བཅུ་གཅིག
བདེ་སྐྱིད་འཚོ། དགོངས་དག ད་རེབས་ཀྱི་གཟའ་མཇུག་འདི་ལ་ང་རང་ཁྱེད་ཀྱི་སར་ཡོང་ཐུབ་མ་སོང་། ང་དངོས་ནས་ཁྱེད་ཀྱི་གམ་དུ་ཡོང་ནས་མུ་མཐུད་དུ་ཁྱེད་ཀྱི་གཏམ་རྒྱུད་དེ་ཉན་འདོད་ཡོད་ཅེས་ངས་ཁོ་མོ་ལ་གཟའ་པ་སངས་ཀྱི་དགོང་མོ་དེར་མོ་འཕྲིན ་ཐུང་དེ་སྐུར་བ་ཡིན།
བདེ་སྐྱིད་འཚོས། འཕྲིན་ཐུང་གི་ལན་དུ། ཁྱེད་རང་ལ་ཁོམ་པ་ག་དུས་བྱུང་ན་དེ་དུས་སུ་ང་ཡོད་སར་ཡོང་རྒྱུར་ཁོ་མོས་སྒུག་ནས་ཡོད། ད་རེབས་ཁྱེད་རང་ཡོང་མ་ཐུབ་པ་དེར་བདག་ལ་དགོངས་དག་ཞུ་ག་ལ་དགོས། གཟའ་མཇུག་དེར་གྲོགས་པོ་ལྷན་འཛོམ་ལ་སྐྱིད་པོ་བྱོས།
ངས་གྲོགས་པོ་ལྷན་འཛོམ་གྱི་གོ་སྐབས་དམ་འཛིན་གྱིས་སྣུམ་འཁོར་བཏང་ནས་གྲོགས་པོ་བཟང་བོ་སྐྱབས་ལེན་དུ་སོང་བ་ཡིན། ཁོས་སྔ་ས་ནས་རླངས་འཁོར་འབབ་ཚིགས་སུ་ང་ལ་སྒུག་ནས་བསྡད་འདུག གྲོགས་པོ་ཚོར་འཐུང་རྒྱུར་དགའ་བའི་སྤི་རག་མི་ཉུང་བ་ཞིག་བཟང་བོ་སྐྱབས་ནས་སྔ་ས་ནས་ཉོས་འདུག ངས་དེ་ནས་འཁྱག་ཤ་རྒྱ་མ་ཁ་ཤས་ཤིག་ཉོས། ང་ཚོས་ནགས་ཚལ་ཆེ་ས་ཞིག་དུ་སོང་ནས་ཤ་བསྲེག་བརྒྱགས་པ་དང་རས་གུར་ཆུང་ཆུང་འཕུགས་དེ་གཟའ་མཇུག་དེ་ནས་བསྐྱེལ་རྒྱུ་ཡིན་དུས། བོད་ནས་སླེབས་པའི་གྲོགས་པོ་མང་ཤོས་ཤིག་ཤ་མེད་དུས་ཁ་ལག་བྲོ་བ་མེད་པ་རེད།
ནགས་ཚལ་དེ་ནས་ཕ་ཡུལ་དངོས་ནས་དྲན་དུ་བཅུགས། གྲོགས་པོ་མི་ཉུང་བ་ཞིག་དམངས་གླུ་གཏོང་བར་མཁས་པ་དང་། སྒྲ་བརྙན་བརྡུང་ལ་དེ་བས་དགའ་བོ་ཡོད་པ་རེད། གྲོགས་པོ་བཟང་བོ་སྐྱབས་ནས་ང་ལ། གཟའ་འཁོར་སྔོན་མ་འགའ་ལ་ཁྱེད་རང་ཁོམ་པ་མི་འདུག་ཟེར། གང་དུ་སོང་བ་ཡིན།
ངས་རེད་རེད། ངས་ད་སྐབས་བུད་མེད་ཅིག་གི་སྐྱོ་གདུང་གི་དངོས་སྒྲུང་ཞིག་འབྲི་ཁུལ་བྱེད་ཀྱིན་ཡོད། ཁོ་མོའི་མིང་ལ་བདེ་སྐྱིད་འཚོ་ཟེར་བ་དང་། བོད་ནས་ཡོང་བ་ཞིག་རེད། འདིར་སླེབས་ནས་ལོ་ངོ་ཁ་ཤས་ཤིག་འགྲོ་བཞིན་འདུག ཉེ་སྔོན་མཚོ་ཁའི་མེ་ཏོག་ནས་ང་ལ་ཁོ་མོ་ངོ་སྤྲོད་བྱས་སོང་།
བཟང་བོ་སྐྱབས་ཀྱིས་སྐད་ཆ་དེ་གོ་མ་ཐག ཧབ་དགོད་ཅིག་རྒྱགས་ཀྱིན། ཁྱེད་ཀྱིས་ཀུ་རེ་རྩེད་ཀྱིན་མེད་ལ། བདེ་སྐྱིད་འཚོ། འདི་ཁུལ་གྱི་བུད་མེད་སྐད་གྲགས་ཅན་ཞིག་རེད། མི་ཤེས་བསམ།
ང་རང་ཅུང་དོགས་མི་བདེ་བའི་ངང་དུ། ཁྱེད་རང་གིས་ག་རེ་བཤད་ཀྱི་ཡོད། ཁོ་མོའི་ལོ་རྒྱུས་ནི་དངོས་ནས་ཧ་ལས་ཤིང་། ཡིད་སྐྱོ་བ་ཞིག་དང་། ད་དུང་། ངས་ཁོ་མོའི་ལོ་རྒྱུས་ཀྱི་འགོ་མ་གཏོགས་ཉན་ཁོམ་བྱུང་མེད། ཁྱེད་རང་གིས་དངོས་ནས་ཁོ་མོའི་སྐོར་ཇི་ལྟར་ཤེས་ཀྱི་ཡོད།
བཟང་བོ་སྐྱབས་ནས་མགོ་ལ་ལག་པའི་སྐྱོར་ཙམ་བྱེད་ཀྱིན། རེད་རེད། གཅིག་བྱས་ན། འུ་གཉིས་ཀྱི་གོ་སྟངས་མི་འདྲ་ན་ཐང་། ངས་མི་ཁ་བརྒྱུད་དེ་གོ་བའི་སྐད་ཆ་དེ་དག་ནི་དངོས་ནས་སྙན་པོ་ཞིག་གཏན་ནས་མ་རེད་ལ། ཡག་པ་ཞིག་ཀྱང་མ་རེད། ཁོ་མོས་སྨད་བཙོང་བའི་གཏམ་རྒྱུད་ཅིག་དང་། དེ་ཡི་སྔ་གཞུག་གི་སྐད་ཆ་མང་བོ་ཞིག་ངས་གོ་མྱོང་མེད་་་་
མུ་འགོད།