མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆབ་སྲིད་ཀྱི་ལས་དོན་ཆེ་ཕྲ་གང་ལ་ཡང་འགན་བཞེས་འཆར་ཡོད་པ་མ་རེད།

བོད་ཀྱི་དུས་བབ།
༢༠༡༡/༠༣/༡༣
Share on FacebookShare on TwitterShare on EmailShare on Whatsapp

འདི་ལོའི་གསུམ་བཅུའི་དུས་དྲན་དང་བསྟུན་ཏེ་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཕྱི་ནང་གི་གསར་འགོད་པ་མང་པོ་ཞིག་གི་དྲི་བར་ལན་འདེབས་གནང་ཡོད། སྐབས་དེར་བཀའ་ཁྲི་མཆོག་གིས། ཟླ་འགའི་སྔོན་ནས་༧གོང་ས་མཆོག་གིས་བགྲེས་ཡོལ་ཆ་ཚང་གནང་རྒྱུའི་བཀའ་དེ་གནང་མ་ཐག རྒྱ་གར་གཙོས་པའི་རྒྱལ་ཁབ་འདྲ་མིན་གྱི་གསར་འགོད་པ་ཚོས་གནས་ཚུལ་མང་པོ་ཞིག་གི་ཐོག་བཀའ་འདྲི་ཞུ་རྒྱུའི་རེ་བ་བཏོན་སོང་། གསར་འགོད་པ་སྒེར་རེ་རེ་བཞིན་ཐུག་འཕྲད་ཀྱི་དུས་ཚོད་དཀོན་པས་ཉིན་གཅིག་ཚང་མ་མཉམ་འཛོམས་ཐོག དྲི་བ་དྲིས་ལན་གནང་རྒྱུའི་འཆར་གཞི་བསྒྲིགས་པ་ཡིན། དེ་རིང་གསར་འགོད་པ་དག་གི་དྲི་བར་ལན་འདེབས་གནང་རྒྱུ་ཡིན། ལོ་སྔ་ཕྱིའི་ལས་དོན་གལ་ཆེན་རིགས་གསུམ་བཅུའི་དུས་དྲན་སྟེང་གི་༧གོང་ས་མཆོག་གི་གསུང་འཕྲིན་དང་བཀའ་ཤག་གི་གསུང་འཕྲིན་ནང་གསལ་བོར་བསྟན་པ་དེ་ག་རང་རེད། ང་ལ་གསར་པ་ཞུ་རྒྱུ་གང་ཡང་མེད། ཅེས་གསུངས་རྗེས་དྲི་བ་དྲིས་ལན་དབུ་འཛུགས་གནང་སོང་།

དྲི་བ། ༧གོང་ས་མཆོག་བགྲེས་ཡོལ་དུ་ཕེབས་གཏན་ཁེལ་པ་དེར་བཀའ་བློན་ཁྲི་པ་མཆོག་གིས་རྣམ་འགྱུར་གང་འདྲ་འཛིན་གྱི་ཡོད་དམ།

ལན། ང་ཚོའི་རྣམ་འགྱུར་གང་ཡིན་པ་དེ་གསུམ་བཅུའི་དུས་དྲན་གྱི་བཀའ་ཤག་གི་གསུང་འཕྲིན་ནང་བཀོད་ཡོད། ང་ཚོས་༧གོང་ས་མཆོག་གི་དགོངས་ཚུལ་གང་ཞིག་ཡིན་རུང་བསམ་ཤེས་ཐུབ་ཀྱི་ཡོད། ༧གོང་ས་མཆོག་གིས་མང་ཚོགས་ལ་ཁོང་སྐུ་སྒེར་ལའང་རང་དབང་ཞིག་དགོས་ཀྱི་ཡོད་ཅེས་གསུང་གི་ཡོད་པ་རེད། སྤྱིར་བོད་ཀྱི་རྩ་དོན་དང་ཆབ་སྲིད་ཀྱི་འགན་མང་ཚོགས་ཀྱིས་འཁུར་དགོས་པའི་དགོངས་འཆར་དེ་ ༡༩༦༠ ཙམ་ནས་བྱུང་ཡོད། རིམ་བཞིན་མང་ཚོགས་ཀྱིས་ཐད་ཀར་སྤྱི་འཐུས་དང་བཀའ་བློན་ཁྲི་པ་འོས་འདེམས་བྱེད་པའི་དམངས་གཙོའི་ལམ་སྲོལ་ལག་བསྟར་བྱས་པ་རེད། ༧གོང་ས་མཆོག་གིས་སྲོལ་རྒྱུན་རང་བཞིན་གྱི་རྒྱལ་བ་རིན་པོ་ཆེའི་ཆབ་སྲིད་ཀྱི་དབང་ཚད་དང་ལས་འགན་ཡོངས་རྫོགས་མི་མང་གིས་བདམས་པའི་དབུ་ཁྲིད་ལ་རྩིས་སྤྲོད་བྱེད་ཀྱི་ཡོད། འོན་ཀྱང་། བོད་ཕྱི་ནང་གི་བོད་རིགས་མི་མང་གིས་༧གོང་ས་མཆོག་བགྲེས་ཡོལ་ཆ་ཚང་གནང་རྒྱུ་དེ་བློ་ཡུལ་དུ་ཤོང་གི་མེད་པ་དང་། གདེང་ཚོད་བརྙེད་ཐུབ་ཀྱི་མེད་པར་བརྟེན། བཀའ་ཤག་ཚུད་པའི་བོད་རྒྱ་ཆེའི་མི་མང་ཚོས་གཞུང་དམངས་མཛད་རིམ་ཁག་ལ་ཆིབས་སྒྱུར་གནང་རྒྱུ་ཉུང་དུ་བཏང་སྟེ། བོད་པའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་ཀྱི་ཐུགས་འགན་མུ་མཐུད་བཞེས་དགོས་པའི་གསོལ་འདེབས་ཞུ་བཞིན་ཡོད།

དྲི་བ། ༧གོང་ས་མཆོག་གིས་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་བོད་རྒྱའི་དཀའ་རྙོག་སེལ་རྒྱུར་འབད་བརྩོན་གནང་གི་ཡོད། གལ་སྲིད་ཁོང་གིས་ཆབ་སྲིད་ཀྱི་ཐུགས་འགན་ལས་བགྲེས་ཡོལ་གནང་བ་ཡིན་ན། བོད་རྒྱའི་འབྲེལ་མོལ་སྲིད་བྱུས་གང་འདྲ་ཆགས་ཡོང་ངམ།

ལན། རྒྱ་ཕྱོགས་ནས་ད་ལྟའི་བོད་རྒྱའི་འབྲེལ་མོལ་འདི་༧གོང་ས་མཆོག་སྐུ་སྒེར་གྱི་ཆབ་སྲིད་གནད་དོན་ཞིག་ཏུ་རྩི་བཞིན་ཡོད་སྟབས། ༧གོང་ས་མཆོག་ཆབ་སྲིད་ཀྱི་འགན་དབང་ལས་བགྲེས་ཡོལ་དུ་ཕེབས་པ་ཡིན་ན། ད་ལྟའི་འབྲེལ་མོལ་འདིར་སྐད་ཆ་གང་ཡང་ལྷག་ཡོད་པ་མ་རེད། ཆབ་སྲིད་ཀྱི་འགན་དབང་ཆ་ཚང་མི་མང་གིས་འོས་འདེམས་བྱས་པའི་དབུ་ཁྲིད་ཀྱི་སྟེང་དུ་བབས་རྗེས། བོད་རྒྱའི་དཀའ་རྙོག་སེལ་རྒྱུར་འབྲེལ་ལམ་འཛུགས་སྟངས་ཐད། གྲུབ་འབྲས་དང་ཕན་ནུས་ལྡན་པའི་སྲིད་ཇུས་གང་འདྲ་ཞིག་གཏན་འབེབས་བྱ་དགོས་ཀྱང་། གྲོས་ཚོགས་ཀྱིས་ཐག་གཅོད་དང་ཐབས་ལམ་འཚོལ་དགོས་པ་རེད།

དྲི་བ། དེ་སྔ་༧གོང་ས་མཆོག་ལ་ཆབ་སྲིད་ཀྱི་དབང་ཚད་ག་ཚད་ཅིག་ཡོད་དམ།

ལན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་༧གོང་ས་མཆོག་ནི་བོད་ཀྱི་དབུ་ཁྲིད་དང་བཙན་བྱོལ་སྒྲིག་འཛུགས་ཀྱི་ཆེས་མཐོའི་དབང་འཛིན་པ་ཡིན་ཞིང་། བཙན་བྱོལ་གཞུང་གི་སྲིད་ཇུས་གང་འདྲ་ཞིག་གཏན་འབེབ་དང་ལག་བསྟར་བྱ་དགོས་ཀྱང་། ༧གོང་ས་མཆོག་གི་མཚན་ཐོག་ནས་ཐག་གཅོད་ལག་བསྟར་བྱེད་ཀྱི་ཡོད། དེ་བཞིན་གྲོས་ཚོགས་ནས་གྲོས་གཞི་གང་འདྲ་ཞིག་བྱུང་ཡང་། བཀའ་ཤག་བརྒྱུད་༧གོང་ས་མཆོག་གི་དགོངས་ཚུལ་འོག་འགྲོ་དགོས་པ་དང་། སྤྱི་འཐུས་ཚོགས་གཙོ་དང་ལྷན་ཁང་ཁག་གི་བཀའ་བློན། བཀའ་ཁྲི་སོགས་ཀྱི་གནས་རིམ་བསྐོ་བཞག་ཐད་ཀྱང་༧གོང་ས་མཆོག་གི་ལམ་སྟོན་གནང་དགོས། མདོར་ན། སྤྱི་འཐུས་ལྷན་ཚོགས་དང་བཀའ་ཤག་འཛིན་སྐྱོང་གི་ལས་དོན་ཆེ་ཕྲ་གང་ཡིན་ཡང་། ༧གོང་ས་མཆོག་གི་དགོངས་དོན་འོག་འགྲོ་དགོས་པ་བཅས་བཅའ་ཁྲིམས་ནང་བསྟན་ཡོད།  

དྲི་བ། བཀའ་ཤག་ཚུད་པའི་བོད་རྒྱ་ཆེ་མི་མང་གིས་༧གོང་ས་མཆོག་བགྲེས་ཡོལ་དུ་མི་ཕེབས་རྒྱུར་སྐྱབས་འཇུག་ཞུ་བཞིན་པ་དེར་དོན་འབྲས་ཡོད་མེད་དང་། གལ་སྲིད་ཁོང་བགྲེས་ཡོལ་དུ་ཕེབས་ཟིན་པ་ཡིན་ན། བཙན་བྱོལ་སྒྲིག་འཛུགས་ཀྱི་ལས་དོན་གལ་ཆེན་རིགས་ལ་འགན་བཞེས་སྲིད་དམ།

ལན། ཞལ་བཞེས་གནང་ཡོད་པ་མ་རེད། དེ་རིང་ཁོང་གི་གསུང་འཕྲིན་ནང་གསལ་བོར་གསུངས་འདུག ད་བར་ང་ལ་རྒན་ཡོལ་ཆ་ཚང་མི་གནང་རྒྱུའི་རེ་བ་ཞུ་མཁན་མང་པོ་འབྱོར་སོང་། ཡིན་ནའང་ངས་དེ་དག་ལ་ཁས་ལེན་ཞུ་ཐུབ་ཀྱི་མི་འདུག མང་ཚོགས་ཀྱིས་ང་རྒན་ཡོལ་དུ་ཕེབས་དགོས་པའི་གལ་ཆེའི་རང་བཞིན་ལ་བསམ་ཤེས་གནང་རྒྱུའི་རེ་བ་ཡོད་གསུངས་སོང་པ་ལྟར་རེད། འདས་པའི་ཟླ་འགའི་རིང་བཀའ་ཤག་ཚུད་པའི་མང་ཚོགས་དང་ཚོགས་སྡེ་ཁག་མང་པོས་ཁོང་ལ་བགྲེས་ཡོལ་མི་གནང་རྒྱུར་སྐྱབས་འཇུག་ཞུས་ཡོད། འོན་ཀྱང་ད་ལྟའི་བར་ཁོང་གིས་ཞལ་བཞེས་གནང་ཡོད་པ་མ་རེད། ཁོང་བགྲེས་ཡོལ་ཆ་ཚང་གནང་ཟིན་པ་ཡིན་ན། བཙན་བྱོལ་སྒྲིག་འཛུགས་ནང་གི་ཆབ་སྲིད་ཀྱི་ལས་དོན་ཆེ་འབྲིང་ཆུང་གསུམ་གང་འདྲ་ཞིག་ཡིན་རུང་ཐུགས་འགན་བཞེས་འཆར་ཡོད་པ་མ་རེད།

 དྲི་བ། ༧གོང་ས་མཆོག་ཆབ་སྲིད་ཀྱི་དབུ་ཁྲིད་ལས་བགྲེས་ཡོལ་དུ་ཕེབས་རྗེས། ཁོང་གིས་བོད་མིའི་ཆོས་ལུགས་དབུ་ཁྲིད་ཀྱི་འགན་དེ་མུ་མཐུད་གནང་གི་རེད་དམ། 

ལན། ཆོས་ལུགས་ཀྱི་དབུ་ཁྲིད་ཟེར་བ་དེ་མང་ཚོགས་དང་སྲིད་གཞུང་ཞིག་གིས་བདམས་པའམ་བསྐོ་བཞག་བྱས་པ་དེ་འདྲ་མ་རེད། ཆོས་ཕྱོགས་ཀྱི་ལམ་སྲོལ་ཞིག་གི་ཆ་ནས་ཁོང་རང་བཞིན་གྱིས་དབུ་ཁྲིད་ཅིག་ཏུ་གྱུར་བ་ཡིན་སྟབས། ཆོས་ལུགས་དབུ་ཁྲིད་ཀྱི་འགན་འདི་ལ་དུས་ནམ་ཡང་བསྒྱུར་བཅོས་འགྲོ་བ་ཞིག་མ་རེད། ༧གོང་ས་ཏཱ་ལའི་བླ་མ་མཆོག་ནི་བོད་གཅིག་པོ་མ་ཡིན་པར་ཧི་མ་ལ་ཡའི་རི་རྒྱུད་དང་རྒྱ་རིགས། སོག་རིགས་སོགས་འཛམ་གླིང་གི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་རྗེས་འཇུག་པ་ཚང་མའི་དབུ་ཁྲིད་དུ་བཀུར་གྱི་ཡོད། གནས་བབ་འདི་ལ་བསྒྱུར་བཅོས་དང་དགོངས་པ་ཞུ་དགོས་པའི་གནད་དོན་ཆགས་སྲིད་པ་མ་རེད། ཆབ་སྲིད་ཀྱི་ཐད་ནས་ཁོང་གི་དབང་ཆ་དུས་ལྟར་འགྱུར་བ་འགྲོ་དགོས་པ་ཞིག་ཡིན་སྟབས། དམངས་གཙོའི་ལམ་སྲོལ་ནང་། མང་ཚོགས་ཀྱི་འདོད་མོས་ཡོད་པའི་ཆབ་སྲིད་ཀྱི་དབུ་ཁྲིད་དུས་དང་བསྟུན་ཏེ་འོས་འདེམ་བྱ་དགོས་པ་མ་ཟད། འདོད་བློ་མ་ཁེངས་ཚེ་གནས་དབྱུང་གཏོང་རྒྱུའི་ཐོབ་ཐང་ཡང་མང་ཚོགས་ལ་ཡོད་དགོས་པ་ཞིག་རེད།

དྲི་བ། ད་ལྟའི་བར་བཙན་བྱོལ་གཞུང་གིས་དབུ་མའི་ལམ་ཀྱི་སྲིད་བྱུས་དང་བོད་རྒྱ་འབྲེལ་མོལ་གྱི་ལམ་རྒྱུན་འཁྱོངས་བྱས་པ་རེད། མ་འོང་པའི་བཀའ་བློན་ཁྲི་བས་སྲིད་བྱུས་འདི་རྒྱུན་འཁྱོངས་བྱ་དགོས་སམ།

ལན། མ་འོང་པའི་བཀའ་བློན་ཁྲི་པའི་ལངས་ཕྱོགས་དང་སྲིད་བྱུས་འཛིན་སྟངས་ཐད། ཤུགས་རྐྱེན་ཐེབས་པའི་བསམ་ཚུལ་འདི་དང་དེ་ཞེས་བཤད་རྒྱུ་གང་ཡང་མེད། མང་ཚོགས་ལ་སོ་སོའི་དབུ་ཁྲིད་འོས་འདེམ་བྱ་རྒྱུའི་དབང་ཚད་ཡོད་པ་དང་། བདམས་ཐོན་བྱུང་བའི་ཆབ་སྲིད་ཀྱི་དབུ་ཁྲིད་དེས་སྲིད་བྱུས་གསར་བ་གང་འདྲ་ཞིག་འཛིན་རྒྱུའི་ཐད། བསམ་བློའི་རང་དབང་དང་ཐག་གཅོད་ཀྱི་རང་དབང་ཆ་ཚང་བ་ཞིག་དགོས་པ་ལས། དེ་ལ་ང་རང་གི་ངོས་ནས་བཤད་རྒྱུ་གང་ཡང་མེད། འོན་ཀྱང་སྤྱི་ཡོངས་ནས་བཤད་ན། བོད་ཕྱི་ནང་གི་རྒྱ་ཆེའི་མང་ཚོགས་ཀྱིས་ལས་དོན་གང་བརྩམས་ཀྱང་། འཚེ་མེད་ཞི་བའི་སྟེང་འགྲོ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་དེ་མུ་མཐུད་གནང་གི་རེད་བསམ་གྱི་ཡོད།  

དྲི་བ། ༧གོང་ས་མཆོག་བགྲེས་ཡོལ་དུ་ཕེབས་པ་དང་བཀའ་ཤག་གི་སྣེ་ཁྲིད་པར་འཕོ་འགྱུར་ཕྱིན་པ་ཡིན་ན། བོད་པའི་རྩ་དོན་འཐབ་རྩོད་བྱེད་ཕྱོགས་ཐད། བོད་རིགས་གཞོན་སྐྱེས་ཚོས་མུ་མཐུད་འཚེ་མེད་ཞི་བའི་ལྟ་གྲུབ་ཐོག་བསྐྱོད་ཐུབ་བམ།

ལན། རྒན་རབས་པ་ལས་གཞོན་སྐྱེས་ཚོ་འཚེ་མེད་ཞི་བའི་ལྟ་གྲུབ་ལ་ཡིད་ཆེས་ཆེ་བ་ཡོད། གཞོན་སྐྱེས་ཚོས་ལས་དོན་སྒྲུབ་སྐབས་ངར་ཤུགས་ཅུང་ཆེན་པོ་ཡོད་ཀྱང་། དེ་འཚེ་བ་རེད་ཟེར་ན་འགྲིག་གི་མ་རེད། ལྷག་པར་དུ་མཚམས་རེར་གཞོན་སྐྱེས་ཉུང་ཤས་ཀྱིས་རྒྱ་ནག་གཞུང་ཚབ་ཁང་ལ་རྒོལ་མཆོངས་བྱས་པ་སོགས་ཀྱིས་བོད་རིགས་གཞོན་སྐྱེས་ཀྱི་ཚབ་མཚོན་ཐུབ་ཀྱི་ཡོད་པ་མ་རེད།

དྲི་བ། བོད་མི་གྲངས་འབོར་ཉུང་ཤས་ཤིག་གིས་༧གོང་ས་མཆོག་བགྲེས་ཡོལ་དུ་མི་ཕེབས་རྒྱུར་སྐྱབས་འཇུག་ཞུས་པ་དེར་བཀའ་ཤག་གིས་བོད་རྒྱ་ཆེ་མི་མང་གི་རེ་འདུན་ལ་༧གོང་ས་མཆོག་གིས་ཕལ་ཆེར་ཞལ་བཞེས་གནང་གི་མ་རེད་ཅེས་གསུང་ན་འཚམ་པོ་ཡོད་དམ།

ལན། ཞལ་བཞེས་གནང་གི་མ་རེད་ཟེར་གྱི་མེད། ཕལ་ཆེར་ཞལ་བཞེས་གནང་མདོག་ཁ་བོ་མ་རེད་ཞུ་བཞིན་ཡོད། གང་ལྟར་འཛིན་སྐྱོང་གི་ངོས་ནས་མང་ཚོགས་ཀྱི་རེ་འདུན་དང་༧གོང་ས་མཆོག་གི་དགོངས་བཞེད་གཉིས་ཀར་འཚམ་པའི་ལམ་ཁ་ཞིག་ཐབས་འཚོལ་བྱ་རྒྱུར་འབད་བརྩོན་གནང་དགོས་པ་ཆགས་ཡོད།

དྲི་བ། ༧གོང་ས་མཆོག་བཙན་བྱོལ་གཞུང་གི་ཆབ་སྲིད་ཀྱི་དབུ་ཁྲིད་ནས་བགྲེས་ཡོལ་དུ་ཕེབས་ཚེ། ད་ལྟའི་བཙན་བྱོལ་གཞུང་འདི་ལུགས་མཐུན་གྱི་གཞུང་ཞིག་ཏུ་གནས་ཐུབ་ངེས་རེད་དམ།

ལན། འདི་གནད་དོན་གལ་ཆེ་ཤོས་རེད། བཙན་བྱོལ་སྒྲིག་འཛུགས་འདི་ལ་གཞུང་འབྲེལ་ཐོག་སྲིད་གཞུང་ཞེས་འབོད་ཀྱི་ཡོད་པ་མ་རེད། གང་ལྟར་བོད་གཞིས་བྱེས་གཉིས་ཀྱིས་རེ་བ་བྱེད་ས་དང་། བོད་མི་ས་ཡ་དྲུག་གི་ཚབ་མཚོན་གྱི་སྒྲིག་འཛུགས་ཤིག་རེད། ཡིད་ཆེས་དང་དད་སེམས་ཀྱི་དམ་ཚིག་འདི་༧གོང་ས་མཆོག་གི་བླ་ན་མེད་པའི་དབུ་ཁྲིད་ཉག་གཅིག་ལ་བརྟེན་ཏེ་བྱུང་བ་ཞིག་རེད། ༧གོང་ས་མཆོག་འགན་འཁྲི་འདི་ནས་ཕྱིར་ཕེབས་པ་ཡིན་ན། བོད་མི་མང་གི་མིག་ནང་དུ་བཙན་བྱོལ་སྒྲིག་འཛུགས་འདི་ལུགས་མཐུན་གྱི་གཞུང་ཞིག་ཏུ་མཐོང་གི་མ་རེད། དེ་དངོས་ཡོད་རེད།

དྲི་བ། ༧གོང་ས་མཆོག་བགྲེས་ཡོལ་དུ་ཕེབས་པ་ཡིན་ན། བཙན་བྱོལ་གཞུང་གི་གནས་བབ་དང་བོད་རྒྱའི་འབྲེལ་མོལ་འདི་གང་འདྲ་ཞིག་ཆགས་སྲིད་དམ།

ལན། གནས་སྟངས་འདི་འདྲ་ཞིག་ཆགས་ཀྱི་རེད་ཅེས་ངས་བཤད་ཐུབ་ཀྱི་མི་འདུག གལ་སྲིད་གནས་སྟངས་འདི་འདྲ་ཞིག་ཆགས་རྒྱུ་རེད་ཅེས་བཤད་ཚོད་ཐུབ་པ་ཡིན་ན། ང་ཚོས་ཡང་ནས་ཡང་དུ་༧གོང་ས་མཆོག་ལ་བགྲེས་ཡོལ་ཆ་ཚང་མ་ཕེབས་རོགས་ཞེས་སྐྱབས་འཇུག་ཞུ་མི་དགོས་པའི་བཟོ་འདྲ་བོ་ཞིག་རེད། ད་ལྟ་ཚང་མས་ཁོང་གིས་མུ་མཐུད་ཐུགས་འགན་ཆ་ཚང་བཞེས་རྒྱུར་གསོལ་བ་འདེབས་བཞིན་ཡོད་པ་དེ་ཡང་། ཕྱོགས་གཅིག་ནས་དད་པ་དམ་ཚིག་གི་སྐད་ཆ་ཡིན་མོད། གཙོ་བོ་༧གོང་ས་མཆོག་བགྲེས་ཡོལ་དུ་ཕེབས་པ་ཡིན་ན། ང་ཚོར་གདམ་ཀ་མེད་པའི་གནས་སྟངས་ཐབས་སྐྱོ་བོ་ཞིག་ཆགས་མི་ཡོང་ངམ་སྙམ་པའི་དོགས་འཚབ་དེ་རེད།

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

ཆུ་ཚོད་ ༡༤ སྔོན་ལ།
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

ཆུ་ཚོད་ ༡༦ སྔོན་ལ།
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢

མཆན། 5

  1. སོག་ནག་ཚང་། says:
    ལོ་ 15 སྔོན།

    (ཁོང་བགྲེས་ཡོལ་ཆ་ཚང་གནང་ཟིན་པ་ཡིན་ན། བཙན་བྱོལ་སྒྲིག་འཛུགས་ནང་གི་ཆབ་སྲིད་ཀྱི་ལས་དོན་ཆེ་འབྲིང་ཆུང་གསུམ་གང་འདྲ་ཞིག་ཡིན་རུང་ཐུགས་འགན་བཞེས་འཆར་ཡོད་པ་མ་རེད།)
    ཟམ་གདོང་བླ་མའི་གསུང་འདི་ཐལ་དྲགས་པ་མིན་འགྲོ། ༧གོང་ས་མཆོག་གིས་ངོས་རང་བོད་མི་ཞིག་ཡིན་པའི་ཆ་ནས་བོད་མི་རིགས་ལས་དོན་ཆེད་འགན་འཁུར་གྱི་གསུངས་པ་དང་འགལ་བ་ཆེ་བར་མཐོང་།

    Reply
  2. བསྟན་འཛིན་འཕགས་པ། says:
    ལོ་ 15 སྔོན།

    མདོ་སྟོད་སྤྱི་འཐུས་འོས་མི་ཤེས་འཇོན་གཉིས་ལྡན་གྱི་གཞོན་སྐྱེས་ལི་ཐང་འཇམ་དབྱངས་བཟོད་པ་ལགས་ཁོང་བོད་མི་མང་སྤྱི་འཐུས་ཀྱི་འོས་ཁོངས་སུ་ཞུགས་དགོས་པའི་དམིགས་ཡུལ་གཤམ་དུ་གཟིགས་རོགས་།མ་ཚད་ཡང་ཁོང་ལ་མདོ་སྟོད་རྒྱ་ཆེའི་མི་མང་གིས་སྔར་ལས་རྒྱབ་སྐྱོར་གནང་རོགས་ཞེས་གུས་པས་འབུལ་གུས་ཞུ་།།

    བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་༣༢༡ནང་ཁོང་གིས་དམིགས་ཡུལ་དོན་མཚན་ལྔ་གསུངས་ཡོད་པ་དེ་ཧ་ཅང་གལ་ཆེན་ནང་གི་དོན་ཆེན་ཞིག་ཐོངས་ནས་བྲིས་པ་ཡིན་།་དྲ་གྲོགས་ཚོའི་ཐུགས་སྣང་དང་བསམ་ཚུལ་ཡོངས་བའི་རེ་བ་ཡོད་།

    ༡༽ང་བོད་དུ་སྐྱེས་པ་དང་བོད་ནང་དངོས་ཡོད་ཀྱི་དཀའ་ངལ་གང་ཡོད་མེད་དང་།རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་མི་རིགས་དང་བཅས་པ་རྩ་མེད་གཏོང་བའི་སྲིད་ཇུས་ཇི་ལྟར་འཛིན་གྱི་ཡོད་མེད་།ངའི་ཨ་ཞང་སོགས་ཀྱི་ལུས་ཐོག་ནས་མིག་མཐིང་ལག་ཟིན་བྱུང་ཡོད་པས་།བོད་ཀྱི་དཀའ་ངལ་་མི་རེ་ངོ་རེ་ནས་འགན་འཁྱེར་དགོས་པའི་བསམ་ཚུལ་འཛིན་གྱི་ཡོད་།

    ༢༽སྐྱབས་བཅོལ་དུ་འབྱོར་ནས་༸གོང་ས་མཆོག་དང་བོད་གཞུང་གི་ལྟ་སྐྱོང་འོག་ནས་།འབྲས་བློ་གླིང་གྲཱ་ཚང་དུ་ཆོས་སྒོར་ཞུགས་ནས་སློབ་གཉེར་བྱས་ཡུན་རིང་།བཙན་འབྱོར་ནང་གི་ཆོས་ཕྱོགས་ཀྱི་དགོན་སྡེ་ཁག་གི་སྒྲིག་གཞི་དང་།འཆད་རྩོད་རྩོམ་གསུམ་གྱི་སློབ་གཉེར་གནང་སྟངས་།ཆོས་སྡེ་ཁག་འཛིན་སྐྱོང་།བོད་ཀྱི་རིག་གཞུང་སྲུང་སྐྱོབ་ལ་ཆོས་སྡེ་ཁག་གིས་འགན་འཁུར་ལེན་སྟངས་སོགས་ཀྱིས་མཚོན་།དགོན་སྡེ་ཁག་གལ་ཆེན་པོ་ཇི་ལྟར་ཆགས་ཡོད་པ་ལ་རྒྱུས་མངའ་ཡོད་།

    ༣༽ནོར་གླིང་ཞིབ་འཇུག་ཁང་དུ་རྩོམ་སྒྲིག་དང་ཞིབ་འཇུག་ཡིག་སྒྱུར་གྱི་ལས་ཀ་བྱས་ཡུན་རིང་།བོད་ཀྱི་ལོ་རྒྱུས་སྤྱི་དང་བཙན་འབྱོར་ནང་གི་མང་གཙོའི་ལམ་ལུགས་ཀྱི་སྒྲོམ་གཞི་འཛུགས་སྟངས་།བཀའ་ཟུར་ཚོས་བྲིས་པའི་དངོས་བྱུང་གི་ལོ་རྒྱུས་མང་པོ་ལྟ་ཀློག་དང་རྩོམ་སྒྲིག་བྱས་པ་།བཙན་འབྱོར་ནང་སློབ་གྲཱ་ཁག་གི་ཤེས་ཡོན་སྲིད་ཇུས་།གཞིས་ཆགས་ཁག་གི་འཚོ་བའི་གནས་བབ།བཙན་འབྱོར་ནང་ཡོད་པའི་བོད་མི་ཚོའི་མངོན་འདོད་བཅས་ལ་ཞིབ་འཇུག་བྱས་པའི་གོ་སྐབས་ཐོབ་ཡོད་།

    ༤༽སུ་ཇཱ་བོད་ཁྱིམ་སློབ་གྲཱར་དགེ་རྒན་བྱས་ཡོན་རིང་།བོད་ཕྲུག་ཚོས་སློབ་སྦྱོང་ལ་ལྲ་སྟངས་ཇི་ལྟར་འཛིན་གྱི་ཡོད་མེད་།དགེ་རྒན་གྱི་སྤུས་ཚད་དང་ཤེས་ཡོན་སྲིད་ཇུས་ཀྱི་ཁ་ཕྱོགས་།དབུས་བོད་སློབ་འཛིན་སྐྱོང་འོག་སློབ་གྲཱ་ཁག་དང་བོད་ཕྲུག་ཁྱིམ་སྡེ་ཁག་ཤེས་རིག་ལས་ཁུངས་ཀྱི་འཛིན་སྐྱོང་འོག་ཡོད་པའི་སམ་བྷོ་ཏྲའི་སློབ་གྲཱ་ཁག་།སྒེར་བཙུགས་སློབ་གྲཱ་སོགས་སུ་བོད་ཡིག་དང་དབྱིན་ཡིག་གི་ཤེས་ཚད་སོགས་།བོད་གཞུང་དང་ཕ་མ་ཚོས་རེ་བ་བྱས་པ་ལྟར་འབྲས་བུ་སྨིན་ཐབས་སུ་།དགེ་རྒན་དང་ཕ་མ་།་་འཛིན་སྐྱོང་་་་་ཤེས་ཡོན་སྲིད་ཇུས་་་་་་སློབ་མས་འགན་བླངས་ནས་སློབ་སྦྱོང་ཇི་ལྟར་བྱེད་དགོས་མིན་ཐད་ལ་ལས་དོན་བསྒྲུབ་པའི་སྤོབས་པ་ཡོད་།

    ༥༽བོད་ཀྱི་བང་ཆེན་གསར་ཁང་ནང་གསར་འགོད་པ་དང་རྒྱལ་སྤྱིའི་གནས་ཚུལ་སྒྱུར་སྒྲིག་གི་ལས་ཀ་བྱས་དང་བྱེད་བཞིན་པའི་རིང་།རྒྱལ་སྤྱིའི་གནས་ཚུལ་དང་བོད་ནང་གི་གནས་ཚུལ་རྣམས་ལོ་དུས་དང་འབྱུང་རྐྱེན་།ཁ་ཕྱོགས་།མི་མང་གི་བསམ་ཚུལ་སོགས་དུས་ཐོག་གསར་འགྱུར་བཟོས་པ་དང་བསྟུན་ནས་།གནས་ཚུལ་དེའི་ཁྲོད་ནས་རང་གི་ངོས་ནས་རླུང་ཕྲིན་ཁག་ཏུ་གཏམ་བཤད་སྤེལ་བ་དང་།རྩོམ་ཡིག་བྲིས་པ་།་ཚོགས་འདུལ་ཁག་ཏུ་བསམ་ཚུལ་བཤད་པ་།་རྒྱ་གར་ལྷོ་ཕྱོགས་སོགས་བོད་པའི་གཞི་ཆགས་ཁག་དང་ཀ་རྡོ་སྒང་གསུམ་སོགས་ཁ་འཐོར་བོད་མི་གནས་སྡོད་བྱེད་ས་ཁག་ཏུ་སྐོར་བསྐྱོད་བྱས་པ་སོགས་ཀྱིས་མཚོན་།བོད་ཕྱི་ནང་གཉིས་ཀའི་གནས་སྟངས་ཐོག་སློབ་སྤྱོང་དང་འཚོལ་ཞིབ་སོགས་གང་ཐུབ་བྱེད་བཞིན་ཡོད་པས་།་ང་སྤྱི་འཐུས་འོས་གཞིའི་ནང་ཞུགས་པ་དེའང་རི་བོང་ཅལ་འདྲོགས་དང་གཞན་གྱིས་བརྒྱུད་སྐུལ་འོག་ནས་ཡོང་བ་ཞིག་མིན་པ་་།དེ་ནི་རང་ཉིད་ཀྱིས་ལས་དོན་སྒྲུབ་མྱོང་བ་དེ་རྨང་གཞིར་བཞག་པའི་ཐོག་ནས་་་།བོད་ཀྱི་རྩ་དོན་འཐབ་རྩོད་དང་འདིའི་མཐུན་རྐྱེན་སྲོལ་རྒྱུན་གྱི་རིག་པ་གཙོ་བོར་གྱུར་པའི་དེང་རབས་ཀྱི་སློབ་སྦྱོང་ཁག་ཡར་རྒྱས་གཏོང་ཐབས་།བོད་མི་གཞིས་བྱེས་གཉིས་ཀའི་དགོས་མཁོ་ལ་འཚམས་པའི་གནས་བབ་བསྐྱར་གསོ་བྱེད་རྒྱུ་དེ་།རང་ཉིད་ཀྱིས་སྒྲུབ་དགོས་པའི་རྩ་དོན་ལ་བརྩིས་ནས་ང་སྤྱི་འཐུས་ཀྱི་འོས་ཁོངས་སུ་ཞུགས་པ་ཡིན་།གལ་སྲིད་སྐབས་བཅོ་ལྔ་པའི་སྤྱི་འཐུས་ཆགས་ན་ངས་སྒྲུབ་དགོས་པའི་ལས་དོན་ནམ་་་ཡང་ན་ལས་འཆར་འདི་ཡིན་ཟེར་ནའང་ཆོག་པ་ཡིན་ཞེས་འཁོད་འདུག་པའོ།།

    བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་།།

    Reply
  3. གནས་ཚང་། says:
    ལོ་ 15 སྔོན།

    ༼ལན། འདི་གནད་དོན་གལ་ཆེ་ཤོས་རེད། བཙན་བྱོལ་སྒྲིག་འཛུགས་འདི་ལ་གཞུང་འབྲེལ་ཐོག་སྲིད་གཞུང་ཞེས་འབོད་ཀྱི་ཡོད་པ་མ་རེད། གང་ལྟར་བོད་གཞིས་བྱེས་གཉིས་ཀྱིས་རེ་བ་བྱེད་ས་དང་། བོད་མི་ས་ཡ་དྲུག་གི་ཚབ་མཚོན་གྱི་སྒྲིག་འཛུགས་ཤིག་རེད། ཡིད་ཆེས་དང་དད་སེམས་ཀྱི་དམ་ཚིག་འདི་༧གོང་ས་མཆོག་གི་བླ་ན་མེད་པའི་དབུ་ཁྲིད་ཉག་གཅིག་ལ་བརྟེན་ཏེ་བྱུང་བ་ཞིག་རེད། ༧གོང་ས་མཆོག་འགན་འཁྲི་འདི་ནས་ཕྱིར་ཕེབས་པ་ཡིན་ན། བོད་མི་མང་གི་མིག་ནང་དུ་བཙན་བྱོལ་སྒྲིག་འཛུགས་འདི་ལུགས་མཐུན་གྱི་གཞུང་ཞིག་ཏུ་མཐོང་གི་མ་རེད། དེ་དངོས་ཡོད་རེད།༽

    ཟམ་གདོང་རིན་པོ་ཆེ་ཡིས་འདི་ལྟར་བཤད་དོན་ཅི་ཡིན་ནམ།

    གཅིག ཟམ་གདོང་གིས་བསམ་བཞིན་དུ་བཙན་བྱོལ་བོད་གཞུང་འདི་སྒྲིག་འཛུགས་ཤིག་ཡིན་ཞེས་ཨུ་ཚུགས་བརྒྱབ་ནས་རྒྱ་གཞུང་གི་འདོད་འདུན་བསྒྲུབས་ཡོད་པར་གཞོལ་སླད་ཡེ་ཤེས་དབྱིངས་དཔྱད་གླེང་བཞིན་གླེང་བཞིན་སླར་ཡང་ཡེ་ཤེས་དབྱིངས་དཔྱད་ལ་ངོ་རྒོལ་གནང་ཁུལ་སྟོན་གྱི་ཡོད་པ་རེད། བོད་མི་ཚོར་ད་ངོ་འཕྲོད་པའི་དུས་སུ་བབས་ཟིན་པ་རེད།

    གཉིས། གལ་སྲིད་བཙན་བྱོལ་བོད་གཞུང་ཞེས་འབོད་ཀྱི་མེད་ན། གཞུང་འབྲེལ་དྲ་རྒྱ་གཟིགས་དང་། http://www.tibet.net/en/index.php?id=21 འདི་ག་རེ་ཡིན་ན། དགེ་སློང་ཞིག་ཡིན་ན་ལྕེ་གཅིག་ལས་ཚིག་གཉིས་ཡོང་ཆོག་གི་ཡོད་དམ་མེད། ད་ངོ་ཚ་ཡ་རང་རེད།

    Reply
  4. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ༧གོང་ས་མཆོག་གིས་བོད་གཞུང་གི་བདག་དབང་ཆ་ཚང་བོད་རྒྱ་ཆེན་མི་དམངས་སུ་གནང་བ་ཡིན་ན་བོད་མི་མང་གི་མིག་ནང་དུ་བཙན་བྱོལ་སྒྲིག་འཛུགས་འདིར་ལུགས་མཐུན་ཞིག་ཏུ་མཐོང་གི་མ་རེད་གསུངས་པར་འདིར་བདེན་པ་མ་རེད་འདོད།ཞེས་བཅོས་རོགས་གནང་། ཚིག་གཅིག་ཆད་འདུག་པས་དགོངས་འགལ་མེད་པ་ཞུ།

    Reply
  5. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ༼༼༼ལན། འདི་གནད་དོན་གལ་ཆེ་ཤོས་རེད། བཙན་བྱོལ་སྒྲིག་འཛུགས་འདི་ལ་གཞུང་འབྲེལ་ཐོག་སྲིད་གཞུང་ཞེས་འབོད་ཀྱི་ཡོད་པ་མ་རེད། གང་ལྟར་བོད་གཞིས་བྱེས་གཉིས་ཀྱིས་རེ་བ་བྱེད་ས་དང་། བོད་མི་ས་ཡ་དྲུག་གི་ཚབ་མཚོན་གྱི་སྒྲིག་འཛུགས་ཤིག་རེད། ཡིད་ཆེས་དང་དད་སེམས་ཀྱི་དམ་ཚིག་འདི་༧གོང་ས་མཆོག་གི་བླ་ན་མེད་པའི་དབུ་ཁྲིད་ཉག་གཅིག་ལ་བརྟེན་ཏེ་བྱུང་བ་ཞིག་རེད། ༧གོང་ས་མཆོག་འགན་འཁྲི་འདི་ནས་ཕྱིར་ཕེབས་པ་ཡིན་ན། བོད་མི་མང་གི་མིག་ནང་དུ་བཙན་བྱོལ་སྒྲིག་འཛུགས་འདི་ལུགས་མཐུན་གྱི་གཞུང་ཞིག་ཏུ་མཐོང་གི་མ་རེད། དེ་དངོས་ཡོད་རེད།༽༽༽༽

    ༧གོང་ས་མཆོག་གིས་བོད་གཞུང་གི་བདག་དབང་ཆ་ཚང་བོད་རྒྱ་དམངས་སུ་གནང་བ་ཡིན་ན་བོད་མི་མང་གི་མིག་ནང་དུ་བཙན་བྱོལ་སྒྲིག་འཛུགས་འདིར་ལུགས་མཐུན་ཞིག་ཏུ་མཐོང་གི་མ་རེད་གསུངས་པར་འདིར་བདེན་པ་མ་རེད་འདོད།

    བཙན་བྱོལ་བོད་གཞུང་གི་བདག་པོ་ངོ་མ་བོད་རྒྱ་ཆེན་མི་དམངས་རེད། བདག་པོའི་ལག་ཏུ་བཙན་བྱོལ་བོད་གཞུང་སྤྲད་པ་ཡིན་ན་འཛམ་གླིང་ཐོག་ཏུ་བཙན་བྱོལ་བོད་གཞུང་ལ་མཐོང་ཆེན་རེ་དང་ཡིད་ཆེས་ཆེ་རེ་འགྲོ་ངེས་ཡིན་སྙམ།

    ༼༼༼ལན། རྒྱ་ཕྱོགས་ནས་ད་ལྟའི་བོད་རྒྱའི་འབྲེལ་མོལ་འདི་༧གོང་ས་མཆོག་སྐུ་སྒེར་གྱི་ཆབ་སྲིད་གནད་དོན་ཞིག་ཏུ་རྩི་བཞིན་ཡོད་སྟབས། ༧གོང་ས་མཆོག་ཆབ་སྲིད་ཀྱི་འགན་དབང་ལས་བགྲེས་ཡོལ་དུ་ཕེབས་པ་ཡིན་ན། ད་ལྟའི་འབྲེལ་མོལ་འདིར་སྐད་ཆ་གང་ཡང་ལྷག་ཡོད་པ་མ་རེད། ཆབ་སྲིད་ཀྱི་འགན་དབང་ཆ་ཚང་མི་མང་གིས་འོས་འདེམས་བྱས་པའི་དབུ་ཁྲིད་ཀྱི་སྟེང་དུ་བབས་རྗེས། བོད་རྒྱའི་དཀའ་རྙོག་སེལ་རྒྱུར་འབྲེལ་ལམ་འཛུགས་སྟངས་ཐད། གྲུབ་འབྲས་དང་ཕན་ནུས་ལྡན་པའི་སྲིད་ཇུས་གང་འདྲ་ཞིག་གཏན་འབེབས་བྱ་དགོས་ཀྱང་། གྲོས་ཚོགས་ཀྱིས་ཐག་གཅོད་དང་ཐབས་ལམ་འཚོལ་དགོས་པ་རེད།༽༽༽

    མ་འོས་བོད་རྒྱལ་ཁབ་ཀྱི་ཆབ་སྲིད་ལམ་ཕྱོགས་བཅོས་འགྱུར་བྱེད་དགོས་བྱུང་བ་ཡིན་ན་རྒྱ་ཆེན་མི་དམངས་ཀྱིས་ཐག་གཅོད་བྱེད་དགོས་པ་ལས་གྲོས་འཚོགས་གཅིག་པོས་ཐག་གཅོད་བྱེད་ན་འགྲིག་ཐབས་མེད་ལ་མང་གཙོ་ཚད་ལྡན་གྱི་ལུགས་སྲོལ་ཡང་མིན།

    ༧གོང་ས་མཆོག་གིས་ཆབ་སྲིད་བདག་དབང་གནང་ས་ཡང་བོད་རྒྱ་ཆེན་དམངས་རེད་ལ་མཐའ་མའི་ཐག་གཅོད་ཡང་བོད་རྒྱ་ཆེན་མི་དམངས་ཀྱིས་གནང་དགོས། ང་ཚོ་མང་གཙོ་ཚད་ལྡན་གྱི་ལམ་དུ་སྐྱོད་དགོས། བོད་རྒྱལ་ཁབ་ཀྱི་དབང་ཆ་ཆེ་ཤོས་བོད་རྒྱ་ཆེན་མི་དམངས་ཡིན་ལ་ཡིན་དགོས་ངེས་ཀྱང་རེད།

    མི་དམངས་ཀྱི་བསམ་ཚུལ་མཁོ་སྒྲུབ་མ་བྱེད་པར་ཐག་བཅད་ཀྱི་བྱ་བཞག་རྣམས་ལོ་རྒྱུས་ཀྱི་ཐོག་ཏུ་ནག་ཉེས་ཅན་ཞིག་འགྱུར་ངེས་ཡིན་ནོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese