མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མི་མང་གི་མངོན་འདོད་མཚོན་མ་ཐུབ་པ་ཞིག་ཆགས་སོང་།

བོད་ཀྱི་དུས་བབ།
༢༠༡༡/༠༦/༠༧
Share on FacebookShare on TwitterShare on EmailShare on Whatsapp
གྲོས་ཚོགས་ནས་དགོས་ངེས་ཀྱི་དུས་ཚོད་དང་ཁ་གསལ་ཚགས་ཚུད་ཀྱི་ལས་རིམ་མེད་པར། དུས་ཐུང་ནང་གནད་འགག་དང་ཉེན་ཁ་ཆེ་བའི་འགྱུར་བ་དེ་ལྟར་བཏང་བར་ཧ་ཅང་བློ་འཚབ་ཆེ་ཞེས་བསྒྲགས་སོང་།    
དེ་རིང་ཕྱི་ཚེས་ ༧ ཉིན་གྱི་ཕྱི་དྲོ་བཞུགས་སྒར་རྡ་སའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་དུ། གཞོན་ལྷན་ཚོགས་གཙོ་ཚེ་དབང་རིག་འཛིན་དང་། ཚོགས་གཞོན་དོན་གྲུབ་ལྷ་དར། དྲུང་ཆེ་བསྟན་འཛིན་ཆོས་སྐྱིད་གསུམ་ལྷན་བཞུགས་ཀྱི་ཐོག་ནས། གཞུང་བཀུར་ངོས་འཛིན་དང་རེ་བ་གསོན་པོར་གནས་དགོས་པའི་འབོད་སྐུལ་གྱི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་། གསར་འགོད་གསལ་བསྒྲགས་སྐབས་ཚོགས་ཁང་ནང་བོད་ཀྱི་རྒྱལ་དར་དང་རྒྱལ་གླུ། བོད་ཀྱི་རྩ་ཁྲིམས། དེ་བཞིན་བཅའ་ཁྲིམས་བསྐྱར་བཅོས་མ་བྱས་སྔོན་གྱི་བོད་ཀྱི་རྒྱལ་རྟགས་དང་བཅའ་ཁྲིམས་བཅས་སྒྲིག་བཤམས་བྱས་ཡོད་པ་དང་། ཐེངས་འདིའི་གསར་འགོད་གསལ་བསྒྲགས་ཐོག་རྒྱ་གར་དང་བོད་པའི་གསར་འགོད་པ་བཅུ་གྲངས་ཙམ་མཉམ་ཞུགས་བྱས་འདུག་ལ། གསར་འགོད་གསལ་བསྒྲགས་ཀྱི་ཡིག་ཆ་སྒྲོགས་སྦྱང་གནང་གྲུབ་རྗེས་གསར་འགོད་པའི་དྲི་བར་ལན་འདེབས་ཀྱང་གནང་སོང་།
གསར་འགོད་གསལ་བསྒྲགས་ཀྱི་ཐོག་མར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ཀྱིས། ཉེ་བའི་ཆར་བཙན་བྱོལ་བོད་གཞུང་གི་མཚན་བྱང་ལ་འགྱུར་བ་ཆས་པའི་དབང་གིས་གནས་ཚུལ་མང་པོ་ཞིག་བྱུང་བསྡད་ཡོད་སྟབས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་ངོས་ནས་གསར་འགོད་གསལ་བསྒྲགས་འདི་གནང་བ་ཡིན་སྐོར་གསལ་བཤད་གནང་རྗེས། གསར་འགོད་གསལ་བསྒྲགས་ཀྱི་ཡིག་ཆ་སྒྲོགས་སྦྱང་གནང་དོན། དཀའ་ཚེགས་དང་གནོན་ཤུགས་སྣ་ཚོགས་བརྒྱུད་མི་ལོ་༥༢ལྷག་བཙན་བྱོལ་བོད་གཞུང་གི་མཚན་བྱང་རྒྱུན་འཆང་བདག་ཉར་གནང་བ་ནི། ང་ཚོ་བཙན་བྱོལ་བོད་མི་ཚོའི་རླབས་ཆེན་གྱི་གྲུབ་འབྲས་དང་བོད་རང་བཙན་གྱི་བདེན་རྟགས་ཧ་ཅང་གལ་ཆེན་པོ་ཞིག་ཡིན། བར་ལམ་བོད་རྒྱལ་ཡོངས་ཚོགས་ཆེན་གཉིས་པའི་སྐབས། ཚོགས་ཆུང་ནང་ཁུལ་ཧ་ཅང་ཚད་མཐོའི་མང་མོས་དང་། མཐའ་མའི་སྤྱི་ཡོངས་གཏན་འབེབས་སྐབས་ཚོགས་ཆེན་ཐོག་བཙན་བྱོལ་བོད་གཞུང་གི་མཚན་བྱང་མུ་མཐུད་གནས་དགོས་པའི་སྤྱི་མོས་ཀྱི་གཏན་འབེབས་བྱུང་ཡོད་ཀྱང་། བོད་མི་མང་སྤྱི་འཐུས་སྐབས་ ༡༤ པའི་ཚོགས་དུས་འཕར་མའི་ཐོག་སྤྱི་འཐུས་རྣམ་པས་བོད་རྒྱལ་ཡོངས་ཚོགས་ཆེན་སྐབས་མི་མང་གི་མོས་མཐུན་དང་གཏན་འབེབས་བྱུང་ཟིན་པ་ལས་བཟློག་སྟེ། བཅའ་ཁྲིམས་ནང་བཙན་བྱོལ་བོད་གཞུང་གི་མཚན་བྱང་ཕྱིར་བསྡུ་བྱས་ཏེ། བོད་མིའི་སྒྲིག་འཛུགས་སུ་བསྒྱུར་བ་མ་ཟད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་སྔ་རྗེས་ཞུ་སྙན་དང་བསམ་འཆར་ཡིག་ཆ་བརྒྱུད། མཐའ་མའི་ཐག་གཅོད་དེ་བཞིན་བྲེལ་འཚུབ་ངང་མི་གནང་བར། ཕྱིར་འགྱངས་ཀྱིས་རྒྱལ་སྤྱིའི་ཁྲིམས་ལུགས་སོགས་ཀྱི་ཐད་ཁྱད་ལས་མཁས་པ་གདན་ཞུས་ཀྱིས་གོ་བསྡུར་ལམ་སྟོན་བརྒྱུད། སྐབས་བཅོ་ལྔ་པའི་གྲོས་ཚོགས་ཐོག་ཞིབ་ལྷོད་ངང་མཐའ་མའི་ཐག་གཅོད་གནང་སྐྱོང་ཡོང་བའི་ཛ་དྲག་འབོད་སྐུལ་ཞུས་ཀྱང་། གྲོས་ཚོགས་ནས་དགོས་ངེས་ཀྱི་དུས་ཚོད་དང་ཁ་གསལ་ཚགས་ཚུད་ཀྱི་ལས་རིམ་མེད་པར། དུས་ཐུང་གནད་འགག་དང་ཉེན་ཁ་ཆེ་བའི་འགྱུར་བ་དེ་ལྟར་བཏང་བར་ཧ་ཅང་བློ་འཚབ་ཆེ།ཅེས་བསྒྲགས་སོང་།    
 ཡང་ཁོང་གིས་མུ་མཐུད་དུ་སྒྲོགས་སྦྱང་གནང་རྒྱུར། འགྱུར་བ་ཇི་ལྟར་ཕྱིན་ཀྱང་བོད་རྒྱལ་ཁབ་ཀྱི་བདག་པོ་ནི་བོད་མི་མང་ཡིན་པས། ང་ཚོའི་སེམས་ཤུགས་ནམ་ཡང་ཆག་མི་རུང་། དགྲ་གཉེན་དེ་བས་ནོར་མི་རུང་བར་རྡོག་རྩ་ཆིག་སྒྲིལ་བྱ་རྒྱུ་ནི་ཧ་ཅང་གནད་ཆེ་བར་བརྟེན། དེ་རིང་གི་འགྱུར་བ་འདིར་བོད་ཀྱི་གཞོན་ནུ་ལྷན་ཚོགས་བློ་ཕམ་ཤིན་ཏུ་ཆེ་ཡང་། ང་ཚོའི་ཆིལ་སྒྲིལ་དང་རེ་བ་གསོན་པོར་གནས་རྒྱུ་དེ་ཉིད་གལ་ཆེ་ཤོས་སུ་བརྩིས་ཏེ། བོད་མིའི་སྒྲིག་འཛུགས་ཟེར་བར་ཡང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་བཙན་བྱོལ་བོད་གཞུང་རང་ལ་ངོས་འཛིན་གུས་བཀུར་གྱིས་བཙན་བྱོལ་བོད་གཞུང་ཞེས་པའི་མཚན་བྱང་མུ་མཐུད་བེད་སྤྱོད་ཞུ་རྒྱུ་དང་། དེ་བཞིན་གཞོན་ལྷན་གྱིས་རང་འགན་རང་འཁུར་ངང་མ་འོངས་པར་ཡང་སྔར་ལྟར། དམངས་གཙོའི་བརྒྱུད་རིམ་ལས་མ་བརྒལ་བའི་སྒོ་ནས་ཕྱར་གྲུ་མཉམ་འདེགས་ཞུ་རྒྱུ་དེ་རིང་གསལ་བརྗོད་བྱ་རྒྱུ་མ་ཟད། དེ་བཞིན་གངས་ཅན་པ་ཡོངས་ནས་ཀྱང་གཞུང་བཀུར་ཆིག་སྒྲིལ་གནང་རྒྱུའི་གདེང་སྤོབས་དང་རེ་སྐུལ་ནན་པོ་ཞུ་རྒྱུ་ཡིན། ཞེས་དང་།   ལྷག་པར་བོད་མི་མང་གི་མངོན་འདོད་དང་། བོད་རང་བཙན་གྱི་བདེན་དོན་སྲུང་སྐྱོབ། དེ་བཞིན་མ་འོངས་བོད་རང་བཙན་སླར་གསོའི་འཐབ་རྩོད་ཀྱི་དགོས་མཁོའི་ཆེད། ལོ་ངོ་བརྒྱ་ཕྲག་དུ་མའི་ཁྲིམས་མཐུན་གྱི་བརྒྱུད་རིམ་དང་ལོ་རྒྱུས་ལྡན་པའི་བོད་གཞུང་གི་མཚན་བྱང་དང་མཚོན་རྟགས་རྣམས་ང་ཚོས་མུ་མཐུད་གཅེས་ཉར་དགོས་པ་ཧ་ཅང་གལ་འགངས་ཆེ་བར་བརྟེན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་བོད་རང་བཙན་སླར་གསོ་ཐུབ་ངེས་ཀྱི་གདེངས་སྤོབས་དང་ཆོད་སེམས་བརྟན་པོས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་། རྒྱལ་དར། རྒྱལ་རྟགས་རྙིང་པ། གྲོས་ཚོགས་སྐབས་བཅུ་བཞི་པའི་ཚོགས་དུས་འཕར་མའི་ཐོག་བསྐྱར་བཅོས་མ་བྱས་པའི་སྔོན་གྱི་བཅའ་ཁྲིམས། དེ་བཞིན་བོད་ཀྱི་རྩ་ཁྲིམས་བཅས་བདག་ཉར་ཞུས་ཏེ། མ་འོངས་བོད་རང་བཙན་སླར་གསོ་བྱུང་མཚམས་བོད་རྒྱལ་ཁབ་དང་མི་མང་ལ་རྩིས་འབུལ་བརྒྱུད་སྤྲོད་ཞུ་རྒྱུ་ཡིན་ཞེས། གཞིས་ལུས་སྤུན་ཟླ་རྣམ་པའི་གཙོས་རང་རིགས་ཡོངས་དང་། བོད་དོན་རྒྱབ་སྐྱོར་བ་རྣམ་པ། དེ་བཞིན་དགྲ་བོ་རྒྱ་ནག་གཞུང་བཅས་ལ་གསལ་བརྗོད་དང་རྒྱལ་སྤྱིའི་བྱུང་རབས་ཀྱི་དེབ་ཐེར་དུ་བཀོད་པ་ཡིན། ཞེས་སྒྲོགས་སྦྱང་གནང་སོང་།

མཇུག་མཐར། གསར་པས་མི་མང་གི་སྐུ་ཚབ་ནི་སྤྱི་འཐུས་རྣམས་ཆགས་ཡོད་པ་དང་། སྤྱི་འཐུས་རྣམས་ཀྱིས་ཐག་གཅོད་གནང་སྟེ་ཁྲིམས་སུ་བཅོས་ཚར་ཡོད་སྟབས། འདི་ནི་བཅའ་ཁྲིམས་དང་འགལ་བ་ཞིག་གམ། བཅའ་ཁྲིམས་དང་ལེན་མ་བྱས་པ་ཞིག་ཆགས་ཡོད་མེད་ཀྱི་དྲི་བ་བཏོན་པར། གཞོན་ལྷན་ཚོགས་གཞོན་དོན་གྲུབ་ལྷ་དར་ལགས་ཀྱིས་བརྗོད་དོན། བོད་མི་མང་སྤྱི་འཐུས་རྣམ་པ་མི་མང་གི་སྐུ་ཚབ་ཡིན་པ་དེ་བདེན་པ་རེད།ང་ཚོས་དེར་གུས་བཀུར་ཞུ་དགོས་པ་རེད། དེ་བཞིན། མི་མང་གི་སྐུ་ཚབ་ཀྱིས་མི་མང་གི་འབོད་སྒྲའི་ཚབ་མཚོན་པ་ཞིག་གནང་དགོས་སྟབས། གྲོས་ཚོགས་ཀྱི་འཐུས་མི་རྣམས་ཀྱིས་བོད་རྒྱལ་ཡོངས་ཚོགས་ཆེན་ཐོག་མི་མང་སྐུ་ཚབ་ ༤༡༨ ཀྱིས་སྤྱི་མོས་གཏན་འབེབས་གནང་བའི་བསམ་ཚུལ་དང་འབོད་སྒྲ་ལས་ལྡོག་པའི་ཐག་གཅོད་ཅིག་བྱས་ཡོང་སྐབས། དམངས་ཀྱི་སྐུ་ཚབ་ཀྱིས་མི་མང་གི་མངོན་འདོད་མཚོན་མ་ཐུབ་པ་ཞིག་ཆགས་ཡོད་པ་རེད། དེ་མིན་ཕྱོགས་གཞན་ཞིག་ནས། རྒྱལ་ཁབ་གཞན་དང་རྒྱལ་སྤྱིའི་ངོས་ལེན་གནང་མིན་གང་ལྟར་ཀྱང་། བོད་རྒྱལ་ཁབ་ཀྱི་བདག་པོ་དེ་ང་ཚོ་རང་ཉིད་ཡིན་པས་ཆ་ནས། ང་ཚོས་མུ་མཐུད་དུ་སོ་སོའི་ལོ་རྒྱུས་དང་གཞུང་ལ་གུས་བཀུར་ངོས་འཛིན་གསོན་པོར་གནས་དགོས་པ་དེ་ནི། ང་ཚོའི་བདེན་པ་སྲུང་སྐྱོབ་དང་རང་བཙན་སླར་གསོའི་དགོས་མཁོ་ཆགས་ཡོད་པ་རེད། དེར་བརྟེན། མི་མང་གི་འབོད་སྒྲ་དང་མངོན་འདོད་ནི་གཞུང་མུ་མཐུད་དུ་གནས་དགོས་པ་དེ་ཡིན་སྟབས། འདི་ནི་ཁྲིམས་དང་འགལ་ཟླ་ཆགས་ཡོད་མེད་ཀྱི་སྐད་ཆ་ཙམ་མ་རེད། དམངས་གཙོའི་ཁྲིམས་ཀྱི་ནང་དུའང་མི་མང་གི་མངོན་འདོད་དང་འབོད་སྒྲ་གསལ་བོ་བཟོ་བའི་ཐོབ་ཐང་ཡོད་པ་རེད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་འདི་ནི་མི་མང་གི་སྒྲིག་འཛུགས་ཤིག་ཡིན་པའི་ཆ་ནས། མི་མང་གི་སྒྲིག་འཛུགས་ཀྱི་འགན་ནི་སོ་སོའི་རྒྱལ་ཁབ་ཀྱི་ཆེ་མཐོང་སྲུང་སྐྱོབ་དང་། མི་མང་གི་འབོད་སྒྲ་གསལ་བོ་བཟོ་རྒྱུ་དེ་རེད། དེ་རིང་ང་ཚོས་གསལ་བོ་བཟོ་དགོས་པའི་རྒྱུ་མཚན་ཀྱང་དེ་ཆགས་ཡོད་པ་རེད། བཙན་བྱོལ་བོད་གཞུང་གི་མཚན་བྱང་ཕྱིར་བསྡུ་བྱས་པ་དེར་ང་ཚོས་མོས་མཐུན་བྱེད་མ་ཐུབ་པའི་རྒྱུ་མཚན་གཙོ་ཡང་དེ་རེད། མཚན་བྱང་དེ་ཕྱིར་བསྡུ་གནང་བ་ལ་བརྟེན་ནས།འདས་པའི་ཉིན་ཤས་རིང་སྤྱི་ཚོགས་ནང་རྡོག་རྩ་ཆིག་སྒྲིལ་ལ་དཀའ་ངལ་མང་པོ་ཞིག་འཕྲད་མགོ་ཚུགས་ཡོད་པ་རེད། རྒྱུ་མཚན་དེའི་དབང་གིས་ང་ཚོས་དགྲ་དང་གཉེན་མ་ནོར་བ་བྱས་ཏེ། བློ་ཕམ་ག་ཚོད་ཡོད་པ་ཡིན་ནའང་། ང་ཚོའི་སྒྲིག་འཛུགས་དེ་ང་ཚོས་གཞུང་ལ་སྔར་བཞིན་གུས་བརྩི་བྱས་ཏེ་རྡོག་རྩ་ཆིག་སྒྲིལ་བྱེད་དགོས་པ་དེ་ནི། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་ཀྱི་ཐག་གཅོད་རེད་ལ། རྒྱ་ཆེའི་མི་མང་ལའང་ང་ཚོས་དེ་བཞིན་འབོད་སྐུལ་གནང་གི་ཡོད། ང་ཚོའི་ངོས་ནས་སྒྲིག་འཛུགས་ལ་གུས་བཀུར་དང་ཡིད་ཆེས་བརླགས་ཡོད་པ་མ་རེད། ཡིན་ནའང་། ཐག་གཅོད་ཀྱི་བརྒྱུད་རིམ་དེ་ནི་ཉིན་འགའ་ཤས་ནང་བྲེལ་འཚུབ་ཚགས་ཚུད་མེད་པར་གནང་བ་དེ་ནི་ང་ཚོས་གསལ་བོ་མཐོང་གསལ་ལྟར་རེད། དེའི་རྐྱེན་གྱིས།བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་ཀྱིས་རྒྱལ་ཁབ་ཀྱི་ལས་དབང་དང་འབྲེལ་བ་ཡོད་པའི་འགྱུར་བ་ཆེན་པོ་འདི།  ངེས་པར་དུ་དུས་ཚོད་འདང་ངེས་ཤིག་ནང་འགྱུར་བ་གཏོང་དགོས་ཀྱི་འདུག་ཅེས་ལབ་ཀྱིན་པ་དེའང་། ང་ཚོའི་འཐབ་རྩོད་ཀྱི་དགོས་མཁོ་ཞིག་ལ་གཟིགས་ནས་ཞུ་བཞིན་ཡོད། ཅེས་ལན་འདེབས་གནང་སོང་།

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

ཆུ་ཚོད་ ༨ སྔོན་ལ།
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

ཆུ་ཚོད་ ༩ སྔོན་ལ།
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢

མཆན། 12

  1. བརྩོན་རྒྱམ། says:
    ལོ་ 15 སྔོན།

    སྤྱིར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཞེས་པའི་མིང་འདི་ཐོག་མར་གང་འདྲ་བྱས་ནས་ཡོང་པ་ཞིག་ཡིན་མིན་དང་དེ་རྗེས་ཐག་གཅོད་ཇི་ལྟར་གནང་པ་དེ་ཐག་གཅོད་གནང་མཁན་སུ་ཞིག་རེད་དེ་ལ་ཐོག་མར་བསམ་བློ་ཞིག་བཏང་དགོད་པ་རེད་དྲན་གྱི་ཡོད་གང་ཡིན་ཞེ་ན་བོད་མི་མང་གི་མངོན་འདོན་མཚོན་མ་ཐུབ་པ་ཞིག་ཆགས་མ་སོང་ཟེར་པ་ལ་ལྟས་ན་གསལ་བོ་རེད་དེ་མི་འདི་མ་འགྲིག་པ་ཞིག་ཆགས་པ་ཡིན་དུས་མིང་འདི་འདྲ་ཞིག་མི་འདོག་ཐབ་མེད་ལྟ་བུར་ཇི་ལྟར་ཆགས་པ་ཡིན་མིན་སོགས་བསམ་བློ་གཏོང་དགོས་པ་ཞིག་རེད་དྲན་གྱི་ཡོད།  ཅི་ཕྱིར་མི་མང་གི་མངོན་འདོད་མཚོན་མ་ཐུབ་པ་རེད་དེ་ཐག་གཅོད་གནང་མཁན་ཡང་བོད་མི་མང་སྤྱི་འཐུས་རེད་མི་སྤྱི་འཐུས་ཞེས་པ་མི་མང་གི་འདེམས་པ་ཞིག་ཡིན་དུས་དེ་མི་མང་གི་མངོན་འདོན་མཚོན་ཐུབ་ཀྱི་ཡོད་པ་རེད།

    Reply
  2. རྔ་བ་ཚེ་སྐྱིད། says:
    ལོ་ 15 སྔོན།

    བོད་གཞུང་།

    གལ་སྲིད། བློས་མ་བཏང་ན། རེ་བ་མེད་པ་ཡང་རེ་བ་ཅན་དུ་འགྱུར་གི་རེད།
    གལ་སྲིད། རང་ཚུགས་བཟུང་ན། རང་རྣམ་ཡོད་པའི་རང་ལམ་ཞིག་འདོན་ཐུབ་ཀི་རེད།
    གལ་སྲིད། ཉམས་མ་ཤོར་ན། གདེང་ཚོད་ཅིག་རང་ཤུགས་ཀྱིས་ཡོང་གིན་པ་རེད།

    Reply
  3. ཀརྨ་རྣམ་རྒྱལ། says:
    ལོ་ 15 སྔོན།

    གཞོན་ནུ་ལྷན་ཚོགས་ལ་རྒྱབ་སྐྱོར་ཡོད། བཙན་བྱོལ་བོད་གཞུང་གི་མཚན་བྱང་ལ་འགྱུར་བ་བཏང་དགོས་དོན་མི་འདུག དོན་མེད་འགྱུར་བ་མང་པོ་མི་གནང་བ་གནད་ལ་སྨིན་པའི་ཕྱག་ལས་གནང་རོགས་ཞུ། ཁ་བཤད་ཆུ་ཡི་ལྦུ་བ་དེ། ལག་ལེན་གསེར་གྱི་འདུད་པ་དགོས།

    Reply
  4. གངས་ལྷ་མེ་ཏོག says:
    ལོ་ 15 སྔོན།

    གཞོན་ལྷན་གྱིས་ངོས་ནས་གསར་འགོད་ལྷན་ཚོགས་ཙམ་མ་ཡིན་པར་རང་ཉིད་ཀྱི་ཚོགས་པའི་ལངས་ཕྱོགས་ལ་ཡང་ངེས་གཏན་གསལ་བོ་ཞིག་རྙེད་དགོས་པའི་དུས་ལ་སླེབས་འདུག ནམ་རྒྱུན་ཁ་ནས་རང་བཙན་བཤད་ཀིན་ཡོད་པ་འདྲ་བོ། ཡང་དབུ་མའི་ལམ་ལ་ཡང་འགྲོ་གི་ཡོད་པ་འདྲ་པོ། ལངས་ཕྱོགས་མེད་པ་འདྲ་བོ་གཞུགས་ཕྱོགས་མི་གནང་བའི་རེ་པ་ཡོད། དོན་དངོས་བཤད་ན་བཙན་བྱོལ་ན་རང་ཚུགས་ཅན་གྱི་མི་བུ་དང་ཚོགས་པ་མེད་ལ་སྐད་ཆ་དྲང་མོར་བཤད་ཐུབ་པའི་མི་ཡང་ཧ་ལམ་དཀོན་པོ་རེད། རེ་བ་ལ་མི་བུ་སུ་ཞིག་གིས་སྐད་ཅི་འདྲ་ཞིག་བཤད་རུང་རང་ཉིད་ཀྱི་སྐད་ཆ་དེར་སོ་སོས་འགན་ཁུར་རྒྱུ་དེ་ད་ལྟའི་ང་ཚོའི་གནས་བབས་འདི་ཧ་ཅང་གལ་ཆེན་པོ་རེད།

    Reply
  5. མངའ་རིས་ཕོ་ཉ། says:
    ལོ་ 15 སྔོན།

    མི་རབས་གསར་པའི་ལས་འགན་དོ་འཁུར་སླེབས་པའི་སྐབས།་ ་།
    ཁ་བཤད་ལག་བསྟར་གཞོན་ལྷན་སྒྲིག་འཛུགས་གཅིག་སྒྲིལ་ཐོག །
    ཚ་བ་རབ་ཏུ་ཆེ་བའི་ལྡི་ལིའི་རྒྱལ་ས་ལ། །
    རྒྱུན་ལས་གསུམ་གྱིས་ཟས་བཅད་ངོ་རྒོལ་ཡུན་རིང་བྱས། །

    རྔ་བ་ཀི་རྟིའི་བྱེས་པ་དགོན་གྱི་གྲྭ་བཙུན་ལ། །
    སྡུག་རྩུབ་ཆེ་བའི་རྒྱ་དམར་སྤྱི་བདེ་དམག་མི་ཀྱིས། །
    གནས་ལུགས་རྒྱུ་མཚན་མེད་པར་གཉའ་གནོན་བཅར་རྡུང་བྱས། །
    གདུང་སེམས་བསྐྱེད་མཚོན་བྱེད་གཞོན་ལྷན་ཀུན་ལས་ལྷག །

    གཞོན་ལྷན་སྒྲིག་འཛུགས་ཡུན་རིང་གནས་པར་བཀྲིས་སྨོན་འདུན་ཡོད།

    Reply
  6. ལུང་རྟོགས། says:
    ལོ་ 15 སྔོན།

    དོན་ཚན་གཞན་དག་ལ་རྒྱ་ཆ་རྒྱ་རྒྱབ་སྐྱོར་ཡོད། འོན་ཀྱང་རྒྱལ་རྟགས་སྟེངས་གི་མིང་དེ་ནི་བོད་དམང་གཙོ་མ་ཆག་གོང་གི་མིང་རྙིང་པ་ཞིག་ཡིན་པས། དེ་མུ་མཐུད་གནས་རྒྱུར་མོས་མཐུན་མེད།

    Reply
  7. གསར་འབྱོར། says:
    ལོ་ 15 སྔོན།

    བོད་རྒྱལ་ཁབ་ཆེན་པོའི་བདག་དབང་སྲུང་སྐྱོབ་ཀྱི་ཆེད་དུ་བོད་མི་ཚོས་ཚེ་སྲོག་གྲངས་མེད་རེ་བ་དང་སྤོབས་པ་ཆེན་པོས་རྒྱལ་ཁབ་འདིའི་ཆེད་དུ་ཕུལ་ཡོད་ཀྱང་ཆབ་སྲིད་ཀྱིས་དབང་རྩ་རུལ་བའི་མི་ཁ་ཤས་ཀྱིས་བོད་རྒྱལ་ཁབ་ཆེན་པོ་ཕྱི་བསྡུར་བྱས་པ་གོ་ཉིན་ནས་ངས་བཅའ་ཁྲལ་མི་འཕུལ་རྒྱུའི་དམ་བཅའ་བྱས་ཡོད་ནའང་དེ་རིང་ང་ལ་རེ་བ་གསར་བ་ཞིག་དང་བཅའ་ཁྲལ་ཕུལ་ཡུལ་གསར་བ་ཞིག་རེག་བྱུང་། དེ་ནི་བོད་ཀྱི་གཞོན་ནུ་ལྷན་ཚོགས་རེད་ལ་ཚོགས་པ་འདི་ནི་ངེས་པ་དོན་གྱིས་བོད་རྒྱལ་ཁབ་ཀྱི་བརྒྱུན་སྐྱོང་པའམ་རྒྱལ་ཁབ་འདིའི་སྲོག་རྙིང་དངོས་མ་དེ་རེད་འདུག་པས་གྲོགས་པོ་ཚོ་བློ་ཕམས་མ་གནང་དང་གནས་འདི་ན་བོད་རྒྱལ་ཁབ་ཆེན་པོའི་སྲོག་རྩ་ཆད་མི་འདུག གཞོན་ནུ་ཚོགས་པ་ཐུགས་རྗེ་ཆེ་ཁྱོད་དེ་རིང་ནས་ངའི་རྒྱལ་ཁབ་འདིའི་སྲིད་དབང་སྐྱོང་བའི་བཀའ་ཤག་ངོ་མ་དེ་ཡིན།

    Reply
  8. རྨ་ཆུའི་སྐལ་བཟང་། says:
    ལོ་ 15 སྔོན།

    དྲ་གྲོགས་གླང་དར་ལགས།ངའི་གཞོན་ལྷན་གྱི་དགོངས་དོན་མ་གཏོགས་པ་
    མིན་ཡང་ད་དུང་ཤུགས་རྣོན་ཀྱི་ཚུལ་དུ་བསམ་ཚུལ་ཞིག་བཤད་པའི་ཁུལ་ཡིན།།
    གང་ལྟར་ང་ཚོ་ལ་དགོས་བ་ནི་ད་ལྟའི་དུས་འདི་ལ་དོན་དག་གང་ཐད་ནས་ཀྱང་དགྲ་དགའ་གཉེན་སྡུག་གིས་ཆ་ཕྲ་མོ་ཙམ་ཡང་མི་འོང་པའི་སྨོན་ལམ་རྒྱག་གིས་ཡོད།༸གོང་ས་སྐྱབས་མགོན་ཆེན་པོས་གཙོས་མི་རབས་རྒན་པ་དེ་དག་གིས་དཀའ་བ་ཁྱད་དུ་བསད་ནས་འབད་པའི་སྒྲུབ་པའི་མཚན་ཉིད་ཡོངས་སུ་ཚང་བའི་མང་གཙོའི་སྲིད་གཞུང་འདི་ང་ཚོ་གནང་པས།ང་ཚོའི་ཅིས་ཀྱང་འདི་ལ་རྒྱབ་སྐྱོར་དང་དགའ་བའི་དང་ལེན་བྱེད་རྒྱུ་ཧ་ཅང་གལ་ཆེ་བར་སྣང་ངོ།།

    Reply
  9. རྡོ་རྗེ་ཚེ་རིང་། says:
    ལོ་ 15 སྔོན།

    ད་ནི་སྐད་བརྒྱབ་ནས་ཅང་ཨ་ཡོད། འགྲོ་ན་འགྲོ་མི་ཤེས་པ་དང་། ངུ་ན་ངུ་མི་ཤེས་པའི་གནས་སྟངས་ལ་བསྐྱལ་སོང་། དེ་ལས་སྐབས་གསུམ་པའི་བཀའ་ཁྲི་བློ་སེང་གི་འབོད་སྒྲ་གསུམ་ལས་གཉིས་ཕུད་པའི་གསུམ་པ་རང་མགོ་རང་ཐོན་བྱེད་ཨེ་ཐུབ་ཀྱི་ནུབ་ཕྱོགས་ལ་འཕུར་ཐུབ་ན་བཟང་། དེ་མིན་ཨ་ཞང་ལ་མགོ་སྒུར་ན་མ་མཐར་ཡང་མི་གྲལ་དུ་ཚུད་ངེས། འོ་ཡ། ད་གཟིམ་འཇགས་གནང་གོ

    Reply
  10. གླང་དར་མ། says:
    ལོ་ 15 སྔོན།

    གཞོན་ལྷན་གསུང་པ་དེར་རྒྱ་ཆ་བརྒྱ་རྒྱབ་སྐྱོར་ཡོད་དེ་ནི་དོན་དངོས་དང་མཐུན་པའི་བཀའ་མོལ་ཞིག་རེད།

    Reply
  11. གླང་དར་མ། says:
    ལོ་ 15 སྔོན།

    རྨ་ཆུའི་སྐལ་བཟང་ལགས་གཞོན་ལྷན་གྱི་སྔར་ལས་ལྷག་བྱེད་གི་ཡིན་ལབ་འདུག། བྱེད་གི་མིན་ལབ་མི་འདུག་ག། ད་ང་ཚོ་སེམས་ཤུགས་ཆག་སོང་ད་ནས་ཟུང་ལས་ཀ་བྱེད་གི་མིན་ལབ་མི་འདུག་ག། ཧ་ཧརྩེད་མོ་ཡིན་།།

    Reply
  12. རྨ་ཆུའི་སྐལ་བཟང་། says:
    ལོ་ 15 སྔོན།

    རྒྱལ་གཅེས་ལྷག་བསམ་ཅན་གྱི་གཞོན་ལྷན་གྱི་སྤུན་གྲོགས་རྣམས།
    སེམས་ཤུགས་དང་དམིགས་འདུན་མ་མཉམ་པར་ཆིག་སྒྲིལ་ལ་བརྩོན།
    དགྲ་དགའ་གཉེན་སྡུག་གི་བྱུང་རབས་དགོངས་ནས་ཆིག་སྒྲིལ་ལ་འབོད།
    ཚིག་ལ་མི་སྟོན་དོན་ལ་སྟོན་ཞེས་བའི་གཞུང་དོན་ལ་རྣམ་དབྱོད་རྩལ་དུ་བཏོན་ནས་བླང་དོར་མ་ནོར་བ་བྱེད་རོགས།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese