ་རེད།  ༡༩༥༩ ལོར་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ཕྱོགས་སློབ་གསོ་ཟེར་བའི་ལས་འགུལ་ཞིག་བསླངས་པ་རེད། དུས་ཡུན་དེ་ལོ་བཞིའི་རིང་བསྡད་པ་དང་དུས་ཡུན་དེའི་ནང་ཆས་གོས་སྙོམས་སྒྲིག་གི་ལས་འགུལ་ཏེ། དཔེར་ན། སྐབས་དེར་མདོ་དབུས་ཁམས་གསུམ་གྱི་སྐྱེས་པ་ཚང་མའི་མགོའི་སྐྲ་རིང་པོ་བཞར་བ་དང་། བུད་མེད་ཀྱི་སྐྲ་གཏུབ་པ་སོགས་ཆས་གོས་དང་རྒྱན་ཆར་བསྒྱུར་བ་གཏོང་རྒྱུའི་ལས་འགུལ་ཞིག་སྤེལ་ཡོད། དེའི་རྗེས་དྲུག་ཅུ་རེ་དྲུག་ནས་དངོས་སུ་རིག་གཞུང་གཏོར་ཕམ་གཏོང་རྒྱུ་དང་རྙིང་བཞི་རྩ་གཏོར་གྱི་ལས་འགུལ་སྤེལ་བ་རེད། ལས་འགུལ་དེ་ ༡༩༧༦ ལོར་མོ་ཙཱེ་ཏུང་གྲོངས་པ་དང་མཉམ་དུ་མཇུག་བསྒྲིལ་བ་དང་། དེའི་རྗེས་སྤྱི་ཚོགས་རིང་ལུགས་ལམ་ཕྱོགས་གསར་མའི་སློབ་གསོ་ཟེར་བའི་ལས་འགུལ་ཞིག་གི་མགོ་བརྩམས་ཏེ། དེའི་ནང་དུ་འཐིམ་བསྡད་པ་རེད། དེའི་རྗེས་ནས་ཐེངས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་གཉིས་པ་ཚོགས་ཏེ། དམར་ཤོག་ཚོགས་པ་རང་གིས་མི་རིགས་ཀྱི་སྐད་ཡིག་དང་ཆོས་དང་རིག་གཞུང་། ཡུལ་སྲོལ་གོམས་གཤིས་འདི་དག་དེའི་སྔོན་དུ་ལེན་པའོ་དང་མི་བཞི་ཤོག་ཁག་གིས་གཏོར་བརླག་བཏང་བ་རེད། འདི་དག་བྱེད་མཁན་དག་ནི་དུས་ཚོད་དེ་དག་ནང་ཡང་དག་པའི་སྲིད་ཇུས་ཀྱི་དགོངས་དོན་མ་གཏོགས་པར་བྱས་ཐལ་ཤོར་ཉེས་བྱུང་སྟབས། དེ་དག་བཅོས་དང་ཡང་བསྐྱར་མིའི་རིགས་ཀྱི་སྐད་ཡིག་སོགས་བསྐྱར་གསོ་དང་། ལྷག་པར་དུ་སྐབས་དེར་ཞིང་གཤེགས་༸ཀུན་གཟིགས་པན་ཆེན་རིན་པོ་ཆེ་མཆོག་གིས་བོད་ཁུལ་དུ་ཧ་ཅང་སྐུ་ངལ་བསྐྱོན་པ་སོགས། བོད་སྐད་ཡིག་གི་སྒྲོམ་གཞི་མ་ལག་ཅིག་ཚུར་གསོ་ཐུབ་པ་བྱུང་བ་རེད། དེ་བདུན་ཅུའི་མཇུག་དེར་མགོ་བཙུགས། བརྒྱད་ཅུའི་ནང་གཞུང་གྲུབ། དགུ་བཅུའི་ནང་འབྲས་བུ་སྨིན་ཡོང་བའི་བརྒྱུད་རིམ་ཞིག་རེད། དེ་ལྟར་འབྲས་བུ་སྨིན་ཡོང་དུས་རྒྱ་ནག་ལ་དེའི་སྟེང་དུ་ལྟ་སྟངས་ཤིག་ཡོད་པ་གསལ་བོ་རེད། ལྷག་པར་དུ་མཚོ་སྔོན་ཞིང་ཆེན་ལ་མཚོན་ན་ལྗོངས་དང་ཞིང་ཆེན་བཞིའི་ནང་ནས་བོད་སྐད་ཡིག་གི་གཞི་རྐང་འཛིན་ས་ལྟ་བུ་ཆགས་ཡོད་སྟབས། ལག་པ་འཆང་སྟངས་ཀྱང་ས་ཁུལ་དེ་ག་རང་གི་ནང་དུ་ལག་པ་འཆང་བ་དེ་དམིགས་འདུན་མི་ལེགས་པ་ཞིག་རེད།

རིག་གནས་གསར་བརྗེ་ཆེན་མོའི་སྐབས་དངོས་སུ་བསླབ་མི་ཆོག་པ་བཟོས་པ་རེད། རྦད་དེ་ནག་སུབ་ཀྱི་བཟོ་ལྟ་ཡང་བཟོས་པ་རེད། ངས་བསམ་བློ་བཏང་ན་འདི་ལས་ཚབས་ཆེ་བ་ཞིག་ཡོང་རྒྱུ་མི་འདུག དངོས་སུ་རིག་གཞུང་གི་རྩ་བ་སྐད་ལ་ལག་པ་འཆང་སྟེ་རྩ་མེད་བཟོ་བཞིན་ཡོད། ཡིན་ནའང་། ད་ཐེངས་བཤད་སྟངས་སྙན་མོ་ཞིག་བཤད་ཀྱི་ཡོད། དཔེར་ན། ཞིང་ཆེན་སློབ་གསོ་ཐིན་གྱི་མགོ་གཙོ་རང་གིས་རྒྱལ་ཁབ་ལ་ཁ་ཕྱོགས་ན་རྒྱའི་སྐད་ཡིག་སྦྱོང་དགོས་ཟེར་བ་དེ་རེད། གཅིག་ནས་རྒྱའི་སྐད་ཡིག་མ་སྦྱངས་ན་རྒྱའི་ཞེན་ཁོག་བསླེབ་ཀྱི་མི་འདུག་ཟེར་བ་དེ་རེད། གཉིས་ནས་ཉིས་སྟོང་བརྒྱད་དང་དགུ་བཅུ་གོ་གྲངས་ཀྱི་དོན་རྐྱེན་དང་ཡང་འབྲེལ་བ་འདུག དོན་རྐྱེན་དེ་དག་མི་རིགས་ཀྱི་སེམས་ཁམས་དང་རིག་གཞུང་གི་སེམས་ཁམས་ནས་ཚུར་སྨིན་གྱི་ཡོད་སྟབས། དངོས་སུ་མི་རིགས་ཀྱི་སེམས་ཁམས་དེ་དག་བཅོས་དང་གཤག་བཅོས་བྱ་རྒྱུའི་ལམ་ཁ་ཞིག་ཏུ་གོམ་པ་སྤོ་མགོ་བརྩམས་པ་དང་། དེ་བཞིན་ཁོའི་སྐད་ཆའི་ནང་དུ་རྒྱལ་ཁབ་ལ་ཁ་ཕྱོགས་དགོས་ཀྱི་ཡོད་ན། རྒྱའི་སྐད་ཡིག་ཤེས་དགོས་པ་རེད་ཅེས་དང་ང་ཚོས་རྒྱལ་ཁབ་ལ་འགན་ཁུར་ཏེ་རྒྱལ་ཁབ་ཀྱི་ཁེ་ཕན་ཨང་དང་པོར་བཟུང་ནས་རྒྱའི་སྐད་ཡིག་སྦྱོང་དགོས་ཞེས་སྐད་ཤུགས་ཆེན་པོའི་སྟེང་ནས་བཤད་པ་རེད། འདིའི་སྟེང་ནས་རྒྱ་ནག་གིས་འཛམ་གླིང་ལ་བལྟས་ཏེ་སྲིད་ཇུས་གསར་བ་ཞིག་མགོ་བརྩམས་པ་རེད་ལ། འཛམ་གླིང་སྐད་ཡིག་གི་རྒྱ་ཁྱོན་ལ་འགྲན་རྩོད་བྱ་རྒྱུར་ཡང་དམིགས་འདུག གང་ལྟར་ང་ཚོ་བོད་ལ་མཚོན་ན་འདི་ལས་བྱེད་ཐབས་གདུག་རྩུབ་ཅན་བཀོལ་རྒྱུ་མེད་པ་དང་འདི་ལས་ལྷག་པའི་ཆག་འཇིག་ཉམ་ང་ཡོང་རྒྱུ་མེད་པ་ལྟ་བུ་རེད་ལ། མི་རིགས་ཤིག་ལ་མཚོན་ན་མི་རིགས་དེ་ནག་སུབ་གཏོང་རྒྱུའི་སྲིད་ཇུས་སྡུག་ཤོས་དེ་རེད།

 

དྲི་བ། ད་ལྟའི་བྱེད་ཕྱོགས་ལ་བལྟས་ན་ཐེངས་འདིའི་སློབ་མའི་ངོ་རྒོལ་རེ་འབོད་ལ་དང་ལེན་མི་བྱེད་པའི་ཐོག ཕྱི་ཚེས་ ༢༢ ཉིན་མཚོ་སྔོན་ཞིང་ཆེན་གྱི་སློབ་གསོ་ཐིན་གྱིས་གསལ་བསྒྲགས་སྤེལ་བར་བལྟས་ན་སྲིད་ཇུས་ཇེ་མཁྲེགས་ཇེ་སྡུག་ཏུ་གཏོང་རྒྱུའི་ལངས་ཕྱོགས་བརྟན་པོ་འདུག དེར་བརྟེན་འདིའི་ཐད་དུ་ང་ཚོས་བྱེད་ཐུབ་པ་དང་བྱ་དགོས་པ་གང་འདུག

ལན། རྒྱ་ནག་རང་གིས་གཏན་འབེབས་དང་ཕྱིར་བསྒྲགས་བྱས་པའི་གནད་དོན་གང་ཡིན་རུང་། དེ་མཁྲེགས་འཛིན་བྱ་རྒྱུ་ནི་ཁོང་ཚོའི་གོམས་གཤིས་རེད། དེར་བརྟེན་མུ་མཐུད་མཁྲེགས་འཛིན་བྱེད་ཀྱི་རེད། ཁོང་ཚོ་ལའང་མཁྲེགས་འཛིན་བྱས་ཏེ་མཐར་བསྐྱལ་རྒྱུའི་ལམ་ཁ་དེ་མ་གཏོགས་མེད།  དམར་ཤོག་གི་རྩ་བའི་སྒྲོམ་གཞི་དང་ཆབ་སྲིད་ཀྱི་སྒྲོམ་གཞི་གྲུབ་སྟངས་ཏེ་ཁོང་ཚོས་ཐག་གཅོད་བྱས་པའི་བྱ་བ་གང་ཡིན་རུང་མཐར་འཁྱོལ་མ་བྱས་པར། ལམ་ཁ་གཞན་པ་བརྒྱུད་དེ་འགྱུར་བ་གཏོང་རྒྱུའི་སྲིད་ཇུས་མ་ལག་གི་སྒྲོམ་གཞི་ཞིག་ཁོང་ཚོར་གྲུབ་མེད་སྟབས། དང་ཐོག་ཞི་བའི་སྒང་ནས་མཐར་སྐྱེལ་བྱེད་གི་རེད། གལ་སྲིད་ཞི་བའི་སྒང་ནས་མ་ཡོང་ན་ཐབས་གཞན་ཞིག་ཡོད་པ་ནི་དྲག་པོ་བྱ་རྒྱུ་དང་བཙན་གནོན་བྱ་རྒྱུ། ཞི་དྲག་གི་སློབ་གསོ་སྤྲད་དེ་བཙོན་འཇུག་བྱ་རྒྱུ་སོགས་བྱེད་ཐབས་འདྲ་མིན་སྣ་ཚོགས་བེད་སྤྱད་དེ། ད་ལྟའི་སྲིད་ཇུས་འདི་རྒྱུན་མ་ཆོད་བར་དུ་དམ་འཛིན་བྱ་རྒྱུ་ཡིན་པ་དེ་གཏན་འཁེལ་རེད། དེར་བརྟེན་ལས་འགུལ་འདི་བསླངས་ཟིན་པའི་རྗེས་སུ་རླུང་འཕྲིན་དང་བརྙན་འཕྲིན། དེ་བཞིན་ཞིང་ཆེན་གྱི་ཁྱབ་ཁོངས་ཡོངས་སུ་ཡིག་ཆ་འགྲེམ་སྤེལ་བྱས་པ་སོགས་ལ་ལྟ་ཉན་བྱས་ན་ཤེས་རྟོགས་ཐུབ་ཀྱི་འདུག

ཡིན་ནའང་། ང་རང་ཉིད་ཀྱི་བསམ་བློ་གཏོང་སྟངས་ལྟར་བྱས་ན། སྲིད་ཇུས་འདི་མཐར་འཁྱོལ་གི་མ་རེད། ངས་དེ་ལྟར་ཟེར་དོན། སྲིད་ཇུས་འདི་བོད་ཙམ་མ་ཡིན་པར་གྲངས་ཉུང་མི་རིགས་གཞན་དག་གི་སེམས་ཁམས་སུའང་ཕོག་ཐུག་འགྲོ་བ་རེད། དེ་བཞིན་དོན་དག་འདི་འཛམ་གླིང་ལ་སྐད་གྲགས་ཆོད་ཀྱི་ཡོད་ལ། འགྲོ་བ་མིའི་ཐོབ་ཐང་དང་འགལ་ཡོད་སྟབས། རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་གནོན་ཤུགས་བསླེབ་ཚེ། རྒྱ་ནག་ནང་ཁུལ་དུའང་དྲང་བདེན་སྐྱོང་མཁན་དང་བློ་གཟུ་བོར་གནས་མཁན་གྱི་ཤེས་ཡོན་ཅན་ཡང་མང་བོ་ཡོད་པས། དེ་དག་ཡོངས་ཀྱི་སེམས་ཁམས་སུ་ཕོག་ཐུག་འགྲོ་བཞིན་ཡོད་སྟབས། སྲིད་ཇུས་འདི་དུས་ཡུན་གང་འཚམ་ཞིག་ལས་ཚེ་རིང་བོ་གནས་མི་ཐུབ་པར་འགྱུར་བ་གཏོང་དགོས་འཁེལ་གྱི་རེད་སྙམ།

 

དྲི་བ། སྲིད་ཇུས་གསར་བ་འདི་ཀྲུང་དབྱང་གི་རེ་བ་དང་མཐུན་ཞིང་རྒྱལ་ཁྱབ་ཀྱི་ཁྲིམས་ལུགས་དང་མཐུན་པ། མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་དང་རེ་འདུན་ལ་མཐུན་སྐོར་བཤད་ཀྱི་ཡོད། དེ་ལྟར་ཡིན་ན་གྲངས་ཉུང་མི་རིགས་ཁག་གི་ས་གནས་སུ་འདི་ལྟ་བུའི་ཁྲིམས་ལུགས་གསར་བ་ཞིག་ལག་བསྟར་བྱེད་པར། རྒྱ་ནག་གི་ཁྲིམས་ནང་དུ་སྔོན་ནས་གཏན་འབེབས་བྱས་ཡོད་དམ། ཡང་ན་ཁྲིམས་ལུགས་གསར་བ་ཞིག་བཟོ་རྒྱུར་ལྷག་ཡོད།

ལན། ཉེ་བའི་ཆར་སྲིད་ཇུས་གསར་བ་འདི་བསླེབས་ནའང་རྒྱ་ནག་གི་རྩ་ཁྲིམས་ཀྱི་དོན་ཚན་ལ་འགྱུར་བ་ཐེབས་མེད། སྔོན་མ་ཡོད་པའི་རྩ་ཁྲིམས་ལ་འགྱུར་བ་ཐེབས་མེད་སྟབས་ཁྲིམས་འགལ་ཆགས་ཡོད། མི་རིགས་ས་ཁོངས་ནས་མི་རིགས་རང་གི་རང་སྐྱོང་སྲོལ་ཡིག་འཛུགས་རྒྱུ་དང་རང་གི་སྐད་ཡིག་གི་སྟེང་ནས་རྒྱལ་ཁབ་ཀྱི་ལས་ཀ་གཉེར་རྒྱུ་བཅས་ནི་རྩ་ཁྲིམས་ཀྱི་སྟེང་ནས་ཐག་ཆོད་ཡོད། དེ་མ་གཏོགས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འབེབས་བྱས་པའི་མི་རིགས་ས་གནས་རང་སྐྱོང་གི་སྲོལ་ཡིག་དང་ཡང་འགལ་ཡོད། ཡིན་ནའང། རང་ཞིང་གི་རྩ་བའི་ཁེ་ཕན་དང་མཐུན་གི་ཟེར་བ་དེར་གསལ་བཤད་ངོ་མ་ཞིག་ཡོད། གང་ཡིན་ཟེར་ན། སྐད་གཉིས་སྨྲ་བ་ཟེར་དུས་རྒྱ་ཡིག་དང་བོད་ཡིག་གཉིས་ཀ་ཤེས་མཁན་གྱི་སྤུས་ཀ་ཅུང་ཞན་པོ་རེད། དེའི་ནང་ནས་ཀྱང་རྒྱ་ཡིག་གི་ཆུ་ཚད་ཀྱིས་འདང་གི་མི་འདུག དེ་དང་མཐུན་གི་འདུག་ཅེས་བསྒྲུབ་བྱེད་བཀོལ་གྱིན་ཡོད། དེར་བརྟེན་མཚོ་སྔོན་ཞིང་ཆེན་གྱི་མི་རིགས་ས་ཁོངས་ཁུལ་གྱི་མི་རིགས་ཀྱི་དགོས་མཁོ་དང་མཐུན་གི་འདུག་ཅེས་མ་སྐད་རྒྱའི་སྐད་ཡིག་བཞག་སྟེ། འཛིན་གྲྭ་གསུམ་པ་བཞི་བ་ནས་བོད་སྐད་ཡིག་སློབ་ཁྲིད་བྱས་ན་མཐུན་གི་འདུག་ཟེར་གི་ཡོད། དེ་མི་མངོན་པའི་བསྒྲུབ་བྱེད་དེ་རེད།

འོན་ཀྱང་། དེའི་ཐད་ནས་མང་བོ་ཞིག་ལ་དག་བཅོས་བྱ་དགོས། ང་ཚོ་རྒྱ་གར་ནང་བཙན་བྱོལ་དུ་ཡོང་མཁན་ཚོར་མཚོན་ན་དང་པོ་ནས་དབྱིན་ཇི་བསླབས་ཏེ་མཉམ་དུ་བོད་ཡིག་ཀྱང་བསླབས་ནའང་། མཐའ་མར་བོད་ཡིག་གི་ཤེས་ཚད་དེ་དབྱིན་ཡིག་ལས་སྐྱོ་བ་ཆགས་འགྲོ་བ་དེ་གསལ་བོ་ཡིན་སྟབས། འཛིན་གྲྭ་དང་པོ་ནས་རྒྱ་ཡིག་བསླབ་སྟེ་འཛིན་གྲྭ་གསུམ་པ་བཞི་བར་བསླེབ་རྗེས་བོད་ཡིག་བསླབ་ཚེ། དེ་གཉིས་དོ་ཉམས་ཡོང་གི་མེད་པ་རྒྱ་ནག་གིས་གསལ་བོར་ཤེས་ཀྱི་ཡོད་མོད། རྒྱ་ཡིག་གི་རྨང་གཞི་ཚུགས་ཏེ་བོད་ཡིག་རིམ་གྱིས་འདོར་རྒྱུར་ལམ་འགྲོ་ཕྱིན་ཚེ། ཁོང་ཚོའི་རེ་བ་ནི་བོད་ཡིག་གི་ཕན་ཐོགས་ཀྱི་མི་འདུག བོད་ཡིག་ནུས་མེད་རེད་ཅེས་བོད་ཡིག་རང་བཞིན་གྱིས་མཐར་འཕུད་རྒྱུ་དེ་རེད། གཉིས་ནས། འདི་ལྟ་བུའི་བསྒྱུར་བཅོས་ཤིག་གཏོང་ཐུབ་ཚེ། ད་ལྟ་སློབ་གྲྭ་ཁག་ཏུ་ཡོད་པའི་དགེ་རྒན་ཆ་ཚང་གཅིག་ནས་ཕོགས་སྤྲད་དེ་ལས་ཡོལ་བྱེད་པའམ། ལས་ཀ་གཞན་ལ་ངོ་བོ་བསྒྱུར་བ། གང་ལྟར་སློབ་གྲྭ་ནས་གནས་ཐུབ་ཀྱི་མེད་པ་གསལ་བོ་རེད། དེའི་ཚབ་ཏུ་དེང་སྐབས་རྒྱ་ནག་ལ་ལས་མེད་མང་བོ་ཞིག་ལྷག་ཡོད། སྲིད་ཇུས་འདི་རྒྱ་མི་རིགས་ལ་ལས་ཀའི་དགོས་མཁོ་སྐོང་བྱེད་ཀྱི་སྲིད་ཇུས་ཤིག་ཡིན་པའང་ཟུར་བལྟས་ལེབ་མཐོང་རེད།

དེར་བརྟེན། ང་ཚོ་བོད་ཀྱི་ཁེ་ཕན་དང་རྩ་བ་ནས་མཐུན་གི་མི་འདུག ཡིན་ནའང་། ཁོང་ཚོས་ཁེ་ཕན་དང་མཐུན་གི་འདུག་ཟེར་བའི་གནས་ཚུལ་གཞན་ཞིག་བཤད་ཡོད། ད་ལྟ་ཐོན་བསྡད་མཁན་དག་གི་རྒྱ་ཡིག་གི་ཤེས་ཚད་དམའ་བ་ཡོད་སྟབས། སྲིད་འཛིན་ལས་ཁུངས་ཁག་ཏུ་ལས་བགོ་བྱ་ཐུབ་ཀྱི་མེད་ལ། སྲིད་ཇུས་གསར་བར་བསྐྱོད་ཚེ་རྗེས་མ་སློབ་གྲྭ་ཐོན་མཁན་ལ་ལས་བགོ་རྒྱག་ཐུབ་ཀྱི་རེད་ཅེས་ཟེར་གྱི་ཡོད། དེ་ལྟ་བུའི་ལྟ་ཚུལ་དེ་མི་རིགས་ལ་མཐོང་ཆུང་དང་མི་རིགས་དབྱེ་འབྱེད་བྱས་པ་ཞིག་རེད། མི་རིགས་ས་ཁོངས་ནས་མི་རིགས་ཀྱི་སྐད་ཡིག་དང་མི་རིགས་དེའི་ཡུལ་སྲོལ་གོམས་གཤིས་དང་མཐུན་པའི་སྒང་ནས་མི་རིགས་ཀྱི་སྐད་ཡིག་རིག་གཞུང་ལ་སྲུང་སྐྱོབ་བྱས་ཏེ། མི་རིགས་ལ་སྲུང་སྐྱོད་བྱ་དགོས། དེའི་སྟེང་དུ་དོན་དག་གཞན་ཞིག་བཤད་པ་ནི། སློབ་ཞུགས་ཀྱི་སློབ་མའི་གྲངས་ཚད་དེ་ཉུང་ཉུང་རེད་ལབ་ཀྱིན་ཡོད། སློབ་ཞུགས་ཀྱི་སློབ་མའི་གྲངས་ཚད་ཐད་ནས། ང་ལོ་བཅོ་བརྒྱད་བཅུ་དགུའི་སྔོན་དུ་བོད་ནས་ཚུར་ཡོང་བ་རེད་ལ། ངའི་ཕ་ཡུལ་ལ་མཚོན་ན་བོད་རྒྱ་ཡིག་རིགས་གང་བསླབ་ཀྱང་སློབ་གྲྭར་འགྲོ་གི་འདུག་མ་གཏོགས། ང་ཚོའི་ས་ཆ་ནས་སྤྱི་ལེ་ལྔ་བཅུ་དྲུག་ཅུའི་མཚམས་སུ་ཡར་སོང་ན། སློབ་གྲྭར་སོང་ཚེ་བོད་ཡིག་སློབ་གི་མ་རེད་ལ། རྒྱ་ཡིག་ཤེས་གིའང་མ་རེད། ཕན་ཐོགས་གི་མ་རེད་ཅེས་སློབ་གྲྭར་གཏོང་གི་མེད། དེ་ལས་བོད་ཡིག་ཅིག་བསླབ་བཞག་ན་རྒྱལ་ཁབ་ཀྱི་ལས་བྱེད་མ་ཉན་རུང་རང་གི་ས་ཁུལ་ནས་རང་མགོ་ཐོན་འགྲོ་གི་རེད་ཟེར་བའི་བསམ་ཚུལ་ཞིག་ཡོད། དེར་བརྟེན་སློབ་ཞུགས་ཀྱི་གྲངས་ཚད་ད་དུང་ཡང་མར་ཆགས་ཏེ་ཇེ་ཉུང་དུ་འགྲོ་བ་ཉག་གཅིག་རེད།

ཡང་ཡིག་ཐོག་ན་མི་འདུག་ཀྱང་། ཝིང་ཡེ་པུའུ་ཡི་སྐད་ཆར་ཉན་ན། མི་རིགས་ཀྱི་སློབ་གྲྭ་ཁག་གི་མཐུན་རྐྱེན་སྐྱོ་བོ་རེད་ལབ་སོང་། མཐུན་རྐྱེན་སྐྱོ་བོ་ཡིན་པའི་རྒྱུ་མཚན་གང་ལ་ཐུག་པ་རེད། མི་རིགས་ཀྱི་སློབ་གྲྭ་ཁག་ཞིང་ཆེན་སློབ་གསོ་ཐིན་གྱིས་བདག་པོ་རྒྱག་དགོས་ཀྱི་མེད་དམ། དེ་སེམས་ནང་གི་དྲི་བ་གལ་ཆེ་ཤོས་ཤིག་རེད། དེ་བཞིན་ཚིག་ཤུགས་དེ་ནས་རྒྱ་ཡིག་གི་སློབ་གྲྭ་ཁག་གི་མཐུན་རྐྱེན་ཡག་པོ་ཡོད་པ་དང་མི་རིགས་སློབ་གྲྭ་ཁག་གི་མཐུན་རྐྱེན་སྐྱོ་བ་ཡོད་པ་དེ་གསལ་བོ་རེད། མཐུན་རྐྱེན་ཡག་ཏུ་གཏོང་དགོས་ཀྱི་འདུག་ཟེར་དུས་རྒྱའི་སྐད་ཡིག་རྨང་གཞིར་མ་བཞག་གཏོང་མི་ཐུབ་པ་དང་། རྨང་གཞིའི་སྐད་དེ་བོད་ཡིག་བཞག་ན་མཐུན་རྐྱེན་དེ་སྤྲོད་མ་ཐུབ་པའི་རྒྱུ་མཚན་གང་ལ་ཐུག་པ་རེད། སྐད་ཡིག་དང་མཐུན་རྐྱེན་གཉིས་བར་གྱི་རྒྱུ་རྐྱེན་གང་ལ་ཐུག་འདུག

ཡང་ཁོས་དོན་དག་གཞན་ཞིག་བཤད་ཡོད། ཁྲོམ་རའི་ལམ་ལུགས་ཀྱི་ནང་དུ་ཕར་ཞུགས་ཐུབ་པར་ཕན་ཐོགས་གི་རེད་ཟེར། ཁྲོམ་རའི་ལམ་ལུགས་ཀྱི་ནང་དུ་ཞུགས་རྒྱུར་རྒྱའི་སྐད་ཡིག་གིས་ཀྱང་གླགས་འཁེལ་གྱི་མ་རེད། རྒྱ་ནག་ནང་ཁུལ་དུ་བསྡད་ན་ཆོག་ཀྱང་། རྒྱ་ནག་གི་ས་མཚམས་དང་བརྒལ་རྗེས་རྒྱའི་སྐད་ཡིག་གིས་གླགས་འཁེལ་གྱི་མ་རེད། དཔེར་ན། ཉེ་ཆར་ང་ཞིང་ཀཱང་བརྒྱུད་སོག་པོར་ཐེངས་ཤིག་ཕྱིན་པ་ཡིན་ལ། ཞང་ཀཱང་ལ་མཚོན་ན་རྒྱའི་སྐད་ཡིག་དང་དབྱིན་ཇིའི་སྐད་ཡིག་ལས་དབྱིན་ཇིའི་སྐད་ཡིག་བདེ་བ་དང་བཀོལ་སྤྱོད་ཆེ་བ་འདུག་པས། རྒྱའི་ཁྲོམ་ར་དང་ཁ་བྲལ་ཏེ་འཛམ་གླིང་གི་ཁྲོམ་རར་ཞུགས་ན་རྒྱའི་སྐད་ཡིག་ཤེས་པའི་ཁེ་ཕན་གང་ཡང་མཐོང་གི་མི་འདུག དེ་ལྟར་བལྟས་ན། རྒྱུ་མཚན་གང་འདྲ་ཞིག་བཤད་ཀྱང་ཁ་གཡར་ས་དང་ཁག་འཇོག་ས་ཙམ་ལས་དོན་དག་ངོ་མ་མ་རེད།

 

དྲི་བ། གལ་སྲིད་བོད་ནང་དུ་རྒྱ་ནག་གི་མཁྲེགས་བཟུང་འོག་ཤེས་ཡོན་སྲིད་ཇུས་གསར་བ་འདི་ལག་བསྟར་བྱས་ཚེ། བཙན་བྱོལ་སྤྱི་ཚོགས་ནང་སྔོན་མ་ལས་བོད་སྐད་ཡིག་རང་གི་སྟེང་ལ་ཤུགས་རྒྱག་པ་དང་། དཔེ་སྟོན་སློབ་གྲྭ་ལྟ་བུ་མང་དུ་འཛུགས་པ། ཤེས་ཡོན་སྲིད་ཇུས་གསར་བའི་ནང་དུ་སྣོན་འཕྲི་སོགས་བྱས་ཏེ་གང་མགྱོགས་ལག་ལེན་ཏུ་བསྟར་བ་སོགས། བོད་ཕྱི་ཕྱོགས་ནས་ཤུགས་རྒྱག་དགོས་པ་འདྲ་མཐོང་གི་འདུག་གམ།

ལན། སྤྱིར་བཙན་བྱོལ་ནང་དེ་སྔོན་ནས་ལག་ལེན་ཏུ་བསྟར་བཞིན་པའི་ཤེས་ཡོན་སྲིད་ཇུས་དེས་ལས་ཀ་ཡག་པོ་བྱེད་ཀྱི་མེད་པ་གསལ་བོ་རེད་ལ། བོད་སྐད་ཡིག་ཙམ་མིན་པར་དབྱིན་ཡིག་དང་སློབ་ཚན་གང་གི་སྟེང་དུའང་གཞན་གྱི་རྗེས་ཆོད་ཀྱི་མེད། དེ་མགོ་མཇུག་བར་གསུམ་གང་ནས་འཐུས་ཤོར་དུ་ཕྱིན་པའམ། མ་ཤེས་པར་འཐུས་ཤོར་དུ་ཕྱིན་པ་སོགས་གང་ཡིན་རུང་། འཐུས་ཤོར་དུ་ཕྱིན་པ་དེ་ང་ཚོ་རང་གིས་གསང་བ་དང་སྤས་རྒྱུ་གང་ཡང་མེད། དེར་བརྟེན་དེ་བཅོས་སྒྲིག་བྱེད་པར་ཤེས་ཡོན་སྲིད་ཇུས་གསར་བའི་སྒྲོམ་གཞི་མ་ལག་ཅིག་བསྐྲུན་ཏེ། དཔེ་སྟོན་སློབ་གྲྭ་བཙུགས་ཡོད་ལ། སམ་བྷོ་ཊའི་ཁྱབ་ཁོངས་ཡོངས་དེ་ལ་བསྒྱུར་རྒྱུའི་བསམ་བློ་ཡང་གཏོང་གི་ཡོད། དེའི་ཐོག་བོད་ནང་བོད་སྐད་ཡིག་གི་གནས་བབ་ལ་འགྱུར་བ་ཕྱིན་སྐབས། བཙན་བྱོལ་ནས་དེའི་སྟེང་དུ་གོམ་པ་བརྒྱབ་སྟེ་རང་གི་སྐད་ཡིག་ལ་སྲུང་སྐྱོབ་དང་ཤུགས་སྣོན་རྒྱག་གི་རེད་ལ་རྒྱག་ཀྱང་དགོས་པ་རེད། དེ་འགན་ཁུར་ཆགས་ཡོད། ཡིན་ནའང་། དེས་ཕར་ཕྱོགས་ཀྱི་གྱོང་གུད་གཏན་ནས་གསབ་ཐུབ་པ་མ་རེད། 

བོད་ནང་ལོགས་རྩ་བ་རེད་ལ་བཙན་བྱོལ་སྤྱི་ཚོགས་ཡལ་ཀ་ལྟ་བུ་རེད། རྩ་བ་གཏོར་བརླག་ཏུ་བཏང་ཚེ་ཕྱི་ལོགས་ནས་མི་འབུམ་གཅིག་དང་ཁྲི་ལྔ་དྲུག་ཅིག་གིས་གང་ཡང་ཡོང་གི་མ་རེད་ལ། དེ་ཡང་རྒྱ་བལ་འབྲུག་གསུམ་གཙོས་ས་ཁུལ་མང་བོ་ཞིག་ཏུ་འཐོར་ཡོད་ཐོག འཚོ་བ་དང་དགོས་མཁོ། ཁོར་ཡུག་གི་གནས་བབ་སོགས་ཕྱོགས་མང་བོ་ཞིག་ནས་བསམ་བློ་བཏང་ན། ཕར་ཕྱོགས་ཀྱི་གྱོང་གུད་གསབ་པ་དང་མ་འོངས་པར་མི་རིགས་ཀྱི་ཚེ་སྲོག་གི་རྒྱུན་བསྲིང་ཐུབ་པའི་ཕུགས་རྒྱང་རིང་བོའི་ནུས་པ་ཞིག་ཐོན་གི་མ་རེད། ཡིན་ནའང་། འདི་ནས་ཁ་གཏད་བཅག་སྟེ་ནུས་པ་ཞིག་སྐྱེད་སྲིང་བྱ་རྒྱུ་གལ་ཆེན་པོ་རེད། ངས་དེ་དག་ལས་ཀྱང་གལ་ཆེ་བ་ཞིག་མཐོང་བ་ནི། གཞུང་དང་མང་ཚོགས། མི་རེ་ངོ་རེ་ནས་ད་ལྟའི་རྒྱ་ནག་གི་ནོར་འཁྲུལ་ཅན་གྱི་བྱེད་ཕྱོགས་སྲིད་ཇུས་དེར་སྐྱོན་བརྗོད་བྱ་དགོས་ཀྱི་འདུག འདི་འགྲོ་བ་མིའི་ཐོབ་ཐང་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྲོལ་ཡིག མང་གཙོ་ཅན་གྱི་རྒྱལ་ཁབ་དང་དམར་ཤོག་ཅན་གྱི་རྒྱལ་ཁབ་གང་ཡིན་རུང་། དེ་དག་ཡོངས་རྫོགས་ཀྱི་ལམ་ལུགས་དང་འགལ་ཡོད་སྟབས། དངོས་ཤུགས་བརྒྱུད་གསུམ་ནས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲད་དེ། ཕར་ཕྱོགས་ཀྱི་ཁོར་ཡུག་གི་ཁ་ཕྱོགས་བསྒྱུར་ཏེ་མྱུར་སྐྱོབ་བྱེད་པ་མ་གཏོགས། འདི་ནས་ཅིག་བསྐྲུན་ཏེ་ཕར་ནུས་པ་ཐོན་པ་ཞིག་ཡོང་གི་མ་རེད།

 

དྲི་བ། དེང་སྐབས་ས་རཱ་དང་ཝར་ཎ། ནོར་གླིང་སོགས་བོད་ཡིག་ཆེད་སྦྱོང་གི་མཐོ་སློབ་ཁག་ཅིག་ཡོད་ལ། སློབ་མ་མང་བོ་ཞིག་ལོ་རེ་བཞིན་ཆེད་སྦྱོང་འཛིན་གྲྭ་ནས་མཐར་ཕྱིན་གི་ཡོད། ཡིན་ནའང་། ན་ཚོད་ལ་དཔག་པའི་བསམ་བློའི་སྟོབས་ཤུགས་ཤིག་དང་ངར་ཤུགས་ཤིག་མི་འདུག དེ་གང་ལ་ཐུག་པ་རེད།

ལན། ཁྱོད་ཀྱི་ཚོར་བ་དེ་ང་ལའང་དེ་ག་རང་ཡོད། ཞིབ་འཇུག་ཀྱང་མང་བོ་བྱས་མྱོང་། མི་གཞན་པར་ཡང་བསམ་ཚུལ་དེ་འདུག དེ་བོད་ཡིག་སྦྱོང་མཁན་དང་དབྱིན་ཇིའི་སྐད་ཡིག་སྦྱོང་མཁན་གང་ཡིན་རུང་གཅིག་མཚུངས་སུ་ཡོད་པའི་སྐྱོན་ཞིག་རེད། བོད་མི་ཚོར་བུམ་པ་གང་བྱོའི་ཚུལ་དུ་ཟེར་བའི་དཔེ་ཡོད་པ་ལྟར་དགེ་རྒན་གྱིས་གང་ཤེས་པ་དེ་སློབ་མ་ཚོར་བསླབ། སློབ་མ་ཚོས་ཀྱང་དེ་མི་གཉིས་ཞིག་ལ་བརྒྱུད་རྒྱུ་དེ་ང་ཚོའི་ཤེས་ཡོན་གྱི་སྒྲོམ་གཞི་ཞིག་རེད། དེ་ལྟ་བུའི་ཁོར་ཡུག་ཅིག་གི་བཀག་རྒྱ་ཐེབས་ཏེ། དགེ་རྒན་གྱི་བསླབ་པ་དང་དེབ་སྟེང་དུ་ཡོད་པ་དེ་དཔེ་མཚོན་ཡིན་པ་ངོ་མ་འཕྲོད་པར། རང་གིས་དེ་ཚོ་དཔེ་མཚོན་དུ་བསྟེན་ཏེ་ལམ་ཁ་གསར་བ་ཞིག་འཚོལ་སྒྲུབ་བྱེད་དགོས་པ་མ་ཤེས། དགེ་རྒན་དང་སྤྱི་ཚོགས་གཉིས་ལ་དབྱེ་འབྱེད་ཀྱང་བྱེད་མ་ཐུབ་པར་ཡོངས་རྫོགས་གྲུ་བཞི་ཡིན་ན། གྲུ་བཞི་དང་ཀོར་ཀོར་ཡིན་ན་ཀོར་ཀོར་རྐྱང་རྐྱང་ལ་བསམ་བློ་འཁོར་བའི་སྟེང་ནས་ང་ཚོར་དཀའ་ངལ་འདི་འཕྲད་ཀྱིན་ཡོད།

སློབ་གྲྭ་ཁག་ཏུ་དཔེ་བླངས་ན་གསལ་བོ་ཤེས་ཀྱི་འདུག དཔེར་ན། དགེ་རྒན་ཞིག་གིས་གཏོང་ཡིག་འབྲི་སྟངས་ཤིག་མར་བསླབ་ཚེ། ཁོའི་འཛིན་གྲྭའི་ནང་སློབ་མ་བཞི་བཅུ་ཡོད་ན་གཏོང་ཡིག་དེའི་ཁ་བྱང་གཅིག་པ་ལས་སློབ་མ་རང་རང་གི་བསམ་བློ་བཏང་སྟེ་མགོ་བརྗོད་གཉིས་པ་ཞིག་གི་སྟེང་དུ་གོམ་པ་སྤོ་རྒྱུའི་གོམས་གཤིས་འཇགས་མེད། དེར་བརྟེན་རང་བཞིན་གྱིས་སྲོལ་རྒྱུན་གྱི་གོམས་གཤིས་འདྲ་བོ་ཞིག་ཆགས་བསྡད་ན་ངར་ཤུགས་བསླེབ་ཐུབ་ཀྱི་མ་རེད། ངར་ཤུགས་ཟེར་བ་དེ་མིའི་རིགས་སྟོབས་ཤིག་ཡིན་སྟབས་ཁ་ཕྱོགས་གསར་བ་ཞིག་འཚོལ་རྒྱུར། མིའི་བསམ་བློ་དེ་དཔྱད་བསྡུར་མང་བོ་བྱ་དགོས་ཀྱི་ཡོད། དེ་བཞིན་དགེ་རྒན་གྱི་མ་བསླབ་ན་རང་གིས་འཚོལ་སྒྲུབ་བྱེད་རྒྱུ་མེད་པའི་བསམ་བློ་ཞིག་འདུག དེ་ལྟ་བུའི་ཁོར་ཡུག་གི་གནས་སྟངས་དེ་དྲ་རྒྱའམ་རྒྱ་ཐག་གི་བཟོ་ལྟར་དམ་པོ་ཞིག་ཏུ་གྲུབ་འདུག་ལ། དེ་མ་གཏོར་བར་དུ་རང་འཇགས་འདུག་གི་མ་རེད་མ་གཏོགས་འདི་ལས་དུས་ནམ་ཡང་ཐར་གི་མ་རེད།

 

གསར་འགོད་པ། ཨ་རིག་འགྱུར་མེད།

འབྲེལ་ཡོད་གསར་འགྱུར།

From left 1. BTSM women members, 2. Shri Rupesh Kumar, National Central Executive Member of Rashtriya Swayamsevak Sangh (RSS), 3. Shri Lt. Gen. R.K. Sharma (Retd.), 4. Shri Indresh Kumar, Patron of BTSM, 5. Thupten lungrig, Former Cabinet Minister, 6. Shri Pankaj Goyal, National Organisational Secretary, BTSM, 7. Shri Sanjeev Manmotra, BTSM Jammu.
Mobile App

ལུས་སེམས་གཉིས་ཀྱི་ཐོག་ནས་བོད་དོན་འཐབ་རྩོད་མུ་མཐུད་བྱ་རྒྱུ་ཡིན།

ཆུ་ཚོད་ ༡༠ སྔོན་ལ།
དགའ་ལྡན་བྱང་རྩེ་གྲྭ་ཚང་ནས་ཡིན་པའི་དགེ་འདུན་པ་བཀྲ་ཤིས་དོན་གྲུབ་ལགས། རྒྱ་གར་གསར་ལམ་ཁག་གི་པར།
Mobile App

དགེ་འདུན་པ་ཞིག་དམར་གསོད་བཏང་བའི་དོགས་ཡོད་ཉེས་ཅན་ལྔ་འཛིན་བཟུང་བྱས་འདུག

ཆུ་ཚོད་ ༡༣ སྔོན་ལ།
བོད་ཀྱི་དུས་བབ་གསར་ཁང་གི་པར
Mobile App

དབུས་འོས་བསྡུ་ལས་ཁང་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་གཏུགས།

༢༠༢༦/༠༥/༠༥
This photograph taken during a government-organized media tour shows a young boy standing near his house in Damxung county, in China’s Tibet Autonomous Region, in June 2021. (Photo: Hector Retamal/AFP)
Mobile App

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས་རྒྱ་ནག་གིས་བོད་ཀྱི་སྐད་ཡིག་རྩ་མེད་གཏོང་ཐབས་བྱེད་བཞིན་པ་ཐེར་འདོན་གནང་། 

༢༠༢༦/༠༥/༠༥
Tibetans in Nepal Advised not to Hold March 10 Rallies
Mobile App

ཨ་རིས་བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བར་ལྟ་རྟོག་དགོས་པའི་སྐུལ་མ་བྱས།

༢༠༢༦/༠༥/༠༥
ཐའེ་ལན་ཌིའི་གསར་འགོད་པ་ཝུའུ་ཌི་མི་ལིན་ཊ་ཆིན་ཊ་(Woody Milintachinda) ལགས་ཀྱིས་སྣེ་འཁྲིད་པའི་ནང་པའི་ཚོགས་པ་ཐའེ་ལན་ཌི་ཝུའུ་ཌི་ཝོེ་ཌི་(Woody World Thailand ) ཡི་ཚོགས་མི་ ༢༠ ཡིས་༧གོང་ས་མཆོག་ལ་མཇལ་བཅར་ཞུས། ༢༠༢༦།༠༥།༤
༸གོང་ས་མཆོག གསར་འགྱུར།

ཐའེ་ལན་ཌི་དང་བོད་བར་གྱི་འབྲེལ་ལམ་དེ་ནི་འབྲེལ་མོལ་གྱིས་མཐུན་སྒྲིལ་ཡོང་བའི་དཔེ་མཚོན་ཡག་པོ་ཞིག་ཡིན་ཞེས་བཤད།

༢༠༢༦/༠༥/༠༤

མཆན། 7

  1. དཀར་མཚོ་སྐྱིད། says:
    ལོ་ 16 སྔོན།

    བོད་ཕྱི་ནང་གཉིས་སུ་རང་རེའི་རིག་གཞུང་ཉམས་རྒུད་དུ་འགྲོ་བཞིན་པའི་རྒྱུ་རྐྱེན་གཙོ་བོ་དང་མ་འོངས་པའི་བོད་ཡིག་གི་མདུན་ལམ་གྱི་སྐོར་ལ་འགྲེལ་བཤད་ཅི་ཡང་མེད་པ་ནི་ཁྱེད་ཀྱི་བློ་ངོར་མ་ཤོང་བའམ་ཡང་ན་སྦ་གསང་བྱས་པ་ཞིག་མིན་ནམ།

    Reply
  2. ཤྰ་རིའི་བུ། says:
    ལོ་ 16 སྔོན།

    དེ་བཞིན་ཨ་མདོ་བ་བོད་ཡིག་མ ཁས་དབང་དག་གིས་ཁོང་ལ་མིག་དཔེ་ལྟ་ནས་ཕྱི་རྒྱལ་ལ་ཕེབས་རྒྱུ་མ་བརྩོན་ན་དགེ་མཚན་དེ་བས་ཆེ།

    Reply
  3. ཤྰ་རིའི་བུ། says:
    ལོ་ 16 སྔོན།

    རྒན་ལགས་ཁོང་ལྟ་བུར་རིགས་ལ་བཀའ་སློབ་དང་བཅར་དྲི་རིགས་གནང་ན་དགེ་མཚན་འདུག

    Reply
  4. འཇམ་དབྱངས། says:
    ལོ་ 16 སྔོན།

    རྒན་བསོད་ནམས་ལགས་ཀྱིས་གནད་དུ་འཁེལ་བའི་དྲི་བར་ལན་འདེབས་གནང་བར་ཐུགས་རྗེ་ཆེ། དེང་སང་བོད་ཡིག་གི་ལས་དབང་ངོ་མ་སྐྱོ་བོ་ཆགས་ཡོད། ཕལ་ཆེར་ངའི་གྲོགས་པོས་བསྐུར་བའི་ཡི་གེ་འདིར་བལྟས་ན་རྒྱ་ནག་གི་སྐད་ཡིག་གཉིས་ཀྱི་སྲིད་ཇུས་དེར་འགྱུར་བ་གཏོང་རྩིས་མེད་ཐག་ཆོད་དུ་འདུག གྲོགས་པོས་ “རེབ་གོང་ཕྱོགས་སུ་སློབ་གསོའི་ལས་དོན་དེ་ཤུགས་ཆེར་གྱུར་ཡོད། ཡིན་ནའང་། ས་གནས་སྲིད་གཞུང་གིས་དེའི་ཐད་དམ་དྲགས་དང་བྱེད་ཐབས་སྣ་ཚོགས་སྤྱོད་བཞིན་ཡོད། མཇུག་འབྲས་ཇི་འདྲ་ཞིག་འབྱུང་མིན་ཧ་ཅང་གི་སྨྲ་མི་ཤེས་པ་ཞིག་རེད།” རེད་ཟེར། ཡིན་ན་ཡང་འདིར་ཕྱོགས་སུ་ཉེ་ཆར་བཀའ་བློན་ཁྲི་ཚབ་ཀྱིས་གསུང་བཤད་ནན་མོ་ཞིག་གནང་བ་ཙམ་ལས་འབྲེལ་ཡོད་ཤེས་རིག་ལས་ཁུངས་ལ་གྲག་འགུལ་ཅི་ཡང་མེད་པ་འདི་ངོ་མ་མཚར་བོ་ཞིག་མ་རེད་དམ། གང་ལྟར་གཞུང་སྒེར་ཚང་མས་ཤུགས་བརྒྱབས་ཏེ་བོད་ཡིག་འདི་འཆི་ལམ་ནས་སྐྱོབ་རྒྱུར་ཅིས་ཀྱང་འབད་པར་འཚལ།

    Reply
  5. འདྲེ་རིག་ལྡན། says:
    ལོ་ 16 སྔོན།

    རྒན་ལགས་ཀྱི་བཅར་འདྲི་འདི་ཞིབ་མོར་ཀློག་པའི་སྐབས་སུ་་་ ཁོང་གི་གདོང་གི་ཉམས་འགྱུར་སོགས་ཀྱང་མིག་ལམ་དུ་ཤར་ནས་སླེབས་སོང་།

    བཅར་འདྲི་བྱེད་ན་ངོ་མ་རྒན་ལགས་ལྟ་བུ་ལ་བཅར་འདྲི་བྱེད་དགོས་འདུག ས་ཐག་རིང་པོ་འདི་འདྲ་ཞིག་ནས་སླར་ཡང་རྒན་ལགས་ཀྱི་བཀའ་གསུངས་ཐོས་པས་དགའ་བོ་བྱུང་།

    བོད་ཀྱི་སྐད་ཡིག་རྒྱལ་གྱུར་ཅིག བོད་ཀྱི་རྒྱལ་ཁབ་རྒྱལ་གྱུར་ཅིག མིང་དོན་མཚུངས་པའི་བོད་ཀྱི་དགེ་རྒན་ཁྱེད་ལྟ་བུ་དག་དུས་ནས་དུས་སུ་རྒྱལ་གྱུར་ཅིག

    Reply
  6. བྲག་འགོ་དཀོན་མཆོག་དར་རྒྱས། says:
    ལོ་ 16 སྔོན།

    བོད་ནང་གི་སློབ་མ་རྣམས་ཀྱི་སྐད་ཡིག་ལ་སེམས་ཁུར་དང་།
    གདུང་སེམས་མཉམ་བསྐྱེད་མཚོན་ཕྱིར་འདི་ག་ལྷོ་ཕྱོགས་སུ།
    བཙན་བྱོལ་བོད་མིའི་སློབ་ཕྲུག་མཐུན་ཚོགས་ཟེར་བའི་བཀོད་སྒྲིག་འོག་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་འདུག་པ།
    དྲྭ་འབྲེལ་འདི་བརྒྱུད་ནས་གཟིགས་རོགས་ཞུ།

    https://tibettimes.net/wordpress/blogs.php?id=186&post_id=12387

    Reply
  7. པ་སངས་ཚེ་རིང་། says:
    ལོ་ 16 སྔོན།

    སློབ་དཔོན་མཆོག་ནས་གནས་ཚུལ་གསལ་བཤད་ཧ་ཅང་ལེགས་པོ་གནང་བར་ཐུགས་རྗེ་ཆེེ་དང་། དེ་རིང་གི་གནད་དོན་འདི་ནི་ང་ཚོའི་མི་རིགས་ཀྱི་སྲོག་གི་སྙིང་པོ་དང་འབྲེལ་ནས་ཡོད་པས་དང་དུང་ཞིབ་འཇུག་གི་ལམ་སྟོན་གསལ་ཆ་དོད་པོ་མང་ཙམ་གསུངས་དགོས་ཤིན་ཏུ་ནས་གལ་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese