མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་སྤྱིའི་ཉམས་ཞིབ་གྲུབ་འབྲས་ཁྱབ་བསྒྲགས་བྱས་ཡོད།

བོད་ཀྱི་དུས་བབ།
༢༠༡༡/༠༤/༡༠
Share on FacebookShare on TwitterShare on EmailShare on Whatsapp

བོད་གཞུང་སྨན་རྩིས་ཁང་དབུ་བརྙེས་ཏེ་མི་ལོ་ ༥༠ འཁོར་བའི་དུས་དྲན་མཛད་སྒོའི་སྟེང་། སྨན་རྩིས་ཁང་གི་འདས་པའི་བྱུང་རིམ་དང་གྲུབ་འབྲས་དང་ད་ལྟའི་སྨན་བཅོས་ལག་རྩལ། མ་འོངས་པའི་ལས་འཆར་སོགས་གསལ་བསྒྲགས་བྱས་ཡོད་པ་ལྟར། འདི་གའི་གསར་འགོད་པས་དོན་གནད་ཁག་ཅིག་གི་ཐོག་དབུས་སྨན་རྩིས་ཁང་གི་དྲུང་ཆེ་ཚེ་རིང་ཕུན་ཚོགས་ལགས་སུ་བཅར་འདྲི་ཞུས་ཡོད།

 

དྲི་བ།  རྒྱ་གར་གཞུང་གིས་བོད་སྨན་ལ་ངོས་ལེན་གནང་སྟངས་ཇི་འདྲ་ཡིན་མིན་དང་། ཁྲིམས་མཐུན་ངོས་ལེན་ཐོབ་པ་དེས་མ་འོངས་པར་བོད་སྨན་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུར་ནུས་པ་ཅི་ཙམ་འཐོན་རེ་གནང་གི་ཡོད་དམ། 

ལན།  བོད་སྨན་ངོས་ལེན་གནང་རྗེས་ཁྲིམས་ཐོག་ནས་ལག་ལེན་བསྟར་ཆོག་པའི་ཁོར་ཡུག་ཅིག་ཆགས་ཚར་བ་རེད། རྒྱ་གར་གཞུང་གིས་བཀའ་ཤག་ལ། བོད་སྨན་ཁྲིམས་ཐོག་ནས་ངོས་ལེན་མེད་པའི་སྐབས་ལ་ལག་ལེན་བྱེད་པ་དེ་ཁྲིམས་འགལ་རེད་ཅེས་ལབ་འདུག་ཀྱང་། ཁྲིམས་འགལ་རེད་ལབ་ནས་འགོག་ཐབས་ཡོད་པ་མ་རེད། དེའི་རྒྱུ་མཚན་ནི། བོད་སྨན་གྱིས་མི་གཞན་ལ་ཕན་ཐོགས་ཀྱི་ཡོད་པ་རེད། བོད་སྨན་ཟོས་ཏེ་མི་གཅིག་ཀྱང་བསད་མྱོང་མེད་ལ། བོད་སྨན་ཟོས་ཏེ་ན་ཚ་སྡུག་ཏུ་ཕྱིན་པའང་བྱུང་མེད། དེ་འདྲའི་གནས་སྟངས་བྱུང་ཡོད་ན། ད་ལྟའི་སྨན་རྩིས་ཁང་གི་ཚོགས་པ་འདི་ལྷག་ཡོད་པ་མ་རེད། མི་ལ་གནོད་མ་བསྐྱལ་ན་ཁྲིམས་ཡོད་མེད་ལ་མ་ལྟོས་པར་མི་མང་གི་ངོས་ལེན་ཡོད་པ་རེད། མང་ཚོགས་ལ་ན་ཚ་བྱུང་སྟེ། བཟོད་སྲན་མ་ཐུབ་པར་སྨན་པའི་སར་འགྲོ་དགོས་དུས། ཁྲིམས་ལུགས་ནི་མི་མང་གི་ཆེད་དུ་བཟོས་པ་ཞིག་ཡིན་སྟབས་མི་མང་གིས་ངོས་ལེན་བྱས་པ་རེད། གནས་སྟངས་དེའི་རྐྱེན་གྱིས་ད་བར་བོད་སྨན་ལག་ལེན་ཐོག་དཀའ་ངལ་ཅི་ཡང་འཕྲད་མེད། ཐེངས་འདིར་ཁྲིམས་ཐོག་ནས་ངོས་ལེན་བྱས་པ་དེས། སྨན་རྩིས་ཁང་ལ་ཁེ་ཕན་ག་རེ་ཡོད་ལབ་ན། ཕྱི་ལ་འབྲེལ་བ་བྱེད་སྐབས་རྒྱལ་ཁབ་ཕན་ཚུན་བར་དཀའ་ངལ་མེད་པ་བཟོ་རྒྱུ་དང་། ཕྱི་རྒྱལ་དུ་ཕྱག་ལས་གནང་བཞིན་པའི་སྨན་པ་ཚོར། ཕྱི་རྒྱལ་འཕྲོད་བསྟེན་རྩ་འཛིན་ཡིག་ཆའི་འོག་འགོག་རྐྱེན་འཕྲད་མི་དགོས་པ། བོད་སྨན་རྒྱལ་ནང་དང་རྒྱལ་སྤྱིར་ཁྲིམས་མཐུན་ཚོང་འགྲེམས་དང་། ཕྱིར་གཏོང་སྐབས་སྔོན་མ་ལས་རྒྱ་ཆེ་བ་ཆགས་ཐུབ་ཀྱི་ཡོད། ལྷག་པར་དུ། སྨན་རྒྱུ་དང་སྔོ་སྨན་དཀོན་པའི་རིགས་ཞིང་ཁར་འདེབས་རྒྱུ་དང་། སྨན་གྱི་ལག་རྩལ་མི་ཉམས་རྒྱུད་འཛིན་ཡོང་བར་ཕྱི་ལོགས་སུ་དཀའ་ངལ་འཕྲད་ཚེ། དབུས་གཞུང་གིས་རོགས་རམ་གནང་ཐུབ་རྒྱུའི་ཁྲིམས་མཐུན་ཁོར་ཡུག་ཅིག་ཆགས་ཡོད། སྨན་རྩིས་ཁང་གིས་རྒྱ་གར་ནང་ས་གནས་ཡན་ལག་སྨན་ཁང་ ༤༩ ཙམ་བཙུགས་ཡོད་ནའང་། ད་བར་ཁྱོད་ཚོའི་ལས་ཀར་དོགས་པ་འདུག་ཟེར་མཁན་སུ་གཅིག་བྱུང་མེད་ལ། དེ་ནི་གཙོ་བོ་མི་མང་གིས་བོད་སྨན་ལ་ངོས་ལེན་ཡོད་སྟབས་གཞུང་གིས་དགག་བྱ་མ་གནང་བ་ཞིག་རེད།

 

དྲི་བ།  སྨན་རྩིས་ཁང་གི་ལོ་འཁོར་ལས་སྡོམ་ནང་། འདི་གའི་སྨན་ཁང་གིས་ཁྲག་རླུང་དང་གཅིན་སྙི་སོགས་ཛ་དྲག་གི་ན་ཚ་འགར་སྨན་བཅོས་ལེགས་གྲུབ་བྱུང་ཡོད་སྐོར་བཀོད་འདུག  དེའི་སྐོར་ངོ་སྤྲོད་ཅིག་གནང་རོགས།

ལན། བོད་གཞུང་སྨན་རྩིས་ཁང་གིས་གཅིན་སྙིའི་ནད་གཞིའི་ཐོག་ཉམས་ཞིབ་དང་པོ་བྱས་ཏེ་གྲུབ་འབྲས་ཐོན་ཡོད་ལ། དེ་ལ་རྒྱལ་སྤྱིའི་ཐོག་ནས་ཀྱང་ཉམས་ཞིབ་བྱས་ཏེ་གྲུབ་འབྲས་ཁྱབ་བསྒྲགས་བྱས་འདུག གཉིས་པ་དེ་ཐེངས་སྔོན་མ་གྲུབ་འབྲས་གང་འཚམ་ཞིག་ཐོན་ཡོད་སྟབས། དེའི་ཐོག་གྲུབ་འབྲས་ཡག་པོ་ཐོན་པ་རེད། གཅིན་སྙིའི་ཐོག་བོད་སྨན་གྱིས་ཕན་ཐོགས་ཡོད་པ་ཡོངས་གྲགས་ཆགས་ཡོད་ལ། ཡོངས་གྲགས་ཆགས་པ་ཙམ་དུ་མ་ཟད། སྨན་རྩིས་ཁང་གིས་ན་ཚ་དེའི་ཐོག་སྨན་མང་པོ་གསར་དུ་བཟོས་ཡོད།  ཁྲག་རླུང་སྟོད་འཚང་ཞེས་པ་དེར། དབྱིན་སྐད་དུ་ hypertension ཟེར་གྱི་ཡོད། དེར་ཉམས་ཞིབ་བྱ་རྒྱུའི་རིམ་པ་ཞིག་ཏུ་བསླེབས་ཡོད། བོད་ལུགས་ནང་ཤེས་ཀྱི་མེད་ཀྱང་། ཕྱི་ལུགས་ཐོག་ཁྲག་རླུང་སྟོད་འཚང་ལ་བཅོས་ཐབས་མེད་ལབ་ཀྱི་ཡོད། གཟུགས་གཞི་ཐང་པོ་ཡོད་བཞིན་དུ་གློ་བུར་དུ་ཁྲག་ཤེད་འཕར་གྱི་ཡོད། ཁྲག་ཤེད་དེའི་རྒྱུ་རྐྱེན་ག་རེ་ཡིན་མིན་དང་དེར་བཅོས་ཐབས་ག་རེ་ཡོད་མེད་ཐོག ཕྱི་ལུགས་སྨན་གཞུང་དུའང་གཏན་འབེབས་གང་ཡང་མེད། ན་ཚ་དེ་ནི་མི་ཞིག་ལ་མཚོན་ན་ཕོག་ཐུག་མི་འགྲོ་བར་འཇོག་དགོས་པའི་གནས་སྟངས་ཞིག་ཆགས་ཡོད། ཞག་རྩི་མང་པོ་ཟོས་ན་སྙིང་ཁྲག་བརྒྱུད་སའི་རྩ་རྒྱུད་ཡོད་པའི་འགྲོ་ལམ་འགག་སྟེ་ཁྲག་ཤེད་ཡོང་གི་ཡོད། བོད་སྨན་ཐོག་ལོ་ཚད་རིམ་བགོས་བྱས་ཏེ་ཁྲག་ཤེད་ན་ཚ་ཡོང་སྟངས་སྐོར་ཞིབ་འཇུག་ཚར་གཅིག་བྱས་ཡོད་ལ། དེའི་སྐོར་ལ་ང་ཚོས་མུ་མཐུད་ནས་ཉམས་ཞིབ་བྱེད་བཞིན་ཡོད།

 

དྲི་བ།  མཛད་སྒོའི་ཐོག་བཀའ་ཁྲི་མཆོག་གིས་སྔོ་སྨན་སྲུང་སྐྱོབ་ཆེད་ཧི་མ་ཅལ་གཞུང་དང་སྨན་རྩིས་ཁང་གཉིས་མཉམ་འབྲེལ་བྱ་དགོས་ཀྱི་འདུག་གསུངས་པ་དེར་དགོངས་ཚུལ་ཅི་ཞིག་ཡོད་དམ། 

ལན།  སྔོ་སྨན་སྲུང་སྐྱོབ་བྱ་རྒྱུ་ཧ་ཅང་གལ་ཆེར་མཐོང་གི་ཡོད་ལ་སྔོ་སྨན་འདེབས་རྒྱུའི་འཆར་གཞི་སྔོན་ནས་ཡོད་པ་ཞིག་རེད། དེའི་ཆེད་དུ་ང་ཚོས་སྡེ་ཚན་ཞིག་ཟུར་འཛུགས་གནང་ཡོད། བོད་གྱི་སྨན་གཞུང་དུ་སྔོ་སྨན་རིགས་སྐྱེས་ཡུལ་དང་གནམ་གཤིས་ཚ་དྲོད་སོགས་གསལ་པོར་གསུངས་ཡོད་ལ། ཚན་རིག་ཐོག་ནས་ཀྱང་སྨན་འདི་ས་བབ་མཐོ་ཚད་འདི་ཙམ་ནས་སྐྱེ་ཡི་རེད་ཟེར་བ་ལྟར། ཉམས་ཞིབ་ཡག་པོ་བྱས་ཏེ་སོན་ཇི་ལྟར་སྤེལ་དགོས་མིན་དང་། ཞིང་པས་བཏབ་ན་འགྲིག་མིན། ཞིང་པས་བཏབ་པའི་སྨན་དེར་སྨན་གཞུང་དུ་ནུས་པ་ཡོད་མེད་བཅས་ལ་ཉམས་ཞིབ་དགོས་པ་རེད།

ངའི་ཉམས་མྱོང་ལྟར་ན། ཞིང་པའི་ཚན་རིག་པས་ཞིང་ཁར་སྔོ་སྨན་བཏབ་ན་ནུས་པ་ཡག་པོ་འདུག སྔོ་སྨན་གཞན་དང་མི་འདྲ་བར་ཁེ་གཙང་གིས་ཆུ་ལུད་ཀྱི་མཐུན་རྐྱེན་ཡོད་ཐོག ཁོར་ཡུག་ཀྱང་ཡག་པོ་ཡོད་དུས་སྨན་གྱི་ནུས་པ་ཆེན་པོ་ཡོང་གི་རེད། ཅེས་བཤད་ཀྱིན་འདུག བོད་པའི་སྨན་པ་ཚོས་དེར་ཁས་ལེན་བྱེད་ཀྱི་མེད་པར། སྔོ་སྨན་ཁོ་རང་སྐྱེས་སར་སྔོ་སྨན་གཞན་དང་འཐབ་སྟེ། འཚར་སྐབས་སྔོ་སྨན་གྱི་ནུས་པ་བསྐྲུན་ཐུབ་གྱི་ཡོད་སྟབས། ཚན་རིག་པས་བཤད་སྟངས་དེ་ཏག་ཏག་བསྡད་ཡོད་པ་མ་རེད་ཟེར། དེའི་སྟབས་ཀྱིས། ཞིང་ཁར་སྔོ་བཏབ་ན་སྔོ་སྨན་དེར་ནུས་པ་ཡོད་མེད་ཉམས་ཞིབ་བྱས་ཏེ་གཏན་ལ་འབེབས་དགོས་ཀྱི་ཡོད། དེའི་ཐོག་ལས་ཀ་རྒྱུན་རིང་བྱ་དགོས་པ་ལས་ལས་སླ་མོ་ཞིག་ཆགས་ཀྱི་མེད། སྨན་གཞུང་དུ་བྲིས་པ་ལས་ལག་ལེན་དངོས་ཐོག་གཏན་ལ་ཕབ་ཐུབ་ན། གནས་སྟངས་གསལ་པོ་ཆགས་ཡོང་གི་རེད། སྔོ་སྨན་ཚད་ལས་བརྒལ་བ་བཀོག་པའི་སྟབས་ཀྱིས། སྐྱེ་བཞིན་པའི་སྔོ་སྨན་གྱིས་ཚབ་བྱེད་མ་ཐུབ་པར། ཁོར་ཡུག་གི་རྩ་སྨན་རིགས་རྩ་བ་ནས་རྫོགས་འགྲོ་ཡི་ཡོད། ཚན་རིག་གི་ལམ་ནས་སྔོ་སྨན་ཌེ་ཨིན་ཨིན་ཐོག་སོན་བརྒྱ་ཕྲག་མང་པོ་སྤེལ་ཐུབ་སྟབས། དེ་འདྲའི་ཐོག་སྨན་རྩིས་ཁང་གིས་ཟུང་འབྲེལ་གྱི་ལས་ཀ་བྱ་ཐུབ་པ་ཞིག་ཡོང་གི་རེད་བསམ་གྱི་ཡོད།

དེ་སྔོན་སོ་ནམ་ཚན་རིག་པ་ཞིག་སྨན་རྩིས་ཁང་དུ་ཡོང་སྟེ། ཁྱེད་ཚོས་སོན་ཉོ་རྒྱུ་ཡིན་ཞེས་ཁས་ལེན་གནང་དགོས་པ་རེད། སོན་ཉོས་ན་ས་ཆ་དང་སོན་འདེབས་རྒྱུའི་ཐད་ང་ཚོས་ཐབས་ཤེས་བྱ་རྒྱུ་ཡིན། ཁྱེད་ཚོར་ལོ་གཅིག་ལ་སོན་ག་ཚོད་དགོས་མིན་དང་རིན་གོང་ཅི་ཙམ་འགྲོ་མིན་ཐོག་གན་རྒྱ་བཞག་སྟེ། སྔོན་ཚུད་ནས་ཐག་གཅོད་བྱ་ཆོག་གི་རེད། ཅེས་ལབ་སོང་། ཡིན་ནའང་མཉམ་འབྲེལ་ལས་རིམ་དེའི་ཆེད་སྨན་རྩིས་ཁང་གིས་ས་གནས་ཡུལ་མིའི་ཞིང་པའི་ལག་ནས་ཞིང་ས་བག་མར་ལེན་རྒྱུ་བྱུང་མེད་ཀྱང་། མོན་རྟ་དབང་སོགས་གཞིས་ཆགས་ཁག་ཅིག་ལ་འབྲེལ་བ་བྱས་ཏེ། སོན་བཏབ་སྟེ་ཚོད་ལྟ་བྱས་ཡོད་ལ་གཞིས་ཆགས་ཁ་ཤས་ནས་སྨན་སྣ་ཁག་ཚུར་གཏོང་བྱས་ཐུབ་པའང་བྱུང་ཡོད།

 

དྲི་བ།  ༧གོང་ས་མཆོག་གིས་རྒྱ་གར་སྨན་ཁང་ཆེ་ཁག་ཏུ་བོད་སྨན་སྡེ་ཚན་འཛུགས་དགོས་རྒྱུའི་དགོངས་ཚུལ་གསུངས་པ་དེ་ལ་རེ་བ་གང་འདྲ་རྒྱག་གི་ཡོད་དམ། 

ལན།  ང་ཚོས་དེའི་ཐོག་འབྲེལ་བ་བྱེད་སྐབས་སྒང་ཏོག་གཞུང་གིས་སྔ་ས་ནས་སྨན་གྱི་ཡན་ལག་བཙུགས་ཚར་འདུག སྒང་ཏོག་གཞུང་སྨན་གྱི་སྡེ་ཚན་དུ་བོད་སྨན་སྡེ་ཚན་ཞིག་བཙུགས་ཏེ། སྨན་སྣ་རིགས་སྨན་རྩིས་ཁང་ནས་མངགས་ཉོ་བྱེད་ཀྱིན་ཡོད། སྟབས་མ་ལེགས་པ་ཞིག་ལ། དེར་ཡོད་སྨན་རྩིས་ཁང་གི་སྨན་པ་དེས་ལོ་བཅུ་གྲངས་རིང་སྒང་ཏོག་ཏུ་ཕྱག་ལས་གནང་ཡོད་སྟབས། མ་འོངས་པར་རྒན་ཡོལ་དུ་ཕེབས་ན་སྨན་རྩིས་ཁང་གིས་འགན་ལེན་བྱ་དགོས་མིན་གྱི་ཐོག་ནས་དཀའ་ངལ་ཞིག་འཕྲད་པ་རེད། ང་ཚོས་སྒང་ཏོག་གཞུང་ལ་ཁྱོད་ཚོའི་ཆེད་དུ་ང་ཚོའི་སྨན་པ་བློས་གཏོང་བྱ་རྒྱུ་ཡིན་ལབ་ན་ཏག་ཏག་ཅིག་བསྡད་མེད། ཅེས་བཤད་པ་ཡིན། རྗེས་སུ་ཁོང་ཚོས་སྨན་རྩིས་ཁང་གི་སྒྲིག་ཁོངས་སུ་མེད་པའི་བོད་རིགས་སྨན་པ་གཞན་ཞིག་སྐད་བཏང་འདུག གཞན་རྒྱ་གར་གྲོང་ཁྱེར་ཆེ་ཁག་ཏུ་བོད་སྨན་ཡན་ལག་འཛུགས་རྒྱུ་དེ་༧གོང་ས་མཆོག་གི་རླབས་ཆེན་གྱི་དགོངས་གཞི་ཆགས་ཡོད་དུས། ང་ཚོས་ཕྱི་ལུགས་སྨན་ཁང་དེ་ཚོའི་འགྲོ་སྟངས་དང་སྒྲིག་གཞིར་བསྟུན་ཏེ། ལས་གཞིའི་དེའི་ཐོག་འབད་བརྩོན་བྱ་འཆར་ཡོད།

 

དྲི་བ། ཉེ་ལམ་༧གོང་ས་མཆོག་གིས་ཐུགས་རེ་བཏོན་ཡོད་པ་ལྟར། འདི་ག་སྨན་རྩིས་ཁང་གིས་བོད་ནང་དང་ཕྱི་རྒྱལ་གྱི་སྨན་པ་ཚོ་དང་ཉམས་མྱོང་བརྗེ་རེས་བྱ་རྒྱུར་ལས་འཆར་འདྲ་འདིང་གི་ཡོད་དམ།

ལན།  ཕྱི་ལོ་ ༢༠༠༥ ལོར་༧གོང་ས་མཆོག་གིས་བཀའ་སློབ་དེ་འདྲ་ཞིག་གནང་ཡོད། བཀའ་སློབ་དེ་གནང་རྗེས་སྐབས་དེའི་སྨན་རྩིས་ཁང་གི་འགན་འཛིན་ཟླ་བ་ལགས་ཀྱིས། རང་ཉིད་ལ་བོད་ནང་དུ་དགའ་ཉེ་གྲོགས་པོ་མང་སྟབས་ཁོང་ཚོ་བརྒྱུད་དེ་དུས་ཡུན་ལོ་ ༣ རིང་བོད་ནང་གི་གནད་ཡོད་སྨན་པ་དང་འབྲེལ་ཡོད་ཚོར་གང་ཐུབ་ཀྱི་འབྲེལ་བ་གནང་ཡོད་ཀྱང་། སྐབས་དེའི་ཆབ་སྲིད་ཀྱི་གནད་དོན་གྱིས་རྐྱེན་པས་འགོག་རྐྱེན་འཕྲད་དེ་འཆར་གཞི་ལམ་ལྷོང་བྱུང་ཡོད་པ་མ་རེད། དེ་མིན་ཕྱི་ལུགས་སྨན་པ་ཚོར་འབྲེལ་བ་བྱ་རྒྱུའི་ལས་རིམ་དེ་ད་ལྟ་མུ་མཐུད་ནས་འགྲོ་བཞིན་ཡོད།

 

དྲི་བ།  ཉེ་ཆར་སྨན་རྩིས་ཁང་གིས་ཅོང་ཏ་རའི་ཉེ་འཁོར་དུ་འཛུགས་སྐྲུན་ལས་གཞི་ཆེན་པོ་ཞིག་འགྲོ་བཞིན་ཡོད་སྐོར་གོ་སོང་། དེ་ནི་སྨན་རྩིས་ཁང་གི་ཡན་ལག་ལྟ་བུ་ཡིན་ནམ། ལས་གཞི་དེའི་དགོས་དམིགས་ངོ་སྤྲོད་ཅིག་གནང་རོགས།  

ལན།  ཅོང་ཏ་རར་བརྒྱབ་པའི་ཁང་པ་དེ་སྨན་རྩིས་ཁང་གི་ལས་བྱེད་ཚོའི་བགྲེས་ཤག་ཆགས་ཡོད། ང་ཚོའི་འཆར་གཞི་ལྟར་ན། མ་འོངས་པའི་ལོ་བཅུ་ནས་ཉི་ཤུ་བར་རྒན་ཡོལ་རིམ་པའི་ཐོན་ཡོང་དུས། མི་རེ་ཡོང་ན་ཁང་པ་རེ་རྒྱག་མི་དགོས་པར་ཁང་པ་ ༣༠ ལྷག་གསར་རྒྱག་བྱས་ཡོད་པ་རེད། ད་ཆར་ལས་བྱེད་ ༡༥ ཙམ་བགྲེས་ཡོལ་དུ་ཕེབས་ཡོད་ལ།  ད་དུང་ཁང་སྟོང་མང་པོ་ལྷག་ཡོད་སྟབས་དེར་ཡན་ལག་སྨན་ཁང་ཞིག་ཀྱང་བཙུགས་པ་རེད། བགྲེས་ཡོལ་དུ་ཕེབས་མཁན་ཚོས་སྨན་པར་བསྟེན་དགོས་ན། སྤིར་ཐོག་ཁ་རུ་འགྲོ་དགོས་ལ་གླ་འཁོར་དུ་བསྡད་ན་འགྲོ་སོང་ཡང་ཆེན་པོ་སྤྲོད་དགོས་དུས། རྒས་གསོ་ཁང་རང་དུ་སྨན་ཁང་ཞིག་འཛུགས་ཐུབ་ན་ཕན་གྱི་རེད་བསམས་ཏེ་བཙུགས་པ་རེད། རྒས་གསོ་ཁང་འདིའི་ཆེད་ཧིན་སྒོར་འབུམ་ ༢༠༠ ལྷག་གི་འགྲོ་སོང་བཏང་ཡོད་པས། མི་སུམ་བཅུ་ཤོང་བའི་ཁང་པ་དང་། ཆུ་དང་གློག མེ་ཏོག་ལྡུམ་ར་སོགས་མཐུན་རྐྱེན་ཧ་ཅང་འཛོམས་པོ་ཡོད་ལ། སྨན་ཁང་དེའི་སྨན་པ་དང་ལས་བྱེད་ཚོའང་དབུས་སྨན་རྩིས་ཁང་ནས་ནར་གཏོང་བྱེད་བཞིན་ཡོད། 

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

ཆུ་ཚོད་ ༨ སྔོན་ལ།
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

ཆུ་ཚོད་ ༩ སྔོན་ལ།
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese