༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་གིས་སྣེ་ཁྲིད་འོག ཨ་རི་དང་ཧོ་ལན་ཌི། འཇར་མན། སྦེལ་ཇམ་བཅས་སུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་མི་ཁག་ཅིག་ངྷ་སར་འབྱོར་ཏེ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོཊ་ཐེངས་དང་པོ་དེ་ཕྱི་ཟླ་ ༡༠ ཚེས་ ༣༡ ནས་ཕྱི་ཟླ་ ༡༡ ཚེས་ ༤ ཉིན་བར་གངས་སྐྱིད་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་འཚོགས་བཞིན་ཡོད་ཅིང་། ཚོགས་ཐོག་དེར་བོད་དོན་དང་འབྲེལ་བའི་ལས་འགུལ་སྤེལ་ཕྱོགས་ཀྱིས་མཚོན་པའི་ལས་དོན་ཁག་མང་པོ་ཞིག་ལ་གོ་བསྡུར་གནང་ཡོད་པ་དང་། སྐབས་དེར་བོད་མི་མང་སྤྱི་འཐུས་ཚོགས་གཞོན་དང་བཙན་བྱོལ་བོད་གཞུང་གི་ལས་ཁུངས་ཁག་གི་འགན་འཛིན་རྣམ་པ་བཅས་ལ་ཡང་བསམ་ཚུལ་བརྗེ་རེས་གནང་ཡོད་འདུག
དེ་རིང་ཕྱི་ཚེས་ ༢ ཉིན་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་ཚོགས་ཞུགས་གནང་སྟེ། རྒྱལ་སྤྱིའི་སྟེང་གི་བོད་དོན་གནས་བབ་དང་ཐེངས་རྗེས་མའི་བོད་རྒྱ་འབྲེལ་མོལ། དེ་བཞིན། འཛིན་སྐྱོང་གི་ལས་དོན་དང་འབྲེལ་བའི་བཙན་བྱོལ་བོད་གཞུང་གི་བྱེད་སྒོ་ཁག་ངོ་སྤྲོད་གནང་ཡོད་པ་དང་། ཉིན་རྒྱབ་ཚོགས་ཞུགས་པ་རྣམས་ཀྱིས་༧གོང་ས་མཆོག་ལ་གཟིམ་ཆུང་མཇལ་ཁ་ཞུ་རྒྱུ་ཡིན་པ་རེད། གཞན། ཕྱི་ཚེས་ ༡ ཉིན་བོད་གཞུང་བཀའ་ཤག་གི་ངོས་ནས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་མི་རྣམས་ལ་གསོལ་སྟོན་སྟབས་བདེ་ཞིག་དང་། དགོང་མོར་བོད་གཞུང་ཟློས་གར་ཚོགས་པས་བོད་ཀྱི་སྲོལ་རྒྱུན་གཞས་སྣ་གཟིགས་འབུལ་སོགས་ཞུས་ཡོད།
གསར་འགོད་པ། དཔལ་ལྡན།