མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་བཞིན་སྒྲུབ་པའི་སྐྱེས་མཆོག – ཆབ་བྲག་ཕོ་ཉ།

བོད་ཀྱི་དུས་བབ།
༢༠༡༡/༠༡/༡༦
Share on FacebookShare on TwitterShare on EmailShare on Whatsapp

བོད་མི་སྤྱི་འཐུས་ཆབ་བྲག་ལྷ་མོ་སྐྱབས།

བྱང་ཆུབ་སེམས་དཔའི་བཀའ་བཞིན་སྒྲུབ་མཁས་ལ། བྱང་སེམས་མི་འདུག་སྨྲ་བ་མཐོལ་ལོ་བཤགས། མངོན་པར་གསལ་བའི་མཛད་རྗེས་མཐོང་བཞིན་དུ། ལྐོག་གྱུར་སྐྱོན་མཚང་འབྱིན་པ་མཐོལ་ལོ་བཤགས། ཆོས་ཀྱི་བླ་མ་སྲིད་ཀྱི་རྒྱལ་པོ་གང། གང་གསུང་གང་སྒྲུབ་ལུགས་གཉིས་དོན་ཆེན་སྟེ། བླ་མའི་ཞབས་ཞུ་སེམས་ཅན་འགྲོ་འདོད་གཉིས། གཅིག་ལས་ལོགས་སུ་སྣང་ན་ལོག་ཤེས་ཡིན།

བདག་གིས་ནི་ཟམ་གདོང་རིན་པོ་ཆེ་གང་ཆོས་སྲིད་ལུགས་གཉིས་ལ་མཁྱེན་རྒྱ་ཧ་ཅང་ཡངས་པར་མ་ཟད་དམ་པའི་མཛད་པ་ལྷུར་བཞེས་པ་ཞིག་ཏུ་སྣང་གིན་ཡོད་པ་འདི་ཐེངས་འདིའི་གསུང་བཤད་ལས་ལྷག་པར་ར་སྤྲོད་གསལ་བོ་བྱུང་། བོད་མི་བརྒྱ་ཆ་གོ་དགུས་༸གོང་ས་མཆོག་གི་བཀའ་གསུང་བརྩི་གི་ཡིན་ཟེར་གྱིན་ཡོད་ལ་གྲོས་ཚོགས་ནས་ཀྱང་ཁོང་གི་ཡེ་ཤེས་དབྱིངས་དཔྱད་ལྟར་ཤར་སྐྱོད་བྱ་རྒྱུའི་གྲོས་ཆོད་བཞག་ཡོད། ཐ་ན་གཞོན་ནུ་ཚོགས་པའི་སྒྲིག་གཞིའི་མགོ་ལ་ཡང་༸གོང་ས་མཆོག་གི་དགོངས་དོན་ལྟར་ཤར་སྐྱོད་བྱ་རྒྱུ་ཞེས་བཀོད་མེད་དམ།

གལ་ཏེ་བོད་མི་རེ་རེའམ་ཚོགས་པ་ཚང་མའི་ཁ་ཁོག་མེད་པར་༸གོང་ས་མཆོག་གི་བཀའ་དགོངས་སྒྲུབ་འདུན་ཡོད་ན་ཅི་ཐུབ་གང་ཐུབ་ཀྱིས་སྒྲུབ་དགོས། མ་མཐར་ཡང་ཁོང་གི་དགོངས་དོན་རྒྱ་ཆེའི་རིགས་ལ་རོགས་ཕན་མ་ནུས་ཀྱང་འགལ་རྐྱེན་བཟོ་མི་རུང། ངས་བལྟས་ན་རྨོངས་དང་མ་རྨོངས་ཅི་རིགས་ཀྱིས་ཁོང་ལ་རྒྱབ་གཏོད་བྱེད་མཁན་ཡང་མི་ཉུང་ཙམ་བྱུང་འདུག དཔེར་ན་བོད་རྒྱ་ཞི་མོལ་གྱི་དགོངས་དོན་དང་ ༢༠༠༨ལོའི་རྒྱལ་སྤྱིའི་རྩེད་འགྲན་ཆེན་པོ་ལ་ངོ་རྒོལ་བྱས་པ་དག་ནི་༸གོང་ས་མཆོག་གི་རླབས་ཆེའི་དགོངས་དོན་ལ་ངོ་རྒོལ་བྱས་པ་ཞིག་ཀྱང་ཆགས་ཡོད། དེ་བཞིན་བོད་སྤྱིའི་རྩ་དོན་ལ་ཕན་གནོད་འབྲེལ་བའི་དོལ་རྒྱལ་བསྟེན་གསོལ་འགོག་སྡོམ་དང། སྤྱིར་ཡ་རབས་དང་ཞི་བདེའི་སྤྱི་ཚོགས་ཤིག་སྐྲུན་ཐབས་སོགས་ཀྱི་དགོངས་གཞི་ལ་ང་ཚོས་རྒྱབ་སྐྱོར་གཙང་མ་ཅི་ཙམ་བྱེད་ཐུབ་ཡོད། བཀའ་ཁྲི་རིན་པོ་ཆེས་འདི་དག་གི་ཐད་ལ་དམིགས་བསལ་ནུས་པ་ཅི་འདྲ་བཏོན་ཡོད་པ་མངོན་གསལ་དོད་པོ་མ་ཡིན་ནམ།

བཀའ་ཁྲིས་བླ་མའི་དགོངས་དོན་སྒྲུབ་པ་མ་འགྲིགས་ཚུལ་ལབ་ན་དེ་ནི་དོན་ངོ་མར་༸གོང་ས་མཆོག་གི་དགོངས་གཞིར་སྐྱོན་བརྗོད་པ་རང་ཡིན་པ་ཤེས་དགོས། ༸གོང་ས་མཆོག་གི་དགོངས་དོན་དང་བོད་དོན་གཉིས་ལ་མུ་བཞི་འཇོག་ཆོག་གི་ཡོད་ན། དེ་གཉིས་ཀ་ཡིན་ལ་དེ་གཉིས་ཀར་ཕན་པའི་ཕྱག་ལས་རྒྱ་ཆེ་ཤོས་ཡང་དག་ཤོས་ཕན་ཐོགས་ཤོས་དེ་བཀའ་ཁྲིས་གནངས་ཡོད།

ཕྲན་ལྟ་བུར་མིང་འདོགས་ཆེ་ཙམ་རེ་གཉིས་ཡོད་ལ་བླ་མའི་ཞབས་ཞུ་སྒྲུབ་འདོད་ཀྱང་ཆེ་མོད་དོན་ངོ་མར་༸གོང་ས་མཆོག་གི་རླབས་ཆེན་དགོངས་གཞི་དག་ལ་ཐུགས་ཕན་ཕྲ་མོ་ཞིག་ཀྱང་སོས་ཡོད་མེད་བཤད་དཀའ། ངས་བལྟས་ན་ང་ཚོས་རང་ངོས་ནས་མི་རིགས་ཀྱི་ཞེན་ཁོག་དང་བློ་སྤོབས་ངར་མ་རེས་ཁ་ཕོ་ཆེན་པོ་རེ་འཐེན་པ་དང་ལས་ཀ་ཙག་ཙིག་རེ་ལས་ཅང་བྱེད་ཐུབ་མེད། ང་རང་ལ་མཚོན་ན་ཡང་མི་རིགས་ཀྱི་འདུ་ཤེས་དང་དེ་ནས་མིའི་རིགས་ཀྱི་བསམ་བློའི་ཁ་ཕྱོགས་སྒྱུར་མཁན་གཙོ་བོ་༸གོང་ས་མཆོག་ཡིན།

མི་རིགས་དང་རྒྱལ་ཁབ་ཀྱི་བསམ་བློ་རྒྱ་ཆེའམ་མིའི་རིགས་དང་རྒྱལ་སྤྱིའི་བསམ་བློ་རྒྱ་ཆེ། ང་ཚོའི་བསམ་བློ་རྒྱ་ཆེའམ་༸གོང་ས་མཆོག་གི་དགོངས་པ་རླབས་ཆེ། ༸གོང་ས་མཆོག་གི་དགོངས་དོན་སྒྲུབ་ཐུབ་མཁན་དཀོན་ནམ་མི་ཐུབ་མཁན་དཀོན། ༸གོང་ས་མཆོག་གི་དགོངས་དོན་སྒྲུབ་ན་དེས་མ་འཐུས་པ་དང་དེ་ལས་ལྷག་པ་ཅི་ཞིག་སྒྲུབ་རྒྱུ་འདུག

བཀའ་ཁྲིས་ཐེག་པ་ཆེན་པོའི་བླ་མ་བསྟེན་ཚུལ་གྱི་ཉམས་བཞེས་འདི་བྱང་ཆུབ་སེམས་དཔའི་སྤྱོད་ཚུལ་ཡང་དག་དེ་ཅི་ལ་མིན། མདོར་བསྡུས་ན་ད་བར་ལ་ཁོང་གིས་གནངས་དང་གནང་བཞིན་པའི་ཕྱག་ལས་མང་པོའི་ཆ་ནས་ཁོང་ལ་བཀའ་དྲིན་རྗེས་དྲན་ཞུས་པ་འདི་ཧ་ཅང་འོས་པར་མ་ཟད་ད་དུང་རླབས་ཆེན་གྱི་དགོངས་པ་དང་དམ་པའི་མཛད་སྤྱོད་ཀྱི་ནའོ་བྷེལ་ཞི་བདེའི་གཟེངས་རྟགས་དེས་ཀྱང་ཁོང་ལ་སྒུག་བསྡད་ཡོད།

བཀའ་ཁྲི་མཆོག་༸གོང་ས་མཆོག་གི་དགོངས་དོན་སྒྲུབ་པ་འདི་བོད་བསྟན་སྲིད་ཀྱི་སྲི་ཞུ་ཞིག་ཡིན་པར་མ་ཟད་འཛམ་གླིང་ཞི་བདེ་དང་སེམས་ཅན་ཐམས་ཅད་ཀྱི་སྤྱི་དོན་ཞིག་ཀྱང་ཡིན། ཁྱོད་ནི་དོན་དམ་པས་བླ་མའི་བཀའ་བཞིན་སྒྲུབ་པའི་སྐྱེས་མཆོག་ཉིད་དེ། ཁྱེད་ཀྱིས་ད་དུང་ཡང་མུ་མཐུད་དེ་སེམས་ཅན་སྤྱི་དང་སྒོས་སུ་འགྲོ་བ་མི་རིགས་ཡང་སྒོས་བོད་གངས་ཅན་གྱི་བསྟན་སྲིད་ཆེད་བླ་མའི་བཀའ་བཞིན་སྲི་ཞུ་མཐར་འཁྱོལ་གནང་རྒྱུར་ཡིད་ཆེས་དང་རེ་སྨོན་གྱིས་ཁེངས་བཞིན་གསོ་བ་འདེབས་པ་ལགས་སོ།།

མི་རིགས་ཁོ་ན་བསམ་པའི་མི་བུ་དང་། ཀུན་ལ་རིས་མེད་སྙོམ་པ་དམ་པ་གཉིས། ས་དང་གནམ་གྱི་རྒྱང་ཁད་ཡོད་པས་ན། གཅིག་གིས་མཐོང་ཡང་གཅིག་གིས་མི་མཐོང་ངོ་། དམ་པའི་མཛད་སྤྱོད་ནང་ན་སྒེར་དོན་དང། ཕྱོགས་སུ་ལྷུང་བའི་དྲི་མ་མ་མཆིས་ཀྱང་། གཉེན་དང་རང་རིགས་བཅས་ལ་ངེས་ཕན་པའི། ཞབས་རྗེས་རི་མོ་ཡོད་པ་མཐོང་འཚལ་ལོ། འདི་ན་ཅུང་ཙམ་བྱས་རྣམས་རང་རློམ་ཆེན་པོས་འགྱིངས་ཚུལ་སྟོན། འདི་ན་སྐྱེས་ཆེན་དམ་པར་ཕལ་བའི་མི་ལྟར་ཁ་རྡུང་གཏོང་། སྔོན་སྔོན་བྱུང་རབས་སུ་ཡང་དྲིན་ལན་ལོག་འཇལ་བྱས་པ་མང་། ཝ་སྐྱེས་རྒྱལ་པོར་བཀུར་བའི་གཏམ་རྒྱུད་གསར་བ་འབྱུང་ཉེན་ཆེ། །ཞེས་ཀྱང་སྨྲ་བའོ།།

འབྲེལ་ཡོད་གསར་འགྱུར།

Mobile App

བཙན་འོག་གི་གྲོས་མཐུན་དོན་ཚན་ ༡༧ ནུས་མེད་ཆགས་པ་རྒྱལ་སྤྱིའི་ཐོག་ཁ་གསལ་བཟོ་དགོས།

ཆུ་ཚོད་ ༡༩ སྔོན་ལ།
དབྱིན་ཇིའི་རྒྱལ་ཁབ་སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་གནད་དོན་ཐད་ལངས་ཕྱོགས་གསལ་བོ་བཟོས་འདུག བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༥།༥།༢༣
Mobile App

སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་བདག་དབང་ཐད་ལངས་ཕྱོགས་བརྟན་པོ་བཟོས་འདུག

ཆུ་ཚོད་ ༢༠ སྔོན་ལ།
ཧཱ་ཝར་ཌི་གཙུག་ལག་སློབ་གཉེར་ཁང་། དྲ་ལམ་གྱི་པར།
Mobile App

ཧཱ་ཝར་ཌི་གཙུག་ལག་སློབ་གྲྭར་རྒྱལ་སྤྱིའི་སློབ་མ་བཀག་སྡོམ་གནང་འཆར་ཡོད་འདུག

ཆུ་ཚོད་ ༢༤ སྔོན་ལ།
དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་དུ་འདེམས་ཐོན་བྱུང་།

༢༠༢༥/༠༥/༢༣
བོད་ཀྱི་གནས་མཆོག་གངས་རིན་པོ་ཆེ། དྲ་ལམ་གྱི་པར།
Mobile App

རྒྱ་གར་གྱི་གནས་མཇལ་བ་ ༧༥༠ གངས་རིན་པོ་ཆེར་གནས་མཇལ་དུ་གཏང་རྒྱུ་ཡིན་འདུག 

༢༠༢༥/༠༥/༢༢
༸གོང་ས་མཆོག གསར་འགྱུར།

ཡེ་ཤུ་ཆོས་དཔོན་ཕོབ་ལེའོ་མཆོག་ལ་༧གོང་ས་མཆོག་དང་ལྷན་དུ་མགྱོགས་མྱུར་མཇལ་འཕྲད་གནང་བའི་འབོད་སྐུལ་ཞུས།

༢༠༢༥/༠༥/༢༢

མཆན། 17

  1. Lobsang Tenpa says:
    ལོ་ 14 སྔོན།

    ཟམ་གདོང་གི་འཆར་གཏམ་དག་གིས་བོད་མི་བསམས་དཀར་དག་ལ་བློ་ཕམ་བཏང་། བླུན་སྨོངས་རྣམ་ལ་བླུན་དད་སྦྱིན། ཤེས་ལྡན་དག་དག་ལ་རང་མཚང་བསྟན། མི་ཕམ་རྒྱ་མཚོས་གསུང་བ་དེ་མི་ཕམ་རྡོ་རྗེའི་ཚིག་རེད་འདུག ཟམ་གདོང་རྗེས་འབྲང་དང་བཅས་པར་རྡོ་རྗེའི་ཚིག་དེ་ལ་བརྒར་ལན་མེད་པ་ངས་ཐག་བཅད་ནས་བཤད་ཐུབ།

    མི་ཕམ་རྒྱ་མཚོ་མགུལ་གསུང་དག་ནི། ཁ་གསལ་ལ་དོན་གནད། གཏང་ཟབ་ལ་གོ་བདེ། ཚིག་སྙན་ལ་ཤེས་སླ་བའི་ཁྱད་ཆོས་འདུག ཕ་བཟང་གི་བུ། ཞང་བཟང་གི་ཚའུ། མི་གཡོ་དོན་ལ་མཁས་པའི་གཏམ་ངོས་གནས་རེད་འདུ་ཡ། ། ཧ་ཧ་ཧ།།

    Reply
  2. མི་ཕམ་རྒྱ་མཚོ། says:
    ལོ་ 14 སྔོན།

    ༄། །ནང་བ་སངས་རྒྱས་པ་གཞིར་བཞག་ན། རྣམ་མཁྱེན་མ་ཡོད་ཕྱིན་སུས་ཀྱང་མཐའ་གཅིག་ཏུ་ཐག་བཅད་ནས་སུ་ཞིག་གི་གཏན་གྱི་བསམ་བློའི་ཕུགས་འདུན་བཤད་མི་ནུས། འོན་ཏེ་ཟམ་གདོང་གི་ལས་སྟངས་དང་བཤད་སྟངས་ལ་རྒྱུན་དུ་བསམ་བློ་གཏོང་མཁན་ཚོར་ཁོང་ལ་དོགས་པ་ཆེན་པོ་ཡོད། ཕྲན་གྱིས་བསམ་ན། ཁོ་སྤྱིར་བཏང་བཞིན་གྲྭ་ས་ནས་དགེ་རྒན་མང་དུ་བརྟེན་ནས་བྱུང་པ་ཞིག་ཡིན་ཚོད་རེད། བླ་མ་སྐྱབས་རྗེ་ཁྲི་བྱང་རྡོ་རྗེ་འཆང་ཆེན་པོ་མཆོག་ཟེར་ནས་དམིགས་སུ་བཀར་དགོས་དོན་འདིས་དོལ་ཚོགས་དབུ་ཁྲིད་དགེ་བཤེས་སྐལ་བཟང་རྒྱ་མཚོའི་ལང་ཕྱོགས་དང་འདྲ་མཚུངས་ཡོད་སྲིད་པའི་ཚོར་བ་འབྱིན་ཐུབ། ཉེ་སྔོན་རྩོམ་ཡིག་ཁག་གི་ནང་ཁོ་བཀའ་བློན་ཚར་རྗེས་དོལ་ཚོགས་ལ་ཞུགས་སྲིད་པར་གཏན་ཚིགས་འགོད་མཁན་ཚོར་རྒྱབ་ལྗོངས་བྱས་འདུག་པ་འདྲ། བོད་པའི་ཤ་ཁྲག་གིས་འབྲེལ་ཚད་ལ་མི་རིགས་ཀྱི་རིགས་ཞེན་དང་ལ་རྒྱ་འཕེལ་དང་འཕེལ་བཞིན་ཡོད་པ་དང་། བོད་མི་དཔའ་བོ་དཔའ་མོ་ཆེས་མང་བོས་ཚེ་དང་སྲོག་གི་འགྲོ་སོང་བཏང་ཏེ་རྒྱལ་ཁབ་དང་མི་རིགས་ཀྱི་མདུན་ལམ་འཚོལ་བཞིན་པའི་སྐབས་སུ། ཆེས་ཐོག་མའི་བོད་ཀྱི་སྲིད་འཛིན་དེས་ངས་བླ་མ་གཅིག་གིས་བཀའ་བསྒྲུབ་པ་ལས། ངས་མི་རིགས་ལ་བསམ་བློ་གཏོང་གི་མེད་ལ་རྒྱལ་ཁབ་ལའང་བསམ་བློ་གཏོང་གི་མེད། ཆབ་སྲིད་ལའང་བསམ་བློ་གཏོང་གི་མེད། ཟེར་བའི་གཏམ་དེ་སྐྱུག་བྲོ་བ་ཞིག་ཏུ་སྣང་། ཁོ་ཆོས་པ་རྣམ་དག་ཞིག་ཡིན་དུ་ཆུགས་ཀྱང་། མི་རིགས་དང་རྒྱལ་ཁབ་ཀྱི་ལས་དོན་ཆོས་ལས་ལོགས་སུ་བགྲངས་བ་ནི་མཁས་པའི་གཏམ་དང་མཛངས་བོའི་གཏམ་དུ་རྩ་བ་ནས་མི་སྣང་། བསམ་བློའི་རྒྱབ་གཞུང་ཅི་ཡིན་ལ་མ་ལྟོས་པར། གཏམ་དེ་ཐོས་པ་ཙམ་གྱིས་གཞེས་ལུས་མི་དམངས་མང་དག་ཅིག་དང་གཟུར་གནས་ལྷག་བསམ་ཅན་མང་བོར་བློ་ཕམ་བྱུང་ངེས་རེད། མ་ཟད་ཁོས་དེ་འདྲ་ཆེད་དུ་སྨྲ་དགོས་དོན་ཞིག་ངེས་པར་དུ་ཡོད་ལ། སྲིད་འཛིན་གྱི་ལས་དོན་མ་འགྲུབ་པའི་ཆོས་པ་བརྣལ་མའི་གྲལ་དུ་འཚང་གི་ཡོད་པ་འདྲ། དོལ་ཚོགས་ཀྱི་གྲྭལ་དུ་འཚང་བའི་འཆར་གཞི་མིན་པར་སྨོན་ལམ་འདེབས། མདོར་བསྡུས་ན། ཁོའི་བྱེད་ལུགས་དེ་དག་སྲོལ་རྒྱུན་པའི་ཆོས་པ་རྣམ་དག་ཞིག་གི་བྱེད་ལུགས་མིན་པ་ཤེས་སླ་བས་ཁོ་ལ་གཡོ་རྒྱུ་ཆེན་པོ་ཞིག་སྣང་། ༸སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་ནང་བཞིན་ཆོས་སྲིད་གཉིས་དང་། མི་རིགས་ཀྱི་ལ་རྒྱ་དང་རྒྱལ་ཁབ་ཀྱི་མདུན་ལམ་ཡོངས་རྫོགས་ཆོས་དང་མི་འགལ་བར་བྱེད་ཤེས་མཁན་ཞིག་མིན་པ་ཁོ་རང་ཉིད་ཀྱིས་གསལ་བོར་བསྟན་པ་རེད། དོན་འདི་གཅིག་པོ་མ་ཡིན་པར་ཕྱོགས་མང་དག་ཅིག་ལས་དཔག་ན། ང་ཚོས་ཁོ་ལ་ཡིད་ཆེས་མི་བྱེད་པར་བརྟག་དཔྱད་དང་དོགས་ཟོན་བྱས་ན་དགེ་མཚན་ལས་སྐྱོན་ཅི་ཡང་མེད་སྙམས། ཐ་ན་གཟེངས་རྟགས་ཕུལ་མཁན་གྱི་སློབ་ཕྲུག་དག་ལའང་ནོར་བ་རེད་ཟེར་བ་སོགས་ཀྱི་ཁྱད་གསོད་བརྙས་བཅོས་ཀྱིས་རང་ཉིད་དམིགས་བསལ་བ་ཞིག་ཡིན་མདོག་བྱེད་མི་རིགས་སྙམས། །
    བོད་མི་དམངས་སྤྱི་འཐུས་ཆབ་བྲག་ལྷ་མོ་སྐྱབས་ཀྱིས།
    བྱང་ཆུབ་སེམས་དཔའི་བཀའ་བཞིན་སྒྲུབ་མཁས་ལ། བྱང་སེམས་མི་འདུག་སྨྲ་བ་མཐོལ་ལོ་བཤགས། མངོན་པར་གསལ་བའི་མཛད་རྗེས་མཐོང་བཞིན་དུ། ལྐོག་གྱུར་སྐྱོན་མཚང་འབྱིན་པ་མཐོལ་ལོ་བཤགས། ཆོས་ཀྱི་བླ་མ་སྲིད་ཀྱི་རྒྱལ་པོ་གང། གང་གསུང་གང་སྒྲུབ་ལུགས་གཉིས་དོན་ཆེན་ཏེ།། བླ་མའི་ཞབས་ཞུ་སེམས་ཅན་འགྲོ་དོན་གཉིས། གཅིག་ལས་ལོགས་སུ་སྣང་ན་ལོག་ཤེས་ཡིན། ཟེར་བ་དང་།

    སྒྲོལ་མ་མེ་ཏོག་གིས།
    བཀའ་བློན་ཁྲི་བ་ཟམ་མདོང་གིས་མི་རིགས་དང་རྒྱལ་ཁབ་ལ་བསམ་བློ་གཏོང་གི་མེད་ཟེར་ནས་དངོས་སུ་གསུངས་པ་ཡིན་ན། གསུངས་བཤད་དེ་དངོས་གནས་སྐྱོ་བོ་རེད། དེ་ལ་ཡག་བཤད་འདྲ་རྒྱག་རྒྱུ་ལྷག་མི་འདུག བཀའ་ཁྲི་མཆོག་གིས་གསུངས་བཤད་འདི་ཁོ་རང་བཀའ་བློན་གྱི་འོས་ཁོངས་སུ་མ་བཞུགས་པའི་སྔོན་ལ་ག་རེ་བྱས་ནས་གསུངས་མེད་པ་ཡིན་ནམ། བལྟས་ཡོང་ན་བཀའ་ཁྲི་མཆོག་གིས་བོད་པའི་གཉན་འཕྲེང་ཅན་གྱི་དུས་ཚོད་འདི་ལ་ལོ་ངོ་བཅུ་འཕྲོ་བརླག་ལ་བཏང་བ་ཡིན་ཟེར་བ་དང་འདྲ་བོ་འདུག ཞེས་ཟེར་བ་གནད་འགག་ཏུ་མཐོང་།
    ཁོ་ལ་ལན་ཡོད་མེད་ལ་མ་ལྟོས་པར། ངས་ཟམ་གདོང་ལ་དྲི་བ་ཆེས་སླ་མོ་ཞིག་འདྲི། ཟམ་གདོང་ལགས། ཁྱོད་ཀྱིས་ཁྲི་བྱང་གི་བཀའ་བཞིན་༸གོང་ས་མཆོག་གི་ཞབས་འདེགས་ཁོ་ན་བྱེད་ཀྱི་ཡོད་ན། བོད་མི་རིགས་ཀྱི་ལ་རྒྱ་དང་རྒྱལ་ཁབ་ཀྱི་མདུན་ལམ་ཆབ་སྲིད་རྣམས་༸གོང་ས་མཆོག་ལ་ཞབས་འདེགས་ཀྱི་ནང་དུ་ཚུད་མེད་པར་དམ་བཅའ་འཇོག་གི་ཡིན་ནམ། ཡོད་ཀྱང་ཉིད་ཀྱིས་ལོགས་སུ་བཀར་ཏེ་དོར་བ་ཡིན།
    བླ་མའི་བཀའ་བཞིན་བསྒྲུབ་པའི་བཀའ་བློན་ཞིག་གིས། །ཆོས་བཞིན་བྱས་ཏེ་ཆོས་སྲིད་ཟུང་འབྲེལ་སྤངས་སམ། །མི་རིགས་ལ་རྒྱ་མེད་པའི་མི་དཔོན་ཞིག་གིས། །རྒྱལ་ཁབ་གཅེས་སེམས་མེད་བཞིན་རྒྱལ་ས་བཟུང་ངམ། །
    བྱ་མང་ཟང་ཟིང་ཁྲོད་དུ་མི་ཚེ་སྐྱལ་བས། །མི་ཆོས་མེད་པའི་ལྷ་ཆོས་རྣལ་མ་ཨེ་ཡིན། །ཆོས་སྲིད་ཟུང་འཇུག་མི་ཤེས་རང་མཚང་ངོ་མ། ། ལོ་དགུའི་སྔོན་དུ་སྨྲས་ན་ལོ་ཟླ་མ་བརླགས། །

    འདི་དཔྱད་གཏམ་ལས་མཐར་གཏོང་གི་དགག་བཞག་མིན་པས་ཆགས་སྡང་མེད་པའི་རིགས་པ་རྣམ་དག་གིས་ཡོ་བཅོས་བྱེད་མཁན་ཡིན་ན་མ་གཏོགས་ལན་གཏོང་རྒྱུ་མིན་པས་ཐུགས་ལ་འཇགས་པར་འཚལ། །
    མི་ཕམ་རྒྱ་མཚོ་ནས།

    Reply
  3. རི་བོང། says:
    ལོ་ 14 སྔོན།

    ནམ་རྒྱུན་ཟིན་བྲིས་པ་ཚོས་ཡོད་མཁན་ཞིག་གིས་ཅིག་བྲིས་ན་ཧང་སང་པ་ཞིག་རེད། གནད་དོན་མདུད་པ་བཀྲོལ་འདུག་སོགས་འུད་བསྟོད་བླ་ན་མེད་པ་རེད་བྱས་ནས་འགྲོ་བ་ལས་བློ་གྲོས་ཞིབ་མོས་རྟོག་ཞིབ་བྱེད་པའི་གོམས་གཤིས་མེད་མོད། དེ་རིང་ཟླ་ཚེའི་མཆན་བུ་དང་རྒན་ལགས་ཀྱི་རྩོམ་ཡིག་གཉིས་ལས་ཟླ་ཚེའི་མཆན་བུ་ལ་རིན་ཐང་ཆེ་བའི་ཚོར་སྣང་བྱུང་སོང་། ཟླ་ཚེ་ལགས་ཐུགས་རྗེ་ཆེ།

    Reply
  4. ལྷ་མོ་དོན་གྲུབ། says:
    ལོ་ 14 སྔོན།

    ཅི་ཞིག་བཤད་པ་མི་གཙོ། ཇི་ལྟར་བྱེད་པ་གཙོ་ཟེར་བ་འདི་ལེགས་བཤད་ཅིག་ཡིན་ན། བཀའ་ཁྲིས་གནང་སྟངས་ལ་སྐྱོན་ཅི་ཡང་མེད་པར་མ་ཟད། ད་དུང་དམ་པའི་ཁེངས་སྐྱུང་གི་ངང་ཚུལ་དང་ལྡན། ད་ལྟའི་བཙན་བྱོལ་གཞུང་དེ་ཆོས་སྲིད་ཟུ་ངའབྲེལ་གྱི་ལམ་ལུགས་ངོ་མ་ཞིག་མིན་ནམ། ཡིན་ན་བཀའ་ཁྲིས་ཀུན་སློང་འདི་འདྲ་ཞིག་ཁུར་བ་ཧ་ཅང་འོས། ལ་ལས་ཁ་ནས་བྱས་རབས་དང་བྱེད་དགོས་རབས་སྟོང་བཤད་ཀྱང་དོན་གྱི་ལག་ལེན་ནས་གྲུབ་འབྲས་གང་ཡང་མེད། ལ་ལས་ཁ་ནས་མི་ཤེས་མི་ཡོང་མི་འཇོན་སོགས་བཤད་ཀྱང་དོན་ལ་བྱས་རྗེས་ཧ་ཅང་ཆེ། བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་དེ་བཀའ་ཁྲིའི་བོད་དོན་ཐད་ཀྱི་མཛད་རྗེས་གཙོ་བོར་བྱས་པ་ཞིག་རེད་ལ། དེ་ནི་ཁོང་གིས་ཆེད་དུ་བོད་དོན་ལ་ཐུགས་འཁུར་གནང་ཚུལ་ཡང་བཤད་ཡོད་པས། བཀའ་ཁྲིས་འདི་ངོས་ལེན་མ་གནང་བ་རེད། རྒྱུ་མཚན་ཁོང་གིས་ཅེད་དུ་བོད་དོན་གཅིག་པུར་དགོངས་བཞེས་གནང་བ་མིན་པར་ཆེས་ཆེ་ས་བླ་མའམ་ཆོས་ཀྱི་རྒྱལ་པོ་གང་གི་དགོངས་དོན་བསམས་པ་རེད། དེ་ལྟར་རྒྱ་ཆེ་ས་ཞིག་ལ་དགོངས་དུས་ཆུང་ཆུང་མང་པོ་ཞིག་རང་བཞིན་གྱིས་སྒྲུབ་དགོས་པ་དང་འགྲུབ་འགྲོ་བ་ལོས་ཡོང། རྣམ་པ་ཚོས་ཟམ་གདོང་རིན་པོ་ཆེས་ད་བར་མི་ལོ་ཉི་ཤུར་བོད་གཞུང་གི་སྲིད་སྟེགས་མཐོ་ཤོས་ཐོག་ནས་ཕྱག་ལས་གནང་སྐབས་མི་རིགས་དང་བོད་དོན་དགོངས་ཀྱི་མེད་པ་དང་དེར་སྨན་པའི་ཕྱག་ལས་གནང་གིན་མེད་པ་ཞིག་གི་མཐོང་ཚུལ་ཡོད་དམ་མེད། གལ་ཏེ་མེད་ན་ཀ་སང་གི་གསུང་བཤད་གཅིག་ལ་དེ་ཙམ་ཧ་ལས་ཧང་སང་ནང་མགོ་གཡུག་དགོས་དོན་མི་འདུག ཚིག་ལ་མི་རྟོན་དོན་ལ་རྟོན་ཟེར་བ་འདི་གོ་ལྡོག་མི་ཉན་ནོ།

    Reply
  5. ཤར་ཕྱོགས་ཁུག་རྟ། says:
    ལོ་ 14 སྔོན།

    ཨ་ཁུ་ཟླ་ལགས། ལན་གནང་བ་ཐུགས་རྗེ་ཆེ། ད་ལྟ་ང་ཚོའི་ཤེས་ཡོན་པ་དང་སྲིད་དོན་པའི་སྡེས་ཀྱང་རླབས་ཆེན་དང་བྱབ་ཆུང་གི་བསམ་ཚུལ་དེ་གཉིས་ཀྱི་བསྣོལ་མཚམས་སུ་གནས་བཞིན་པའི་རྣམ་རྟོག་ཁོ་བོར་ཡོད། གུས་བ་ལྟ་བུར་མཚོན་ན། སྐྱབས་བཅོལ་ཏུ་འབྱོར་ནས་ཀྱང་དུས་ཡུན་རིང་པོའི་བར། བོད་བརྒྱུད་ནང་བསྟན་དེ་ཆོས་ལུགས་རྐྱང་པ་ཞིག་གི་ངོ་བོར་བཟུང་སྟེ་མི་རིགས་དང་རྒྱལ་ཁབ་ཐད་ཀྱི་ལྟ་སྟངས་དེ་ག་རང་ཡིན། བོད་དོན་སྲི་ཞུ་སྒྲུབ་པ་ཉམས་ལེན་ཞེས་པའི་བཀའ་འདི་ཀླད་པས་གཅུན་མ་ཐུབ་པར་འགོར། ད་དུང་ཡང་དེ་ལྟར་གནས་ཀྱང། རྒྱལ་ཁབ་བམ་མི་སྡེའི་སྤྱི་ཚོགས་གྲངས་ཀ་ལྷག་མ་ཞིག་གི་ཆེད་ཁོ་ན་ཡིན་ན་ངོས་ནས་དོ་སྣང་དེ་ཙམ་བྱེད་མིན་ཐེ་ཚོམ་ཞེས་པའི་བཀའ་འདིས་དེ་བས་ཀྱང་མི་རིགས་སྲི་ཞུའི་བློ་མིག་ཉམས་ཆུང་དལ་བ་མེད་པའི་གནས་སུ་བཀོད། སངས་རྒྱས་བསྟན་པའི་དོན་དག་དང་འབྲེལ་བའི་འཐབ་རྩོད་ཤིག་ཏུ་སོང་གཤིས་སོགས་ཀྱི་བཀའ་ལྗིད་པོ་དག་གིས་རིག་པའི་གཞུང་ལུགས་ཀྱི་འཇུག་ངོགས་ནི་ཆེས་རིང་པོ་ཞིག་ཡིན་པའི་སོམ་ཉི་གནང།
    དེ་ནས་བཀའ་ཁྲིས་ ༢༠༠༨ ལོའི་ཛ་དྲག་གི་སྐབས་སུ་༧སྐུ་མདུན་རིན་པོ་ཆེའི་མགོན་དང་དགོངས་གཞི་དང་བྲལ་ཚེ་བོད་མི་རིགས་ལ་ནང་དོན་མི་ལྡན་པར་གསུངས། ཉེ་བའི་ལོ་འགའི་སྔོན་སོག་རིགས་རྣམས་ལ་བོད་མི་རིགས་ལས་ནང་དོན་རིག་གནས་ཀྱི་འབྱུང་འགྱུར་བཅོལ་མངགས་གནང། སྐབས་དེ་ཤེད་དུ་ངའི་སེམས་ལ་བཀའ་ཁྲིས་གྲོས་ཚོགས་སུ་གསུངས་པའི་འཚེ་མེད་ཞི་བའི་ཉམས་ལེན་པ་བརྒྱ་ཡོད་ན་བདེན་མཐའ་ཉིན་ཁ་ཤས་རིང་སེལ་རྒྱུར་ཚིག་ཐག་བཅད་པ་སོགས་ཀྱང་འཁོར། འདི་དག་ཚང་མས་ང་རླབས་ཆེན་གྱི་དགོངས་གཞི་དེ་རྟོགས་རྒྱུར་སྐུལ་མ་བྱས་ཤིང། རྟོགས་པའི་ཚེ་ན་བོད་མི་རིགས་ཀྱི་མ་འོངས་སྒྲོམ་གཞི་དང། སྐབས་བབ་འཐབ་རྩོད་ཀྱི་གོམ་འགྲོས་རྣམས་ཁོང་རྣམས་ཀྱི་ཡིད་ལ་བརྣག་པ་དེའི་རྗེས་སུ་ཤེས་དང་མ་ཤེས་ཀྱིས་འགྲོ་དགོས་པའི་ངེས་པ་སྐྱེས། མ་ཟད་སངས་རྒྱས་ཆོས་ལུགས་ཀྱིས་བོད་མི་རིགས་སྐྱོབ་ཐུབ་པའི་རེ་བ་གསར་བ་དག་སྙིང་ཁོངས་ནས་བསླངས། ཞིབ་མོར་ལྟོས་སྐབས། དེ་བྱུང་རིག་པ་དང། དཔལ་འབྱོར་རིག་པ་སོགས་ཀྱི་གཞུང་ལུགས་ཀྱང་རྨང་གཞི་དེའི་སྟེང་ནས་འཛུགས་བཞིན་པ་རྟོགས་ཤིང། ཚན་རིག་པའི་མཉམ་དུ་བགྲོ་གླེང་དང་། དེང་དུས་ཤེས་ཡོན་སློབ་གཉེར་བྱེད་སྟངས་ཀྱི་ལམ་སྟོན་དག་གིས་ང་ཚོ་དངོས་གནས་རླབས་ཆེན་དགོངས་གཞི་དེའི་རྗེས་སུ་ཕེབས་དགོས་པར་བསམ།
    རྒྱུ་མཚན་དེ་དག་གིས། ལས་འགུལ་སྤེལ་རིམ་དང། མང་གཙོའི་གཞི་རྩའི་གོང་ཐང་གཅོད་ཕྱོགས་སོགས་ལ་ལྟོས་སྐབས་ཀྱང་ང་ཚོའི་ཤེས་ཡོན་པ་རེ་འགའི་དགོངས་ཚུལ་རང་དང་ཐག་རིང་ཡིན་པའི་ཚོར་སྣང་བྱུང།
    ཡིན་ནའང། ང་ཚོ་ཕྱོགས་བསྡོམས་ཀྱིས་གནད་ལ་འཇུ་དགོས་པར་སེམས་ཤིང། དགོངས་གཞི་དེ་དག་གིས་བསྐྲུན་པའི་འབྱུང་འགྱུར་བོད་དེ་ཡིད་ཆེས་ཡོད་དབང་དུ་བཏང་ན། ཆུང་ཚགས་ནས་དེ་དག་གི་རྗེས་མཐུན་དུ་འགྲོ་རྒྱུ་བློ་གཅིག་སེམས་གཅིག་བྱེད་དགོས་པར་འདོད་ལ། བཀའ་མོལ་དེ་དག་གིས་ཚོར་བ་གསར་བ་མི་སྟེར་བ་ཞིག་བྱེད་རྒྱུ་ནི་གནད་ཀྱི་དོན་པོ་རེད།
    ཨོ་ལིམ་པིག་གི་སྐབས་སུ་རྒྱབ་སྐྱོར་བ་ཚོའི་རྣམ་འགྱུར་དེ་ནི་སྐུ་ཉིད་ཀྱིས་གསུངས་པ་ལྟར་དཀོན་མཆོག་བཞི་པ་གྲས་སུ་ཚུད་དང་མ་ཚུད་མི་ཤེས་མོད། དེ་དག་གི་ངང་རིང་དང་ཁེ་ཕན་གཉེར་ཕྱོགས་ཀྱི་སྐུ་ཚེ་ཅི་ཙམ་རིང་མིན་ང་ལས་ཉིད་ལ་གསལ་ཆ་ཆེ་སྟབས། རྩེད་འགྲན་ཆེན་མོ་དང་འབྲེལ་བའི་བོད་མི་རིགས་ཀྱིས་བྱང་སེམས་མེད་ཀྱང་ཡོད་མདོག་ཙམ་སྟོན་ཐུབ་ཡོད་ན། འཛམ་གླིང་ཀུན་པོར་བག་ཆགས་ཤིག་འཇོག་ཐུབ་པར་སེམས་ལ། ནམ་ཞིག་ཚུལ་འཆོས་ཚུལ་ཁྲིམས་ཀྱི་རྒྱུ་རུ་འགྲོ་རྒྱུ་ནི་རྟེན་འབྲེལ་གྱི་རང་བཞིན་ཞིག་ཀྱང་རེད་ལ། འགྲོ་བ་མིའི་ཡར་རྒྱས་ཀྱི་ཆོས་ཉིད་ཞིག་ཀྱང་རེད།

    Reply
  6. ཟླ་བ་ཚེ་རིང་། says:
    ལོ་ 14 སྔོན།

    ཤར་ཕྱོགས་ཁུག་རྟ་ལགས་ཀྱིས་དགོངས་ཚུལ་གནང་བར་ཐུགས་རྗེ་ཆེ་ཞུ། སྐུ་ཉིད་ལ་གསལ་བཤད་གཅིག་དང་བསམ་ཚུལ་འགའ་ཞུ་འདོད་བྱུང་།

    རྒྱབ་འགལ་ཞེས་པ་དེ་ངས་གང་ཉིད་ཀྱིས་གསུངས་པ་ལྟར་ཚིག་དང་ཚིག་གི་ཕུགས་འདེད་པའི་སྲིད་དོན་འགྲོ་ལུགས་ལ་བསྟུན་པ་མིན། སྲིད་དོན་འགྲོ་ལུགས་ནང་ཚིག་དང་ཚིག་གི་ཕུགས་དེད་ནས་འགྲོ་སྟངས་ཤིག་ཡོད་པ་ངས་ངོ་མས་མ་ཤེས། འདི་རྒན་ལགས་ཀྱི་རྩོམ་ཡིག་ནང་དངོས་སུ་འདུག་ལ་བདེ་བོ་མ་བྱུང་ཙང་ངས་དམིགས་སུ་བཀར་པ་ཡིན། གང་ཉིད་ཀྱི་མཆན་བུ་དེ་བཀླགས་རྗེས་ངས་ཡང་བསྐྱར་རྩོམ་ཡིག་ལ་རོབ་ལྟ་ཞིག་བྱས་པ་ཡིན། དེ་དུས་རྒྱབ་འགལ་ཞེས་པ་དེ་ངོ་རྒོལ་ལ་བཟོ་བཅོས་བྱས་འདུག མ་གཞི་འདིའི་ཐད་རྩོམ་པ་པོ་སྐུ་དངོས་སམ་རྩོམ་སྒྲིག་པས་གསལ་བཤད་ཅིག་གནང་ན་ཡག་པོ་འདུག་སྙམ། དེ་མ་གཏོགས་གོ་ལོག་ཐེབས་ས་རེད། འདི་གསལ་བཤད་ཡིན།

    བསམ་ཚུལ་རྣམས་དོགས་པ་དང་འབྲེལ་ནས་ཞུ་འདོད་བྱུང་།

    གལ་སྲིད་པེ་ཅིན་ཨོ་ལིམ་པེཀི་དེ་དུས་བདེ་ཞོལ་འཇགས་ཀྱི་སྐབས་ཤིག་ལ་ཚུགས་ཡོད་ན། སྐུ་ཉིད་ཀྱིས་གསུངས་པ་ལྟར་ང་ཚོས་ཆབ་སྲིད་ཕལ་བར་བཞག་ནས་ཡ་རབས་ལུགས་བཟང་གིས་ལྟ་ཐུབ་ཀི་རེད་ལ། བོད་རྒྱ་ཞི་མཐུན་མཉམ་གནས་ཀྱི་རྨང་གཞི་དེ་ལག་ལེན་སྟེང་བསྐྱལ་ཐུབ་ཀི་རེད། ད་དུང་བོད་བརྒྱུད་ནང་བསྟན་གྱི་རྨང་གཞི་བྱས་པའི་རིག་གནས་སེམས་ཁམས་ཅན་གྱི་མི་རིགས་ཤིག་ཡིན་པའང་ལྷོད་ལྷོད་བྱས་ནས་སྟོན་ཆོག་གི་རེད། འོན་ཀྱང་། རྩེད་འགྲེན་དེ་མ་ཚུགས་པའི་ཟླ་གསུམ་བཞིའི་སྔོན་ལ་བོད་ཁམས་ཡོངས་སུ་དོན་རྐྱེན་ག་རེ་བྱུང་མིན་ང་ལས་སྐུ་ཉིད་ལ་གསལ་ཆ་ཆེ་བ་ཡོད་རྒྱུ་རེད། རྒྱ་རིགས་ཚོས་དང་པ་འདྲེན་པའི་རྩེད་མོའི་རིགས་ལོངས་སུ་སྤྱོད་སྐབས། བོད་ནང་གི་བོད་མི་ཚོས་ག་རེ་མྱོང་བཞིན་པའང་སྐུ་ཉིད་ལ་གསལ་བོ་ལོས་ཡོད། ཛ་དྲག་གི་གནས་སྟངས་དེ་འདྲ་ཞིག གཉན་ཕྲང་གི་དུས་ཚོད་དེ་འདྲ་ཞིག་གི་སྒང་ལ་ང་ཚོས་ད་དུང་ཡ་རབས་ལུགས་བཟང་དང་། བོད་རྒྱ་མཉམ་གནས། བྱང་སེམས་ཅན་གྱི་མི་རིགས་ཤིག་ཡིན་མདོག་སྟོན་ཆེད་ཁ་བཙུམ་ནས་བསྡད་ན། དེ་རླབས་ཆེན་གྱི་བྱ་བཞག་ཅིག་ཡིན། བྱབ་ཆུང་གི་བྱེད་སྟངས་ཤིག་ཡིན། ང་ལ་དོགས་པ་རེད།

    སྐུ་ཉིད་ཀྱིས་ཨོ་ལིམ་པེཀི་ལ་ངོ་རྒོལ་བྱས་པ་དེས་ང་ཚོ་ལ་གྱོང་རེག་འདུག་གསུངས། ད་དུང་དེ་སྒང་ལ་གྱོང་རེག་སྟངས་འདི་མ་འོངས་པར་བསླབ་བྱར་ལེན་དགོས་གསུངས། བོད་པས་རྩེད་འགྲེན་དེར་ངོ་རྒོལ་བྱས། བརྟེན་ནས་རྩེད་འགྲེན་དེར་ཞུགས་མཁན་གྱི་ལུས་རྩལ་པ་གང་མང་ཞིག་གིས་ཀྱང་བོད་ནང་གི་གནས་སྟངས་ཇེ་ཡག་ཏུ་མ་བཏང་ན་རྩེད་འགྲེན་ནང་ཆ་ཤས་མི་ལེན་ཟེར་ནས་ངོ་རྒོལ་བྱས། བོད་ཀྱི་གནད་དོན་ཐད་གྲོས་མོལ་མ་བྱས་ཚེ་སྐུ་མགྲོན་དུ་ཡོང་གི་མིན་ཟེར་ནས་རྒྱལ་ཁབ་ཁག་གིས་དབུ་ཁྲིད་ཚོས་ངོ་རྒོལ་བྱས། དེ་ལ་བརྟེན་ནས་བོད་རྒྱ་ཞི་མོལ་ཀྱང་དུས་ཐུང་ཡུན་ཐུང་ཞིག་གི་ནང་ཐེངས་གཉིས་བསྟུན་མར་འགྲོ་ཐུབ་པ་བྱུང་། ད་དུང་ཞོར་ལ་མང་པོ་རེད། ད་བར་ལོ་གསུམ་འགོར་ནའང་། ངོ་རྒོལ་དེ་གྱོང་ཡིན་མིན་ང་ལ་ད་དུང་དོགས་པ་རེད།

    ནམ་རྒྱུན་ནས་ང་ཚོས་སྐུ་མདུན་གྱི་དགོངས་གཞི་རླབས་ཆེན་ཡིན་ཚུལ་འགྲེལ་གི་ཡོད་རེད། ཁ་ཤས་ཤིག་གིས་རང་ཉིད་སྐུ་མདུན་གྱི་གཏིང་ཟབ་སར་འཛུལ་ཡོད་མདོག་མདོག་གིས་འགྲེལ་གི་རེད། ད་དུང་གཞན་ལ་ལས་འགུལ་ལྟ་བུ་ཞིག་ཡིན་ནའང་དགོངས་པ་ལོན་དང་མ་ལོན། རྨོངས་དང་མ་རྨོངས་སོགས་ཀྱི་ས་མཚམས་བཅད་ནས་འགྲེལ་གི་རེད། གནས་སྐབས་དེར། སྐུ་མདུན་གྱི་དགོངས་པ་ལས་ཁོང་རྣམ་པས་འགྲེལ་བཤད་རླབས་ཆེ་བ་མེད་འགྲོ། ང་ལ་དོགས་པ་རེད།

    Reply
  7. ཟླ་བ་ཚེ་རིང་། says:
    ལོ་ 14 སྔོན།

    རྒན་ལགས་ལ་ད་ནིང་ཞོགས་པར་ཞུས་པའི་རེ་བ་ཁག་གི་མཇུག་མཐུད་ཀི་ཡིན།

    བཀའ་བློན་ཁྲི་བ་ཞེས་པ་འདི་ག་རེ་རེད། འདི་གང་ནས་ཡོང་བ་རེད། འདིའི་ལས་འགན་གཙོ་བོ་ག་རེ་རེད། བཀའ་བློན་ཁྲི་བ་བླ་མའི་སློབ་མ་ཡག་པོ་བྱེད་ས་མ་རེད། འདིའི་ལས་འགན་གཙོ་བོ་ཡང་བླ་མའི་དགོངས་དོན་སྒྲུབ་རྒྱུ་མ་རེད། འདི་ཡོང་ས་ཡང་བླ་མའི་ཐུ་འོག་མ་རེད། འདི་ག་རེ་རེད། མི་རིགས་དང་རྒྱལ་ཁབ ཆབ་སྲིད་ཀྱི་དབུ་ཁྲིད་ཅིག་གི་གོ་གནས་རེད། འདིའི་ལས་འགན་གཙོ་བོ་ཡང་མི་རིགས་དང་རྒྱལ་ཁབ། ཆབ་སྲིད་རེད། འདི་ཡོང་ས་མི་དམངས་རེད། མི་དམངས་ཀྱིས་ཐད་ཀར་འོས་འདེམས་གནང་བ་རེད། ཁོང་གི་གསུམ་མོལ་དེ་ལ་མང་ཚོགས་ཀྱི་བློ་ཕམ་དང་བསམ་ཚུལ་ཡོང་སྐབས། རྒན་ལགས་ནང་བཞིན་གོང་ནས་ཁ་མར་འཁོར་མཁན་ཚོས་དང་ལེན་དང་མོས་མཐུན་མི་གནང་ནའང་། བརྩི་འཇོག་དང་གོང་བཀུར་མི་ཞུ་ནའང་། ཕྱག་རྩོམ་ཕེབས་སྐབས་བརྗོད་ཚིག་སྙན་མོ་ཞིག་སྤེལ་རྒྱུ་འདིའང་མཐར་གཏུགས་ན་བཟང་སྤྱོད་ལ་འབྲེལ་ཡོད་པ་ཞིག་རེད་འདོད། བློ་ཕམ་དང་བསམ་ཚུལ་བརྗོད་མཁན་དེ་ཚོ་གཞན་མ་རེད། ཁྱེད་ཅག་ལ་གོང་བཀུར་དང་རེ་བ་རྒྱག་མཁན་གྱི་བོད་རྒྱ་ཆེའི་མི་དམངས་རེད། གོང་ནས་ཁ་མར་འཁོར་མཁན་ཚོར་མཚོན་ན་འདི་ཆེས་མ་མཐའི་བཟང་སྤྱོད་ཅིག་རེད་འདོད།

    བཀའ་ཁྲིའི་གསུང་མོལ་འདི་ལ་ང་ཚོས་རྒན་ལགས་ནང་བཞིན་རིག་པ་སྒྲིམ་ནས། རྒྱུ་མཚན་བཙལ་ནས་རྒྱ་ཆེ་ས་དང་གཏིང་ཟབ་སར་འཛུལ་ཆོག་གི་རེད། འོན་ཏེ། གསར་འགྱུར་བརྒྱུད་ལམ་ཁག་གིས་གོ་བ་ག་འདྲ་སེར་ལེན་གི་རེད། སྲིད་དོན་ཉམས་ཞིབ་པ་རྣམ་པས་གོ་བ་ག་འདྲ་སེར་ལེན་གི་རེད། སྤྱི་ཚོགས་ལ་བརྡབ་བསིག་ག་ཚོད་ཅིག་ཐེབས་ཀི་རེད། གནས་ཚུལ་ཆུང་ཚགས་འདི་རིགས་ལའང་ཐུགས་བསམ་བཞེས་རྒྱུ་གལ་ཆེན་པོ་རེད་འདོད།

    Reply
  8. ཤར་ཕྱོགས་ཁུག་རྟ། says:
    ལོ་ 14 སྔོན།

    རྩོམ་སྒྲིག་པ་ལགས། ངའི་མཆན་དེ་བོར་སོང་བ་རེད་དམ།

    Reply
  9. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 14 སྔོན།

    སྐུ་ཞབས་སྤྱི་འཐུས་ལགས།
    ཁྱེད་ཀྱིས་”གལ་ཏེ་བོད་མི་རེ་རེའམ་ཚོགས་པ་ཚང་མའི་ཁ་ཁོག་མེད་པར་༸གོང་ས་མཆོག་གི་བཀའ་དགོངས་སྒྲུབ་འདུན་ཡོད་ན་ཅི་ཐུབ་གང་ཐུབ་ཀྱིས་སྒྲུབ་དགོས། མ་མཐར་ཡང་ཁོང་གི་དགོངས་དོན་རྒྱ་ཆེའི་རིགས་ལ་རོགས་ཕན་མ་ནུས་ཀྱང་འགལ་རྐྱེན་བཟོ་མི་རུང།”་གསུང་འདུག དེས་ན་༧ཁོང་བགྲེས་ཡོལ་དུ་ཕེབས་རྒྱུའི་སྐོར་ལ་ཁྱེད་ཀྱིས་གང་གསུང་གི་ཡོད།

    Reply
  10. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 14 སྔོན།

    སྐུ་ཞབས་ཟླ་ཚེ་རིང་ལགས་ཀྱིས་གསུང་པ་དེ་ཞིབ་ཚགས་པོ་དང་བདེན་པར་འདུག ཟམ་གདོང་རིན་པོ་ཆེས་དེ་འདྲ་གསུང་མི་འོས། ཁོང་མཉམ་ལེན་པ་ཞིག་ཡིན་དུ་ཆུགས་རུང་ཁོང་ལ་བོད་རྒྱལ་ཁབ་ཀྱི་བཀའ་ཁྲིའི་གོ་གནས་ཡོད་པས་རང་གི་མཉམ་ལེན་ལས་བོད་རྒྱལ་ཁབ་གལ་ཆེན་དུ་འཇོག་དགོས། ཆོས་ལུགས་པ་ཚོས་དེ་ནམ་ཡང་བྱེད་དཀའ་བས་ཁོ་བོས་ཆོས་ལུགས་པ་སྲིད་སྟེགས་སུ་འོང་མི་འོས་བཤད་དོན་དེ་ཡིན། ཁོང་གིས་ཆབ་སྲིད་ཀྱི་གནད་འགག་མཁྱེན་གྱི་མི་འདུག་ཞུ་མི་ཕོད་པས་ཁོང་གིས་ཆབ་སྲིད་ཀྱི་གནད་འགག་ལ་དགོངས་པ་བཞེས་ཀྱི་མི་འདུག་ཞུ་རྒྱུ་ཡིན། བཀའ་མོལ་འདི་འདྲ་ལན་གཅིག་མ་རེད། ལན་མང་རེད། བཀའ་མོལ་འདི་ཚོའི་ཐོག་ནས་ཟམ་གདོང་ཚང་ཟོལ་བརྫུ་བ་ཞིག་ཡིན་ནམ་མཉམ་ལེན་པ་ངོ་མ་ཞིག་ཡིན་པ་གང་ཡང་དཔོག་ཐུབ་ཀྱི་མི་འདུག

    Reply
  11. ཤར་ཕྱོགས་ཁུག་རྟ། says:
    ལོ་ 14 སྔོན།

    ཨ་ཁུ་ཟླ་བ་ཚེ་རིང་གིས་གསུངས་བའང་གཏིང་ཟབ་པོ་རེད། ཡིན་ནའང་ལྐུག་པས་འདི་འདྲ་ཞིག་དྲན་བྱུང།

    རྒན་ལགས་ཀྱིས་༧སྐུ་མདུན་གྱི་རླབས་ཆེན་གྱི་དགོངས་དོན་ལ་ངོ་རྒོལ་བྱས་ཚུལ་གསུངས་བ་ལས་རྒྱབ་འགལ་བྱས་འདུག་བྲིས་མེད་ནའང། ཚིག་དང་ཚིག་གིས་ཕུགས་འདེད་བྱེད་པ་ནི་སྲིད་དོན་གྱི་འགྲོ་ལུགས་ཤིག་ཡིན་པར་ཁོ་བོས་སེམས། ཡིན་ནའང། རླབས་ཆེན་ཞེས་པའི་ཚིག་འདི་དགོངས་དོན་གྱི་མདུན་དུ་སྦྱར་ཡོང་དུས་དེ་ལ་གོ་བ་ལེན་ཕྱོགས་ཤིག་ངེས་པར་དུ་ཡོད་དགོས་པར་སེམས་ཤིང། བཀའ་ཁྲིས་བླ་མའི་བཀའ་སྒྲུབ་པ་དེའང་མཐར་གཏུག་ན་དགོངས་གཞི་རླབས་ཆེན་པོ་དེ་རྟོགས་མ་རྟོགས་ཀྱི་ས་མཚམས་ཤིག་འབྱེད་ཕྱིར་གདམས་པ་མིན་ནམ་ཁོ་བོ་རྣམ་རྟོག་འཁོར། མིན་ན། སྐབས་དེའི་རྩེད་འགྲན་ཐད་རྒྱ་ཕྱོགས་ནས་བཤད་ན་བརྗོད་ཚིག་ཚུན་ཆད་ད་བར་གཅིག་མཚུངས་སུ་ཡོད་ཀྱང། ང་ཚོ་སྐབས་དེར་རླབས་ཆེན་དགོངས་གཞི་དེའི་རྗེས་སུ་ཤེས་དང་མ་ཤེས་གཉིས་ཀྱིས་ཕེབས་ཐུབ་ཡོད་ན། སྐབས་དེར་རྒྱ་མི་ས་ཡ་མང་པོ་དང་བ་འདྲེན་པའི་རྩེད་རིགས་དེར། རང་ཅག་རྣམས་ཀྱིས་ཆབ་སྲིད་ཕལ་བར་བཞག་སྟེ་རང་རེའི་ཡ་རབས་ལུགས་བཟང་གིས་ལྟ་ཐུབ་ཡོད་ན། སྐབས་དེར་ཞི་མཐུན་མཉམ་གནས་ཀྱི་རྨང་གཞི་དེ་ལག་ལེན་སྟེང་བསྐྱལ་ཐུབ་ཡོད་ན། བོད་བརྒྱུད་ནང་བསྟན་གྱིས་རྨང་གཞི་བྱས་པའི་རིག་གནས་སེམས་ཁམས་ཅན་གྱི་མི་རིགས་ཤིག་ཡིན་པ་གསལ་སྟོན་བྱས་ཡོད་ན། དེ་ནས་ལོ་གསུམ་ལ་ཉེ་བའི་དེ་རིང་ང་ཚོས་གྲུབ་དོན་ལ་ལྟོས་ཆོག་པ་ཞིག་ཡོད་ནའང། དེ་རིང་ང་ཚོར་རྩེད་འགྲན་ཆེན་མོ་དང་འབྲེལ་བའི་ཁེ་ཕན་ལས་གྱོང་རག་འདུག་པ་འདི་འང། འབྱུང་འགྱུར་བསླབ་བྱར་བྱས་མི་ཆོག་པ་གང་ཡང་མི་འདུག་སེམས།

    Reply
  12. ཟླ་བ་ཚེ་རིང་། says:
    ལོ་ 14 སྔོན།

    རྒན་ལགས་ཀྱི་གཞི་རྩའི་དགོངས་པ་བཞེས་སྟངས་དང་མཁྱེན་ཡོན་ལ་ད་བར་དོགས་པ་རྣམ་རྟོག་སྤུ་ཙམ་ཡང་མེད། ག་དུས་ཡིན་ནའང་གུས་བརྩི་ཞུ་གི་ཡོད། གསུང་མོལ་སྐབས་བཟང་སྤྱོད་ཀྱི་ལམ་ནས་གནང་རྒྱུ་ལ་ཚིག་འགའ་ཞུ་འདུན་བྱུང་།

    ཉིས་སྟོང་བརྒྱད་ལོའི་པེ་ཅིན་ཨོ་ལིམ་པེཀི་རྩེད་འགྲེན་ལ་ངོ་རྒོལ་བྱས་པ་དེ་སྐུ་མདུན་གྱི་དགོངས་པ་དང་རྒྱབ་འགལ་བྱས་པ་རེད་གསུང་འདུག གསུང་མོལ་འདི་རིགས་ཅུང་ཚབས་ཆེན་རེད། འདི་རིགས་སྐུ་མདུན་གྱི་དགོངས་པ་དང་རྒྱབ་འགལ་ཡིན་ཚེ། ལོ་དེའི་བོད་ནང་གི་ངོ་རྒོལ་ལས་འགུལ་ཕལ་ཆེ་བ་ཡང་རྒྱབ་འགལ་ཆགས་ཀྱི་འདུག དེ་ལྟར་ཡིན་ཚེ་སྐུ་མདུན་གྱི་དགོངས་པར་རྒྱབ་འགལ་བྱེད་མཁན་བཙན་བྱོལ་སྤྱི་ཚོགས་ནང་གི་མི་སྒེར་རེ་ཟུང་དང་ཚོགས་པ་རེ་ཟུང་ཙམ་མིན་པར། ལས་འགུལ་དེ་ནང་མཉམ་ཞུགས་གནང་མཁན་གྱི་གཞིས་ལུས་མི་དམངས་ཕལ་ཆེ་བ་ཡང་ཁོང་གི་དགོངས་པར་རྒྱབ་འགལ་བྱེད་མཁན་ཆགས་དགོས་ཀྱི་འདུག སྐུ་མདུན་སྐུ་ངོས་ནས་ལས་འགུལ་འདི་གཉིས་གང་ཡིན་ཡང་ཁོང་གི་དགོངས་པ་དང་རྒྱབ་འགལ་ཡིན་པའི་གསུང་མོལ་གང་ཡང་གནང་མི་འདུག དགོངས་པ་ལ་རྒྱབ་འགལ་ཞེས་པ་དང་། དགོངས་གཞི་དང་མཐུན་མི་མཐུན་ཞེས་པ་གཉིས་ལ་བར་ཁྱད་ཡོད་རྒྱུ་རེད་འདོད། ལས་འགུལ་གང་ཞིག་ཁོང་གི་དགོངས་གཞི་དང་མི་མཐུན་ནའང་། ཁོང་གི་དགོངས་གཞི་ལ་རྒྱབ་འགལ་བྱས་པ་མཚོན་གྱི་མེད་འདོད། ཕྱག་རྩོམ་ཕེབས་དུས་གསུང་ཚིག་ལ་ཐུགས་གཟབ་གནང་རོགས།

    བཀའ་ཁྲིའི་གསུང་མོལ་དེ་ཐུང་ཐུང་བྱས་ན་སྐད་ཆ་ཚིག་གཉིས་རེད། བླ་མའི་བཀའ་སྒྲུབ་པ་ཡིན། མི་རིགས་དང་རྒྱལ་ཁབ ཆབ་སྲིད་ལ་བསམ་བློ་བཏང་མྱོང་མེད་ཟེར་བ་འདི་གཉིས་རེད། བླ་མའི་བཀའ་སྒྲུབ་པ་ཡིན་ཞེས་པ་འདི་ལ་ཡི་མ་རིང་བའི་བསམ་ཚུལ་འདོན་མཁན་བྱུང་མེད། གཙོ་བོ་མི་རིགས་དང་རྒྱལ་ཁབ། ཆབ་སྲིད་ལ་བསམ་བློ་བཏང་མྱོང་མེད་ཟེར་བ་འདི་ལ་བསམ་ཚུལ་སླེབས་པ་རེད། བསམ་ཚུལ་འདོན་མཁན་ཚོས་རང་གི་བསམ་ཚུལ་དེ་དག་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་སྐུ་སྒེར་ངོས་ལ་བཏོན་མི་འདུག དེ་བཞིན་ཁོང་ཤྰཀྱའི་དགེ་སྦྱོང་བའམ་དགེ་འདུན་པ་ཞིག་ཡིན་པའི་ངོས་ནས་བཏོན་མི་འདུག ཁོང་བཀའ་བློན་ཁྲི་བ་ཡིན་པའི་ངོས་ནས་བཏོན་པ་རེད། ཁོང་བོད་མིི་རིགས་དང་། བོད་རྒྱལ་ཁབ་ཀྱི་ཆེས་མཐོའི་དབུ་ཁྲིད་ཅིག་གམ། བོད་ཀྱི་ཆབ་སྲིད་འཐབ་རྩོད་ལས་རིམ་ནང་གལ་གནད་ཆེ་བའི་བཀའ་བློན་ཁྲི་བ་ཡིན་པའི་ངོས་ནས་བཏོན་པ་རེད། བཀའ་ཁྲིས་རང་གི་ལས་གནས་ལ་འགན་མ་ཁུར་བའི་གསུང་མོལ་གནང་བ་རེད། མི་དམངས་ཀྱིས་འགན་འཁུར་བའི་བསམ་ཚུལ་བཏོན་པ་རེད། འདི་གཉིས་ཀྱི་གང་ལུགས་མཐུན་ཡིན་མིན་ཁ་གསལ་གོ་བདེ་རེད་འདོད། བར་འདི་ནས་ཕྱག་རྩོམ་ཕེབས་པ་དེ་ལ་བཟང་སྤྱོད་ཅིག་མཐོང་མ་སོང་།

    ད་ལས་ཀ་ལ་འགྲོ་རན་སོང་། དགོང་མོ་ལས་ཀ་གྲོལ་ན་མུ་མཐུད་ནས་རེ་འདུན་ཞུ་གི་ཡིན།

    Reply
  13. སྒྲོལ་མ་མེ་ཏོག says:
    ལོ་ 14 སྔོན།

    སྤྱི་འཐུས་ལྷ་མོ་སྐྱབས་ལགས་ནི་དུས་ཐོག་ཆར་པ་ཪང་རེད་འདུག རྣམ་ཀུན་རྩོམ་ཡིག་མང་པོ་མ་སྤེལ་རུང་གང་སྤེལ་བ་དེ་སྤྲིན་ནག་བརྟོལ་བའི་ཐོག་ཆེན་དང་འདྲ་བ་འདུག
    བསྔགས་བརྗོད་ཀྱི་མེ་ཏོག་གཏོར་བ་དང་ཉིད་ཀྱི་དྲིན་དྲན་བཞིན་ཡོད།

    Reply
  14. ཐ་ཧྭར་སྐལ་བཟང་། says:
    ལོ་ 14 སྔོན།

    བཀའ་བློན་ཁྲི་བ་ཟམ་མདོང་གིས་མི་རིགས་དང་རྒྱལ་ཁབ་ལ་བསམ་བློ་གཏོང་གི་མེད་ཟེར་ནས་དངོས་སུ་གསུངས་པ་ཡིན་ན། གསུངས་བཤད་དེ་དངོས་གནས་སྐྱོ་བོ་རེད། དེ་ལ་ཡག་བཤད་འདྲ་རྒྱག་རྒྱུ་ལྷག་མི་འདུག བཀའ་ཁྲི་མཆོག་གིས་གསུངས་བཤད་འདི་ཁོ་རང་བཀའ་བློན་གྱི་འོས་ཁོངས་སུ་མ་བཞུགས་པའི་སྔོན་ལ་ག་རེ་བྱས་ནས་གསུངས་མེད་པ་ཡིན་ནམ། བལྟས་ཡོང་ན་བཀའ་ཁྲི་མཆོག་གིས་བོད་པའི་གཉན་འཕྲང་ཅན་གྱི་དུས་ཚོད་འདི་ལ་ལོ་ངོ་བཅུ་འཕྲོ་བརླག་ལ་བཏང་བ་ཡིན་ཟེར་བ་དང་འདྲ་བོ་འདུག

    Reply
  15. བསེ་རུ། says:
    ལོ་ 14 སྔོན།

    བཀའ་ཁྲི་མཆོག་གིས་རྒྱ་གར་རྒྱལ་ཡོངས་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་ལྔ་པར་བསྩལ་བའི་བཀའ་སློབ་དེས་གསར་བུ་བ་མང་པོ་ཞིག་ལ་འདྲོགས་མགོ་བསླངས་པར་གྱུར། ངའི་ལྟ་ཚུལ་ལྟར་ན། ཁོང་གིས་”ང་ཆུང་དུས་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བའི་ཤཱཀྱའི་དགེ་སྦྱོང་ཐེབས་ཆག་ཅིག་ཡིན་སྟབས། སོ་སོའི་ལུས་ངག་ཡིད་གསུམ་གྱི་ནུས་པ་གང་ཡོད་པ་དེ། ཁྱེད་ཉིད་དགྱེས་ཕྱིར་བདག་བྲན་འབུལ་ལགས་ན། །ནམ་མཁའ་ཇི་སྲིད་འབངས་སུ་བཟུང་དུ་གསོལ། ཞེས་གསུངས་པ་བཞིན་བླ་མའི་དྲིན་ལ་ཐུག་ཡོད།
    དེར་བརྟེན་ངའི་རྩ་བའི་བླ་མ་སྐྱབས་རྗེ་ཁྲི་བྱང་རྡོ་རྗེ་འཆང་ཆེན་པོ་མཆོག་གིས་ཁྱེད་ཀྱི་མི་ཚེ་འདིར་༧གོང་ས་མཆོག་གི་ཞབས་འདེགས་ཞུ་རྒྱུར་ཆ་ཚང་གཏོང་དགོས་པ་རེད་ཅེས་བཀའ་གནང་སྟབས། “ཞེས་གསུངས་པ་དེས་ཁོང་ཉིད་ཀྱི་ཤཱཀྱའི་དགེ་སྦྱོང་རྣལ་མ་ཞིག་དང་། ༸གོང་ས་མཆོག་གི་ཐུགས་དགོངས་བཞིན་བཀའ་གསུང་ཅི་སྒྲུབ་ཞུ་མཁན་གྱི་སྐྱེས་བུ་དམ་པའི་རང་མདངས་མངོན་མཁན་ཞིག་ཡིན་པ་རྟོགས་ཐུབ་ཀྱི་འདུག
    འོ་ན། ༸གོང་ས་མཆོག་གི་ཐུགས་ཀྱི་དགོངས་དོན་ནི། ཁོང་གིས་ཡོངས་གྲགས་གསུང་བཞིན་པའི་འགན་ཁུར་གསུམ་གྱི་ཐོག་མནོ་བསམ་གཏོང་བ་དང་ཞིབ་པར་གཟིགས་ན་མཁྱེན་ངེས་རེད། དེར་བརྟེན། བཀའ་ཁྲིས་”ངའི་མི་ཚེའི་ནང་དུ་གང་བྱས་པ་དེ་བླ་མའི་བཀའ་བསྒྲུབ་རྒྱུ་དང་། བླ་མའི་ཞབས་འདེགས་བསྒྲུབ་རྒྱུའི་བསམ་བློ་ཁོ་ན་མ་གཏོགས། ངས་མི་རིགས་ཀྱི་བསམ་བློ་གཏོང་གི་མེད་ལ་རྒྱལ་ཁབ་ལའང་བསམ་བློ་གཏོང་གི་མེད། ཆབ་སྲིད་ལའང་བསམ་བློ་གཏོང་གི་མེད་པས། “ཞེས་གསུང་སྟངས་དེ་ནི་སྐྱེས་བུ་ཆེན་པོས་ཁེངས་སྐྱུངས་པའི་ཚིག་དང་། གཏམ་དང་སྙན་གྲགས། ཐོབ་དང་གོ་ས། ལན་དང་རེ་བ་སོགས་མེད་པར་བསྟན་པའི་མཁས་པའི་གསུང་སྟངས་དམིགས་བསལ་བ་ཞིག་རེད། དེར་བརྟེན། ཁོང་གིས་གསུང་སྟངས་དེར་ང་ཚོས་བློ་དོགས་དང་ཡིད་གཉིས། མ་རངས་པ། འཁང་ར་སོགས་བྱེད་བཞིན་པ་རང་ཉིད་ཀྱི་བསམ་བློ་གཏོང་སྟངས་དེ་མིག་རྒྱང་ཐུང་དྲགས་པས་ལན་པ་རེད་སྙམ། །

    Reply
  16. ཤར་ཕྱོགས་ཁུག་རྟ། says:
    ལོ་ 14 སྔོན།

    མཁས་པའི་གཏམ་གྱིས་སེམས་ཀྱི་མདུད་པ་གྲོལ།།
    མགོ་བོ་གཉིས་ཅན་སྐྱེངས་པའི་གནས་སུ་བཀོད།།
    གནད་ཀྱི་འགག་སར་ཐུགས་ཐག་ཆོད་པོའི་མདངས།།
    མཁས་པ་ཆབ་བྲག་ལྷ་མོའི་མཛེས་སྡུག་ཡིན།།

    Reply
  17. ཤག་སྒང་པ། says:
    ལོ་ 14 སྔོན།

    མཚན་གནས་ཡོད་མཁ་གྱི་རྩོམ་པ་པོ་རྣམས་ནས་སྤྱི་ཚོགས་ཉག་ཕྲ་སའི་ས་ཚིགས་ནས་འགན་འཁུར་གྱི་བྱ་བར་འབུངས་དགོས་པ་ནི་རང་བཞིན་གྱི་འགན་འཁྲི་ཆེན་པོ་ཞིག་ཡིན་པར་བརྟེན། དེ་རིང་སྙན་ངག་མཁན་དང་། སྤྱི་འཐུས་ལས་ཐོག་པ་རྒན་ཆབ་བྲག་ཕོ་ཉས་ཧ་ཅང་ལེགས་པོ་གསུངས་པར་ཐུགས་རྗེ་ཆེ། སྤྱི་ཚོགས་ཤེས་ལྡན་དུ་གྱུར་དང་མ་འགྱུར་གྱི་བར་ན་སྨྱུག་འཛིན་པ་རྣམས་ནས་འགན་འཁྲི་མེད་པའི་རྩོམ་ཡིག་དང་མཆན་བུ་བཏབ་པ་ལས་ཉེན་ཁ་ཆེ་བ་རྩ་ནས་མེད་པས། དེས་ན། ཁ་སང་བཀའ་ཁྲིའི་གསུང་བཤད་ཀྱི་ནང་དོན་ངོ་མ་མ་གཏོགས་པར་དོན་མེད་རྙོག་གཏམ་སྤེལ་མཁན་དག་ནས་དྲ་ལམ་འདི་བརྒྱུད་དགོངས་གསོལ་བཞུ་ན་བོད་མིའི་བཟང་ཕྱོགས་ཀྱི་བསླབ་བྱ་ལས་མ་འགལ་ཞིང་། རང་ཉིད་ཀྱང་བོད་མིའི་མི་སེར་གནད་ཡོད་ཀྱི་རང་བཞིན་དང་མ་འགན་པ་སོགས་བོད་དོན་ལ་ཕན་ངེས་ཀྱི་ཁྱད་ཆོས་མང་དག་ཅིག་མཐོང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese