བདུན།
ངས་ནམ་ཡང་བརྗེད་མི་ཐུབ་པའི་མཚན་མོ་དེར། དངོས་ནས་ང་རང་ད་ལྟ་ཡང་དེ་དྲན་ན་སེམས་པ་སྐྱོ་ཡི་འདུག ང་དང་ཀུན་ཐར་སྐྱབས་ཉལ་ནས་ཡུན་རིང་འགོར་སོང་། ཡིན་ཡང་། ཚེ་རིང་དོན་འགྲུབ་ཡོང་རྒྱུ་མེད་ཀི ངས་སེམས་ཁྲལ་བྱེད་བཞིན་གཉིད་ཀྱང་མ་ཁུགས་པར་ལུས་ཡོད་པའི་སྐབས་དེ་འདྲ་ཞིག་ལ། ཐག་ཐག་ཐག སྒོ་བརྡུང་བའི་སྒྲ་ཞིག་གོ་སོང་།
ང་རང་སེམས་པ་འཚབ་འཚུབ་བྱེད་ཞོར་དུ་སྒོ་ཕྱེ་དུ་སོང་བ་ཡིན། སྐབས་དེར་སྒོ་ཁར་སླེབས་པ་ནི། སྔོན་ཆད་གཏན་ནས་མཐོང་མྱོང་མེད་པའི་མི་ཞིག་རེད། ཁོས་ང་ལ་ང་རང་རྫོང་མཁར་འདིའི་གཉེན་རྟོགས་པ་ཞིག་ཡིན། ཁྱེད་རང་བདེ་སྐྱིད་འཚོ་ཡིན་ནམ་ཟེར། ངས་སྐད་ཆ་དེ་གོ་མ་ཐག ད་ནི་སྟབས་མི་ལེགས་པའི་དོན་དག་བྱུང་བ་ཤེས་ན་ཡང་། ཚེ་རིང་དོན་འགྲུབ་ལ་དོན་དག་དེ་འདྲའི་ཛ་དྲགས་ཤིག་བྱུང་ཡོད་པ་སེམས་ལ་གཏན་ནས་དྲན་ག་ལ་ཐུབ།
གཉེས་རྟོགས་པ་དེས་མུ་མཐུད་དུ་ང་ལ་བཤད་རྒྱུར། ཁྱེད་རང་གི་ཁྱོ་ག་ཚེ་རིང་དོན་འགྲུབ་ཀྱིས་ཁོ་རང་གི་ཆང་ཁང་ནང་ནས་ར་བཟི་ཁ་ཤས་ཀྱིས་འཁྲིག་འཛིང་ཤོར་སྐབས་སུ་བར་བྱས་དེ། བསམ་ཡུལ་ལས་འདས་པ་ཞིག་ལ་ཁོ་རང་ལ་མི་ཞིག་གིས་ལག་ཤོར་ནས་གྲི་བརྒྱབས་འདུག སྐད་ཆ་དེས་ང་རང་སྐབས་ཐོག་དེར་ཅི་དྲན་འདི་དྲན་མེད་པ་ཞིག་དུ་བཏང་བ་མ་ཟད། རང་དབང་མེད་པར་མིག་ཆུ་ཤོར། ང་རང་ངུས་པའི་ཚུགས་ཀ་དེ་གཉེན་རྟོགས་པ་དེ་ཡིས་མཐོང་ནས། ཁྱེད་རང་ད་ལྟ་མི་དམངས་སྨན་ཁང་ནང་དུ་ཁོ་ལ་བལྟ་རུ་སོང་ན་ཡག་གི
གློ་བར་དུ་དོན་རྐྱེན་དེ་འདྲའི་བློ་ཡུལ་དུ་མི་གཤོང་བ་ཞིག་བྱུང་དུས། ཉེ་འཁྲིས་སུ་ཤ་ཉེ་རིང་སུ་ཡང་མེད་པ་ཡིན་དུས། ངས་སུ་ལ་རོགས་བྱེད་དུ་འབོད་དགོས་པ་ཡང་གཏན་ནས་མི་ཤེས་ཤིང་། ཡིད་ལ་གང་ཡང་དྲན་རྒྱུ་མི་འདུག གཉེར་རྟོགས་པ་དེ་ཡི་ང་ལ་རོགས་བྱས་ནས་ཀུན་ཐར་སྐྱབས། དགེ་རྒན་འབྲུག་འབུམ་རྒྱལ་གྱི་ནང་དུ་བསྐྱལ་བ་ཡིན། དགེ་རྒན་འབྲུག་འབུམ་རྒྱལ་གྱིས་གནས་ཚུལ་དེ་གོ་མ་ཐག དངོས་ནས་སེམས་པ་སྐྱོ་བཞིན། ང་ལ་་སེམས་གསོ་གང་མང་བྱས་པ་མ་ཟད། ཀུན་ཐར་སྐྱབས་ལ་ངས་བལྟ་ཆོག ཁྱེད་རང་ད་མགྱོགས་པོ་སོང་ཟེར།
མི་དམངས་སྨན་ཁང་གི་སྒོ་འགྲམ་ནས་གཉེན་རྟོགས་པ་དེས་ང་ལ་ཁྱེད་རང་ནང་དུ་སླེབས་ན། ཁོ་རང་གི་འགྲམ་ནས་མ་ངུ་། ངས་བལྟས་ན་སྲོག་ལ་སྐྱོན་ཡོད་ས་མ་རེད་ཟེར། དོན་དག་དེ་འདྲ་ཞིག་ལ་སླེབས་དུས། ང་མ་ངུ་ཟེར་ན་གང་ནས་ཡོང་ཟེར་བཞིན། ཁོ་མོས་བཤད་མཚམས་བཞག་ནས་བཞུར་བཞིན་པའི་མིག་ཆུ་ག་ལེར་འགྲམ་གྱི་ཅོག་རྩེ་སྟེང་གི་ཤོག་བུ་ཞིག་ལ་བླངས་དེ་ཕྱིས་སོང་།
ང་ཡིས་ཁོ་མོའི་རྣམ་འགྱུར་དེ་དག་མཐོང་ནས་ཅུང་མི་བདེ་བར་ཆགས། ག་བྱེད་འདི་བྱེད་མེད་པར་ངེད་གཉིས་ཀ་རེ་ཞིག་རིང་ཁུ་སིམ་མེར་ལུས། ཅུང་ཙམ་འགོར་རྗེས་སུ། ངས་ཁོ་མོ་འུ་གཉིས་ཕྱི་རོལ་དུ་བར་གསེང་ཞིག་སོང་ན་ཞེས་དྲིས་པ་ཡིན། ཁོ་མོའི་མགོ་བོ་ནང་དུ་བཀུག་ཙམ་བྱས།
མུ་འགོད།