མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སློབ་མ་ཞིག་ལ་ཉེས་རྡུང་བཏང་སྟེ་གྲོངས་འདུག་ཟེར།

བོད་ཀྱི་དུས་བབ།
༢༠༡༡/༠༨/༠༧
Share on FacebookShare on TwitterShare on EmailShare on Whatsapp


གཟའ་པ་སངས་ཉིན་སུ་ཇཱ་བོད་ཁྱིམ་གོ་སྐབས་འཛིན་གྲྭའི་སློབ་མ་ཞིག་གིས་ཐ་མ་འཐེན་བཞིན་ཡོད་པ་ཁང་ཚན་རྒན་བདག་གཉིས་ཀྱིས་མཐོང་ནས་ཉེས་རྡུང་བཏང་ཡོད་པ་དང་། སློབ་མ་དེར་རྨས་སྐྱོན་འཚབ་ཆེན་ཕོག་ཡོད་པས་དགོང་མོ་སྨན་ཁང་དུ་བསྐྱལ་བའི་ལམ་བར་ནས་གྲོངས་ཡོད་འདུག

ཕྱི་ཚེས་ ༥ ཉིན་སུ་ཇཱ་བོད་ཁྱིམ་སློབ་གྲྭའི་གོ་སྐབས་འཛིན་གྲྭ་ ( O.C class ) ནང་གི་སློབ་ཕྲུག་མཁྱེན་རབ་ཞུ་བ་ཞིག་གིས་སློབ་གྲྭའི་ཉེ་འཁོར་དུ་ཐ་མག་འཐེན་བཞིན་ཡོད་པ། ཁང་ཚན་རྒན་བདག་གཉིས་ཀྱིས་མཐོང་སྟེ་ཐོག་མར་ཁོང་ཚོའི་བར་ཁ་འཛིང་ཤོར་ཡོད་པ་དང་། དེ་ནས་རྒན་བདག་དེ་གཉིས་ཀྱིས་མཁྱེན་རབ་ལ་ཉེས་རྡུང་བཏང་སྟེ་དྲན་པ་འཐོར་ཡོད་འདུག དེ་མ་ཐག་སློབ་གྲྭའི་སྨན་ཁང་ལ་བསྐྱལ་སྐབས་སློབ་ཕྲུག་མཁྱེན་རབ་ཀྱིས་སྨན་བཅོས་བྱེད་དུ་བཅུག་མེད་པ་དང་། དགོང་མོ་བྷེ་རྗི་ནཱ་ཐི་ (BAIJNATH)  སྨན་ཁང་དུ་འཁྲིད་པའི་ལམ་བར་ནས་འདས་གྲོངས་སུ་ཕྱིན་ཡོད་པ་དང་། སྨན་ཁང་དུ་བསླེབས་སྐབས་གྲོངས་ཏེ་སྐར་མ་ ༡༥ ཙམ་འགོར་ཡོད་འདུག

ཁ་སང་ངྷ་རམ་ས་ལ་ཁུལ་གྱི་སློབ་ཕྲུག་དེའི་ཕ་ཡུལ་གཅིག་པ་སྐོར་ཞིག་སུ་ཇཱ་སློབ་གྲྭར་བལྟ་རུ་ཕྱིན་ཡོད་པ་དང་། དེ་རིང་ཞོགས་པར་ཁ་པར་བརྒྱུད་དཀར་མཛེས་བློ་བཟང་ཉི་མ་ལགས་སུ་བཅར་འདྲི་བྱས་པར་ཁོང་གིས། “ཚེས་ ༥ ཉིན་སློབ་ཕྲུག་མཁྱེན་རབ་ཀྱིས་ཐ་མ་འཐེན་བཞིན་ཡོད་པ་རྒན་བདག་གིས་མཐོང་སྟེ་ཁོང་ཚོའི་བར་ཁ་འཛིང་ཤོར་ཡོད་འདུག དེ་ནས་རྒན་བདག་གཉིས་ཀྱིས་ཁོང་ལ་རུབ་རྡུང་བྱས་ཏེ་མཆིན་པ་དང་ཁལ་མར་སྐྱོན་ཕོག་སྟེ་དྲན་པ་འཐོར་ཡོད་འདུག ཕྱིས་སུ་སློབ་གྲྭའི་སྨན་ཁང་དུ་བསྐྱལ་སྐབས་མཁྱེན་རབ་ཀྱིས་སྨན་བཅོས་བྱེད་དུ་བཅུག་མི་འདུག ཕྱི་དྲོར་རྒྱ་གར་སྨན་ཁང་དུ་བསྐྱལ་སྐབས་ལམ་བར་ནས་གྲོངས་འདུག ཁ་སང་ང་ཚོ་བེམ་པོར་བལྟ་རུ་ཕྱིན་སྐབས། གཟུགས་པོའི་ཕྱི་ལོགས་སུ་རྨ་ཁ་དེ་འདྲ་མི་འདུག འོན་ཀྱང་། དེ་རིང་འདས་པོ་ཁོང་གི་ཕ་མ་གཅིག་པའི་སྤུན་མཆེད་ཅན་ངྷི་སྒར་ནས་ཡོང་སྟེ་ཡང་བསྐྱར་བེམ་པོར་བརྟག་དཔྱད་གཏོང་རྩིས་ཡོད། མཁྱེན་རབ་ཁོང་དངོས་ནས་ལོ་ ༢༡ རེད། འོན་ཀྱང་སུ་ཇཱ་སློབ་གྲྭའི་ཐོ་གཞུང་ནང་ལོ་ ༡༧ འཁོད་ཡོད་ས་རེད། མཁྱེན་རབ་ལ་ལག་པ་བརྐྱངས་མཁན་རྒན་བདག་བློ་བཟང་ཟེར་བ་དེ་ལོ་ ༢༣ དང་། རྒྱལ་མཚན་ཟེར་བ་དེ་ལོ་ ༢༠ རེད། སློབ་མར་འགན་འཁུར་མཁན་ཞིག་གིས་སློབ་མར་ལག་པ་བརྐྱངས་པ་དེ་ནོར་འཁྲུལ་རེད། འདིའི་སྐོར་ང་ཚོས་སློབ་གྲྭའི་འགན་འཛིན་དང་སློབ་སྤྱི་གཉིས་ལ་ཡང་བཤད་པ་ཡིན། མ་འོངས་པར་གནས་ཚུལ་འདི་འདྲ་མི་འབྱུང་ཆེད་ད་ཐེངས་གསལ་བོ་བཟོ་འཆར་ཡོད” ཅེས་བརྗོད་བྱུང་།

སློབ་མ་མཁྱེན་རབ་ནི། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཁམས་བྲག་མགོ་རྫོང་ཏྲེ་བོ་མཚོ་མགོ་ནས་ཡིན་ཞིང་། ཁོང་བོད་ནས་ཡོང་སྟེ་སུ་ཇཱ་བོད་ཁྱིམ་སློབ་གྲྭའི་གོ་སྐབས་འཛིན་གྲྭར་ཞུགས་ཏེ་ཟླ་ ༤ ལས་ལྷག་ཕྱིན་ཡོད་འདུག  

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༤ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༧ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༨ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༨ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༩ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༩ སྔོན་ལ།

མཆན། 41

  1. རྩ་ཐང་། says:
    ལོ་ 14 སྔོན།

    ད་ཡིན་ན་ཡ་རབས་བཟང་སྤྱོད་ལྡན་པའི་བོད་པ་ཚང་གི་སྔོ་ལོ་འཆར་གྱིན་འདུག །

    Reply
  2. བསྟན་འཛིན་ཚེ་འཚོ། says:
    ལོ་ 14 སྔོན།

    སློབ་མ་ཞིག་གིས་སློབ་མ་ཞིག་བསད་པ་དེ་ཧ་ཅང་རྫབ་ཆེན་རེད། འོན་ཀྱང་གོང་གི་བུད་མེད་དེ་ལ་བརྙས་སྟངས་དང་དེ་གཉིས་རྩ་བ་ནས་འདྲ་བ་མི་འདུག དྲང་མོར་ཞུས་ན་སློབ་ཕྲུག་ཞིག་གིས་སློབ་ཕྲུག་ཞིག་འཇིག་རྟེན་ནས་བྲལ་བཅུག་པ་དེ་དོན་དངོས་ཐོག་སེམས་བཟང་དང་རེ་བ་ཆེ་ས་ཞིག་ནས་སྟབས་ཉེས་པའི་རྐྱེན་ངན་དེ་བྱུང་བ་དེ། དེ་ཡང་ཅུང་བསམ་བློའི་བློས་སློང་གི་སྟེང་ནས་བལྟས་ན་ཆེད་དུ་མི་ཡུལ་དུ་བྲལ་འཇུག་འདོད་མེད་ལ་ཀུན་སློང་གིས་མ་དག་པ་མེད།
    བསྟན་འཛིན་སྒང་གི་བུད་མེད་དེ་ལ་བརྙས་སྟངས་ནི་རྒྱབ་རྩ་མེད་པ་དང་། རྒན་ཚང་ཡིན་པ། ཁ་གཏད་ཆོག་པ། གང་བྱས་བྱས་ཡིན་བསམ་པའི་ཀུན་སློང་མ་དག་པ་ཞིག་གི་ངོ་གདོང་ནས་ཆེད་དུ་བྱས་པ་ཞིག་རེད། བུད་མེད་དེ་མ་ཤི་པ་རེད་མ་གཏོགས་དོན་དངོས་ཐོག་བསད་ཚར་བ་རེད། ལུས་སེམས་གཉིས་ཀ་གཅུང་ནད་དུ་བཏང་ཚར་བ་རེད། མིའི་སྤྱི་ཚོགས་ཀྱི་ཁྲོད་ནས་གཉའ་དམའ་བ་དང་མགོ་བོ་འདེགས་མི་ཐུབ་པ་ཞིག་བཟོས་ཟིན་པས་དེ་ལས་ལྷག་གསོད་སྟངས་ཤིག་དང་ཐུབ་ཚོད་ཞིག་ཡོད་དམ།

    Reply
  3. སྐྱ་ཀ says:
    ལོ་ 14 སྔོན།

    གང་གི་གནས་ཚུལ་ནང་དུ་རིགས་འདྲ་མིན་གྱི་དྲྭ་གྲོགས་ཚོས་གསུང་བཤད་ཕེབས་འདུག ཡིན་ནའང་ཞིབ་བརྟག་མ་བྱེད་པའི་གསུང་བཤད་ཕྲན་བུ་ཡོད་མི་འགྲོ། ངས་བལྟས་ན་སློབ་མའི་སྤྱོད་ལམ་བལྟ་མཁན་གྱི་རྒན་བདག་ངོས་ནས་གསལ་བོ་མཐོང་ཐུབ་པ་དེ་ལས་འགན་གཙོ་བཟུང་བྱས་ཡོད་པ་གསལ་བོ་མཚོན་ཡོད། རྒན་བདག་གཉིས་ཀྱིས་བཟོད་བསེན་བྱེད་མ་ཐུབ་པ་བརྡུང་བརྡེག་བྱས་པ་དེ་ནོར་འཁྲུལ་ཞིག་རེད་དེ། དེའང་དོན་མེད་རང་སྲོག་རང་གི་བཅོད་པའི་ལས་འགུལ་དེ་སུས་བྱས་པ་རེད་ཟེར་ན་དེ་ནི་སློབ་མ་ཁོ་རང་གིས་བྱེད་འགོ་བརྩོམས་པ་རེད་གང་ཡིན་ཟེར་ན་དང་པོ་རང་གི་ནོར་འཁྲུལ་ཆེ་ཤོས་ཤིག་འཁོར་ཡུག་དེ་རུ་བྱས་ཡོད་པ་དྲྭ་གྲོགས་ཚོས་རྟོགས་ཡོད་རྒྱུ་རེད། རྒྱུ་མཚན་དེས་ན། རྒན་བདག་གི་བཤད་བཤད་ཅུང་ཙམ་ཡང་ཁུར་མ་ཐུབ་པ་གང་བྱུང་གིས་ལེན་སློག་ཡོད་པ་ཐག་ཆོད། རྐྱེན་དེས་ལག་པ་འཆང་ནས་དུས་རྒྱུན་ཐ་མག་ནག་པོས་ཟོས་པའི་ལུས་ཟུངས་ཟད་པ་དེ་རྐྱེན་ཅུང་ཟད་ངང་དུ་འདས་གྲོང་དུ་ཕྱིན་པ་རེད་དྲན།

    Reply
  4. ཇོ་བོ་རྣམས་གཉིས། says:
    ལོ་ 14 སྔོན།

    ཉེ་ཆར་བོད་མིའི་སྤྱི་ཚོགས་འཁྲོད་སུ་ཇཱ་ཡི་རྒན་བདག་གིས་སློབ་མ་ཞིག་ལག་ཉེས་ཤོར་ནས་ཤི་བ་དེ་ལས་འཁྲོས་སྟེ་ལབ་སླེང་མང་དག་ཞིག་བྱེད་བཞིན་འདུག་པ་དེ་དག་ལས་ཅུང་གནས་ཚུལ་ཁུང་བཙུན་ཁག་ཅིག་ནི། ལོ་གཅིག་ཙམ་གྱི་གོང་སློབ་ཕྲུག་རྣམས་ཀྱི་ལག་ཐོག་ཁ་པར་དང་གློག་ཀླད་བཅས་སློབ་གྲྭས་ཕྱིར་སྡུ་བྱས་ནས་བཙོང་ཡོད་པ་དང་དེ་དག་ལས་བྱུང་བའི་དངུལ་གྱིས་སློབ་གྲྭ་སྤྱི་ལ་ཕན་པའི་བརྙན་འཕྲིན་ཞིག་ཉོས་ཡོད་ཚོད་འདུག དེ་མིན་དེ་སྔོན་དང་མི་འདྲ་བར་ད་ཆ་སློབ་མ་ཞིག་རྩ་དགོངས་ཞུ་དགོས་ཚེ་ཧ་ཅང་ཁག་པོ་ཡིན་པ་དང་སློབ་ཕྲུག་གསར་པ་ཡར་འཇུག་དགོས་ཚེ་ལས་སླ་པོ་ཡིན་པ་སོགས་འགྱུར་བ་ཆེན་པོ་ཐེབ་ཡོད་ཚོད་འདུག་

    Reply
  5. རྒྱང་མིག་པ says:
    ལོ་ 14 སྔོན།

    སློབ་མ་མཁྱེན་རབ་རྙིང་རྗེ་། ལག་དམར་གཉིས་ལ་ཅི་ཞིང་བྱེད་དགོས་ད་དུང་མུ་མཐུད་ནས་མི་གསད་རྒྱུའི་ཉེན་ཁ་ཡོད། འདི་ནི་ང་ཚོའི་སྤྱི་ཚོགས་ཧྲིལ་བོར་ཡོད་པའི་དམུ་རྒོད་ཀྱི་བྱ་སྤྱོད་ཞིག་རེད། གོ་སྐབས་འདི་བརྒྱུད་ནས་ཚང་མས་བསླབ་བྱ་ལེགས་པོ་ཞིག་ལེན་རོགས།

    Reply
  6. ཁ་བའི་འདབ་མ says:
    ལོ་ 14 སྔོན།

    དེ་རིང་མ་ལེགས་པ་ཞིག་ལ་བོད་ནས་གསར་དུ་འབྱོར་བའི་བོད་ཀྱི་སོན་རྩ་ཅིག་ཉེས་རྡུང་ཚད་མེད་གཏང་ཏེ་རྐྱེན་འདས་སུ་སོང་བའི་གཏམ་ངན་འདི་ཐོས་པ་ན་ཧ་ཅང་བློ་ཕབ་བྱུང་་་་་དེ་འདྲ་སོང་ཙང་་་རྗེས་སུ་དེ་འདྲ་རང་མི་ཡོང་བའི་ཐབས་ལམ་གཞན་པ་ཞིག་སྟོན་རོགས་གནང་་་་་གུས་པས་སྙིང་ནས་རེ་བ་ཡིན་

    Reply
  7. ཁ་བའི་འདབ་མ says:
    ལོ་ 14 སྔོན།

    དེ་རིང་མ་ལེགས་པ་ཞིག་ལ་བོད་ནས་གསར་དུ་འབྱོར་བའི་བོད་ཀྱི་སོན་རྩ་ཅིག་ཉེས་རྡུང་ཚད་མེད་གཏང་ཏེ་རྐྱེན་འདས་སུ་སོང་བའི་གཏམ་ངན་འདི་ཐོས་པ་ན་ཧ་ཅང་བློ་ཕབ་བྱུང་་་་་དེ་འདྲ་སོང་ཙང་་་རྗེས་སུ་དེ་འདྲ་རང་མི་ཡོང་བའི་ཐབས་ལམ་གཞན་པ་ཞིག་སྟོན་རོགས་གནང་་་་་གུས་པས་སྙིང་ནས་རེ་བ་ཡིན་

    Reply
  8. ཇ་མ་ says:
    ལོ་ 14 སྔོན།

    རྒྱ་ནག་ནང་དུ་མཁྱེན་རབ་ལགས་ཤི་བ་ཡིན་ན། རིན་ཐང་འདི་ལས་ཆེ་བ་ཡོད། སུ་ཇ་སློབ་སྤྱི་དང་རྒན་བདག་གཉིས་བཅས་ནས་མཁྱེན་རབ་ཀྱི་རོ་ཟོས།

    Reply
  9. སྦྲ་ནག་ཚང་། says:
    ལོ་ 14 སྔོན།

    ད་ཡིན་ན་། ང་ཚོའི་མར་ལ་འགྲོ་ཡོད་ས་རེད་། ངོ་ནས་ཐབས་སྐྱོ་བོ་རེད་

    Reply
  10. ཅང་མེད། says:
    ལོ་ 14 སྔོན།

    ཐབས་སྐྱོ་ལ། གནས་ཚུལ་དེ་སུ་ཇཱ་སློབ་གྲྭའི་དགེ་རྒན་དང་སློབ་སྤྱིའི་སྐྱོན་རེད་འདུག་སམ། དགེ་རྒན་དང་སློབ་སྤྱི་སོགས་ཀྱི་རྒན་བདག་སོགས་ལ་ངོ་སོ་བསྟོད་རྒྱུ་དང་དབང་ཚད་སྤྲོད་རྒྱུ་མང་དྲགས་རེད། རྒན་བདག་དེ་ཚོ་གསར་འབྱོར་ཡིན་པས་རྐྱེན་གྱི་སློབ་སྦྱོང་དང་མཉམ་མྱོང་སོགས་ཀྱི་མ་འདང་བ་རེད། རྡོག་རྡོག་ཞིག་བཤད་ན་་་ཁོང་ཚོའི་གསར་རྟག་བསྟན་པ་རེད།
    སྤྱིར་རྒན་བདག་ཞིག་མ་ཚད་་་་དགེ་རྒན་ཞིག་གི་ལག་པ་འཆང་བས་ཐོབ་ཐང་མེད་མོད། ཁོང་ཚོའི་བསླབ་བྱ་དང་དེང་རབས་ཀྱི་ཁ་ཕྱོགས་མ་བསྟན་པས་་་གཡག་རྒོད་རྡུང་རྡུང་བྱས་པ་ལ་་་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

    Reply
  11. བཙན་བྱོལ་བ་ says:
    ལོ་ 14 སྔོན།

    ཁོ་བོས་བལྟས་ན་དེ་ནི་སློབ་གྲྭའི་འགན་འཛིན་དང་དགེ་རྒན་གྱི་སྐྱོན་ཆ་གང་ཡང་མ་རེད། དེ་ནི་རྒན་བདག་དེ་དབང་ཤེད་ཆེ་དྲག་པ་དང་དྲག་རྩུབ་ཆེ་དྲག་པས་རེད། སྤྱིར་བཏང་སྦིར་སུ་ཇ་སློབ་གྲྭ་ནི་བོད་ནས་གསར་འབྱོར་བ་ཤས་ཆེར་ཡིན་ཞིང་རང་བཞིན་གྱི་སྤྱོད་པ་རྩིངས་པོ་དང་། འཁྲུག་པ་ལ་དགའ་བ། དེ་ཡང་ལུང་ཚན་དཔུང་སྒྲིག་གིས་འཁྲུག་པ་རྒྱག་རྒྱུར་དགའ་བ། དེར་མ་ཟད། དགེ་རྒན་ལ་གུས་ཞབས་བྱེད་རྒྱུའི་ཚབ་ཏུ་དགེ་རྒན་ལ་ཕར་དབང་ཡོད་བཤད་པ་སོགས་ཀྱི་གནས་ཚུལ་མང་པོ་ཡོད་པ་ཞིག་རེད། ཡིན་ན་ཡང་། དེ་ཐེངས་ཀྱི་གནས་ཚུལ་དེ་རྒན་བདག་གི་ནོར་འཁྲུལ་རེད། ཁོང་སློབ་གྲ་ནས་གནས་དབྱུང་གཏང་དགོས་པ་ཨ་ལ་ལ། ད་དུང་རྒྱ་གར་ཉེན་རྟོག་པ་ལ་རྩིས་སྤྲོད་དགོས་མི་དགོས་བལྟ་དགོས་པ་ཡིན།

    སྤྱིར་བཏང་རྒན་བདག་ལ་སློབ་གསོ་སྤྲོད་རྒྱུ་དེ་གནད་འགག་ཤིག་ཏུ་མཐོང་། ཡང་དེ་སྔོན་དགོན་པའི་སློབ་གྲ་ཤིག་ཏུ་རྒན་བདག་ཞིག་གིས་བྱིས་པ་སློབ་ཕྲུག་ལོ་བཅུ་གྲངས་ཡས་མས་ཤིག་ལ་བྲང་ཁོག་ལ་གདོང་རྒྱག་གཞུས་པའི་རྐྱེན་གྱིས་མཆིན་པ་ཐོར་བ་སོགས་ཀྱི་རྐྱེན་པས་ཤི་ལམ་དུ་བརྫངས་ཡོད། ཡང་ད་ལྟ་སླར་ཡང་གནས་ཚུལ་གཅིག

    Reply
  12. ཚང་མ། says:
    ལོ་ 14 སྔོན།

    མིའི་སྤྱི་ཚོགས་ཞིག་ཡིན་ཕྱིན་སྔ་གཞུག་ལ་མ་ལྟོས་པར་ཆེ་ཆུང་ལ་མ་ལྟོས་པར་དོན་དག་ཞིག་ཡོང་རྒྱུ་སྲིད་པ་ནི་ཆོས་ཉིད་ལྟ་བུ་རེད། དེ་ལ་ཧ་ལས་ཧོན་འཐོར་དགོས་པ་གང་ཡང་མ་རེད། འོན་ཀྱང་དོན་དག་ག་རེ་བྱུང་ཡང་ཁྲིམས་ལུགས་གཞིར་བཟུང་ཐག་གཅོད་གནང་ན་ཁྲིམས་བཟོས་པའི་བཟོ་གོ་ཆོད་པ་རེད། དེ་མིན་བར་བ་བར་ནས་གཟུ་བཤད་ཁུལ་གྱིས་ཐག་གཅོད་གནང་ན་ཡག་པོ་རྩ་བ་ཉིད་ནས་མ་རེད། གནའ་སྔ་མོ་ནས་ད་བར་རྒད་པོ་རྒན་མོ་ཚོ་ཚོགས་ནས་གཟུ་བཤད་ཁུལ་གྱིས་རྒྱུ་འབྲས་གོ་ལྡོག་མཁན་མང་པོ་རེད།
    ང་ཚོ་ཁ་ནས་མང་གཙོ་དང་ཁྲིམས་ཀྱིས་དབང་བསྒྱུར་བའི་ལུང་པ་ཞིག་བསྐྲུན་དགོས་ཞེས་བཤད་པ་བཞིན་དོན་དག་ངོ་མ་སྒང་ལ་འགྲོ་ན་འགྲོ་རན་རེད། དེ་མིན་རྗེས་ལས་དང་ངན་པ་ལང་ཤོར་དུ་གཏོང་བ་རང་རེད།
    ང་ཚོའི་གཞུང་དང་ཚོགས་སྡེ་ཁག་མང་པོའི་ནང་ཁྲིམས་ལུགས་ལ་དོ་སྣང་གང་ཡང་མེད་པར་མི་ཁ་ཤས་ཞིག་གིས་ཐག་གཅོད་གནང་བསྡད་པ་དེ་རྩ་བ་ཉིད་ནས་ཡག་པོ་མི་འདུག།

    Reply
  13. སྟག་ཕྲུག says:
    ལོ་ 14 སྔོན།

    ད་ཐེངས་ཀྱི་གནས་ཚུལ་འདིས་རྒྱུན་དུ་རྒན་བདག་འདི་གཉིས་ཀྱི་སློབ་མ་བྱིངས་ལ་ཇི་ལྟར་སྣེ་ཁྲིད་བྱེད་ཀྱི་ཡོད་པ་ཚོད་དཔག་བྱ་ཐུབ། སློབ་གྲྭའི་འབྲེལ་ཡོད་འགན་འཁུར་བ་དང་སློབ་སྟོན་པ་དག་གིས་བྱ་སྤྱོད་འདི་དག་ལ་སྟངས་འཛིན་དང་སྒྱུར་བཅོས་ཡོང་ཐབས་ངེས་པར་དུ་གནང་དགོས་འདུག

    Reply
  14. བོད་མི་ཪྩམ་ཟས། says:
    ལོ་ 14 སྔོན།

    ཚང་མས་བཟོད་པ་ཏོག་ཙམ་གནང་རོགས་་་་་་་་་་་་་་་་་་་་་་་་་་་་་་་འདི་འདྲ་བའི་གནས་ཚུལ་བོད་ལ་ཡོད་པའི་ཕ་མ་ཞིག་ལ་འཕྲད་དུས་ཧ་ཅང་བློ་ཕམ་བྱུང་།་ཚང་མས་བསམ་བློ་ཡག་པོ་གཏོང་རོགས་གནང་་་་་་་་་་་་་་་

    Reply
  15. དབྱར་ཁབ་ཀུན་བཟང། says:
    ལོ་ 14 སྔོན།

    དེང་རབས་འདིའི་ནང་མིའི་བསམ་བློའི་གོམས་གཤིས་འགྱུར་བ་བཏང་བ་ནི་ཉེས་རྡུང་གི་ལམ་ནས་འགྲོ་མི་ཐུབ་པ་ཤེས་བཞིན་དུ་ད་རེང་ཡང་སློབ་མ་ཞིག་གི་རིན་ཐང་ཅན་གྱི་ཚེ་སྲོག་ལ་རྒོལ་བརྡུང་བྱས་པ་འདི་ཡིད་སྐྱོ་དགོས་པའི་གནས་ཚུལ་ཞིག་ལས་མ་འདས། དོན་རྐྱེན་དེ་ནི་སློབ་གྲྭའི་འགན་འཛིན་པ་རྣམས་ཀྱིས་རྒྱུན་ལྡན་དུ་སློབ་མ་སྐྱོང་སྟངས་དེ་དམར་པོས་བོད་ལ་དབང་བསྒྱུར་བྱེད་སྟངས་དང་གཅིག་མཚུངས་སུ་ར་འཕྲོད་ཡོད།

    Reply
  16. གངས says:
    ལོ་ 14 སྔོན།

    རེད་ཡ་འདས་བོ་སློབ་ཕྲུག་ཁོང་ལ་སེམས་སྟེང་ནས་སྙིང་རྗེ་དང་མྱ་ངན་ལེ་ཡོད། དེ་ལས་ཀྱང་སྙིང་རྗེ་དགོས་བ་རྒན་བདག་གཉིས་དང་སློབ་གྲ་འདིས་མ་འོངས་བ་རེད། གཞོན་སྐྱེས་ཤེས་ཡོན་ཅན་རྣམས་ཀྱིས་ལག་པ་སྙིང་ཁར་བཞག་ནས་སློབ་གྲ་འདིའི་མ་འོངས་བ་ལ་བསམ་བློ་ཞིག་བཏང་ནས། མགོ་ཚོས་མ་ཚོས་བར་ནས་མཆན་གང་ཡིན་མ་འབྲི་རོགས།

    Reply
  17. tenlha says:
    ལོ་ 14 སྔོན།

    ཁྱོད་ཀྱི་བསམ་བློ་ཡང་དག་མ་བཏང་ཚེ་
    རྗེས་སུ་ཉེན་ཁ་ཆེ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

    Reply
  18. བསོད་འོད says:
    ལོ་ 14 སྔོན།

    ལོ་གཉིས་ཀྱི་གོང་དེར་སེར་བྱེས་གྲ་ཚང་གི་སྐུ་གཉེར་ཞིག་གིས་དགེ་འདུན་འདུན་པ་ཞིག་ལ་རྟ་ལྕག་ཞིག་ཞུས་སྐབས་དུས་བབ་དྲ་རྒྱའི་སྟེང་གི་དྲ་འབུ་དེ་དག་ཕྱོགས་གཅིག་ཏུ་བསྡོམས་ནས་དྲ་དམག་འབོར་ཆེན་ཞིག་ལྷོ་ཕྱོགས་སེར་རར་ཆོས་སྒར་དུ་དྲངས་ནས་འགྲོ་བ་ཡོངས་ཀྱི་བསོད་ནམས་ཀྱི་ཞིང་མཆོག་དམ་པ་དེ་ཤུལ་མེད་དུ་བཅོམས་སོང་། དེ་རིང་སུ་ཇྭ་སློབ་གྲའི་རྒན་བདག་དེ་ཚོས་མ་འོངས་བོད་ཀྱི་སོན་རྩ་ཞིག་དམར་གསོད་བཏང་སྐབས་དུས་བབ་དྲ་རྒྱའི་སྔར་དྲ་འབུ་དེ་ཚོ་ཞེད་ཐག་ཆད་ནས་དྲ་སྐྱག་ཡང་ཤོར་ནས་ཕྱོགས་གང་སར་བྲོས་ཚར་འདུག། དགོས་སར་ཆད། མི་དགོས་སར་ཐོལ། ཟེར་བ་དེ་རེད།

    Reply
  19. ཁྱུང་དཀར says:
    ལོ་ 14 སྔོན།

    དངོས་གནས་སློབ་ཕྲུག་ཁོང་སྙིང་རྗེ། ཕལ་ཆེར་རྩིས་རྒྱབ་ན་ཁོང་ཕ་ཡུལ་དང་ཁ་གྱེས་ནས་ཟླ་ངོ་འགའ་ཤས་ལས་བྱིན་མེད་པ་འདྲ། དུས་ཚོད་ཐུང་ཐུང་འདི་འདྲ་ཞིག་གི་ནང་ཐ་མག་རེ་འཐེན་རྐྱེན་གྱིས་རང་ཉིད་ཀྱི་ཚེ་སྲོག་འདི་ལྟར་འཕྲོག་པ་བློ་ཕམ་ཧ་ཅང་ཆེ། འདི་ལྟར་བསམ་དུས་སུ་ཇ་བོད་ཁྱིམ་ནི་རང་དབང་གི་སློབ་གཉེར་ཁང་ཞིག་ལས་ལྡོག་སྟེ་སྒེར་གཅོད་ལས་དོན་གྱི་རྡུང་རྡེག་བཙོན་རྭ་ལྟ་བུ་ཞིག་ཏུ་འགྱུར་བཞིན་པ་སྐྱོ་བའི་གནས་སུ་འཁུམས། གང་ལྟར་སློབ་ཕྲུག་གསོད་མཁན་རྒན་བདག་ཡིན་ནའང་འདིའི་མགོ་སྔ་བར་གསུམ་ཚང་མ་སློབ་གྲྭའི་སྤྱི་ཁྱབ་འགན་འཛིན་གྱིས་འགན་འཁུར་དགོས།

    Reply
  20. ལས་འབྲས says:
    ལོ་ 14 སྔོན།

    དེ་དངོས་གནས་ཡིད་སྐྱོ་བས་གནས་ཚུལ་ཞིག་རེད
    རྒན་ལགས་ཀྱིས་སོད་སེམས་མེད་པར་ང་ཚོས་ཤེས་ཐོབ་ཡིན་ན་ཡང་དེ་ཏབ་མ་ལེགས་པས་དབང་གི་བྱུང་བ་ཞིག་ཡིན་པ་རེད་ལ་རྒན་གི་མ་འགྲིག་བ་ཡོང་གི་འདུག་གང་ཡིན་ཟེར་ན་མ་རབ་དང་སྤྱོད་ངན་ཅན་སློབ་ཕྲུག་དེ་ཚོ་ཉེས་པ་ག་རེ་བཏང་བཏང་རེད་ཉེས་རྡུང་དགོས་དོན་མེད་་་ ཁ་ཤས་ཀྱིས་དངོས་དང་རྫུན་གཉིས་ཀའི་བར་ནས་ཡོང་བཞིན་འདུག སློབ་ཕྲུག་སུ་ཞིག་ལ་གློག་གི་འཕྲུལ་ཆས་ཡོད་པ་གོང་གིས་མཐོང་ན་ཡིག་ཚང་གིས་ཕྲོག་སྟེ་མར་གནང་བའི་སྲོལ་ཡོད་མི་འདུག
    སློབ་ཕྲུག་ཁ་ཤས་ལ་ཕྱི་རྒྱལ་གྱིས་ཅ་དངོས་རིགས་བསྐུར་ན་དེ་དང་མཉམ་དུ་སྒོར་མོ་ཡོད་པ་མཐོང་སོང་ན་ཡིག་ཚང་གིས་ཡར་འཕྲོག་གི་ཡོད་འདུག. མཐའ་མར་ཅ་དངོས་དེ་དག་སུ་ལ་བདག་ཡོད་དམ།. ཁ་ལག་ནི་རྒྱ་ནག་བཙོན་ཁང་ལས་ཅུང་ཟད་དྲག་ཡོད་འདུག་ཟེར། དེ་ནི་མི་ཞིག་གིས་ཁུར་དགོས་པའི་འགན་འཁྲི་དང་རྩ་དོན་མཐའ་དག་རྦད་དེ་གཏིང་བརྗེད་དུ་སོང་ནས་རང་གིས་རང་ལ་དགག་པ་ཡང་ཐེབས་ཡོད་པ་མཐོང་། གནས་ལུགས་ཀྱིས་ཕོངས་པའི་ཅ་ཅོའི་ངག་འཆར་རིགས་ལ་མ་རྨོངས་པར་བདེན་དོན་གྱི་སྤེལ་རྩལ་འཕྱར་ནས་རྒོད་གཏམ་གྱི་གཏན་ཚིགས་འགོད་རྒྱུ་དེ་ནི དྲང་བདེན་དང་ཡར་ཐོན་ལ་ཕྱོགས་པའི་མི་ཞིག་གིས་ཁུར་དགོས་པའི་འགན་འཁྲི་དང་དོར་ཐབས་མེད་པའི་ལས་འགན་ཡིན་པ་བརྟེན གསར་འགྱུར་འདི་ཀློག་མཁན་དང་མཆན་མཁན་ཚང་མ་ཤེས་ཡོན་ཅན་དང་བསམ་བློ་གཏོང་ཤེས་མཁན་ཞིག་ཡིན་དགོས།

    Reply
  21. དམར་ཁ་ཚ། says:
    ལོ་ 14 སྔོན།

    མི་གསོད་སྟངས་འདི་གདན་སའི་སྤྱི་ཚོགས་ནས་མི་མང་དང་།དེང་གི་སྐབས་སུ་སློབ་གྲྭའི་ཁོར་ཡུག་ལ་དར་ཡོད་པའི་གོམས་སྲོལ་རྙིང་པ་ཞིག་རེད།
    རྡོ་རིང་པཎྚིཏའི་རྣམ་ཐར་ནང་ལྟོས་དང་།སྔགས་རམས་པ་རྒྱལ་སྡེ་ཟེར་བ་ཞིག་གིས་ལྷ་སའི་སྨོན་ལམ་སྐབས་དགེ་འདུན་པ་བཞི་ལྔ་ཞིག་རྐྱེན་ལམ་དུ་བཏང་ཚུལ་བཤད་ཡོད།
    ད་དུང་ཁོང་ལ་ཆོས་ཁྲིམས་དང་།རྒྱལ་ཁྲིམས་གང་ཡང་མེད་པ་མ་ཟད་རྒྱལ་ཚབ་རིན་པོ་ཆེས་གཟིགས་གསོལ་ཆེ་ཚུལ་སོགས་ཀྱི་བསྔགས་བརྗོད་གནང་ཡོད།

    Reply
  22. ལུང་རྟོགས། says:
    ལོ་ 14 སྔོན།

    ང་ཚོའི་སློབ་གྲྭ་ཁག་ལ་སྒྲིག་གཞི་དམ་དྲགས་པའི་སྐྱོན་ཆེན་པོ་འདུག སྒྲིག་གཞི་དམ་དྲགས་ན་མིའི་ལུས་སེམས་གཉིས་ཀྱི་འཚར་ལོངས་ལ་ཕན་ཐོག་མེད་ཁར་གནོད་སྐྱོན་ཆེན་པོ་འགྲོ་བཞིན་པ་མ་ཟད། སློབ་གྲྭ་ནས་ཐོན་པའི་རྗེས་སུ་ཡང་བག་འཁུམས་ཅན་ལ་འགྱུར་བཞིན་ཡོད། ད་རེས་ཀྱི་དོན་རྐྱེན་འདི་ཡང་སྒྲིག་གཞི་དམ་དྲགས་པའི་དབང་གིས་བྱུང་བ་རེད་ལ། མིའི་མི་ལ་ཉེས་རྡུང་བཏང་ནས་བསད་པ་ནི་དུད་འགྲོའི་བྱ་སྤྱོད་རེད།

    Reply
  23. ཤེས་རབ། says:
    ལོ་ 14 སྔོན།

    སློབ་གྲྭ་དེར་བསྡད་མྱོང་མཁན་བུ་མོ་ཞིག་ལ་སྐད་ཆ་དྲིས་དོན། སློབ་ཕྲུག་སུ་ཞིག་ལ་གློག་གི་འཕྲུལ་ཆས་ཡོད་པ་གོང་གིས་མཐོང་ན་ཡིག་ཚང་གིས་ཕྲོག་སྟེ་མར་གནང་བའི་སྲོལ་ཡོད་མི་འདུག
    སློབ་ཕྲུག་ཁ་ཤས་ལ་ཕྱི་རྒྱལ་གྱིས་ཅ་དངོས་རིགས་བསྐུར་ན་དེ་དང་མཉམ་དུ་སྒོར་མོ་ཡོད་པ་མཐོང་སོང་ན་ཡིག་ཚང་གིས་ཡར་འཕྲོག་གི་ཡོད་འདུག. མཐའ་མར་ཅ་དངོས་དེ་དག་སུ་ལ་བདག་ཡོད་དམ།. ཁ་ལག་ནི་རྒྱ་ནག་བཙོན་ཁང་ལས་ཅུང་ཟད་དྲག་ཡོད་འདུག

    Reply
  24. བསྟན་འཛིན་ཚེ་འཚོ། says:
    ལོ་ 14 སྔོན།

    གསར་འགྱུར་ནི་འུར་ཤོད་དང་བདེན་རྫུན་མ་ངེས་པའི་བར་ན་བྱུང་བཞིན་ཡོད་པས། གསར་འགྱུར་ཡིན་པ་ཙམ་གྱིས་ཡོད་ཚད་བདེན་པར་འཛིན་མི་རུང་། དེའི་སྟབས་ཀྱིས་མཆན་མཁན་གང་མང་ཞིག་གི་མཚན་ཡང་དངོས་དང་རྫུན་གཉིས་ཀའི་བར་ནས་ཡོང་བཞིན་འདུག གསར་འགྱུར་འདི་ཀློག་མཁན་དང་མཆན་མཁན་ཚང་མ་ཤེས་ཡོན་ཅན་དང་བསམ་བློ་གཏོང་ཤེས་མཁན་ཞིག་ཡིན་ངེས། ཐེངས་འདིར་སུ་ཇ་བོད་ཁྱིམ་ལ་བྱུང་བའི་གནད་དོན་འདི་ཤེས་མ་ཤེས་དང་། ཡིན་མ་ཡིན་གཉིས་ཀྱི་སོ་མཚམས་ལ་བརྡར་ནས་ཤོད་རྐྱང་བྱས་ན་སྐྱོན་ཆེ། རྒྱུ་མཚན་ནི་སུ་ཇ་སློབ་གྲྭ་འདི་ཧ་ཅང་ཚོར་ཤུགས་རྣོ་སའི་སློབ་གྲྭ་ཞིག་དང་། གནད་དོན་མང་བོའི་སློབ་གྲྭ་ཞིག སྐབས་ཚོད་རིང་ལུགས་པ་དང་། བདེ་འཇགས་དཀྲུག་མཁན་སོགས་མེད་པ་གཏན་ནས་མིན། མཆན་མཁན་ཚོས་རྨ་ཐོག་ལ་ཚ་ཡི་དཔེ་བཞིན་མི་བྱེད་པར་བཟང་ཕྱོགས་དང་འབྱུང་འགྱུར་སློབ་གྲྭ་འདིའི་བདེ་འཇགས་དང་འདིའི་གོང་ཕེབས་ཀྱི་ཕྱོསག་ལ་ལམ་སྟོན་གནང་རྒྱུ་ལས་དོན་མེད་དབྱེན་སྦྱོར་གྱི་ངན་ཚིག་མ་བརྗོད་ན་ལེགས། རྒྱུ་མཚན་ནི་ང་ཚོ་ཚང་མ་བོད་རིགས་ཤིག་ཡིན་པས་འགན་ཡོད་ལ་སློབ་གྲྭ་འདིར་ད་དུང་སློབ་ཕྲུག་སྟོང་ཕྲག་གང་མང་གནས་སའི་གཞི་ཞིག་ཡིན་པས་ཡིན། དོན་མེད་སུ་ཇ་སློབ་གྲྭའི་སྒྲིག་ལམ་འགྲིག་མེད་ཚུལ་དང་ཟས་གོས་སྡོད་གནས་སྐྱོ་ཚུལ་སོགས་བཤད་ན་ཅུང་མི་འོས་པ་ཞིག་དང་པ་འགྲིག་པ་ཞིག་མཐོང་བ་འདུག བཙན་བྱོལ་དུ་སླེབས་པའི་སློབ་ཕྲུག་སྟོང་ཕྲག་མང་པོ་ཞིག་འདི་ནས་འཚར་ལོངས་དང་འདི་ནས་སེམས་ཁ་གསོས་པ་ཡིན་ཞེས་ན་ཡང་མི་འགྲིག་པ་མེད། སློབ་ཕྲུག་ཞིག་འདི་ལྟར་རྐྱེན་ངན་འོག་འདས་གྲོངས་སུ་ཕྱིན་པ་ཡང་དོན་དངོས་ཐོག་ནས་རྐྱེན་ངན་རང་ཡིན་སྟབས་ཚང་མས་འུར་ཤོད་བྱས་ན་སློབ་གྲྭའི་བདེ་འཇགས་ལ་གནོད་སྐྱོན་ཧ་ཅང་ཆེ། ལྷག་དོན་ཚང་མས་རྟོགས་དགོས་པ་ནི་སྐབས་ཚོད་རིང་ལུགས་པ་དག་ཡིན། སུ་ཇ་སློབ་གྲྭ་ནི་སྐབས་ཚོད་རིང་ལུགས་པ་འབྱུང་སའི་གནས་གཞི་གཙོ་བོ་དེ་རེད་ཞེས་ན་ནོར་སྐྱོན་ཆེར་མེད་སེམས།

    Reply
  25. བཛྲ་སུ་མ་ཏི། says:
    ལོ་ 14 སྔོན།

    སྙིང་རྗེ། རང་གི་ཕ་ཡུལ་ནས་རྒྱ་མིའི་མནར་གཅོད་མ་བཟོད་པར་བཙན་བྱོལ་ལ་འབྱོར། འདི་ནས་རང་མི་ལག་ནས་ཤི་འགྲོ་བསམ་པ་སུ་དང་གང་ལ་མེད། སློབ་གྲྭ་ལ་སྒྲིག་གཞི་གལ་ཆེན་པོ་རེད། དེ་ལས་ཀྱང་མི་སྲོག་གལ་ཆེན་པོ་མ་རེད་དམ། རྐྱེན་གང་ཞིག་ཡིན་ཡང་རུང་མི་བསད་པ་ཁྲིམས་འགལ་རེད། མི་གསོད་དེ་དག་ངེས་བར་དུ་ཁྲིམས་ཐོག་ལ་འགྲོ་དགོས་རེད། དེ་མ་བྱས་བར་ཡང་ཅིག་ཅིག་བཤད་ནས་ནང་ཁུལ་གསང་བ་བྱས་ནའང་ཁྲིམས་འགལ་རེད།

    Reply
  26. རྒྱ་རགས། says:
    ལོ་ 14 སྔོན།

    སུ་ཇཱ་སློབ་གྲྭ་ཟེར་བ་འདིར་དགེ་རྒན་དང་རྒན་བདག་གི་མིང་ཅན་འགས་ཁྲིམས་མེད་ལུགས་མེད་བྱེད་ཀྱི་ཡོད་ས་རེད།
    དེ་ལྟར་མི་གསོད་ཀྱི་ཡོད་རེད་ལ། སློབ་ཕྲུག་གི་རྒྱུ་ནོར་ཡང་བཙན་འཕྲོག་བྱེད་ཀྱིན་ཡོད་པ་རེད། དཔེར་ན། ཉེ་ཆར་སློབ་ཕྲུག་ཚོའི་སྒེར་གྱི་ཅ་ལག་གློ་བུར་དུ་བསྔོགས་བཤེར་བྱས་ནས་ལག་ཁྱེར་ཁ་པར་དང་། པར་ཆས། ལག་ཁྱེར་གློག་ཀླད་སོགས་སློབ་ཕྲུག་ཚོའི་སྒེར་གྱི་ཅ་དངོས་ཧ་ཅང་མང་པོ་བཙན་འཕྲོག་བྱས་ཡོད་པ་རེད། རྒྱུ་དངོས་དེ་དག་སླར་སློག་བར་རེ་བ་བྱས་ཏེ་སློབ་ཕྲུག་བུ་མོ་ཞིག་གིས་སློབ་གྲྭ་ནས་རྩ་དགོངས་ཞུས་ཀྱང་ད་དུང་མོའི་གློག་ཀླད་སོགས་རྒྱུ་དངོས་རྣམས་སློག་མེད་པ་རེད།
    མདོར་ན་ཧི་མ་ལ་ཡའི་རི་རྒྱུད་ཀྱི་རྒྱ་ནག་དམག་མི་དང་སུ་ཇཱ་སློབ་གྲྭའི་མི་རེ་ཟུང་གི་བྱེད་སྟངས་ལ་ཁྱད་པར་མེད་པ་འདྲ་བོ་རེད།

    Reply
  27. བསང་ཆུ་འབྲུག་བྷེ། says:
    ལོ་ 14 སྔོན།

    འདི་ནི་དངོས་སུ་མི་གསོད་སྟངས་ཤིག་རེད། དེ་ལ་ང་ཧ་སང་གི་མི་འདུག དོན་ངོ་མར་འུ་ཚོའི་མི་རིགས་ཤིག་གི་མི་རབས་གསར་བའི་ན་གཞོན་མང་བོའི་བསམ་བློ་ཡུལ་འདི་ན་དམར་གསོད་བྱེད་ཀྱི་ཡོད་པ་རེད། དོན་རྐྱེན་འདི་ནི་དཀོན་མཆོག་གིས་འུ་ཚོར་གནས་ཚུལ་དེ་ཤེས་སུ་བཅུག་པའི་བརྡ་བསྟན་པ་རེད་སྙམ།

    Reply
  28. ཇོ་བོ་རྣམས་གཉིས། says:
    ལོ་ 14 སྔོན།

    སུ་ཇའི་སྒྲིགས་ཁྲིམ་དེ་གོ་ཐོས་དང་དེ་རིང་གི་གནས་ཚུལ་དེ་ཤེས་མ་ཐག་སུ་ཇཱ་ནི་ཆུ་ངོག་གཏམ་རྒྱུད་ནང་གི་ལེང་ཧྲེན་རི་བོའི་ཁྲིམས་ལ་གཞི་བཅོལ་ཡོད་ས་རེད་བསམ་བྱུང། གང་ཡིན་ཟེར་ན་ལེང་ཧྲེང་གི་ཁྲིམས་ནང་དོན་མེད་རི་ནས་བབ་ན་བསད་རྒྱུ་ཞེས་པ་ལྟར་སུ་ཇཱ་ཡིས་ཐ་མག་གང་བྱུང་ཐེན་ནས་བསད་འདུག །
    སློབ་ཕྲུག་དེའི་དོན་དུ་མྱ་ངན་བྱེད་དགོས་པ་ནི་སྨོས་མེད་ཡིན་ཀྱང་དེར་རྩེད་མོ་ཅུང་ཞིག་ཐལ་སོང་བས་དགོང་པ་མ་མཚོམས།

    Reply
  29. ཀོ་རི་ཡའི་བུ། says:
    ལོ་ 14 སྔོན།

    ཨ་ཁ་སྙིང་རྗེ་སློ་མ་དེ་་་་་་་་་་་ངས་ལྟར་མ་ཚང་མ་ནོར་འཁྲུལ་ཆེན་པོ་འདུག

    Reply
  30. ཤེས་རབ། says:
    ལོ་ 14 སྔོན།

    གནས་ཚུལ་ནི་བྱུང་ཚར་བ་རེད། འགྱོད་པ་གནང་ཡང་ཕན་ཐུབ་གང་ཡང་མེད། མ་འོངས་པ་ལ་འདི་འདྲའི་རིགས་མ་ཡོང་པ་བྱ་དགོས། སྔར་ནས་སློབ་གྲྭ་འདི་རུ་ཟས་གོས་རྣམས་ཧ་ཅང་གི་སྐྱོ་པོ་དང་།. སློབ་ཕྲུག་མང་ཆེ་བ་གློ་གཅོང་གི་ན་ཚ་ཕོག་མ་མྱོང་མཁན་ཕལ་ཆེར་མེད་པ་ལྟ་བུ་རེད། སློབ་ཕྲུག་མང་པོ་ཕྱིར་ཕུད་བཏང་བ་ཐོས་པར་སེམས་ཕམ། མི་རིགས་ལ་ཐུགས་བསམ་བཞེས་ཏེ་རྙོག་སྒྲ་མ་ཡོང་པ་གནང་རོགས་ཞུ།

    Reply
  31. ནགས་མེ། says:
    ལོ་ 14 སྔོན།

    སྤྱིར་སློབ་གྲྭ་དེའི་ཁྱོན་ཡོངས་ཀྱི་སྒྲོམ་གཞི་བརྗེ་མོ་བརྒྱག་དགོས། སློབ་མར་ཁ་ལག་ཀྲིང་མོག་རེ་སྤྲད་ནས། དམ་བསྒྲགས་ཧ་ལས་པ་བྱས་བཏང་ན། སུས་ཨར་བརྟན་གྱི་རེད། དེའི་མགོ་ཁྲིད་རྐུབ་ཅོག་དེ་ངས་ཅི་དྲག

    Reply
  32. རིགས་བཟང་། says:
    ལོ་ 14 སྔོན།

    སྟབས་མ་ལེགས་པར་བྱུང་བའི་དོན་རྐྱེན་རང་རེད། འདས་པོའི་མི་ཚེ་ཕལ་ཆེར་ཟད་ཚར་འདུག
    སུ་ཇཱ་བོད་ཁྱིམ་གྱི་སྒྲིག་གཞི་མུ་མཐུད་དུ་དམ་ནས་དམ་དུ་བཏང་ནས་སློབ་ཕྲུག་མང་པོའི་མདུན་ལམ་གྱི་ཆེད་དུ་ཕྲུ་གུ་ཁ་ཤས་ཤིག་གི་སྲོག་འཕྲོག་དགོས་ཀྱང་། སློབ་གྲྭའི་སྒྲིག་གཞི་དང་འགན་འཛིན་དག་གི་ལྟ་ཚུལ་རྒྱུན་སྐྱོང་བྱ་རོགས། ཁྱེད་ཅག་གི་ཡོད་ཚད་རྒྱལ་གྱུར་ཅིག

    Reply
  33. ནགས་མེ། says:
    ལོ་ 14 སྔོན།

    སློ༷བ་གྲྭ་འདི་ནས་སློབ་མའི་ཟས་སྡོད་ལ་ཡར་རྒྱས་སྣེ་གཅིག་མེད་ལ། སློབ་སྦྱོང་ལའང་ཡག་པོ་ཡོད་པ་མངོན་རྒྱུ་མེད། གཙོར་འཛིན་མི་དགོས་པའི་སློབ་གྲྭ་དེའི་སྒྲིག་ལམ་ཐད་ལ་ཧ་ཅང་དམ་བསྒྲགས་ཆེན་པོ་རེད། ཕལ་ཆེར་བཙོན་པ་དང་ཆ་རེད། འདིར་སྒྲིག་འཛུགས་འབྲེལ་ཡོད་ལས་ཁུངས་ནས་ངེས་པར་བརྟག་ཞིབ་ནན་མོ་བྱས་ནས། སློབ་གྲྭ་འདིའི་ཟས་གོས་དང་། སློབ་སྦྱོང་ཐད་གོམ་པ་མདུན་སྤོ་ཡོང་བ་བྱེད་རོགས། ད་ལྟའི་བཙོན་པ་དང་འདྲ་བའི་སྒྲིག་ལམ་འདི་སང་སང་གནངས་གནངས་ནས་ལྷོད་ལ་གཏོང་དགོས་ངེས་རེད།
    དོན་དག་སློབ་སྦྱོང་རང་ལ་ཤུགས་རྒྱོབས། བཙོན་པའི་སྒྲིག་ལམ་ལ་ཤུགས་མ་རྒྱག་རོགས།

    Reply
  34. གཡུ་དྲུག་དཀར། says:
    ལོ་ 14 སྔོན།

    སྤྱིར་བཏང་རྒན་བདག་གིས་ལག་པ་འཆང་བ་དེ་ནོར་བ་རེད་ཅེས་བརྗོད་ཆོག་མོད། ང་ཚོས་ད་དུང་ངེས་པར་དུ་བརྟགས་དཔྱད་བྱ་དགོས་ས་གཉིས་ཡོད།
    དང་པོ་དེ་རྒན་བདག་ལ་སློབ་ཕྲུག་དེས་ཚུར་འཛིངས་མགོ་བརྩམ་ཡོད་མེད་དེ་རེད། གལ་སྲིད་ཡོད་ན་ལག་ཉེས་འཆོར་སྲིད་པ་ཞིག་རེད། ངན་ཁག་ཡོད་ཚད་སློབ་གྲྭ་དང་རྒན་བདག་ལ་གཡོགས་རྒྱུ་མེད། གཉིས་པ་དེ་སློབ་ཕྲུག་འདས་པོ་དང་རྒན་བདག་གཉིས་ཀྱི་རྩོད་གླེང་དེ་དངོས་གནས་ཐ་མག་བཏུང་བའི་སྟེང་ནས་བྱུང་འདུག་གམ། སློབ་གྲྭའི་གསལ་བཤད་ལ་ཡིད་ཆེས་མཐའ་གཅིག་ཏུ་བྱེད་མི་རུང་། གང་ལགས་ཟེར་ན། འདས་པོ་གྲོངས་ཚར་བ་རེད། གནས་ཚུལ་དེ་སློབ་གྲྭའི་ངོས་ནས་ག་རུ་ལབ་ལབ་འདྲ་བོ་ཞིག་རེད། ད་དུང་སུ་ཇ་སློབ་གྲྭའི་ངོས་ནས་རྒན་བདག་གཉིས་ཟེར་བ་ཙམ་ལས་མི་སུ་ཡིན་སྟོན་རྒྱུ་འདུག་གམ།

    Reply
  35. ངག་དབང་རབ་རྒྱས། says:
    ལོ་ 14 སྔོན།

    དངོས་གནས་བློ་ཕམ་གྱིས་རང་བཞིན་རེད་ལ།ཐ་མ་འཐེན་པ་ཙམ་གྱིས་སྲོག་ཐོག་ཉེས་ཆད་བཏང་བ་དེ་སློབ་གྲྭ་དེ་ལ་མ་ལག་ཚང་བའི་སྒྲིག་གཞི་དང་སྒྲིག་གཛུགས་ཤིག་དེའི་དབུ་འཁྲིད་མཁན་དགེ་ལས་སོགས་ལ་བཟང་སྤྱོད་དང་མི་རིགས་ཀྱི་ལ་ཞེན་ཅི་ཙམ་ཡོད་མེད་རོབ་ཙམ་ཧ་གོ་ངེས་རེད།་བྱ་སྤྱོད་འདི་ལྟ་བུ་རྒྱ་དམར་གྱི་བཙོན་རྭ་ནང་གི་བྱེད་སྟངས་དང་ཁྱད་ག་ལ་འདུག་གནད་དོན་ཆུང་ཆུང་འདི་འདྲའི་ཆེད་དུ་དམར་གསོད་བཏང་བ་དེ་བློ་ཡུལ་ཤོང་དཀའ་བ་ཞིག་རེད།་

    Reply
  36. གཅན་དཔལ་ལྡན། says:
    ལོ་ 14 སྔོན།

    ངའི་ཤེས་ཚོད་ལ། སུ་ཇཱ་བོད་ཁྱིམ་སློབ་གྲྭའི་སྒྲིག་གཞི་ཧ་ཅང་དམ་པོ་འདུག ཁ་ལག་ཀྱང་ཤིན་ཏུ་སྐྱོ་བོ་འདུག དགེ་ལས་ཁག་ཅིག་ཡག་པོ་དེ་ཙམ་མེད། ལྷག་པར་དུ། ཕན་སེམས་ཅུང་ཙམ་ཡང་མེད་པའི་ནད་གཡོག་དེ་ཚོ…..
    གཞན་སློབ་གྲྭ་དེར་སློབ་མར་ཤ་ཚ་ཤེས་པའི་དགེ་རྒན་དཔེར་ན། རྒན་བསྟན་འཛིན་དར་རྒྱས་མཆོག་དང་། རྒན་ངག་དབང་ཚེ་བརྟན་བཟའ་ཟླ་གཉིས། རྒན་ཚེ་རབ། རྒན་རྡོ་རྗེ་སྒྲོལ་མ། སློབ་གྲྭའི་ཆོས་དགེ་སོགས་ལ་སློབ་མ་ཀུན་གྱིས་བརྩི་བཀུར་ཐོབ་ཡོད།

    Reply
  37. karchong says:
    ལོ་ 14 སྔོན།

    ཕ་ཡུལ་གང་དང་གང་གི་ཁྱད་པར་མེད།མི་ཆོས་ལས་འདས་པའི་དྲག་སྤྱོད་གཏོང་ནས་མི་ཞིག་གི་སྲོག་བཅད་པ་དེ་ལ་ཁྲིམས་ལུགས་ལྟར་ཉེས་པ་ལྗིད་པོ་མ་བཏང་ན།
    སླད་ཕྱིན་ཆད་དེའི་མང་དུ་འགྲོ་ངེས།

    Reply
  38. འཕྲིན་ལས says:
    ལོ་ 14 སྔོན།

    རྐང་བཞི་ས་ལ་མ་བཙུགས་པའི་དུད་འགྲོ་ངོ་མ་འགའ་ཞིག་འདི་ན་འདུག

    Reply
  39. ཚངས་སར་ཕྲིན་ལས། says:
    ལོ་ 14 སྔོན།

    ཕྱི་ནས་རྒྱ་མིས་དམག་གསོད་གཏོང་།།
    ནང་ནས་རང་མིས་དམག་གསོད་གཏོང་།།
    དམག་བསད་གཏོང་བའི་རྗེས་ཤུལ་ན།།
    བོད་པ་ཟེར་བ་གང་དུ་ཡོད།།
    སྙིང་རྗེ་དེའི་དོན་ཨོྂ་མ་ཎི་པདྨེ་ཧཱུྂ་ཧྲིཿ
    རྒན་བདག་དེ་ཚོའི་ལག་པ་འཆང་བ་དེ་ནོར་འཁྲུལ་རེད་སློབ་ཕྲུག་ལ་སློབ་གསོ་སྤྲོད་དགོས་པ་ལས་ལག་པ་འཆང་རྐྱང་བྱེད་པའི་ལུགས་སྲོལ་དེ་ནི་ང་ཚོ་བོད་པའི་ལས་གཞན་ཡར་ཐོན་ཅན་གྱི་རྒྱ་ཁབས་ཚོ་ལ་གཟིགས་དང་དེ་འདྲའི་ལུགས་སྲོལ་དེ་མེད།
    སློབ་ཕྲུག་གྱི་ཡར་ལན་ལྷོད་པ་ནི་མགོ་ལ་ལྟ་མཁན་དག་གི་སློབ་གསོ་ལེགས་པོ་ཞིག་རྒྱབ་མ་ཐུབ་པའི་དབང་གི་ཡིན་པ་མ་ཟད་ལག་པ་འཆང་མཁན་གྱི་རྒན་བདག་་དེ་ཚོ་ལའང་སློབ་གསོའི་གོ་རྟོགས་ལེགས་པོ་ཞིག་མེད་པའི་རྐྱེན་གྱིཐབས་སྐྱོ་བའི་དོན་རྐྱེན་འདི་བྱུང་བ་རེད། རྗེས་སུ་འདི་འདྲ་མི་ཡོངབའི་ཆེད་དུ་སློབ་གསོ་ལེགས་པོ་ཞིག་སྤྲོད་རོགས་ཞུ།་

    Reply
  40. མྱུལ་ཞིབ་པ་ says:
    ལོ་ 14 སྔོན།

    སློབ་གྲྭའི་འགན་འཛིན་དང་དགེ་རྒན་གྱིས་ཆོག་འཆན་སྤྲད་དེ་བྱུང་བ་ཞིག་རེད་གནས་ཚུལ་དེ་དེ་རིང་གཅིག་པོ་མ་ཡིན་པར་རྒྱུན་ལྡན་ནས་སློབ་གྲྭ་དེའི་ནང་ཡོད་བསྡད་པ་ཞིག་རེད་
    ད་རེདརླུང་རྟ་ཆག་ནས་གནས་ཚུལ་དེ་ལྟར་ལྷག་པ་རེད་
    ངས་བལྟས་ན་ལེན་པ་ཚང་མ་རྒན་འཛིན་དང་དགེ་རྒན་ལ་ཡོད་རེད་
    དེ་ལྟར་ན་རྒན་འཛིན་དང་དགེ་རྒན་ལ་ཁྲིམས་འཆད་ནན་པོ་བཅད་དགོས་རེད་
    ཧི་མ་ལ་ཡའི་གངས་རི་རྒལ་ནས་རང་སྲོག་འབེན་ལ་བཙུགས་ཏེ་བཙན་བྱོལ་དུ་ཡོང་་འོན་ཀྱང་ཕ་མ་སྤུན་མཆེད་མེད་པའི་དྭ་ཕྲུག་དེ་རྣམས་ལ་རྒྱ་གུང་ཕྲན་ལས་སྡུག་པའི་གནར་གཅོས་གཏོང་དུ་བཅུག་སོང་
    སློབ་གྲྭ་དེའི་ནང་རྒན་བདག་གཏད་ཕྲུག་དེ་ཚོས་ག་དུས་ཡིན་ནའང་སློབ་ཕྲུག་དེ་ཚོར་ཉེས་རྡུང་གཏོང་ཀྱང་བྱེད་བཞིན་ཡོད་གང་ཡིན་ཞེས་ན་གཏད་ཕྲུག་དེ་ཚོའི་རྒྱབ་ལ་སྙིང་རྗེ་སྤུ་ཙམ་ཡང་མེད་པའི་མི་ངན་རྒྱག་པ་དེ་ཚོ་ཡོད་པས་སོ།
    མདོར་ན་སུ་ཇཱ་སློབ་གྲྭའི་རྒན་བདག་རིམ་པའི་ལག་ནས་ཉེས་རྡུང་གཏང་མི་མྱོང་བ་གཅིག་ཀྱང་མེད།

    Reply
  41. གངས་རྡེའུ། says:
    ལོ་ 14 སྔོན།

    ངོ་མ་བློ་ཡུལ་དུ་ཤོང་དཀའ་བ་ནི་འདི་ལྟ་བུ་རེད། ལོ་ཆུང་སློབ་གཉེར་བ་ཞིག་འདི་ལྟར་དམར་གསོད་བཏངས་དང་བ་རེད། ད་མ་འོངས་པ་སློབ་མ་ཅི་ལྟར་སྐྱོང་རྒྱུ་ཡིན་ནམ། གསོད་མཁན་དེ་གཉིས་ཕ་ཡུལ་གང་གི་ཡིན་ནམ། ད་ལྟ་ཅི་བྱེད་བཟིན་ཡོད་དམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese