མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱི་ཁྱབ་གཙོ་འཛིན་ཞིག་གདམ་དགོས་ཆགས་སྲིད་པ་རེད།

བོད་ཀྱི་དུས་བབ།
༢༠༡༡/༠༤/༡༣
Share on FacebookShare on TwitterShare on EmailShare on Whatsapp

སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་དངུལ་རྩིས་དང་། ༧གོང་ས་མཆོག་གི་སྐུ་དབང་བགོ་བཤའ་དང་འབྲེལ་བའི་བཀའ་སྤྱི་གཉིས་ལས་གྲུབ་པའི་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་གི་ལས་དོན་ཐོག བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ལ་བཅར་འདྲི་ཞུས་ཡོད།

དྲི་བ། ཐེངས་འདིའི་གྲོས་ཚོགས་ནང་བཙན་བྱོལ་བོད་གཞུང་གི་ཕྱི་ལོ་ ༢༠༡༡ ནས་ ༢༠༡༢ ལོའི་བར་གྱི་སྔོན་རྩིས་གནས་སྟངས་གང་འདྲ་ཆགས་ཡོད་པ་དང་། ཐེངས་འདིའི་གྲོས་ཚོགས་ནང་སྔོན་རྩིས་ཐོག་ཉིན་གཉིས་ལས་བཏང་མེད་སྟབས། བཙན་བྱོལ་བོད་གཞུང་གི་མ་དངུལ་ཐོག་ཞིབ་འཇུག་དང་། སྔོན་རྩིས་གཏན་འབེབས་ཞིབ་ཚགས་བྱུང་ཡོད་དམ། 

ལན། སྔོན་རྩིས་གཏན་འབེབས་སྐོར་ལ་སྤྱི་ཡོངས་ནས་བལྟས་ན། ད་ལོ་བྱུང་སོང་ཁ་འཐབ་ཀྱི་ཐོག་ལ་གཏན་འཇགས་མ་དངུལ་འཕར་བྱུང་ཡག་པོ་འདུག དངུལ་ཁག་ཅིག་བཀའ་ཤག་གསར་པར་བེད་སྤྱོད་ཆེད་བགོ་བཤའ་མ་བརྒྱབ་པར་ཟུར་འཇོག་བྱས་ཡོད། བཙན་བྱོལ་བོད་གཞུང་གི་དངུལ་རྩིས་ཀྱི་འགྲོ་སྟངས་དེ་རྒྱལ་སྤྱིའི་འགྲོ་སྟངས་དང་མཐུན་པར་བྱས་ཡོད་སྟབས། ལྷན་ཁང་ཁག་གི་ཡན་ལག་ལས་ཁུངས་ནས་ལོ་སྔོན་མར་ག་ཚོད་སོང་ཚར་བ་དང་། ད་ལྟ་འགྲོ་བཞིན་པ་ག་ཚོད་ཡོད་པ། མ་འོངས་པའི་ལོའི་ནང་འགྲོ་འཆར་ག་ཚོད་ཡོད་པ་སོགས་ཞིབ་ཚགས་ཀྱིས་དབུས་ལས་ཁུངས་ལ་འབུལ་བཞིན་ཡོད། དབུས་ལས་ཁུངས་ཀྱི་བཀའ་བློན་དང་དྲུང་ཆེ་རྩིས་པ་སོགས་ཀྱིས་ཞིབ་འཇུག་ཡག་པོ་གནང་མཐར་དཔལ་འབྱོར་ལས་ཁུངས་ལ་འབུལ་དགོས། དཔལ་འབྱོར་ལས་ཁུངས་ཀྱིས་ཞིབ་འཇུག་ཐེངས་གཅིག་བྱས་རྗེས་བཀའ་ཤག་ལ་སྤྲོད་དགོས་པ་རེད། བཀའ་ཤག་གིས་ཡང་བསྐྱར་ཞིབ་འཇུག་ཅིག་བྱས་ཏེ་བོད་མི་མང་སྤྱི་འཐུས་སྔོན་དཔག་འཆར་རྩིས་ཚོགས་ཆུང་ལ་ཕུལ་ཏེ། ཉིན་ ༡༠ རིང་ལྷན་ཁང་མ་ལག་དང་བཅས་པར་བསྐྱར་དུ་ཞིབ་འཇུག་བྱེད་ཀྱི་ཡོད་པ་རེད། ལོ་གཅིག་ལ་གྲོས་ཚོགས་ཐེངས་གཉིས་འཚོགས་བཞིན་ཡོད། ཕྱི་ཟླ་དགུ་པའི་གྲོས་ཚོགས་ནང་བཀའ་ཤག་གི་ལས་བསྡོམས་ཐོག་ལ་ཞིབ་འཇུག་དང་། ཕྱི་ཟླ་གསུམ་པའི་གྲོས་ཚོགས་ནང་བཙན་བྱོལ་བོད་གཞུང་གི་སྔོན་རྩིས་གཏན་འབེབས་ཀྱིས་མ་འོངས་པའི་ལོ་གཅིག་གི་འགྲོ་སོང་དང་ལས་འཆར་གཏན་འབེབས་བྱེད་ཀྱི་ཡོད། ཐེངས་འདིའི་གྲོས་ཚོགས་ནང་རྩིས་ཀྱི་ཐོག་ལ་ཉིན་གཉིས་ལས་གཏོང་ཐུབ་མེད་ཀྱང་། དཔལ་འབྱོར་བཀའ་བློན་གྱིས་གྲོས་ཚོགས་ཉིན་དང་པོ་རང་ལ་སྔོན་རྩིས་གྲོས་ཚོགས་ནང་སྙན་སྒྲོན་ཞུས་ཡོད་སྟབས། གྲོས་ཚོགས་འཐུས་མི་སོ་སོས་སྔོན་རྩིས་ཐོག་ལ་གཟིགས་ཞིབ་ཀྱི་དུས་ཚོད་གང་འཚམ་རག་ཡོད། ཐེངས་འདིར་གསུང་འཕྲིན་གྱི་དབང་གིས་སྔོན་རྩིས་ཐོག་དེ་ཙམ་ཞིབ་ཚགས་མ་བྱུང་ཡང་། འཐུས་ཤོར་ལ་འགྲོ་རྒྱུའི་ཉེན་ཁ་ཡོད་པ་མ་རེད། 

 

དྲི་བ། ལོ་སྔོན་མ་དག་དང་བསྡུར་ན་བཙན་བྱོལ་བོད་མིའི་དཔལ་འབྱོར་གྱི་གནས་བབ་གང་འདྲ་ཆགས་ཡོད་པ་དང་། རང་མགོ་རང་ཐོན་གྱི་ཕྱོགས་ལ་འབད་བརྩོན་ཆེན་པོ་གནང་གི་ཡོད་པ་ལྟར། ད་ཆར་ཕྱིའི་རོགས་ཚོགས་ཁག་དང་། སྐུ་སྒེར་ཡིག་ཚང་ལ་བརྟེན་མ་དགོས་པར་རང་མགོ་རང་ཐོན་གྱི་ཕྱོགས་ལ་རེ་བ་གང་འདྲ་འདུག་གམ།

ལན། ང་རང་ཕྱི་ལོ་ ༡༩༩༦ ནས་སྤྱི་འཐུས་བྱས་པ་རེད། སྐབས་དེ་ལ་མཚོན་ན། བཙན་བྱོལ་བོད་གཞུང་ལ་དང་བླང་དཔྱ་དངུལ་ལག་དེབ་གཙོས་པའི་ཡོང་འབབ་ཧིན་སྒོར་བྱེ་བ་གཅིག་དང་ས་ཡ་དྲུག་འབུམ་བརྒྱད་ ༡༦༨༠༠༠༠༠ ཙམ་ལས་ཡོད་པ་མ་རེད། ད་ལོར་མཚོན་ན་དཔྱ་དངུལ་ལག་དེབ་ཀྱིས་མཚོན་པའི་ཡོང་འབབ་ཧིན་སྒོར་བྱེ་བ་བརྒྱད་ ༨༠༠༠༠༠༠༠ ཙམ་རེད། འདས་པའི་ལོ་ ༡༥ དེའི་རིང་དང་བླང་དཔྱ་དངུལ་ལག་དེབ་ཀྱི་དངུལ་འབོར་ལ་སྤར་ཆ་བྱས་མེད་ཀྱང་། སྤྲོད་མཁན་མང་དུ་ཕྱིན་ཏེ་ད་ལོར་མཚོན་ན། དཔྱ་དངུལ་ལག་དེབ་ཞུ་མཁན་ཆིག་འབུམ་སུམ་ཁྲི་དགུ་སྟོང་ ༡༣༩༥༢༣ ཙམ་བྱུང་ཡོད་པ་ལས། མི་ཆིག་འབུམ་སུམ་ཁྲི་ལྷག་གིས་དཔྱ་དངུལ་འབུལ་བཞིན་འདུག 

རང་མགོ་རང་ཐོན་ཟེར་བ་འདིའི་ཐད་སྔོན་མ་ནས་ང་རང་སྒེར་ལ་བསམ་ཚུལ་ཞིག་བཤད་བསྡད་ཡོད། དང་བླང་དཔྱ་དངུལ་ལག་དེབ་དང་། ཟས་བཅད་ཀྱི་དོད་སོགས་ཅུང་སྤར་དགོས་ཀྱི་འདུག ༡༩༧༢ ལོར་བོད་རང་དབང་ལྡན་པའི་ལས་འགུལ་ཚོགས་ཆུང་ཐོག་མར་བཙུགས་སྐབས། དང་བླང་དཔྱ་དངུལ་ཟླ་བ་རེ་ལ་སྒོར་ ༣ རེ་དང་། བོད་པའི་རྩ་དོན་ཆེད་ལོ་གཅིག་ནང་ཉིན་གཉིས་ལ་ཟས་བཅད་བྱ་རྒྱུ་ཡིན་ཟེར་ནས་ལོ་རེར་ཧིན་སྒོར་ ༡༠ བཅས་བོད་གཞུང་ལ་འབུལ་བཞིན་ཡོད་པ་རེད། དེ་གཉིས་བསྡོམས་ཏེ་དང་བླང་དཔྱ་དངུལ་ལག་དེབ་བརྒྱུད་དེ་ལོ་གཅིག་ལ་ཧིན་སྒོར་ ༤༦ ཙམ་ཡོང་གི་ཡོད། ད་ལྟའི་དངོས་ཡོད་གནས་སྟངས་ལ་མཚོན་ན། ཉིན་གཅིག་ལ་སྒོར་ ༥ ཡིས་ཟ་མ་རག་ཐབས་མེད་པ་དེ་གསལ་བོ་རེད། དེ་བས་ད་ལྟའི་ཡུལ་ཐང་གི་འགྲོ་སྟངས་ལྟར་ཉིན་གཅིག་ལ་ཧིན་སྒོར་ ༥༠ རེ་བྱས་ཏེ། ལོ་གཅིག་གི་ཉིན་གཉིས་དེ་ལ་ཧིན་སྒོར་ ༡༠༠ རེ་བོད་པའི་རྩ་དོན་ཐོག་འབུལ་ཐུབ་པ་ཡིན་ན། མ་འོངས་པར་བཙན་བྱོལ་བོད་གཞུང་གིས་རང་ཁ་རང་གསོ་ཐུབ་པ་མ་ཟད། བོད་པའི་རྩ་དོན་ལ་ཡང་ཕན་ཐོག་ཆེན་པོ་ཡོད་པ་བཤད་མ་དགོས་པ་རེད།

 

དྲི་བ། ཐེངས་འདིའི་གྲོས་ཚོགས་སྟེང་༧གོང་ས་མཆོག་གི་གསུང་འཕྲིན་ཐོག་བགྲོ་གླེང་གནང་སྐབས། མདོ་སྟོད་སྤྱི་འཐུས་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་དང་དབུས་གཙང་སྤྱི་འཐུས་ཀརྨ་ཆོས་འཕེལ་གཉིས་གྲོས་ཚོགས་ལས་ཕྱིར་ཐོན་ཡོད་པ་དེའི་སྐོར་གྱི་གནས་སྟངས་གང་འདྲ་ཆགས་ཡོད་དམ།

ལན། ད་ཐེངས་༧གོང་ས་མཆོག་གིས་གྲོས་ཚོགས་ལ་གསུང་འཕྲིན་ཕེབས་པ་དེ་ལོ་རྒྱུས་དང་འབྲེལ་བ་ཆེན་པོ་ཡོད་པ་ཞིག་རེད། གྲོས་ཚོགས་ལ་དཀའ་ལས་ཁག་པོ་ཞིག་བྱུང་སོང་། གང་ཡིན་ཟེར་ན། ང་ཚོ་མི་མང་གི་སྐུ་ཚབ་ཡིན་དུས་མི་མང་གི་མངོན་འདོད་དེ་ལ་ཡང་ལྟ་དགོས་པ་ཞིག་དང་། ༧གོང་ས་མཆོག་གིས་བཀའ་ནན་དེ་འདྲ་ཞིག་ཕེབས་ཡོང་སྐབས་དེ་ཡང་ལྡོག་ཐབས་མེད་པ་ཞིག་རེད། ༧གོང་ས་མཆོག་གིས་བགྲེས་ཡོལ་ཆ་ཚང་གནང་གི་ཡིན་གསུངས་མ་ཐག བོད་ཕྱི་ནང་གཉིས་ཀྱི་སྤྱི་སྒེར་གཉིས་ཐོག་ནས་ཡི་གེ་མང་པོ་ཞིག་བཀའ་ཤག་དང་སྤྱི་འཐུས། སྐུ་སྒེར་ཡིག་ཚང་བཅས་ལ་བསླེབས་འདུག དེར་བརྟེན། བཀའ་སྤྱི་གཉིས་ཐོག་ནས་གསོལ་འདེབས་སྙན་ཞུ་ཕུལ་བ་རེད། ཐེངས་འདིའི་གྲོས་ཚོགས་ནང་སྤྱི་འཐུས་གཅིག་གཉིས་ཤིག་མ་གཏོགས་གསོལ་བ་ཕུར་ཚུགས་སུ་འདེབས་དགོས་ཟེར་ནས་དགོངས་ཚུལ་གཅིག་མཐུན་རེད། དེའི་ནང་ནས་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་ལགས་ཀྱིས་ཁོང་སྒེར་གྱི་རྒྱུ་མཚན་ཞིག་དང་འབྲེལ་ཏེ། སྤྱི་འཐུས་ནས་རྩ་དགོངས་ཞུས་པ་རེད། དེ་ནི་ཁོང་སྔར་༧གོང་ས་མཆོག་ལ་སྐུ་དབང་འབུལ་མཁན་གྲས་སུ་ཚུད་ཡོད་པ་མ་རེད། ད་ཆར་སྐུ་དབང་མེད་པ་བཟོ་སྐབས་ཆ་ཤས་བླང་ན་འགྲིག་གི་མ་རེད་ལ། ད་དུང་གྲོས་ཚོགས་ནང་མུ་མཐུད་བསྡད་ན་དེ་བས་ཚབས་ཆེན་རེད་ཟེར་ནས་སྤྱི་འཐུས་ནས་རྩ་དགོངས་ཞུས་པ་རེད། སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་ལ་མཚོན་ན། ༧གོང་ས་མཆོག་གི་སྐུ་དབང་ལེན་པའི་སྐབས་སུ་གྲོས་ཚོགས་ནང་འདུག་ཐུབ་ས་མ་རེད་ཟེར་ནས་དགོངས་པ་ཞུས་པ་རེད།

 

དྲི་བ། ད་ཆར་བཀའ་སྤྱི་གཉིས་ལས་གྲུབ་པའི་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་ཞིག་བཙུགས་ཡོད་སྟབས། ཚོགས་ཆུང་དེའི་གྲུབ་སྟངས་དང་ལས་དོན་བྱེད་ཕྱོགས། བཅའ་ཁྲིམས་ནང་གི་༧གོང་ས་མཆོག་གི་སྐུ་དབང་བགོ་བཤའ་རྒྱག་ཕྱོགས་གང་འདྲ་ཡོད་དམ།

ལན། ཐེངས་འདིའི་གྲོས་ཚོགས་ནང་གསུང་འཕྲིན་ཐོག་ལས་འཆར་ཚོགས་ཚུང་བཙུགས་ཤིང་། ལས་འཆར་ཚོགས་ཆུང་གི་སྙན་ཐོའི་ཐོག་བགྲོ་གླེང་ཞིབ་ལྷུག་གནང་མཐར་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་འཛུགས་གཏན་འཁེལ་བ་རེད། ཚོགས་ཆུང་དེའི་ནང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་གཉིས་དང་། བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིག སྤྱི་འཐུས་ཚོགས་ཟུར་པད་མ་འབྱུང་གནས་བཅས་མི་ ༥ ཡོད་པ་རེད། ཚོགས་ཆུང་དེའི་ལས་རིམ་ད་ལྟ་འགྲོ་མུས་རེད། ལས་འཆར་ཚོགས་ཆུང་གི་སྙན་ཐོ་དེ་གཞི་རྩར་བཟུང་སྟེ། བཅའ་ཁྲིམས་ནང་གི་༧གོང་ས་མཆོག་གི་སྐུ་དབང་དང་འབྲེལ་བའི་དོན་ཚན་ ༣༩ ཙམ་ཡོད་པ་ཚང་མ་བགོ་བཤའ་རྒྱག་བཞིན་ཡོད་པ་རེད།

ལས་འཆར་ཚོགས་ཆུང་གི་སྒྲོམ་གཞིའི་ནང་མེད་པ་ཞིག་ལ། ༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་ཐུགས་འགན་བཞེས་རྒྱུ་མིན་རུང་། བཅའ་ཁྲིམས་ཀྱི་དོན་ཚན་དང་པོའི་ནང་། རྒྱལ་བ་རིན་པོ་ཆེ་བོད་མིའི་མགོན་སྐྱབས་དང་། བླ་ན་མེད་པའི་དབུ་ཁྲིད་བཅས་སྐུ་དབང་རང་ཆས་སུ་ཡོད་པའི་དོན་ཚན་ ༥ ཞིག་གསལ་ཡོད་པ་རེད། དེ་མིན་བཅའ་ཁྲིམས་ནང་གི་སྐུ་དབང་ཡོངས་རྫོགས་བསྐྱར་བཅོས་འགྲོ་དགོས་སྟབས། གདམ་ཀ་གཉིས་པ་ཞིག་ནི། གསུང་འཕྲིན་ནང་ཡུལ་མིའི་རྒྱལ་ཁབ་ཅེས་བཀོད་ཡོད། ཡུལ་མིའི་རྒྱལ་ཁབ་ཟེར་བ་དེ་དབྱིན་ཡིག་ནང་ Republic ཟེར་བ་དེ་རེད། དེ་ནི་འཛིན་སྐྱོང་བཀའ་ཤག་དང་། ཁྲིམས་བཟོའི་སྤྱི་འཐུས་ལྷན་ཚོགས། ཁྲིམས་ལུགས་དབང་འཛིན་ཆེས་མཐོའི་ཁྲིམས་ཁང་གསུམ་ལ་དབང་ཆ་བགོ་བཤའ་རྒྱག་རྒྱུ་ཙམ་མ་ཡིན་པར། དེའི་སྒང་ལ་མི་གཅིག་བསྐོ་བཞག་བྱ་དགོས་པ་རེད། དེ་འདེམས་སྟངས་དང་མཚན་གང་འདྲ་ཞིག་འདོག་མིན་བསམ་ཞིབ་བྱ་དགོས་པ་ཞིག་རེད། སྤྱི་ཁྱབ་གཙོ་འཛིན་དེས་ཁྲིམས་དང་སྒྲིག་གཞི་བསྐྱར་བཅོས་རིགས་ལ་མཚན་རྟགས་བསྐྱོན་རྒྱུ་དང་། མིང་རྟགས་གཟེངས་རྟགས་རིགས་གནང་རྒྱུ། བཀའ་རྩ་ཁྱབ་བསྒྲགས་གཏོང་རྒྱུ། བཀའ་ཤག་དང་སྤྱི་འཐུས་འཕོ་འགྱུར་གཏོང་རྒྱུ་སོགས་ད་ལྟའི་༧གོང་ས་མཆོག་གི་མཚན་གནས་རྗེས་འབྲེལ་གྱི་སྐུ་དབང་རྣམས་འཁྱེར་ཆོག་དང་མི་ཆོག དེ་བཞིན། མི་དེ་གཅིག་པུས་ཐག་གཅོད་ཆོག་པ་ཞིག་ཀྱང་མིན་པར་གྲོས་བསྡུར་གནང་དགོས་པ་བཅས་ལ་ང་ཚོས་ད་ལྟ་གོ་བསྡུར་བྱེད་མུས་ཡིན། ང་ཚོའི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཟིན་བྲིས་དེ་ཕྱི་ཟླ་ ༤ ཚེས་ ༡༡ ནང་ཚུན་ལ་ཚོགས་དྲུང་ལས་ཁུངས་ལ་འབུལ་ཐུབ་དགོས་པ་རེད། དེ་དག་གང་མགྱོགས་བརྒྱུད་ལམ་ཁག་ལ་འགྲེམས་རྒྱུ་དང་། དུས་ཚོད་བྱུང་བ་ཡིན་ན་ང་ཚོའི་ཚོགས་ཆུང་གི་ཚོགས་མི་ས་གནས་སུ་བསྐྱོད་དེ་མང་ཚོགས་ལ་འགྲེལ་བཤད་རྒྱག་རྒྱུ་བཅས་ཀྱི་ལས་རིམ་བསྒྲིགས་ཡོད།

 

དྲི་བ། བཙན་བྱོལ་བོད་གཞུང་འདི་གྲོས་ཚོགས་ལམ་ལུགས་ཀྱི་དམངས་གཙོའི་གཞུང་ཞིག་ཡིན་ཟེར་གྱི་ཡོད་པ་རེད། སྐུ་ཉིད་ཀྱིས་གོང་དུ་གསུངས་པའི་སྤྱི་ཁྱབ་གཙོ་འཛིན་ཟེར་བ་ཞིག་བདམས་པ་ཡིན་ན། སྲིད་འཛིན་ལམ་ལུགས་ཀྱི་གཞུང་ཞིག་གི་ངོ་བོར་འགྱུར་སོང་བ་མ་རེད་དམ།

ལན། སྤྱིར་བཏང་ད་ལྟའི་ཆར་ལས་རིམ་འགྲོ་བཞིན་པ་ཡིན་སྟབས། ངས་ཆ་ཚང་པ་ཞིག་ཞུ་ཐུབ་ཀྱི་མི་འདུག་མོད། འོན་ཀྱང་མང་ཚོགས་ཀྱིས་ཤེས་དགོས་པ་དེའང་གལ་ཆེན་པོ་རེད། དཔེར་ན། ཁྲིམས་ལུགས་གཏན་འབེབས་བྱས་པ་ཁག་ལ་ད་བར་༧གོང་ས་མཆོག་གིས་མཚན་རྟགས་སྐྱོན་གྱི་ཡོད་པ་རེད། གྲོས་ཚོགས་ཀྱིས་ཁྲིམས་ལུགས་གཏན་འབེབས་བྱས་ཏེ། བཀའ་བློན་ཁྲི་པས་མཚན་རྟགས་བསྐྱོན་པ་ཡིན་ན། དེ་ཏག་ཏག་ཅིག་བསྡད་ཡོད་པ་མ་རེད། བཀའ་བློན་ཁྲི་པ་དེ་ལ་འོས་བླུག་རྒྱུའི་ཐོབ་ཐང་མེད་ཀྱང་། གྲོས་ཚོགས་ཀྱི་ཆ་ཤས་ཤིག་ཆགས་ཀྱི་ཡོད་སྟབས། གྲོས་ཚོགས་ཀྱིས་གཏན་འབེབས་ཟིན་པའི་ཁྲིམས་ལུགས་ཤིག་ལ་འདི་འགྲིག་གི་མི་འདུག་བསྐྱར་དུ་ཐུགས་ཞིབ་གནང་དགོས་ཀྱི་འདུག་ཟེར་བ་དེ་འདྲ་བྱུང་བ་ཡིན་ན། བཀའ་སྤྱི་གཉིས་བར་ཡག་པོ་ཡོང་གི་མ་རེད། ཡང་ཁྲིམས་ཞིབ་པ་ཆེ་བའི་ལག་ཏུ་བཞག་པ་ཡིན་ན། ང་ཚོའི་ཁྲིམས་ཞིབ་ཁང་དེ་མི་མང་གནད་དོན་ཐག་གིས་གཅོད་མཁན་ཙམ་དུ་མ་ཟད་བཅའ་ཁྲིམས་དང་སྒྲིག་གཞི་ཁག་ལ་འགྲེལ་བཤད་རྒྱག་མཁན་ཞིག་ཀྱང་ཆགས་ཀྱི་ཡོད་སྟབས། མཚན་རྟགས་རྒྱག་མཁན་ཁྲིམས་ཞིབ་པ་དང་། དེ་ལ་འགྲེལ་བཤད་རྒྱག་མཁན་ཡང་ཁྲིམས་ཞིབ་པ་ཆགས་ན། དྲང་པོ་ཆགས་ཐུབ་མིན་ལ་དཀའ་ངལ་ཞིག་ཡོང་གི་རེད། དེ་བཞིན། བཀའ་བློན་ཁྲི་པའི་གཙོས་པའི་བཀའ་བློན་རྣམ་པས་ཁྲིམས་ཞིབ་པ་ཆེ་བར་དམ་བཅའ་འབུལ་ཆོག་ཀྱང་། ཁྲིམས་ཞིབ་པ་ཆེ་བ་བསྐོ་བཞག་སྐབས་སུ་ལ་དམ་བཅའ་འབུལ་དགོས་པ་རེད། བཀའ་ཤག་ལ་འཕོ་འགྱུར་གཏོང་སྐབས་སྤྱི་འཐུས་ཀྱིས་གཏོང་ཆོག་ཀྱང་། སྤྱི་འཐུས་ལ་འཕོ་འགྱུར་གཏོང་སྐབས་སུ་ཞིག་གིས་གཏོང་དགོས་པ་རེད། ད་ཆར་ང་ཚོས་༧གོང་ས་མཆོག་གི་སྐུ་དབང་ནང་ལོགས་ནས་ཁྲིམས་ཀྱི་ནུས་པ་ཡོད་པ་ཁག་དམངས་གཙོའི་ཀ་བ་གསུམ་ཀའི་སྟེང་ལ་བགོ་བཤའ་རྒྱག་གི་ཡོད་ཀྱང་། སྲིད་འཛིན་གྱི་ངོ་བོ་དང་སྤྱི་ཁྱབ་གཙོ་འཛིན་གྱི་ངོ་བོ་ཞིག་མེད་པ་ཡིན་ན། བཀའ་རྩ་ཁྱབ་བསྒྲགས་སུ་ཞིག་གིས་གཏོང་དགོས་པ་རེད། བཀའ་བློན་ཁྲི་པ་དེ་མི་མང་ཁྱོན་ཡོངས་ནས་ཐད་ཀར་བདམས་ཐོན་བྱུང་ཡོང་བ་ཞིག་རེད། བཀའ་བློན་ཁྲི་པ་ལས་དབང་ཚད་ཆེ་བ་བཟོས་ན་འགྲིག་གི་མེད་ཀྱང་། གོ་གནས་ཀྱི་དབང་གིས་དེ་འདྲ་ཞིག་གི་ལམ་ཁ་བཟོས་ཤིང་། སྤྱི་ཁྱབ་གཙོ་འཛིན་དེ་ཁྲིམས་དཔོན་རྣམ་པ་དང་བཀའ་བློན་རྣམ་པ། དེ་བཞིན་སྤྱི་འཐུས་རྣམ་པ། དེའི་སྒང་ལ་ས་གནས་གྲོས་ཚོགས་བཅས་ནས་འོས་བསྡུའི་ལམ་ནས་འདེམས་རྒྱུའི་ལམ་ཁ་ཞིག་བཟོས་ཏེ། དེ་ལ་མི་མང་གི་བསམ་ཚུལ་བསྡུ་བ་དང་། རྒྱལ་ཡོངས་ཚོགས་ཆེན་སྐབས་གོ་བསྡུར་གནང་བ་ཡིན་ན་ལམ་ཁ་ཞིག་བརྙེད་ཡོང་གི་རེད་བསམ་ཡོད།

 

དྲི་བ། ཐེངས་འདིའི་སྤྱི་འཐུས་གྲོས་ཚོགས་ནང་༧གོང་ས་མཆོག་གི་གསུང་འཕྲིན་དགོངས་དོན་ལ་ངོས་བཞེས་གནང་ཟིན་པ་མ་ཟད། བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་བསྐོ་བཞག་དང་། ༧གོང་ས་མཆོག་ལ་སྐྱབས་འཇུག་ཞུ་རྒྱུའི་དོན་གནད་འགའ་ཡང་གྲ་སྒྲིག་ཟིན་ཡོད་པ་རེད། དེས་ན་བོད་རྒྱལ་ཡོངས་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་གྱི་དགོས་དམིགས་གང་ཡིན་ནམ།

ལན། བོད་རྒྱལ་ཡོངས་གཞུང་མང་ཚོགས་ཆེན་ཐེངས་གཉིས་པ་འཚོགས་རྒྱུ་གཏན་ཁེལ་ཚར་བ་རེད། ཚོགས་ཆེན་དེའི་ལས་འགན་གང་རེད་ཟེར་ན། ༧གོང་ས་མཆོག་གི་གསུང་འཕྲིན་ནང་། བཅའ་ཁྲིམས་ནང་གི་མཚན་གནས་རྗེས་འབྲེལ་ཡོངས་སུ་རྫོགས་པ་བསྐྱར་བཅོས་བྱ་དགོས་པའི་བཀའ་གནང་ཡོད། དེ་བཞིན་ཆབ་སྲིད་དང་སྤྱི་ཚོགས་ཀྱི་འགན་དེ་མི་མང་གིས་འོས་འདེམས་བྱས་པའི་མགོ་ཁྲིད་དེས་འཁུར་དགོས་ཞེས་བསྟན་ཡོད། འོན་ཀྱང་༧གོང་ས་མཆོག་དང་བོད་མི་མང་བར་གྱི་འབྲེལ་བ་དེ་མུ་མཐུད་གནས་དགོས་པ་དང་། ༧གོང་ས་མཆོག་གི་སྤྱིར་བཏང་སྐུ་ཚབ་ཕྱི་རྒྱལ་དོན་གཅོད་ཁག་དང་། བོད་རྒྱ་འབྲེལ་མོལ་ཐད་ཀྱི་དམིགས་བསལ་སྐུ་ཚབ་རྣམ་གཉིས་སོགས་མུ་མཐུད་༧གོང་ས་མཆོག་གིས་གནང་ཆོག་པ། བོད་པའི་རྩ་དོན་དང་གནད་དོན་གལ་ཆེན་རིགས་ལ་༧གོང་ས་མཆོག་གིས་བཀའ་ཤག་དང་སྤྱི་འཐུས་ལ་ལམ་སྟོན་ཕེབས་དགོས་པ། དེ་བཞིན། ཆེས་མཐོའི་མི་སྣ་ཁག་དང་མཇལ་འཕྲད་སོགས་ཀྱི་ལམ་ཁ་ཞིག་བཟོ་བཞིན་ཡོད་པ་རེད། དེ་དག་ཐོག་རྒྱལ་ཡོངས་ཚོགས་ཆེན་སྟེང་བགྲོ་གླེང་བསམ་ཚུལ་བསྡུས་དེ། བཅའ་ཁྲིམས་ནང་འགོད་ཆོག་རྒྱུར་སྐྱབས་འཇུག་ཞུ་དགོས་པ་རེད། ཕྱི་ཚེས་ ༢༡ ནས་ ༢༣ བར་ཚོགས་ཆེན་ཚོགས་ཏེ། ཚེས་ ༢༤ ཉིན་༧གོང་ས་མཆོག་ལ་སྙན་སྒྲོན་ཞུ་དགོས་པ་རེད། གོང་གི་གནད་དོན་དེ་དག་ལ་༧གོང་ས་མཆོག་གིས་ཞལ་བཞེས་ཐོབ་སོང་བ་ཡིན་ན། ཚེས་ ༢༥ ཉིན་ནས་སྐབས་བཅུ་བཞི་བའི་གྲོས་ཚོགས་ཚོགས་དུས་འཕར་མ་ཞིག་ཚོགས་ཏེ་ཉིན་གསུམ་རིང་ད་ལྟ་ང་ཚོས་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཟིན་བྲིས་འདེབ་བཞིན་པ་དེ་དག་གཏན་འབེབས་བྱ་དགོས་པ་རེད། དེ་དག་ལེགས་པར་འགྲུབ་པའི་རྗེས་ལ་ཚེས་ ༣༠ ཉིན་སྤྱི་འཐུས་གསར་པ་ཚོས་དམ་འབུལ་ཞུ་རྒྱུ་དང་། ཕྱི་ཟླ་ ༦ ཚེས་ ༡ ཉིན་ནས་མུ་མཐུད་གྲོས་ཚོགས་ཚོགས་ཏེ་བཅའ་ཁྲིམས་བསྐྱར་བཅོས་བྱས་ཡོད་པ་ལྟར་སྒྲིག་གཞི་ཁག་བསྐྱར་བཅོས་གནང་དགོས་པ་རེད།

 

དྲི་བ། ༧གོང་ས་མཆོག་ལ་བོད་པའི་ཆབ་སྲིད་ཀྱི་སྐུ་དབང་མེད་པར་བཟོས་པ་ཡིན་ན། ༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་རྣམ་གཉིས་བརྒྱུད་བོད་རྒྱའི་འབྲེལ་མོལ་མུ་མཐུད་གནང་ཐབས་ཡོད་མེད་དང་། ༧གོང་ས་མཆོག་གི་མཚན་ཐོག་ན་ཡོད་པའི་ཕྱི་རྒྱལ་སྐུ་ཚབ་དོན་གཅོད་ཁག་དང་། ལྷག་པར་དུ་རྒྱ་གར་གཞུང་གིས་བཙན་བྱོལ་བོད་གཞུང་ལ་ལྟ་སྟངས་ཐད་དོ་ཕོག་འདྲ་འགྲོ་སྲིད་དམ། 

ལན། ད་ལྟ་ང་ཚོའི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཟིན་བྲིས་ནང་། ༧གོང་ས་མཆོག་གི་སྤྱིར་བཏང་སྐུ་ཚབ་དང་དམིག་བསལ་སྐུ་ཚབ་སྐོར་ལ། ཉེ་སྔོན་ལས་འཆར་ཚོགས་ཆུང་གི་སྙན་ཐོའི་ནང་བཀོད་ཡོད་པ་དེ་ལྟ་བུ་ཞིག་གནས་བསྡད་ཡོད་པ་རེད། འོན་ཀྱང་། ༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་བརྒྱུད་དེ་བོད་རྒྱ་འབྲེལ་མོལ་གྱི་གནས་སྟངས་གང་འདྲ་ཆགས་མིན་དེ་བཅའ་ཁྲིམས་བསྐྱར་བཅོས་གཏན་འབེབས་ཚར་ན་མ་གཏོག་བཤད་ཐུབ་ས་མ་རེད། ལྷག་པར་དུ་ང་གྲོས་ཚོགས་ཀྱི་ཚོགས་གཙོའི་ངོས་ནས་འདིའི་སྐོར་གསལ་བོར་བཤད་ཐུབ་པ་ཞིག་ཀྱང་མ་རེད། ཕྱི་རྒྱལ་སྐུ་ཚབ་དོན་གཅོད་ཁག་ལ་དམིགས་བསལ་འགྱུར་བ་འགྲོ་ཡི་མ་རེད་བསམ་ཡོད། བཙན་བྱོལ་བོད་གཞུང་ཟེར་བ་དེ་ལ་འཛམ་གླིང་གི་རྒྱལ་ཁབ་སུ་གང་གིས་ཀྱང་ངོས་ལེན་ཡོད་པ་མ་རེད་ལ། རྒྱ་གར་གཞུང་གིས་ཀྱང་ད་བར་ ( Center Tibet Administertion)  ཞེས་༼ དབུས་བོད་མིའི་འཛིན་སྐྱོང་ལྷན་ཚོགས ༽ཞེས་འབྲེལ་བ་བྱེད་ཀྱི་ཡོད་པ་རེད། ཐེངས་འདིར་བཅའ་ཁྲིམས་ནང་དུ་ཡང་དེ་དང་འདྲ་བོ་ཞིག་བཟོས་ཡོད་པ་རེད། དེ་བཞིན། ༧གོང་ས་མཆོག་སྐུ་འཚོ་བཞུགས་རིང་། བོད་གཞིས་བྱེས་བར་གྱི་འབྲེལ་ལམ་དང་། ཕྱིའི་རྒྱལ་ཁབ་ཁག་གིས་བཙན་བྱོལ་བོད་གཞུང་ལ་ལྟ་སྟངས་ལ་འགྱུར་བ་འགྲོ་ཡི་མ་རེད་བསམ་ཡོད། དེའི་རྗེས་ཀྱི་གནས་སྟངས་ད་ལྟ་བཤད་ཁག་པོ་རེད།

 

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

འཕྲུལ་རིག་སྐད་བརྡའི་འཇུག་སྒོ། ཕེ་ཊོན་ (Python) ཞེས་པའི་དཔེ་དེབ། ༢༠༢༥།༦།༣༠
Mobile App

འཕྲུལ་རིག་སྐད་བརྡའི་འཇུག་སྒོ་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

ཆུ་ཚོད་ ༡༣ སྔོན་ལ།
ལོ་རྗེས་མར་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་སུ་ཨ་ཕའི་རྐང་སྤོལ་རྩེད་འགྲན་འཚོག་རྒྱུ་ཡིན་འདུག ༢༠༢༥།༦། ༣༠ ཨ་ཕ་རྐང་སྤོལ་ཚོགས་པའི་པར།
Mobile App

རྡོ་རྗེ་གླིང་གཡག་རུ་ཁག་ལ་འདི་ལོའི་ཨ་ཕ་གསེར་གྱི་བུམ་པའི་རྟགས་མ་ཐོབ་སོང་།

ཆུ་ཚོད་ ༡༤ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༦/༣༠
 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

༢༠༢༥/༠༦/༢༧
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧

མཆན། 11

  1. བཛྲ་སུ་མ་ཏི། says:
    ལོ་ 14 སྔོན།

    སྤྱི་ཁྱབ་གཙོ་འགན་དེ་ཟམ་གདོང་བླ་མ་དང་དེ་ཕྱོགས་གཏོག་གིས་ཟམ་གདོང་བླ་མ་འཇོག་རྒྱུའི་ཆེད་དུ་བཏོན་གྱི་ཡོད་པ་རེད། དེ་མ་གཏོགས་སྤྱི་ཁྱབ་གཙོ་འགན་ཞེས་པ་ཞིག་༧གོང་ས་མཆོག་ནས་དགོངས་པ་མེད་པ་དངོས་གསལ་རེད། དགོས་ངེས་ཀྱང་མེད་། ལྷག་པར་དུ་དེང་གི་གནས་སྐབས་སུ་དགོས་ངེས་མེད།

    Reply
  2. སྨར་ཀླུང་དཔའ་ལ། says:
    ལོ་ 14 སྔོན།

    སྤྱིར་ཆོས་དང་སྲིད་གཉིས་ཕྱི་ཡི་རྒྱལ་ཁབ་རྣམས་ལ་ལྟོས་ན་དངོས་འགལ་ཞིག་ཡིན་རུང་འཛམ་གླིང་རྒྱལ་ཁབ་གང་དང་ཡང་མི་འདྲ་བ་ཁ་བ་གངས་ཅན་བོད་པ་ཞེས་པ་འདི་ནི་རྒྱ་ཆ་དགུ་བཅུ་གོ་དགུ་ཆབ་ཚང་ནང་པ་སངས་རྒྱས་པའི་རིང་ལུགས་འཛིན་མཁན་ཡིན་དུས་བོད་ཀྱི་སྲིད་འདི་གཞན་གྱི་སྲིད་སྐྱོང་དང་མི་འདྲ་བར་ཆོས་མེད་རྒྱ་མི་དམར་པོས་ཀྱང་མི་རིགས་དེ་ཉིད་ཀྱི་ཆེད་དུ་བོད་ཀྱི་བླ་མ་ཆེ་གེ་མོ་ཞིག་ལ་ཆོས་ཀྱི་བྱེད་སྒོ་ལ་བསྙད་ནས་སྲིད་ཀྱི་གདམ་ཀ་བླ་མ་དང་ཆོས་ལ་གཏེར་དགོས་པ་འབྱུང་སོང་བ་ཀུན་གསལ་བཞིན།
    བཙན་བྱོལ་བ་འདི་ད་ལྟ་འགྱེལ་ས་ནས་ལང་ཐུབ་པ་དང་ཤི་ཚར་གྲབ་དེ་གསོན་པོར་གནས་ཐུབ་པ་འདི་བོད་ཀྱི་ཐུན་མོངས་མ་ཡིན་པའི་ཆོས་ཀྱི་སྒོ་ནས་དབུ་ཁྲིད་༧གོང་ས་མཆོག་གི་གཙོས་པའི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུ་དྲུང་བོན་བཅས་ཀྱི་སྐྱེས་ཆེན་དམ་པ་གཅིག་ལས་གཅིག་གི་མཛད་པ་དང་ཕྲིན་ལས་རླབས་ཆེ་བ་འཛམ་གླིང་ས་སྒང་རིལ་པོ་འདི་སྒང་ལ་རྒྱལ་ཁབ་སུ་ལ་ཡང་བྱུང་མྱོང་མེད་ལ་འབྱུང་བར་མི་འགྱུར་བའི་སྐྱེས་བུ་དམ་པ་ཡིད་བཞིན་གྱི་ནོར་བུ་ལྟ་བུ་འདི་རྣམས་ཀྱི་བཀའ་དྲིན་ལ་བསྟེན་ནས་བོད་གཞིས་བྱས་གཉིས་དང་ལྷག་པར་དུ་ཡུལ་གྱར་བའི་བོད་མི་ཚང་མ་ཅུང་ཙམ་མགོ་བོ་གྱེན་དུ་འདེགས་ཐུབ་པ་དང་བོད་ཀྱི་ཆོས་རིག་ལྷར་གསོ་བྱེད་ཐུབ་པའི་བྱ་བ་དྲོད་སབ་སབ་མཐའ་དག་སྐྱེས་ཆེན་དམ་པ་ཁོང་རྣམས་ཀྱི་བཀའ་དྲིན་ཉག་གཅིག་ལས་བརྟེན་ནས་བྱུང་ཡིན་གྱི་མ་གཏོག
    སྐྱེས་ཆེན་དམ་པ་འདི་ཚོ་མ་ཡིན་པའི་བཟའ་མོ་ཉོག་བཤར་གཅིག་གི་དང་པོ་རིག་གཞུང་སླར་གསོ་ཞིག་དང་ཕར་ཞོག་རང་ཁ་རང་གི་གསོ་མི་ཐུབ་པའི་གནས་སྟང་ཞིག་གི་འོག་ཏུ་ཚུད་མི་འདུག་པའི་བདེན་དཔང་སུ་ལ་སྟོན་རྒྱུ་ཡོད་དམ།
    བོད་ཆོས་ལྡན་གྱི་རྒྱལ་ཁབ་ལ་ཆོས་ཞེས་པའི་མིང་འདི་ཉིད་ཀྱི་ནང་དུ་ལས་བཞིའི་བྱ་ཐབས་ཆ་ཚང་ཞིག་ཡོད་དུས་གལ་སྲིད་གོང་ས་མཆོག་གི་སྐུ་དབང་གི་ཕྱག་ལས་ཕྱི་ནང་ཀུན་ཀྱི་༧རྒྱལ་དབང་ཀརྨ་པའམ་ས་སྐྱ་༧བདག་ཁྲི་རིན་པོ་ཆེ་ལྟ་བུ་ཞིག་ལ་མཚན་སྙན་མ་ཕུལ་ན་འདི་ཚོ་གོང་ལས་ལྷག་པའི་གཞིས་བྱེས་གཉིས་ཀྱི་བློ་ཕུག་གཏོད་ས་དང་ཡིད་ཆེས་ཁེལ་ཐུབ་པ་བོད་མི་སུ་འདྲ་ཞིག་ཡོད་དེ། མཛུབ་མོ་ལྔ་ལ་གྲངས་ཀ་མ་ཐེབ་པ་ཞིག་མི་འདུག་སྙམས། སྤྱིར་བླ་མས་སྲིད་སྐྱོངས་ཞེས་ལབ་དུས་ནས་ན་གཞོན་ཕོ་མོ་ཚོར།
    ཕྱི་མིའི་ཤན་ཞུགས་པའམ་འཇོན་ཐང་དང་ཤིས་ཡོན་ཆེ་དྲག་ནས་ཡིན་ན་མི་ཤེས། མི་འདོད་པའི་རྣམ་འགྱུར་ཤུགས་ཆེར་བསྟན་པའི་བཟོ་འདྲ་པོ་འདུག་པ་འདི་ཚོ་ནི། ཙི་ཙི་ལ་ཁྲོ་བ་ལངས་ནས། ཕ་གཞིས་མེ་ལ་བསྲེག་པ་དང་སྒོ་ཀུན་ནས་མཚུངས་ཀྱི་འདུག་པས། མི་རིགས་རང་ཉིད་ཀྱི་ཁེ་ཕན་ལ་དཔྱད་ཤེས་ནན་པོ་གཞན་དང་མ་འདྲ་བ་ཞིག་བཏང་ནས་བསམ་འཆར་འདོན་དགོས་པ་ནི་ཤིན་ཏུ་གལ་ཆེ་བར་འདུག དེ་འདྲ་ཡིན་དུས་གནས་དུས་ཀྱི་གང་ཅིར་འགྱུར་བ་ནི་ངོས་ཀྱི་རྔོ་མི་ཐོགས་ཀྱང་དེ་འདྲའི་མཚན་སྙན་དེ་གངས་ཅན་བོད་ཀྱི་ལྗོངས་འདིར་ཆོལ་ཆོས་འཐེན་ཁྱེར་གྱི་མ་ལྷད་པར་བོད་མི་རིགས་ཀྱི་གཙུག་རྒྱན་དུ་ཉི་ཟླ་སྐར་གསུམ་ཞེས་དེང་གི་དུས་སུ་ཡོངས་གྲགས་ལ་གང་ཅིའི་ཐད་དེ་ཡི་འོས་ནི་༧རྒྱལ་བའི་དབང་པོ་ཀརྨ་པ་འདི་དང་ས་སྐྱ་༧གོང་མ་བདག་ཁྲི་རིན་པོ་ཆེ་རྣམ་གཉིས་གང་རུང་ལས་ལྷག་པ་ཞིག་མེད་རུང་།
    བསམ་འཆར་ལ་ལྟོས་ན་ཕལ་ཆེར་བོད་བླ་མས་ཕུང་སོང་བ་ལྟ་བུ་འདི་རིགས་དུས་གཏན་དུ་བྱེད་མི་རུང།
    བོད་ཀྱི་སྐྱ་སེར་གཉིས་ནི་མིང་གི་ཁྱད་པར་ཙམ་ལས་དོན་ངོ་མའི་རིག་སྐྱོང་ཐོག་ནས་ཁྱད་པར་ཏིལ་གྱི་འབྲས་བུ་ཙམ་མེད་པ་ངས་ཚིག་ཐག་ཆོད་པོས་བཤད་ཀྱི་ཡོད།

    Reply
  3. སྨྱུག་གསར། says:
    ལོ་ 14 སྔོན།

    མ་གཞི་ནས་བོད་རྒྱལ་ཡོངས་གཞུང་མང་ཚོགས་ཆེན་འདི་ཉེན་ཁ་ཅན་ཞིག་རེད། ཚོགས་ཆེན་དེའི་ནང་ལ་དད་པའི་སྟོབས་ལས་རིག་པས་དཔྱོད་མི་ཤེས་པའི་སྐུ་ཚབ་མང་པོ་ཞིག་ཐོན་ཡོང་གི་རེད། དེ་དག་གིས་གོང་ས་མཆོག་གིས་ཐུགས་འགན་མ་འཁུར་བ་ཡིན་ན། ཡང་སྤྲུལ་མིང་འཛིན་པའམ་དགེ་བཤེས་གང་རུང་ཞིག་ལ་གསོལ་བ་འདེབས་ཐག་ཆོད་རེད། ༧གོང་ས་མཆོག་གིས་དགྲེས་ཡོལ་ཞུས་ཟིན་པའི་ཉིན་དེ་ནས། བོད་པའི་བླ་མའམ་སྤྲུལ་སྐུ་དེ་དག་སྲིད་ཀྱི་གར་སྟེགས་སུ་མི་ཡོང་བའི་རེ་བ་ཧ་ཅང་ཆེ། རྒྱུ་མཚན་དེ་དག་གིས་༧གོང་ས་མཆོག་གནང་བཞིན་བྱེད་མི་ཐུབ་པ་གཏན་ཁེལ་ཚར་རེད།

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    འགོང་ས་མཆོག་ནི། བླ་ན་མེད་པའི་བླ་མ་ཡིན་པར་རྩ་ཁྲིམས་ནང་ལ་བཀོད་ནས། སྲོང་བཙན་སྲས་བརྒྱུད་ལ་མཚན་རྟགས་འགོད་བཅུགས་ནའང་། མི་འཚམ་པ་མི་འདུག་སྙམ་མོ། བོད་རྒྱལ་ལོ། །

    Reply
  5. གནས་ཚང་། says:
    ལོ་ 14 སྔོན།

    ཡང་དག་པའི་མང་གཙོའི་གསོལ་རས་འདི་ཡང་མ་དག་པའི་ཚོགས་གཙོས་བརླག་ཉེན་ལ་ཐུག་འདུག ད་ཚང་མ་ལོས་བསམ་བློ་ཡག་པོ་ཐོངས།

    གོང་ས་མཆོག་གི་ཡེ་ཤེས་དབྱིངས་ལས་ཡག་ག་ཞིག་ཡོད་མི་སྲིད་པས། ཁོང་གི་ཐུགས་རེ་བཞིན་བཅའ་ཁྲིམས་ལ་འགྱུར་བ་གཏོང་གལ་ཆེ་བ་ལས་དགྲ་དགའ་གཉེན་སྡུག་གི་ལམ་ནང་མི་འཁྲིད་རྒྱུ་ཧ་ལས་པའི་གལ་ཆེན་རེད།

    དེ་ལྟ་མ་ཡིན་ཚེ་རྒྱ་མིས་གོང་ས་མཆོག་གིས་འཁྲབ་སྟོན་གནང་གི་འདུག་ཅེས་པ་བདེན་ཐོག་ཏུ་བསྐྱལ་ཡོད་པས། བོད་དོན་ལ་བསམ་བློ་གཏོང་མཁན་དང་ཡེ་ཤེས་དབྱིངས་དཔྱད་བརྩི་མཁན་ཚང་མས་ངེས་པར་དུ་བཤད་སྟངས་འདི་རིགས་ལ་གདོང་ལེན་བྱེད་རན་འདུག

    ཨ་རིའི་ཁྲིམས་དཔོན་ཆེན་མོའི་སྐོར་གྱི་ཁྲིམས་འཛིན་རྩ་ཚིག་འདིར་ཟུར་ལྟ་གནང་རོགས།

    When the President of the United States is tried, the Chief Justice shall preside.
    (ཨ་རིའི་སྲིད་འཛིན་ལ་ཁྲིམས་ཞིབ་གནང་སྐབས། ཁྲིམས་དཔོན་ཆེན་མོས་གཙོ་སྐྱོང་གནང་དགོས། ) འདི་འདྲ་ཞིག་མིན་འགྲོ ཏག་ཏག་ཅིག་བསྡད་ཡོད་མེད་མི་ཤེས།

    Reply
  6. རྭ་ལོ། says:
    ལོ་ 14 སྔོན།

    མཚན་རྟགས་འགོད་མཁན་ཡག་ཤོས་དེ་ལྷ་རྒྱལ་རིའི་སྲས་ཡིན་ས་རེད། སྲོང་བཙན་སྒམ་པོའི་ཤ་ཁྲས་རུས་གསུམ་གྱི་བརྒྱུད་པ་མ་འཁྲུལ་བ་དེ་རེད།

    Reply
  7. སྤང་མདའ་སྟོབས་རྒྱས། says:
    ལོ་ 14 སྔོན།

    སྤྱི་ཁྱབ་གཙོ་འཛིན་དེ་རྒྱལ་བ་དོན་གྱི་བདག་པོ་ཁོང་ལ་གསོལ་བ་ངེས་པར་དུ་འདེབས་དགོས།
    ཅི་སྟེ་ཞལ་བཞེས་མ་གནང་ཚེ་འོས་བསྡུའི་ལམ་ནས་འགྲོ་ཐུབ་ཚེ་བོད་པ་ཚང་ལ་ཕུག་གི་ཁེ་ཕན་དེ་ཆེ་བ་ལྟ་བུ་ཞིག་མངོན།

    Reply
  8. དགེ་བཤེས་སྨོན་ལམ་མཐར་ཕྱིན། says:
    ལོ་ 14 སྔོན།

    གསར་འགོད་པ་ལགས། (བཀའ་ཤག་གིས་ཡང་བསྐྱར་ཞིབ་འཇུག་ཅིག་བྱས་ཏེ་བོད་མི་མང་སྤྱི་འཐུས་སྔོན་རྩིས་ཆབ་སྲིད་ཚོད་དཔག་ཚོགས་ཆུང་ལ་ཕུལ་ཏེ།) ཞེས་བྲིས་འདུག་པས་དོན་དངོས་(སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་)ཞེས་འབྲི་དགོས།
    ཡང་། (རྙིང་མའི་སྤྱི་འཐུས་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་དང་)ཞེས་བྲིས་འདུག་པས་དོན་དངོས་(མདོ་སྟོད་སྤྱི་འཐུས་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལདང་)ཞེས་འབྲི་དགོས། རྙིང་མའི་སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་དང་། རྒྱ་རི་བུ་ཕྲུག་གཉིས་རེད།

    Reply
  9. ལྐོག་ཤེས་ says:
    ལོ་ 14 སྔོན།

    སྤྱི་ཁྱབ་གཙོ་འཛིན་ནི་དབྱིན་ཇི་རྒྱལ་ཁབ་ཡིན་ན་རྒྱལ་མོ་རེད། རྒྱ་གར་ཡིན་ན་སྲིད་འཛིན་རེད། ང་བོད་རྒྱལ་ལ་་རྒྱལ་བ་རིན་པོ་ཆེ་ནས་ངེས་བར་ཏུ་གནང་དགོས་བ་རེད། ཁོང་ལ་ཨུ་ཚུགས་བྱེད་དགོས་པ་རེད།གལ་སུ་མ་བྱུང་ན་རྒྱལ་བ་ཀརྨ་བ་ཚང་་བཞུགས་འབུལ་ཞུ་དགོས་རེད།
    བོད་རྒྱལ་་ཁབ་ཆེན་པོ་ཟེར་བ་ལས་བོད་ཡུལ་མིའི་རྒྱལ་ཁབ་བམ་བོད་སྤྱི་མཐུན་Republicརྒྱལ་ཁབ་ཟེར་བ་ཞིག་དགོས་མཁོ་མི་འདུག་བསམ་གི དེ་ལས་བོད་མང་གཙོའི་རྒྱལ་ཁབ་ཟེར་ན་ཡག་ག

    Reply
  10. བཟོད་པ་ལྷ་རྩེ། says:
    ལོ་ 14 སྔོན།

    ཆབ་སྲིད་པ་ཞིག་ཡིན་ན་ཆབ་སྲིད་ཐོག་གདེངས་ཚོད་གང་མཚམས་དགོས་ཀྱང་། ང་ཚོའི་ཚབ་སྲིད་པ་ལ་གདེངས་ཚོད་རྩ་བ་ནས་མིན་འདུག་

    Reply
  11. ཅོ་རི་ཉི་མ། says:
    ལོ་ 14 སྔོན།

    སུད་སི་བོད་མི་རྣམས་ཀྱིས་རང་བཙན་ལག་དེབ་འབུལ་ཕྱོགས་སྐོར་ཟུར་ཞུ་འདོད་པ་ནི་་་་བོད་མི་ལས་ཀ་ཡོད་མཁན་ཚོས་ལོ་རེ་ལ་སུད་སྒོར་༡༤༤དང་། ལས་མེད་རྣམས་ཀྱིས་༦༤ཕུལ་གྱི་ཡོད། ཧུན་སྒོར་ཐོག་ཏུ་བསྒྱུར་ན་སྒོར་༦༠༠༠ཙམ་བསླེབས་ཀྱི་རེད།

    ལུང་པ་སྐྱོ་བོ་རྒྱ་གར་དང་བལ་ཡུལ་བསྡད་མཁན་ཚོས་དེ་འདྲ་འབུལ་ཐུབ་ཀྱི་མེད་པ་རེད། ཡོང་འབབ་མེད་ན་དཔྱ་དངུལ་འབུལ་ཐུབ་ཀྱི་མ་རེད་འདོད།

    ཨ་རི་དང་ཁ་ན་ཊ་སོགས་ཀྱི་བོད་མི་རྣམས་ཀྱི་ག་ཚོད་སྤྲད་ཀྱི་ཡོད་མེད་མི་ཤེས། གཙོ་བོ་ཡུང་རོ་དང་ཨ་མེ་རི་ཀའི་ནང་གི་བོད་མི་ཚོས་དཔྱ་དངུལ་ཡག་པོ་འབུལ་ཐུབ་ཀྱི་རེད་འདོད།

    དངུལ་དགོས་ན་ཕྱི་རྒྱལ་ལ་གཏོང་རོགས་བྱོས་དང་། བཙན་བྱོལ་བོད་གཞུང་རང་འགོ་རང་ཐོན་ཡོང་གི་རེད་འདོད། རྒྱ་གར་ལུང་པའི་ནང་དུ་ཞིང་ལས་དང་བལ་གོས་ཚོང་ལས་བྱེད་ནས་དཔྱ་དངུལ་མཐོ་པོ་ཕུལ་གྱི་མ་རེད་འདོད།

    དེ་ལས་སྐྱོ་བ་གསར་འབྱོར་བ་སྒོར་རྡོག་༡༠༠༠་ཨམ་ཕྲག་ནང་མེད་མཁན་ཚོས་དཔྱ་དངུལ་ག་འདྲ་འབུལ་ཐུབ་ཀྱི་རེད་དམ། ལས་མེད་ཚོ་ཕྱི་རྒྱལ་ལ་གཏོང་རོགས་གནང་། སྐུ་མཁྱེན། གསུངས་མཁྱེན། ཐུགས་རྗེ་གཟིགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese