མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གསལ་བསྒྲགས་ཤིག -ཁང་གསར་རྡོ་རྗེ།

བོད་ཀྱི་དུས་བབ།
༢༠༡༡/༠༢/༡༦
Share on FacebookShare on TwitterShare on EmailShare on Whatsapp

གསལ་བསྒྲཊ་ཤིག་ལས་བྱུང་བའི་སེམས་ངལ།

ཁང་གསར་རྡོ་རྗེ།

དེ་རིང་ང་ལ་དུས་ཁོམ་བྱུང་བས་གོམས་གཤིས་བཞིན་དྲྭ་ལམ་ཁག་མྱུལ། བོད་གཞུང་གི་གཞུང་འབྲེལ་དྲྭ་རྒྱའི་ཐོག་ཏུ་ཕྱི་ལོ་ ༢༠༡༢ ལོར་ཨ་རིར་བོད་མི་ཁག་ཅིག་སློབ་སྦྱོང་དུ་གཏོང་རྒྱུའི་དབྱིན་ཡིག་གསལ་བསྒྲགས་(དྲྭ་ཐག འདི་ལ་གཟིགས། http://www.tibet.net/en/index.php?id=2137.&articletype=flash&rmenuid=morenews&amps&tab=1#TabbedPanels1) དེ་མཐོང་སྐབས། དབྱིན་ཡིག་ནང་ཀློག་པ་ལས་བོད་ཡིག་ནང་ཀློག་ན་ཡག་གི་རེད་དྲན་ཏེ། བོད་ཡིག་པར་ངོས་ནང་གསལ་བསྒྲགས་དེ་བཙལ། འོན་ཀྱང་བོད་གཞུང་གི་བོད་ཡིག་དྲྭ་རྒྱའི་ནང་གསལ་བསྒྲགས་དེ་མི་འདུག དེར་བརྟེན། བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་དྲྭ་རྒྱའི་ནང་བཙལ་བས། དབྱིན་ཡིག་གི་གསལ་བསྒྲགས་དེ་དྲྭ་རྒྱའི་མདུན་ངོས་སུ་ལམ་སང་ཤར་ཡང་། གསལ་བསྒྲགས་དེ་བོད་ཡིག་ནང་བཀོད་པ་ཞིག་རྩ་བ་ནས་མ་རྙེད། ཐ་མ་འུ་ཐུག་སྟེ་དབྱིན་ཡིག་གི་གསལ་བསྒྲགས་དེ་བཀླགས། ཀློག་གིན་ཀློག་གིན་ལ་སེམས་ནང་སེམས་ངལ་ཁག་ཅིག་སྐྱེས།

༡)  གསལ་བསྒྲགས་དེ་རིགས་སྔོན་མ་བོད་གཞུང་ཤེས་རིག་ལས་ཁུངས་སམ་ཆེས་མཐོའི་སློབ་ཡོན་ཚོགས་ཆུང་གི་མིང་ཐོག་ནས་གནང་གི་ཡོད་ཀྱང་། ད་རེས་ཨ་རི་བོད་ཀྱི་ཐེབས་རྩའི་མིང་ཐོག་ནས་གནང་འདུག དེའི་རྒྱུ་མཚན་ཅི་ཡིན་ནམ། དེ་ཁྲིམས་མཐུན་ཡིན་ནམ།

            ཐོག་མར་གསལ་པོ་ཤེས་དགོས་པ་ཞིག་ནི། ཆེས་མཐོའི་སློབ་ཡོན་ཚོགས་ཆུང་གི་སྐོར་རེད། ཆེས་མཐོའི་སློབ་ཡོན་ཚོགས་ཆུང་གི་སྒྲིག་གཞི་ཐོན་གསར་ཤོས་(http://tcewf.org/scholarships/latest%20Revised%20Rules%20of%20HLSC-TIB.pdf)ཀྱི་སྔོན་གླེང་ནང་། “མགོན་པོ་གང་ཉིད་ཀྱི་ཐུགས་བསྐྱེད་མཛད་འཕྲིན་ལ་བརྟེན་ནས་ཨ་རིའི་གྲོས་ཚོགས་ནང་བོད་ཀྱི་བདེན་དོན་ལ་རྒྱབ་སྐྱོར་གྲོས་ཆོད་སྣོལ་འཇོག་བྱུང་བའི་རྗེས་འབྲེལ་ཕྱི་ལོ་ ༡༩༨༧ ནས་བཟུང་ལོ་ལྟར་ཨ་རིའི་མཐོ་སློབ་གྲགས་ཅན་ཁག་ནང་བཙན་བྱོལ་བོད་ཕྲུག་སློབ་གཉེར་བ་གྲངས་ཚད་ངེས་ཅན་གཏོང་བཞེས་གནང་མུས་ཡིན་པ་དང༌། ཕྱི་རྒྱལ་རྒྱལ་ཁབ་གཞན་ཁག་ཅིག་ཏུའང་སློབ་གཉེར་བ་མི་ཉུང་བ་ཞིག་བཏང་དང་གཏོང་མུས་ཡིན་པ་བཅས་ཀྱི་འདེམས་སྒྲུག་བྱེད་ཕྱོགས་སྤྱི་སྙོམས་ཚུལ་མཐུན་འབྱུང་ཐབས་སུ་བཙན་བྱོལ་བོད་གཞུང་གི་ཆེས་མཐོའི་སློབ་ཡོན་ཚོགས་ཆུང་ཆེད་འཛུགས་བསྐྱངས་”ཞེས་གསལ་བར་གཞིགས་ན། ཆེས་མཐོའི་སློབ་ཡོན་ཚོགས་ཆུང་ནི་གཙོ་བོ་གོང་གི་སློབ་ཡོན་དེ་གའི་ཆེད་དུ་བཙུགས་པ་ཞིག་ཡིན་པ་གསལ་པོ་རེད། ལྷག་པར་ཚོགས་ཆུང་གི་འགན་དབང་ནང་།

༡ བཙན་བྱོལ་བོད་རིགས་ཕྱི་རྒྱལ་དུ་མཐོ་སློབ་སློབ་སྦྱོང་ཆེད་འདེམས་གཏོང་ལས་དོནདང་འབྲེལ་བའི་ལམ་སྟོན་སྒྲིག་གཞི་གཏན་འབེབས་བྱ་རྒྱུ།

 

༢ བཙན་བྱོལ་བོད་རིགས་ཕྱི་རྒྱལ་ཡུལ་ཁག་ཏུ་མཐོ་སློབ་སློབ་སྦྱོང་དང༌། རིགས་གཅིག་རྐང་འཛིན་གྱི་སློབ་སྦྱོང་ཆེད་སློབ་གཉེར་མི་འགྲོ་འདེམས་སྒྲུག་བྱ་རྒྱུ།

 

༣ རྒྱ་བལ་འབྲུག་གསུམ་དུ་གནས་སྡོད་བཙན་བྱོལ་བོད་མི་ཕྱི་རྒྱལ་དུ་མཐོ་སློབ་སློབ་སྦྱོང་ཆེད་གཏོང་རྒྱུར་སྔོན་འགྲོའམ་དངོས་གཞིའི་མི་འགྲོ་འདེམས་སྒྲུག་གི་ལས་རིམ་གཏན་འབེབས་དང་སྟངས་འཛིན་བྱ་རྒྱུ། ཞེས་གསལ་བར་གཞིགས་ནའང་། བོད་མི་ཕྱི་རྒྱལ་དུ་སློབ་སྦྱོང་ཆེད་འདེམས་གཏོང་གི་བྱ་རིམ་ཡོངས་རྫོགས་ཀྱི་འགན་དབང་ཆེས་མཐོའི་སློབ་ཡོན་ཚོགས་ཆུང་ལ་ཡོད་པ་གསལ་པོ་རེད། ལྷག་པར་གསལ་བསྒྲགས་ཀྱི་ཐད། ༼རྒྱ་བལ་འབྲུག་གསུམ་ནས་བཙན་བྱོལ་བོད་མི་ཕྱི་རྒྱལ་དུ་མཐོ་སློབ་སློབ་སྦྱོང་དང་

རིགས་གཅིག་རྐང་འཛིན་གྱི་སློབ་སྦྱོང་ཆེད་དུ་སློབ་གཉེར་གཏོང་ཕྱོགས་ཀྱི་སྒྲིག་གཞི།༽(གོང་གསལ་དྲྭ་རྒྱ་རང་ནས་སྒྲིག་གཞི་འདི་གཟིགས་ཐུབ་)ཞེས་པའི་དོན་ཚན་ལྔ་པ། ཡོངས་ཁྱབ་གསལ་བསྒྲགས་ཞེས་པའི་ནང་། “ཤེས་རིག་ལས་ཁུངས་སུ་ཕྱི་རྒྱལ་ཡུལ་ཁག་ནས་ཤེས་ཡོན་གྱི་མཐོ་སློབ་སློབ་སྦྱོང་དང༌། རིགས་གཅིག་རྐང་འཛིན་གྱི་སློབ་སྦྱོང་གོ་སྐབས་བྱུང་ཚེ་ཚོགས་ཆུང་གིས་སློབ་ཡོན་གྲངས་འབོར་དང་ཆ་རྐྱེན་བཅས་གཏན་འབེབས་ཀྱིས་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་སྐད་ཡིག་གཉིས་དང་གསར་ཤོག་གསུམ་ལས་མི་ཉུང་བ་དང༌། བཙན་བྱོལ་བོད་གཞུང་གི་དྲྭ་གནས་www.tibet.net ཤེས་རིག་ལས་ཁུངས་ཀྱི་དྲྭ་གནས་www.tcewf.org བརྒྱུད་ཛ་དྲག༌རིགས་ཕུད་ཉུང་མཐར་ཟླ་གསུམ་སྔོན་ཚུད་ཡོངས་ཁྱབ་གསལ་བསྒྲགས་བྱ་རྒྱུ་”ཞེས་གསལ་བ་ལྟར་ན། གསལ་བསྒྲགས་འདི་རིགས་ཤེས་རིག་ལས་ཁུངས་ཀྱིས་གནང་དགོས་པ་ལས། ཨ་རི་བོད་ཀྱི་ཐེབས་རྩས་གནང་ཆོག་པའི་ཆ་རྐྱེན་གང་ཡང་སྒྲིག་གཞིར་གསལ་མེད།

 

            འོན་ཀྱང་དེ་སྔོན་ཨ་རིའི་བྷེ་རི་ཡ་མཐོ་སློབ་ཏུ་སློབ་མ་གཉིས་གསར་བསྡུའི་གསལ་བསྒྲགས་དང་། འདེམས་སྒྲུག་གི་བྱ་རིམ་ཡོངས་རྫོགས་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་གནང་གི་ཡོད་ཀྱང་། བར་སྐབས་ཤིག་ཏུ་དུས་དེའི་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་བུ་མོ་ཚེ་རིང་ཡེ་ཤེས་ཀྱིས་ཞུ་འཚང་བྱས་ཏེ། གཞུང་གིས་འདེམས་སྒྲུག་བྱས་པའི་སློབ་ཕྲུག་མ་ཚུད་པར། བུ་མོ་ཚེ་རིང་ཡེ་ཤེས་ཀྱི་བུ་མོ་ཚུད་པའི་གནས་ཚུལ་ལས་འཕྲོས་ཏེ། བྷེ་རི་ཡ་མཐོ་སློབ་ཀྱི་བོད་རིགས་སློབ་ཕྲུག་འདེམས་སྒྲུག་གི་བྱ་རིམ་ཡོངས་རྫོགས་སློབ་གྲྭ་རང་ནས་གནང་བ་མ་གཏོགས་ཤེས་རིག་གིས་གནང་མི་ཐུབ་པར་གྱུར། ཐེངས་འདིར་ཨ་རི་བོད་ཀྱི་ཐེབས་རྩའི་མིང་ཐོག་ནས་གསལ་བསྒྲགས་གནང་བ་དེ་ཡང་རྒྱུ་མཚན་དེ་འདྲ་ཞིག་ལ་ཐུག་ཡོད་དམ་མེད། མེད་ན་སྒྲིག་གཞི་ལྟར་ཤེས་རིག་ལས་ཁུངས་ཀྱིས་མ་གནང་བ་ཅི་ཡིན་ནམ།

༢)  གསལ་བསྒྲགས་འདི་བོད་མིའི་ཆེད་དུ་བཙུགས་པའི་སྒྲིག་འཛུགས་ཤིག་གིས་བོད་གཞུང་གི་གཞུང་འབྲེལ་བརྒྱུད་ལམ་བརྒྱུད་དེ་བཙན་བྱོལ་བོད་མི་ཚོར་གསལ་བསྒྲགས་བྱེད་ཀྱིན་ཡོད་ཀྱང་། གསལ་བསྒྲགས་ཆ་ཚང་དབྱིན་ཡིག་ནང་བྲིས་པ་ལས་བོད་ཡིག་ནང་སྤེལ་མེད། དེ་ནི་གོང་དུ་དྲངས་མ་ཐག་པའི་སྒྲིག་གཞིའི་ནང་“གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་སྐད་ཡིག་གཉིས་དང་གསར་ཤོག་གསུམ་ལས་མི་ཉུང་བ”ཞེས་གསལ་བ་དང་འགལ་ཡོད། གང་ཡིན་ཟེར་ན། སྐབས་འདིའི་སྐད་ཡིག་གཉིས་ལས་གཅིག་ནི་ངེས་པར་བོད་ཡིག་ཡིན་དགོས་ཏེ། ལོ་སྔོན་མ་ཁག་ཏུ་གསལ་བསྒྲགས་བོད་ཡིག་དང་དབྱིན་ཡིག་གཉིས་ནང་སྤེལ་བ་དེས་ཤེས་སོ།།

༣) ཐོག་མར་སློབ་ཡོན་ལས་གཞི་འདིའི་འོག་ནས་ཨ་རིར་སློབ་སྦྱོང་དུ་གཏོང་སྐབས། བོད་ཡིག་གི་ཡིག་རྒྱུགས་ལེན་སྲོལ་མེད་པར་བརྟེན། བོད་ཡིག་ལ་ཆེ་མཐོང་བསླེབ་ཆེད་མི་སྣ་མང་པོས་བོད་ཡིག་རྒྱུགས་ལེན་ཞིག་ངེས་པར་བྱ་དགོས་པའི་བསམ་འཆར་ལོ་ནས་ལོ་བསྟུད་དེ་བཏོན་མཐར། ལོ་རབས་དགུ་བཅུ་པའི་མཇུག་ཏུ་གཞི་ནས་བོད་ཡིག་གི་ཡིོག་རྒྱུགས་ཀྱང་ཟུར་དུ་ལེན་འགོ་ཚུགས་ཡོད་ལ། སྒྲིག་གཞིའི་ནང་དུའང་། བོད་ཡིག་རྒྱུགས་ལེན་དགོས་པ་ལན་མང་དུ་གསལ་བ་དཔེར་ན། དོན་ཚན་དགུ་པའི་ནང་གསེས་ ༣ པར་“བོད་ཡིག་འབྲི་རྒྱུགས་ཀྱི་ཨང་ཚད་ ༢༠ ནས་ཉུང་མཐར་ཨང་ཀི་ ༧ མ་ལོན་ཚེ་ངག་རྒྱུགས་ནང་གོ་སྐབས་གནང་རྒྱུ་མིན།”ཞེས་གསལ་བ་དང་། ནང་གསེས་བཞི་པར་“བོད་ཡིག་འབྲི་རྒྱུགས་ཀྱི་ཨང་ཚད་ ༡༥ ནས་ཉུང་མཐར་ཨང་ཀི་ ༥ མ་ལོན་ཚེ་ངག་རྒྱུགས་ནང་གོ་སྐབས་གནང་རྒྱུ་མིན།”ཞེས་སོགས་གསལ་འདུག

            བོད་གཞུང་གིས་དེ་སྔོན་སྒྲིག་གཞི་དེ་འདྲ་ཞིག་གཏན་འབེབས་ཀྱིས་ལག་ལེན་གནང་བར་བརྟེན། དབྱིན་ཡིག་མ་གཏོགས་བོད་ཡིག་རྩ་བ་ནས་མི་ཤེས་པ་ཚོ་སློབ་ཡོན་ལས་གཞི་དེའི་ནང་ཚུད་ཐབས་མེད་པ་ཆགས་ཡོད་ལ། དེས་ཆེ་ཆུང་ལ་མ་ལྟོས་པར་བཙན་བྱོལ་བོད་མིའི་ནང་བོད་ཡིག་ལ་དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་རྒྱུར་ནུས་པ་ཐོན་ཡོད་ལ། རྣམ་པ་ཙམ་གྱི་ཆ་ནས་བཤད་ནའང་དེས་བཙན་བྱོལ་བོད་གཞུང་དང་སྤྱི་ཚོགས་ཀྱིས་བོད་ཡིག་ལ་མཐོང་ཆེན་བྱེད་པ་མཚོན་གྱི་ཡོད།

            འོན་ཀྱང་ད་རེས་ཀྱི་གསལ་བསྒྲགས་ནང་། དོན་དེར་འགྱུར་བ་ཆེན་པོ་བཏང་འདུག དེ་ཡང་གསལ་བསྒྲགས་ནང་གསལ་བ་ལྟར་ན། ཡིག་རྒྱུགས་ནང་ཞུགས་མཁན་ཚང་མར་བོད་ཀྱི་རིག་གཞུང་དང་ལོ་རྒྱུས་ཀྱི་སྤྱི་ཡོངས་ཤེས་ཚད་རྒྱུགས་ལེན་བྱ་རྒྱུ་དང་། རྒྱུགས་ལེན་གྱི་སྐད་ཡིག་ནི་དབྱིན་ཡིག་གམ་བོད་ཡིག་གཉིས་ལས་གང་རུང་རང་མོས་གདམ་ཀ་བྱས་ཆོག་ཅིང་། བོད་ཡིག་ནང་རྒྱུགས་འབུལ་ཞུ་མཁན་ལ་སྐར་གྲངས་གཉིས་འཕར་མ་གནང་རྒྱུ་ཡིན་ལུགས་གསལ་ཡོད།

            བྱེད་སྟངས་དེ་ནི་གོང་གསལ་གྱི་སྒྲིག་གཞི་དང་འགལ་བ་ཞིག་ཡིན་པ་ནི་བཤད་མི་དགོས་ཀྱང་། ཧོབ་སྟེ་བལྟས་ན། བོད་ཡིག་ནང་རྒྱུགས་འབུལ་བྱེད་མཁན་ལ་སྐར་གྲངས་གཉིས་འཕར་མ་སྤྲོད་རྒྱུ་གསལ་བ་དེས་བོད་ཡིག་ལ་ད་དུང་ཡང་ཆེ་མཐོང་བྱས་པའི་རྣམ་པ་ཞིག་མཚོན་ཡོད། འོན་ཀྱང་ཞིབ་ཏུ་བསམས་ན་དེ་སྔོན་བོད་ཀྱི་སྐད་ཡིག་རིག་གཞུང་དང་འབྲེལ་བའི་ཡིག་རྒྱུགས་ཆ་ཚང་བོད་ཡིག་གི་ལམ་ནས་བྱེད་དགོས་པའི་གནས་སྟངས་དང་བསྡུར་ན། ཚད་ངེས་ཅན་གྱི་ཐོག་བོད་ཡིག་ལ་མཐོང་ཆུང་བྱས་ཡོད། ལྷག་པར་དྲིས་ལན་དབྱིན་ཡིག་ནང་བཏབ་ནའང་འགྲིག་པ་བཟོས་པ་དེས། དབྱིན་ཇི་དང་རྒྱ་གར་གྱི་སློབ་གྲྭར་སོང་ནས་བོད་ཡིག་སློབ་སྦྱོང་རྩ་བ་ནས་མི་བྱེད་མཁན་ཚོར་ཁེ་བཟང་ཆེན་པོ་ཞིག་སྤྲད་པ་རེད་ལ། བཙན་བྱོལ་སྤྱི་ཚོགས་ནང་བོད་ཡིག་འབྲི་སྤྱོད་ལ་གནོན་ཤུགས་སྤྲོད་ཐུབ་པའི་ལམ་ཁ་ཉུང་ཤས་ཡོད་པ་དེ་ཡང་དགོས་པ་རྒྱུ་མཚན་དམིགས་བསལ་མེད་པར་ཇེ་ཉུང་དུ་གཏོང་བ་འདི་ནི། གོམ་པ་ཐ་མ་མིན་པར་གོམ་པ་དང་པོ་ཡིན་ཡང་སྲིད་པས་ཚང་མས་གཟབ་དགོས་པ་ཞིག་ཡིན།

༥)  གསལ་བསྒྲགས་སྤེལ་སའི་གཞུང་འབྲེལ་དྲྭ་ལམ་གཉིས་ལས། བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་དྲྭ་རྒྱར་(http://tcewf.org)ཆ་མཚོན་ན། དྲྭ་རྒྱའི་སྐད་ཡིག་གཙོ་བོ་དབྱིན་ཡིག་ཡིན་པ་ལས་བོད་ཡིག་མིན་པ་དང་། དྲྭ་ལམ་དང་ཤོག་ཐོག་གཉིས་ཀ་ནས་བཀྲམས་པའི་གཞུང་འབྲེལ་མདུན་ལམ་འཕྲིན་གསར་(Carrer New)དང་གཞུང་འབྲེལ་ཤེས་རིག་འཕྲིན་གསར་(Sherig News)གཉིས་ཀ་དབྱིན་ཡིག་ནང་བྲིས་པ་ལས་བོད་ཡིག་ནང་བཏོན་མེད་པ་སོགས་ལ་བསམས་ན། བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་རང་གི་སྐད་ཡིག་ལ་ཆེ་མཐོང་ཇི་ཙམ་བྱེད་མིན་མངོན་ཐུབ་ལ། བཙན་བྱོལ་ནང་བོད་ཡིག་ཉམས་ཆག་མ་སོང་རང་སོང་ཡིན་པའང་མཐོང་ཐུབ།

༦) ཉེ་དུས་བོད་ནང་རྒྱ་ནག་གཞུང་གིས་སྐད་གཉིས་སློབ་གསོ་ཁྱབ་གདལ་གཏོང་རྒྱུའི་གནས་ཚུལ་ཐོན་སྐབས། མདོ་སྨད་མཚོ་སྔོན་གྱི་སློབ་ཕྲུག་མང་པོས་རང་སྲོག་བློས་གཏོང་གིས་སྐད་འབོད་བྱས་ཡོད་ལ། དེ་ལ་བཙན་བྱོལ་གྱི་བོད་མི་ཚོས་ཀྱང་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་སྤེལ་ཡོད། འོན་ཀྱང་བཙན་བྱོལ་གཞུང་དང་སྒྲིག་འཛུགས་ཁག་གིས་ཆེད་མངགས་སམ་ཆེད་མངགས་མ་ཡིན་པར་བོད་ཡིག་ལ་མཐོང་ཆུང་བྱེད་པའི་རྣམ་པ་འདི་དང་འདི་འདྲ་བ་ཐོན་སྐབས། དོ་སྣང་བྱེད་མཁན་ཙམ་ཡང་མེད་པ་འདི་ཡ་མཚན་ཞིག་རེད། དོན་དངོས་སུ་བཙན་བྱོལ་སྤྱི་ཚོགས་ཀྱིས་དབྱིན་སྐད་གཙོ་བོ་དང་བོད་སྐད་ཕལ་བར་འཇོག་པའི་སྐད་གཉིས་སློབ་གསོ་ལག་ལེན་བསྟར་ནས་ལོ་ངོ་ ༥༠ ལྷག་འགྲོ་མུས་རེད་ལ། ད་ལྟ་བོད་ཀྱི་ལོ་རྒྱུས་དང་རིག་གཞུང་གི་ཤེས་ཚད་ཀྱང་དབྱིན་ཡིག་གི་ལམ་ནས་ཚད་འཇལ་བྱ་རྒྱུ་ཡིན་ཟེར་དུས། བོད་ཀྱི་ལོ་རྒྱུས་དང་རིག་གཞུང་ངེས་པར་བོད་ཡིག་གི་ལམ་ནས་སྦྱོང་མི་དགོས་པའི་འདོད་ཚུལ་འཛིན་པ་གསལ་པོ་རེད། དེ་ནི་བོད་ནང་བོད་ཀྱི་ལོ་རྒྱུས་བོད་ཡིག་གིས་མ་ཁྲིད་པར་རྒྱ་ཡིག་གིས་ཁྲིད་བཞིན་པ་དང་། སློབ་ཆེན་གྱི་སློབ་མ་བསྡུ་སྐབས་བོད་ཡིག་སྐར་གྲངས་ལ་རྩིས་འགྲོ་མེད་པའི་གནས་སྟངས་དང་འདྲ་སེ་ཆགས་མི་འདུག་གམ།། །།

 

འབྲེལ་ཡོད་གསར་འགྱུར།

བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་སྦྱོང་བརྡར་ཁང་དུ། བོད་པའི་སློབ་གྲྭ་ཁག་གི་སཱི་ཤེས་ཡོན་སློབ་གསོའི་མཐུན་སྦྱོར་བ་རྣམས་ལ་སཱི་ཤེས་ཡོན་སློབ་གསོའི་སྦྱོང་བརྡར་སྤྲད། ༢༠༢༥།༥།༢༡ དུས་བབ་ཀྱི་པར།
Mobile App

འཛམ་གླིང་གི་རྒྱལ་ཁབ་ ༡༤༡ ནང་སཱི་ཤེས་ཡོན་སློབ་གསོ་ངོ་སྤྲོད་གནང་ཟིན་འདུག

ཆུ་ཚོད་ ༥ སྔོན་ལ།
FILE PHOTO: Salal Dam on the Chenab river, in Reasi district, J&K, Monday, May 5, 2025. All gates of Salal Dam on the Chenab River were closed following suspension of the Indus Waters Treaty in the aftermath of the Pahalgam terror attack.(PTI)
Mobile App

པཱ་ཀི་སི་ཐན་ནང་ཆུ་རགས་གསར་རྒྱག་གི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་།

ཆུ་ཚོད་ ༦ སྔོན་ལ།
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཁེ་ན་ཌའི་ཨོན་ཊ་རེའོ་བོད་མི་རྣམས་ལ་གསུང་བཤད་གནང་། ༢༠༢༥།༥།༡༨ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་འདི་ལོའི་ཆོས་ཚོགས་ཐེངས་ལྔ་པའི་ཐོག་༧སྐུའི་ཡང་སྲིད་དང་འབྲེལ་བའི་གནད་དོན་ཁག་ཅིག་གསལ་པོ་ཆགས་རྒྱུ་ཡིན་སྐོར་གསུངས།

ཆུ་ཚོད་ ༨ སྔོན་ལ།
རྒྱ་ནག་བདེ་སྲུང་བློན་ཆེན་ལས་ཁུངས་ཀྱི་མགྲིན་ཚབ་པ་ཅང་པིན་(Jiang Bin)། དྲ་ལམ་གྱི་པར།
Mobile App

རྒྱ་ནག་གིས་དམར་དམག་སློབ་ཆེན་གསུམ་གསར་འཛུགས་བྱ་རྒྱུ་ཡིན་འདུག 

༢༠༢༥/༠༥/༢༠
བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༨ པའི་མཇུག་སྡོམ་མཛད་སྒོ་འཚོག་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༢༠
Mobile App

ཞོ་སྟོན་ཐེངས་ ༢༩ པ་ཨོ་ཌི་ཤ་ཕུན་ཚོགས་གླིང་དུ་འཚོག་གཏན་ཁེལ་འདུག

༢༠༢༥/༠༥/༢༠
US Secretary of State Marco Rubio on Sunday demanded the immediate release of Gedhun Choekyi Nyima, the 11th Panchen Lama, who was abducted by Chinese authorities 30 years ago at the age of six. | X @CTA_TibetdotNet & File Pi
Mobile App

རྒྱལ་སྤྱིའི་གནད་ཡོད་མི་སྣས་༧པཎ་ཆེན་རིན་པོ་ཆེ་མཆོག་གང་མགྱོགས་ཀློད་གྲོལ་དགོས་པའི་འབོད་སྐུལ་གནང་།

༢༠༢༥/༠༥/༡༩

མཆན། 23

  1. དགོང་ཁའི་མཚམས་སྤྲིན། says:
    ལོ་ 14 སྔོན།

    ཡང་བསྐྱར་བཤད་རྒྱུར། མི་རིགས་ཤིག་གནས་ཐུབ་མིན་ཏེ་གང་ལ་རེག་ལས་སམ་ཞེས་འདྲི་བ་འདི་བྲིས་ཚར་མ་གོང་ནས་བཟུང་། ཚང་མས་ཁ་གཅིག་གིས་སྐད་དང་ཡི་གེ་ལ་རེག་ལས་ཞེས་ལན་འདེབས་སྲིད། བསམ་བློ་ཞིག་ཐོངས་དང། དེ་མིན་ན་པན་ཆེན་རིན་པོ་ཆེ་སོགས་རླབས་ཆེན་གྱི་མི་སྣ་གང་མང་ཞིག་དོན་མེད་ལ་ཤི་སོང་ནི་མ་རེད་དམ། དེ་བཞིན་སྐད་ཡིག་གི་དོན་དུ་མནར་གཅོད་མྱངས་བཞིན་པ་དེ་ཚོ་སྙིང་མ་རྗེ།

    Reply
  2. བོད་རྒྱལ་ལོ། says:
    ལོ་ 14 སྔོན།

    ཧ་ལས་པའི་བསམ་འཆར་རེད།
    མང་གཙོའི་གཞུང་གི་མི་དམངས་ཀྱི་ཐོབ་ཐང་རེད་ལ།
    བསམ་འཆར་རྒྱུ་མཚན་དང་བཅས་བྲིས་འདུག་པ་ཤིན་ཏུ་ནས་དགའ་ཚོར་སྐྱེད་བྱུང།
    བོད་མི་བཙན་བྱོལ་དུ་རིག་གཞུང་དང་སྐད་ཡིག་བསྲུང་སྐྱོབ་ཆེད་ཡོང་ཡིན་ཡང་ད་ཆ་རྒྱའི་འོག་ཏུ་ཡོད་པའི་བོད་ནང་དུ་བོད་མི་ཚོའི་བོད་ཀྱི་སྐད་ཡིག་རིག་གཞུང་ཐ་ན་གཞས་གླུ་ཡང་བདག་བསྲུང་བྱེད་འདུག་ད།

    Reply
  3. donglokyima says:
    ལོ་ 14 སྔོན།

    Tibetan girl ཟེར་བ་དེ་སྡོད་ས་རི་ལ་བསྡད་ནས་རི་དྭགས་ངོ་མི་ཤེས་མཁན། ཟས་དེ་བོད་ཟས་ཟས་ནས་བོད་པའི་ཞག་ཚི་མེད་མཁན། གོས་དེ་བོད་ཆས་གོན་ནས་བོད་སྐད་བཤད་མི་ཐུབ་མཁན། གྲོད་པ་བོད་གཞུང་གིས་རྒྱངས་ནས་བོད་པའི་ལོ་རྒྱུས་མི་ཤེས་མཁན་
    ཤེས་བྱའི་གཞུང་སྒོ་བཞག་ནས་ལྐོག་རྔན་སྤྲད་ནས་ལས་གནས་ཐོབ་མཁན་ཞིག་རེད་འདུག

    Reply
  4. མགར: ནེ་ཙོ། says:
    ལོ་ 14 སྔོན།

    གསལ་བསྒྲགས་འདི་གཞི་བྱས་ཏེ་བཤད་ན། གོང་མ་བར་གསུམ་ན་དབྱིན་ཇའི་ནང་འབྲི་བ་ནི་བཙན་བྱོལ་སྤྱི་ཚོགས་ནང་འགྲོ་
    སྟངས་ལྟ་བུ་ཞིག་ཆགས་ཡོད། འགྲོ་སྟངས་འདིའི་སྒང་དུ་མ་སོང་བ་ཡིན་ན། ཁོ་ཚོས་བོད་ཡིག་བཀོལ་སྤྱོད་བྱས་ཤེས་ཀྱིན་མེད་པ་དེ་རེད།་ འོན་ཀྱང་ཡིད་འཕངས་བ་ཞིག་ལ་བོད་ཀྱི་དྲ་རྒྱ་དང་བོད་ཀྱི་དུས་དེབ་སོགས་ཀྱི་
    སྟེང་དུ་དྲ་གྲོགས་ཚོས་སྡུག་སྐད་ཇི་ཙམ་རྒྱབ་རུང་མ་བརྒྱབ་རུང། བོད་ཡིག་ལ་ཡ་མེད་གཏོང་མཁན་གྱི་རིགས་ནི་བོད་ཀྱི་དྲ་ཚིགས་སྟེང་དང་བོད་ཀྱི་དུས་དེབ་གང་རུང་ཐོག་མི་ཐོན་ལ། ཁོ་ཚོ་ཐོན་པར་ཆ་གཞག་ཀྱང་ཁོ་ཚོས་བོད་ཡིག་མགོ་ཚོས་གི་མ་རེད།

    Reply
  5. དཔའ་ཆེན་དོན་གྲུབ། says:
    ལོ་ 14 སྔོན།

    བོད་མི་མང་གི་གཞུང་ཡིན་ཟེར་གི་ཡོད་པ་རེད། གསལ་བསྒྲགས་འདྲ་བོ་དང་། ལས་ཁུངས་རེ་རེའི་གསར་འཕྲིན་དག ཐ་ན་ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱའང་དབྱིན་ཡིག་ཐོག་བཟོས་ཡོད་པ་ལས་བོད་ཡིག་ནང་མི་འདུག བོད་གཞུང་འདི་བོད་སྐད་བཤད་མཁན་གྱི་གཞུང་ཡིན་ནམ། དབྱིན་སྐད་བཤད་མཁན་གྱི་གཞུང་ཡིན། དངོས་གནས་བཤད་མ་ཤེས་པ་ཞིག་རེད། ཁ་གྲགས་ཚད་ཀྱིས་ཆོས་དང་རིག་གཞུང་ཆོས་དང་རིག་གཞུང་ཟེར་བསྡད་ཡོད་པ་རེད། ཡི་གེ་ཀ་གཅིག་བོད་ཡིག་ནང་འབྲི་བ་ལའང་རྣམ་རྟོག་ཟ་གི་ལོས་ཡོད་བསམ་པ་འདུག

    Reply
  6. Tibetan girl says:
    ལོ་ 14 སྔོན།

    བོད་སྐད་ཡིག་ལ་མི་རིགས་ཤིག་གི་སྐད་ཡིག་གི་ཁྱད་ཆོས་དང་ནུས་པ་ཡོད་སྲིད་དམ། ཕལ་ཆེར་ཡོད་རེ་ཟེར་མཁན་ཚོ་གྲྭ་པ་དང་བཙུན་མ། ཡང་ན་སྤྲུལ་སྐུ་ཚོ་ཡིན་ངེས། ཁོང་ཚོར་སྐད་ཡིག་དེས་ཁེ་ཕན་དང་གོ་སྐབས་ཀྱང་མང་པོར་སྤྲད་ཡོད་ངེས་རེད་ལ། དེ་བཞིན་ཁོང་ཚོའི་ཆོས་ལུགས་ཁེ་ཕན་ཆེད་སྐད་ཡིག་འདི་གཞན་དང་མ་འདྲ་བ་ཞིག་ཏུ་གླེང་སྲིད་པ་ཞིག་རེད། ཡིན་ནའང་ང་ཚོས་ཆོས་ལུགས་ཤིག་གམ་ཡང་ན་ཆོས་ལུགས་མི་སྣ་ཞིག་གི་ཆེད་མ་ཡིན་པར། མི་རིགས་ཤིག་དང་མི་རབས་གསར་པ་ཞིག་གི་ཁེ་ཕན་དང་ནུས་པ་འདོན་སྤྲོད་ཐུབ་པའི་སྐད་ཡིག་ཅིག་མིན་པ་རིག་གནས་ཀྱི་རྣམ་གྲངས་དང་ཁྱབ་ཁོངས་ཐད་ནས་ཐག་བཅད་ཡོད།
    ཡང་གཅིག་བཤད་ན། སྐད་ཡིག་དེས་ད་བར་ང་ཚོའི་མི་རིགས་འདི་ལྷ་མཆོད་དང་འདྲེ་འདུལ་མི་རིགས་ཤིག་གམ། ཡང་ན། དད་པའི་མི་རིགས་ཤིག་བཟོས་ཡོད། སོང་ཙང་སྐད་ཡིག་དེས་ད་བར་ང་ཚོའི་རང་དབང་དང་ཤེས་རིག་སྣ་མང་ལོངས་སུ་སྤྱོད་རྒྱུར་འགོག་རྐྱེན་ཆེན་པོ་བཟོས་ཡོད་པ་མ་ཟད་། དེ་བཞིན་ང་ཚོ་རྒྱལ་སྤྱིའི་མི་སྣ་ཞིག་ལས་ས་ཆུང་ཆུང་གི་མི་ཆུང་ཆུང་ཞིག་བཟོས།
    དེས་ན་ཞིག་ང་ཚོར་ཡར་ཐོན་གྱི་མི་རིགས་ཤིག་ཡོང་རྒྱུར་

    Reply
  7. དགོང་ཁའི་མཚམས་སྤྲིན། says:
    ལོ་ 14 སྔོན།

    Tibetan Girl ཟེར་བའི་བུ་མོ་དེ་ལ་བཤད་རྒྱུ་ཞིག་ལ།
    སོ་སོ་རང་ཉིད་མ་འབྱོན་པ་ལས། བོད་སྐད་ཡིག་ལ་ངན་ཁག་ཅི་ལ་འདྲི།

    Reply
  8. དྲང་བདེན་གྱི་སློང་མོ་བ། says:
    ལོ་ 14 སྔོན།

    བོད་ཀྱི་སྒྲིག་འཛུག་འདི་ཡོན་གནས་ཐུབ་པ་དགོས་ན་ཚོགས་པ་གང་ཡིན་ལ་ཁྲིམས་དང་སྒྲིག་གཞི་ཡོད་པ་དགོས་གལ་ཆེ་བ་མཐོང་། དེ་མིན་དེ་སྔོན་བོད་གཞུང་ལ་ཁེ་ཕན་ཆེ་བའི་ཚོགས་སྡེ་མང་ཆེ་བ་སྒེར་བདག་ཏུ་གྱུར་ཏེ་གཞུང་ལ་བུ་ལོན་ཆགས་པའི་གནས་ཚུལ་བྱུང་བ་རེད་། མ་འོངས་ཡིན་ན་ད་ལྟ་དྲ་གྲོགས་ཁ་གསར་ལགས་ཀྱི་ཞིབ་དཔྱད་གནང་བ་བཞིན་དོ་སྣང་མང་ཙམ་གནང་གལ་ཆེ་བ་མཐོང་།

    Reply
  9. བཀྲ་ཤིས་སྒྲོལ་མ། says:
    ལོ་ 14 སྔོན།

    ཁང་གསར་བས་གནད་དོན་འདིའི་ཐད་སྤྱིར་བཏང་བསམ་ཚུལ་བཏོན་པ་ཡག་གི། འོན་ཀྱང་ངེས་པར་ཤེས་དགོས་པ་ཞིག་ལ་གནས་ཚུལ་འདི་གཅིག་ནས་གསར་བ་མིན་པ་དང་། གཉིས་ནས་བཀའ་ཤག་གིས་ལན་ཁ་ཤས་ལ་བརྒྱུད་ལམ་ཁག་ནས་གསལ་བཤད་བྱས་ཡོད་པ། གསུམ་ནས་ཤེས་རིག་ལས་ཁུངས་གཅིག་པུས་འདི་ལྟར་བྱས་པ་མིན་པར་ཐད་ཀར་བཀའ་ཤག་ལ་འབྲེལ་བ་ཡོད་པ་སོགས་ཤེས་དགོས་པ་དང་། དེ་ལྟའི་གནས་ཚུལ་ཁག་གཞི་རྩར་བཞག་ཏེ་བསམ་ཚུལ་འབྲི་རྒྱུ་གལ་ཆེ་གི་འདོད། དེ་ཙམ་ལས་གཞན་པའི་གནས་ཚུལ་གསར་བ་ཅང་བཤད་རྒྱུ་མེད།

    Reply
  10. donglokyima says:
    ལོ་ 14 སྔོན།

    ད་ང་ཚོས་རང་མི་རིགས་ཀྱི་སྐད་ཡིག་སྲུང་སྐྱོབ་ཆེད་ཁ་ཡོད་ལག་ཡོད་ཀྱི་ཤུགས་ཤིག་མ་བརྒྱབ་ན། བོད་ནང་གི་ཤེས་ལྡན་རྒྱལ་ཞེན་པ་ཚོར་ངོ་ཡང་ཚ།
    ལས་ཀྱི་སྣེ་མོ་ཚོ། ང་ཚོ་མི་མང་ནས་ཁྱེད་རྣམས་པའི་བྱ་སྤྱོད་ལ་ལྡིར་ནས་བསྡད་ཡོད་དོ།།

    Reply
  11. ཕ་ས། བྱ་གཞུང་གསེར་གྱི་གཤོངས་པ། says:
    ལོ་ 14 སྔོན།

    ཁང་གསར་རྡོ་རྗེ་ལགས་ཀྱིས་གསུངས་པ་དེ་བདེན་པ་ནང་གི་བདེན་པ་རེད།
    Tibetan girl ཟེར་བ་ལགས། ཁྱེད་ཀྱིས་བཤད་པ་ལྟར་ན་བོད་ཡིག་འདི་རང་མགོ་རང་གིས་གཡོག་པའི་སྐད་ཅིག་རེད་འདུག ༼དེང་ཕྱིན་བོད་སྐད་ཡིག་དགོན་པ་དང་བླ་སྤྲུལ་གྱི་སྐད་ཡིག་ཏུ་བཞག་ན་འོས་འཚམས་ཤིག་རེད། ད་ནས་ང་ཚོས་རང་ཉིད་ལ་མགོ་སྐོར་གཏོང་རྒྱུ་མཚམས་བཞག་ན་ལེགས།༽ ཅིའི་ཕྱིར་བོད་ཡིག་འདི་བླ་སྤྲུལ་གྱི་སྐད་ཡིག་ཏུ་འཇོག་དགོས་སམ། འདི་ནི་མི་རིགས་ཤིག་གི་སྐད་ཡིག་ཡིན་པ་ལས་བླ་སྤྲུལ་གཅིག་པུའི་སྐད་ཡིག་མིན་པ་ཁྱེད་གཉིད་ཁུག་མེད་ན་ལོས་ཤོས། ངས་ཁྱེད་ལ་སྙིང་རྗེ་གི། ཁྱེད་ཀྱི་དྲ་མིང་གཅིག་པུ་ལ་བལྟས་ན་བོད་ཡིག་བོད་སྐད་ལ་དགའ་མཁན་ཞིག་མ་རེད་ཤག།

    Reply
  12. མདོ་སྨད་པ་རིག་རྒོད། says:
    ལོ་ 14 སྔོན།

    ཁང་གསར་རྡོ་རྗེ་ལགས་།
    ད་བར་དུ་ངས་གོས་གསལ་ལ། བོད་གཞུང་གིས་ཨ་རི་ལ་བཏང་དང་གཏོང་བཞིན་པའི་
    སློབ་མ་ཚོ་ནི་ཐད་ཀར་བོད་གཞུང་ཤེས་རིག་ལྷན་ཁང་དང་མཉམ་དུ་གན་རྒྱ་ཞིག་གི་འོག་ཏུ་ཕེབས་ཀྱི་ཡོད་རེད།
    ད་རེས་ཨ་རི་སློབ་མ་བསྐྱོད་ཕྱོགས་ཀྱི་སྐོར་དེ་་་ཨ་རི་བོད་ཀྱི་ཐེབ་རྩས་གསལ་བསྒྲགས་སྤེལ་བ་དེ་ནི་ཆེས་ཡ་མཚན་ཞིག་མ་རེད་དམ།

    རྒྱུ་མཚན་ནི། ཨ་རི་བོད་ཀྱི་ཐེབ་རྩ་ཁང་དེ་ནི་སྒེར་བདག་ཏུ་བྱས་ནས་ད་ལྟ་བོད་གཞུང་གིས་་དེའི་ཐོག་ཏུ་ཇུས་ཏོག་རྩ་བ་ནས་བྱེད་མི་ཐུབ་པའི་ཚོགས་ཤིག་ཡིན་པ་་་་་
    བཀའ་ཁྲི་ཟམ་གདོང་པས་གྲོས་ཚོགས་སུ་ཧ་ཅང་གིས་གསལ་པོར་བྱས་འདུག།

    དེས་ན། ཨ་རིའི་་ཐེབ་རྩས་ཅིའི་ཕྱིར་གསལ་བསྒྲགས་དེ་སྤེལ་བ་ཡིན་ནམ།
    སྒེར་བདག་ཅན་གྱི་ཨ་རི་ཐེབ་རྩ་དེ་་་་འོས་མི་་བཀྲས་མཐོང་དང།
    རིན་ཆེན་དར་ལོ་ཟུང་གིས་བདག་བཟུང་བྱས་ཡོད་པས་་་་་་དེ་བཀའ་ཁྲིའི་འོས་བསྡུ་དང་
    འབྲེལ་བའི་སྲིད་ཇུས་ཤིག་མ་ཡིན་ནམ།

    Reply
  13. བསྟན་འཇམ says:
    ལོ་ 14 སྔོན།

    ཁང་གསར་གྱིས་བཤད་པ་བདེན་ཁ་སྟེར་ཐུབ་མི་འདུག ཁ་ནས་བཤད་པ་ཙམ་གྱིས་ལག་ལེན་དུ་བསྟར་དགོས་ན་ཁང་གསར་ཀྱིས་བཤད་པ་དེ་ཡང་ལག་ལེན་བསྟར་དགོས །
    ཁང་གསར་གྱིས་བཤད་པ་ལྟར་སྒྲུབ་མཁན་དེ་སུ་རེད ། ཁང་གསར་གྱིས་ཀྱང་ལག་ལེན་བསྟར་གྱི་མ་རེད ། རང་ཉིན་གྱི་རང་ལུགས་རང་གིས་མ་བསྒྲུབ་ན་སུས་བསྒྲུབ་ཀྱི་རེད ། གལ་ཏེ་མི་གཞན་ཞིག་ལ་བཙན་གྱིས་བསྒྲུབ་བཅུགས་ཚེ་དེ་ནི་བཀས་བཀོད་ཀྱི་ལམ་ལས་མ་འདས་སོ །

    Reply
  14. Tibetan girl says:
    ལོ་ 14 སྔོན།

    ཁང་གསར་རྡོ་རྗེ་ལགས།
    ང་ཚོས་བོད་སྐད་ཡིག་ལ་འགན་ཁུར་དང་ལག་ལེན་གྱིས་མ་འདང་བ་ཚོར་གི་མེད། ཡིན་ནའང་བོད་སྐད་ཡིག་གིས་ང་ཚོར་སྐད་ཡིག་གཞན་ནང་བཞིན་མཁོ་འདོན་བྱེད་རྒྱུའི་ནུས་པ་མེད་པ་ཧ་ཅང་གསལ་བོ་རེད། དེང་ཕྱིན་བོད་སྐད་ཡིག་དགོན་པ་དང་བླ་སྤྲུལ་གྱི་སྐད་ཡིག་ཏུ་བཞག་ན་འོས་འཚམས་ཤིག་རེད། ད་ནས་ང་ཚོས་རང་ཉིད་ལ་མགོ་སྐོར་གཏོང་རྒྱུ་མཚམས་བཞག་ན་ལེགས།

    Reply
  15. Tibetan girl says:
    ལོ་ 14 སྔོན།

    ཨ་རིག་དགེ་མཐོང་ལགས་གྱིས་དེང་སང་དྲ་ཐོག་དགེ་སྐུལ་གྱི་འགན་ཁུར་ལེན་བཞིན་པར་འཚམས་འདྲི་ཞུ། དྲ་ཐོག་ཏུ་བསམ་ཚུལ་དང་ཐབ་ཇུས་འདོོན་རྒྱུར་དགའ་བསུ་ཡོད་པ་ལས། བཀའ་སློབ་དང་བཀའ་བཀྱོན་འདོན་རྒྱུར་མི་ཚོས་དགའ་མོས་ཆེར་མི་བྱེད། ཡིན་ནའང་རང་གྲྭ་སར་ཡོད་ཙང་གནང་བ་ཐོབ་དགོས་ངེས་ཤིག་རེད།

    Reply
  16. ཁང་གསར་རྡོ་རྗེ། says:
    ལོ་ 14 སྔོན།

    དུས་ཚོད་དཀོན་པས་ཡ་ལན་བརྒྱ་གོ་གཅིག་ཆོད་མ་ཞིག་ཞུ་གི་ཡིན།
    ༡) དྲྭ་རོགས་གངས་ཅན་པས་བདེན་ནོ་གསུངས་པ་དང་། ཨ་རིག་དགེ་མཐོང་གིས་འཚམས་འདྲི་གནང་བ། འཇང་གཡུ་ལྷ་ཐོགས་འགྱུར་གྱིས་ཡག་པོ་བཤད་འདུག་གསུངས་པ། ནད་པས། ཐུགས་རྗེ་ཆེ་གསུངས་པ། ནགས་མེས་མངོན་པར་བསྟོད་པ་བཅས་ལ་ཡག་བྱུང་ཟེར་རྒྱུ་ཡིན།

    ༢) དེ་ནས་དྲྭ་རོགས་ལྷ་མོ་དོན་གྲུབ་ཀྱིས།
    ༼གཞིས་བྱེས་གཉིས་ཀྱི་སློབ་གསོའི་གནད། གཅིག་ཏུ་འཛིན་ལ་དགོས་པ་ཆུང།
    ནང་ནས་མ་ཉམས་རྒྱུན་འཛིན་གལ། ཕྱི་ནས་གསར་བ་སྣོན་འདེབས་གལ།
    གཞིས་སུ་བོད་རྒྱ་སྐད་གཉིས་གཙོ། བྱེས་སུ་བོད་དབྱིན་སྐད་གཉིས་གཙོ།
    དོན་གྱི་ལར་ཞེན་འཛིན་ནུས་ན། རང་སྐད་ཙམ་ལ་ཞེན་དོན་མེད།༽ཞེས་གསུངས་འདུག་པར་ལན་དུ།
    གཞིས་བྱེས་སློབ་གསོ་ཐ་དད་ཀྱང་།། རང་སྐད་ཉམས་པ་གཅིག་པ་རེད།།
    གཞིས་ནས་རྒྱུན་འཛིན་ཐུབ་ན་ལས། །བྱེས་ནས་གསར་སྣོན་འཇོན་པ་མེད།།

    གཞིས་སུ་རྒྱ་སྐད་གཙོ་བོའི་གཙོ།། བྱེས་སུ་དབྱིན་སྐད་ཨ་མའི་ཨ།།
    རང་སྐད་ཙམ་ཡང་དོར་བའི་མིས།། དོན་གྱི་ལར་ཞེན་ཇི་ལྟར་འཛིན།། ཞེས་སྨྲའོ།།

    ༣) ཨ་རིག་དགེ་མཐོང་གིས་༼དངོས་གནས་ཕྱོགས་གཅིག་ནས་བོད་ཡིག་ལ་མཐོང་ཆེན་བྱེད་ཁུལ་དང་ལག་ལེན་ཁྲོད་བོད་ཡིག་རྡོག་རོལ་གཏོང་བཞིན་པ་ལྟ་བུར་ཚོར་གི་༽གསུངས་པ་བདེན། དངོས་གནས་བྱས་ན། བཙན་བྱོལ་ནང་བོད་ཡིག་བེད་སྤྱོད་ཀྱི་ཁོར་ཡུག་རྒྱ་ཆེན་པོ་བསྐྲུན་ས་མེད་པ་མ་རེད། བོད་གཞུང་ཟློས་གར་ནང་གློག་བརྙན་ཕབ་ལེན་གྱི་སྡེ་ཚན་ཆེན་པོ་ཞིག་བཙུགས་ན་ཟླ་བ་རེར་གཞིས་བྱེས་བོད་མིར་གློག་བརྙན་གསར་པ་རེ་སྟོན་ཐུབ་ངེས་རེད། བོད་གཞུང་གི་ནང་དུ་ཡིག་སྒྱུར་ལས་ཁུངས་ཚད་ལྡན་ཞིག་བཙུགས་ན་ཚན་རིག་ལ་སོགས་པའི་ཤེས་བྱ་གསར་པ་དེ་ཚོ་དུས་ཐོག་བོད་ཡིག་ནང་ཀློག་ཐུབ་པ་བཟོ་ཐུབ་རྒྱུ་རེད། ཕྱི་རྒྱལ་མཐོ་སློབ་ཙམ་མ་ཟད། རྒྱ་གར་ནང་གི་མཐོ་སློབ་ཏུ་འགྲོ་བའི་སློབ་ཡོན་གནང་སྐབས། བོད་ཡིག་གི་ཡིག་རྒྱུགས་རེ་བླངས་ན། སྤྱི་ཚོགས་ནང་བོད་ཡིག་མ་སྦྱངས་རང་སྦྱང་གི་གནོན་ཤུགས་སླེབས་ཀི་རེད། ད་དུང་ལྡི་ལི་དང་བྷེང་ལོར་སོགས་བོད་པའི་སློབ་ཆེན་པ་མང་ས་དེ་ཚོར་བོད་ཡིག་དགེ་རྒན་རེ་བསྐོས་ཏེ་སྔ་དགོང་བོད་ཡིག་འཁྲིད་ན་ནུས་པ་ཆེ་ཆུང་ལ་མ་ལྟོས་པ་ཞིག་ཐོན་རྒྱུ་རེད། ཡིན་ནའང་། ཚང་མས་ཁ་ནས་བོད་ཀྱི་རྩ་ཆེའི་རིག་གཞུང་ཞེས་བཤད་བསྡད་པ་མ་གཏོགས་ལག་ལེན་ནང་བྱེད་མཁན་ཡོད་མ་རེད། དཀའ་ངལ་དེ་ག་རང་རེད།

    ༤༽ ཇོ་རུ་ཚེ་རིང་གིས་བཤད་པར་ཡང་བདེན་ཆ་ཡོད། མི་ཆེན་མང་པོས་རང་གི་ཕྲུ་གུ་དབྱིན་ཇིའི་སློབ་གྲྭ་ལ་བཏང་། ཁ་ནས་བོད་ཀྱི་རིག་གཞུང་ཞེས་བཤད་ཀི་ཡོད་རེད། ད་ལྟ་ཨ་རིའི་མཐོ་སློབ་ལ་འགྲོ་དུས་བོད་ཀྱི་རིག་གཞུང་དང་ལོ་རྒྱུས་ཀྱི་ཡིག་ཚད་དབྱིན་ཡིག་ནང་བྲིས་ན་འགྲིག་པའི་ལམ་ཁ་བཟོ་བའི་དམིགས་ཡུལ་ཡང་། མཐར་གཏུགས་ན་མི་ཆེན་དེ་ཚོའི་ཁེ་ཕན་ཞིག་ལ་ཏན་ཏན་ཐུག་ཡོད་རེད། དོན་གནད་འདི་ཚོར་དངོས་གནས་བྱས་ན་སྤྱི་འཐུས་རྒྱུན་ལས་ཟེར་བ་དེ་ཚོས་དོ་སྣང་གིས་ལྟ་སྐུལ་བྱེད་དགོས་ཀི་ཡོད་རེད།

    ༥༽ དྲྭ་རོགས་ནད་པས་གནད་འགག་ཆེ་བའི་ཁུངས་སྣེ་ཁག་ཅིག་བྲིས་འདུག་པས་ཐུགས་རྗེ་ཆེ། ངས་ཀྱང་། གསལ་བསྒྲགས་འདི་བོད་གཞུང་གིས་མ་གནང་བར་ཨ་རི་བོད་ཀྱི་ཐེབས་རྩའི་མིང་ཐོག་ནས་གནང་བ་དང་། ཡང་མཇུག་ཏུ་སྙན་ཞུ་འབུལ་ཡུལ་གྱི་ཁ་བྱང་དུ་ཤེས་རིག་ལས་ཁུངས་བྲིས་པ་དེའི་ཐོག་ནས། འདི་ལ་གནད་དོན་ཆེན་པོ་ཞིག་བྱུང་ཡོད་པ་ཚོད་དཔག་ཐུབ་ཀྱི་འདུག ངོ་ཤེས་གཞུང་ཞབས་ཁ་ཤས་ལ་ཁ་པར་བཏང་བ་ཡིན་ཏེ་གསལ་པོ་བཤད་ཀི་མི་འདུག ཨ་རི་ཐེབས་རྩ་ལ་འབྲེལ་བ་བྱས་ཀྱང་འགྲེལ་བཤད་ཁ་གསལ་གང་ཡང་མི་འདུག ད་ཆ་གསར་འགོད་པ་ཚོས། བོད་གཞུང་ལ་བཅར་ནས་ཅིའི་ཕྱིར་འདི་འདྲའི་འགྱུར་ལྡོག་སོང་ཡོད་མེད་འདྲི་དགོས་པ་ཞིག་རེད། འདི་ལྟར་སློབ་ཡོན་ཚང་མར་རིམ་པས་བོད་གཞུང་གི་སྟངས་འཛིན་མེད་པར་གྱུར་ན་དྲང་བདེན་མ་ཡིན་པའི་གནས་ཚུལ་ཤུགས་ཆེ་ཐོན་རྒྱུ་དང་། གཞུང་གི་འགན་དབང་ཆུང་དུ་འགྲོ་ཉེན་ཡོད་རེད། འདི་གནས་ཚུལ་ཆུང་ཆུང་ཞིག་རྩ་བ་ནས་མ་རེད།
    དེ་བཞིན་དྲྭ་རོགས་ནད་པས་གཙོས་གཞན་དག་ཚོས་འབྲེལ་ཡོད་ཤེས་རིག་ལས་ཁུངས་ཀྱི་ལས་བྱེད་ཚོས་སྔོན་མ་ལས་དོན་འཐུས་ཤོར་བཏང་བའི་དཔེ་མཚོན་གསལ་པོ་གསུངས་རྒྱུ་ཡོད་ན་འདིར་འབྲི་རོགས། དེ་ཙམ་ཡིན།

    Reply
  17. ནགས་མེ། says:
    ལོ་ 14 སྔོན།

    བོད་མི་རྣལ་མ་ཞིག་གི་རུས་རྐང་ནས་ཕྱུངས་པའི་ཚོར་འདུ་རེད། སྐད་ཤུགས་ཆེན་པོས་
    མངོན་པར་བསྟོད།

    Reply
  18. ནད་པ says:
    ལོ་ 14 སྔོན།

    དྲ་གྲོགས་ཁང་གསར་ལགས་ཐུགས་རྗེ་ཆེ། ངས་ཁ་སང་སྤྱི་ཚེས་ ༡༦ ཉིན་གུང་གསར་འགྱུར་དེ་བོད་གཞུང་གི་དྲྭ་རྒྱ་ལས་ཤེས་རྟོགས་བྱུང་ནས་ཆ་ཚང་ཐེངས་གཅིག་བཀླགས་མ་ཐག་ཏུ་བོད་ཡིག་གི་ནང་དུའང་གསར་འགྱུར་དེ་བཀོད་ཡོད་མེད་ནང་འཛུལ་བྱས་པས་གནས་ཚུལ་དེ་རྩ་བ་ནས་བཀོད་མི་འདུག

    གསར་འགྱུར་དེ་ད་རེས་བོད་ཀྱི་ཐེབ་རྩས་སྤེལ་དགོས་པའི་རྒྱུ་མཚན་གང་ཡིན་ནམ་སྙམ་པའི་ཚོར་སྣང་ཞིག་བྱུང་སྟབས། ངས་དགོང་དྲོ་གྲོགས་པོ་གཅིག་ལ་དེའི་སྐོར་ཤེས་རྟོགས་ཡོད་མེད་དྲིས་པར་ཁོང་གིས་གསལ་བཤད་ལྟར་ན་ལོ་སྔོན་མར་བོད་གཞུང་གིས་ངོས་ནས་འགན་འཁུར་ལེན་གྱི་ཡོད་ཀྱང་།

    གཞུང་གི་སློབ་ཡོན་ཚོགས་ཆུང་སོགས་ཀྱི་ལས་དོན་ཚགས་ཚུད་ཡག་པོ་མ་བྱུང་བར་འགས་ཞིག་ཡིག་རྒྱུགས་མ་ལོན་པ་དང་། ལས་དོན་ཚགས་ཚུད་སོགས་ཕྱོགས་སར་ཐུད་ཤོར་མང་པོ་བཏང་བའི་རྐྱེན་གྱིས་ས་མིག་གྲངས་ ༧ ཙམ་བཀང་མ་ཐུབ་ཀྱང་བོད་ཀྱི་ཐེབ་རྩ་ཁང་གིས་ངོས་ནས་སློབ་ཡོན་འགྲོ་གྲོན་སོགས་བཏང་དགོས་ཐུབ་པའི་དབང་ལས་བོད་གཞུང་དང་བོད་ཀྱི་ཐེབ་རྩ་ཁང་གཉིས་ཀྱི་དབར་གླེང་རྙོག་བྱུང་བའི་དབང་གིས་ཕྱིས་སུ་ཐེབ་རྩ་ཁང་རང་གིས་ངོས་ནས་འགན་འཁུར་བླངས་ཏེ་ས་མིག་གཅིག་ཀྱང་འཕྲོ་བརླག་མི་འགྲོ་བའི་ཆེད་དུ་རེད་ཟེར།

    གནད་ལུགས་དེ་ཚོར་བསམས་ན་བོད་གཞུང་གིས་ངོས་ནས་ལས་དོན་གནད་འགག་ཆེ་ས་མང་པོར་མཐུད་ཤོར་དང་། སྣང་མེད། འགན་འཁུར་རྐང་ལེན་བྱེད་ཐུབ་ཀྱི་མེད་པའི་རྣམ་པའི་ཞིག་བསྟན་གྱི་ཡོད་པ་མ་ཟད་བོད་གཞུང་གིས་ངོས་ནས་བཤད་ན་གཞུང་གཅིག་གི་སོ་སོའི་ཁྱབ་ཁོངས་སུ་ཡོད་པའི་གཞུང་དང་། དོན་གཅོད། གཞུང་འབྲེལ་མིན་པའི་ཚོགས་པ། ཆོས་ཚོགས། དགོན་སྡེ། སློབ་གྲྭ་སོགས་མང་དག་གཅིག་ལ་བཏང་འཛིན་བྱེད་ཐུབ་ཀྱི་མེད་པ་དེ་རེད།

    དཔེར་ན། སྔ་ཕྱིར་བཀའ་ཁྲི་ཟམ་དོང་རིན་པོ་ཆེས་བཙན་བྱོལ་བོད་གཞུང་གི་ཤེས་ཡོན་སྲིད་ཇུས་གཅིག་གཏན་འབེབ་གནང་ན་ཡང་བོད་ཕྲུག་ཁྱིམ་སྡེའི་རྗེ་བཙུན་པདྨས་དབུ་འཁྲིད་པའི་འོག་ནས་གཞུང་གིས་ཤེས་ཡོན་སྲིད་ཇུས་དེའི་ལམ་སྟོན་འོག་ཤར་བསྐྱོད་བྱས་མེད་ལ་བོད་གཞུང་གིས་ངོས་ནས་ཀྱང་བཏང་འཛིན་བྱེད་ཐུབ་ཀྱི་མེད།

    དེ་ནི་ཧ་ལས་དགོས་པའི་གནད་དོན་གལ་འགངས་ཆེན་པོ་གཅིག་ཡིན་པ་བརྗོད་མི་དགོས་པ་རེད། རྒྱ་ནག་ལྟ་བུར་མཚོན་ན་དབུས་ཆབ་སྲིད་ཅུས་ནས། ཞིང་ཆེན་སྲིད་གཞུང་། གྲོང་ཁྱེར་ཁག རྫོང་རིམ་པ། ས་ཁུལ་རིམ་པ། ཐ་ན་གྲོང་གསེབ་ལུང་ལུང་གཅིག་གི་ཤང་ཚུན་ཆད་ལ་གཞུང་དང་། གཞུང་འབྲེལ་མིན་པའི་ཚོགས་པ། བཟོ་གྲྭ། སློབ་གྲྭ། ཁེ་ལས་སོགས་ཚང་མར་དབུས་གཞུང་གི་ཁྲིམས་དང་སྒྲིག་གཞིའི་ལམ་སྟོན་གཅིག་གི་འོག་བཏང་འཛིན་བྱེད་ཐུབ་ཀྱི་ཡོད་སྟབས།

    རྒྱ་ནག་འདི་ད་ལྟ་འཛམ་གླིང་རྒྱལ་སྤྱིའི་ཁྲོད་ཆབ་སྲིད་དང་། དཔལ་འབྱོར། དམག་དོན། ཚན་རྩལ། སྒྱུ་རྩལ། རིག་གཞུང་། སྐད་ཡིག མི་འབོར་སོགས་ཕྱོགས་གང་ས་སྤྱི་ཐད་ནས་འཕུར་མཆོང་ལྟ་བུའི་ཡར་རྒྱས་དང་འཕེལ་རྒྱས་འགྲོ་བཞིན་ཡོད་པ་དེ་གཞུང་གིས་ལས་དོན་ཚགས་ཚུད་ཡག་པོ་ཡོད་པའི་རྣམ་པ་དེ་འཛམ་གླིང་རྒྱལ་སྤྱིའི་སྟེང་དུ་ར་འཕྲོད་བྱུང་བ་དེ་རེད།

    དེ་ནི་ངས་ཆེད་དུ་བོད་གཞུང་ལ་སྐྱོན་འཛུགས་བྱས་པ་ཞིག་མིན་པར་དེ་ནི་རང་གི་གཞུང་དང་། མི་དམངས། རིག་གཞུང་། སྐད་ཡིག་བཅས་ལ་ཤ་ཚ་བའི་སྙིང་གཏམ་ཞིག་ཡིན།

    Reply
  19. འཇང་གཡུ་ལྷ་ཐོགས་འགྱུར says:
    ལོ་ 14 སྔོན།

    ཁང་གསར་བུ་ཡག་པོ་གསུངས་འདུག

    Reply
  20. ཇོ་རུ་ཚེ་རིང་། says:
    ལོ་ 14 སྔོན།

    དུང་ཞེན་གྱི་སྐད་ཆའི་ཕྱི་ཤིན་ཕུད་ནས་དམར་རྗེན་དུ་བཤད་ན། བཙན་བྱོལ་གཞུང་གི་མི་ཆེན་དཔོན་ཆེན་དང་། རྒྱུ་ཆེན། མིང་ཆེན། དབང་ཆེན་ཡོད་ཚད་ཀྱི་ནང་ན་བོད་ཀྱི་སྐད་ཡིག་རིག་གནས་ཁ་ཞེ་གཉིས་མེད་ཀྱི་ཤ་ཚ་སྙིང་ཉེ་གནང་མཁན་ཧ་ལམ་དཀོན་པོ་རེད་ཅེས་ལབ་ན་ཐལ་ཆ་ཆེན་པོ་འཆོར་མི་སྲིད། ཁཽ་ཚོའི་བུ་ཕྲུག་དག་གི་བོད་པའི་སྨྲ་ལྕེ་ལྐུགས་ནས་ཡོད་ལ། ཐ་ན། ཁོ་ཚོའི་བུ་བུ་མོའི་ཁྲོད་ན་བོད་ཀྱི་བཙན་པོ་རིམ་བྱུང་གི་མཚན་ཙམ་ཡང་བགྲང་ཐུབ་མཁན་ནི་ཉིན་མོའི་སྐར་ཡིན། འདི་ཚོའི་མི་ཚང་ཡོད་ཚད་བོད་དོན་རྣ་བའི་མི་གོ་སའི་བདེ་ས་སྐྱིད་ས་ཁོ་ནར་གནས་བཅོས་དེ་བསྡད་ཡོད། ཁོ་ཚོས་དུས་རྒྱུན་དུ་མི་མང་གི་མདུན་དུ་ཕྱི་ནང་ངོ་གཉིས་གཡོ་རྫུ་འཁྲབ་ཏེ་བོད་ཀྱི་སྐད་ཡིག་རིག་གནས་ལ་ཤ་ཚ་མདོགས་ཀྱི་མུ་ཅོར་སྒྲོག་བཞིན་པ་ཙམ་ལས། དོན་གྱིས་འདི་དག་གིས་ཁ་འོ་མ་དང་ཁོག་རྩུད་པ་བྱས་ཏེ་འདས་ནས་ད་ལྟའི་བར་དུ་ལར་ཞེན་དམ་ཚིག་གཡོ་བ་མེད་པའི་རང་རེའི་མི་རིགས་འདིར་མགོ་སྐོར་སླུ་བྲིད་བཏང་བ་དེ་གནམ་འོག་ཏུ་ཤོངས་ཐབས་བྲལ། གོང་བཀོད་རྩོམ་ཡིག་འབྲི་མཁན་ལྟར། དུས་རྒྱུན་དུ་མི་མང་གིས་མི་ཆེན་དབང་ཆེན་འདི་དག་གི་བྱ་སྤྱོད་མཐའ་དག་ལ་མིག་ཟུང་གཅེར་ནས་མ་བསྡད་ན། འདི་ཚོས་ཡང་བསྐྱར་བོད་མི་ས་ཡ་དྲུག་ལ་བསླུ་བྲིད་གནམ་ལ་མི་ཤོངས་པ་ཞིག་མི་གཏོང་བས་ངེས་བ་སྤུ་རྩེ་ཙམ་ཡང་མེད་དོ།།

    Reply
  21. ཨ་རིག་དགེ་མཐོང་། says:
    ལོ་ 14 སྔོན།

    ཁང་གསར་ལགས་སུ་འཚམས་འདྲི་ཞིག་ཞུ། རྒྱུ་མཚན་ཁྱེད་རང་འཇིག་རྟེན་འདིར་ཡོད་པར་ཤེས་པས་སོ། །གཉིས་པ་དངོས་གནས་ཕྱོགས་་གཅིག་ནས་བོད་ཡིག་ལ་མཐོང་ཆེན་བྱེད་ཁུལ་དང་ལག་ལེན་ཁྲོད་བོད་ཡིག་རྡོག་རོལ་གཏོང་བཞིན་པ་ལྟ་བུར་ཚོར་གི

    Reply
  22. ལྷ་མོ་དོན་གྲུབ། says:
    ལོ་ 14 སྔོན།

    གཞིས་བྱེས་གཉིས་ཀྱི་སློབ་གསོའི་གནད། གཅིག་ཏུ་འཛིན་ལ་དགོས་པ་ཆུང།
    ནང་ནས་མ་ཉམས་རྒྱུན་འཛིན་གལ། ཕྱི་ནས་གསར་བ་སྣོན་འདེབས་གལ།

    གཞིས་སུ་བོད་རྒྱ་སྐད་གཉིས་གཙོ། བྱེས་སུ་བོད་དབྱིན་སྐད་གཉིས་གཙོ།
    དོན་གྱི་ལར་ཞེན་འཛིན་ནུས་ན། རང་སྐད་ཙམ་ལ་ཞེན་དོན་མེད།

    Reply
  23. གངས་ཅན་པ། says:
    ལོ་ 14 སྔོན།

    བདེན་ནོ། བདེན་ནོ། བདེན་ནོ། བདེན་ནོ། བདེན་ནོ། བདེན་ནོ། བདེན་ནོ། བདེན་ནོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese