ཉེ་ཆར་བཀའ་སྤྱི་ཐུན་མོང་གི་གོ་སྒྲིག་འོག་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་མགོ་འཛུགས་བྱས་ཤིང་། རྒྱ་གར་རྒྱལ་ས་ལྡི་ལིར་སྤྱི་འཐུས་ལྷན་ཚོགས་ཀྱིས་མི་མང་ ༣༥༠༠ ལྷག་སྣེ་ཁྲིད་དེ་ཞི་བའི་གོམ་བགྲོད་དང་ཟས་བཅད་སྨྱུང་གནས་སོགས་ཀྱི་ལས་འགུལ་སྤེལ་བའི་སྐོར་ལ་གསར་འགོད་པས་ཚེས་ ༢༦ ཉིན་སྤྱི་འཐུས་ཚོགས་གཞོན་བསོད་ནམས་བསྟན་འཕེལ་མཆོག་ལ་བཅར་འདྲི་ཞུས་ཡོད།
དྲི་བ། ཉེ་ལམ་བཀའ་སྤྱི་གཉིས་ཀྱིས་སྣེ་ཁྲིད་པའི་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་ཐོག ས་གནས་ཁག་གི་མི་མང་མཉམ་ཞུགས་བྱེད་སྟངས་གང་འདྲ་ཡོད་པ་དང་། ཕེབས་མ་ཐུབ་པའི་ས་གནས་གང་དག་བྱུང་ཡོད་དམ།
ལན། ཐེངས་འདིའི་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་དེ་བཀའ་སྤྱི་མཉམ་འབྲེལ་ཐོག་འཆར་གཞི་བསྒྲིགས་པ་རེད། རྒྱ་བལ་འབྲུག་གསུམ་གཙོས་པའི་བཙན་བྱོལ་སྤྱི་ཚོགས་ནང་སྤྱི་འཐུས་ལྷན་ཚོགས་ཀྱིས་མི་མང་གི་སྣེ་ཁྲིད་དེ་ལས་འགུལ་སྤེལ་རྒྱུ་དང་། བཀའ་ཤག་གིས་ཕྱི་རྒྱལ་སྐུ་ཚབ་དོན་གཅོད་ཁག་བརྒྱུད་དེ་རྒྱལ་སྤྱིའི་ནང་ལས་འགུལ་སྤེལ་རྒྱུ། འབྲེལ་ཡོད་བཀའ་བློན་རྣམ་པ་ཆེད་དུ་ཕེབས་ཏེ་བོད་དོན་དྲིལ་བསྒྲགས་གནང་རྒྱུ་བྱས་ཡོད་པ་རེད། སྤྱི་འཐུས་ལྷན་ཚོགས་ཀྱིས་སྣེ་ཁྲིད་པའི་ལས་འགུལ་དེ་ཡང་ལྡི་ལི་རང་ལ་སྤེལ་རྒྱུ་བྱས་ཏེ། རྒྱ་གར་ནང་གི་བོད་མིའི་གཞིས་ཆགས་ཁག་དང་བལ་ཡུལ། ཁ་འཐོར་བོད་མི་བཅས་ཐོ་འགོད་བྱས་ཏེ་བཀའ་ཤག་ལ་ཕུལ་བ་རེད། བཀའ་ཤག་གི་བཀོད་ཁྱབ་བརྒྱུད་དེ་ས་གནས་མགོ་འཛིན་ཁག་ལ་བཏང་ཞིང་། ལས་འགུལ་དངོས་གཞིའི་སྐབས་ཀྱི་བྱེད་སྒོ་ཁག་སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ཀྱིས་ཐད་ཀར་ས་གནས་སོ་སོར་བཏང་བ་རེད། འོན་ཀྱང་། ང་ཚོས་ཐོ་འགོད་བྱེད་སྐབས་ཌལ་ཧོར་ཆད་ཡོད་པ་རེད། ལས་འགུལ་སྐབས་ས་གནས་ཁག་ཡོངས་རྫོགས་ཕེབས་སོང་ལ། དང་བླངས་པ་ཡང་མང་པོ་ཞིག་ཕེབས་འདུག ཌལ་ཧོར་ལ་བཀོད་ཁྱབ་གཏོང་ཐུབ་མེད་ཀྱང་། ཁོང་ཚོའི་མི་མང་ལྡི་ལིར་ཕེབས་ཏེ་ང་ཚོ་འབྲེལ་བ་གནང་བྱུང་། སྤྱིར་དུས་ཚོད་ཐུང་ཐུང་ནང་མི་མང་དེ་འདྲ་ཕོན་ཆེན་པོ་ཞིག་འཛོམ་རྒྱུ་ཁག་པོ་ཡིན་ཡང་། ཐེངས་འདིའི་ལས་འགུལ་ནང་ང་ཚོའི་ཐོག་མའི་འཆར་གཞི་ལས་ལྷག་པའི་མི་མང་མཉམ་ཞུགས་གནང་སོང་། ས་གནས་མི་མིང་གི་ངོས་ནས་གཞུང་ལ་བརྩི་བཀུར་དང་བོད་ནང་གི་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་ཀྱི་རྣམ་པ་ཧ་ཅང་གསལ་བོ་རེད།
དྲི་བ། བོད་ནང་གི་ཛ་དྲག་གནས་སྟངས་མུ་མཐུད་གནས་ཡོད་ཀྱང་། སྤྱི་འཐུས་ལྷན་ཚོགས་ཀྱིས་སྣེ་ཁྲིད་པའི་ལྡི་ལིའི་མི་མང་ལས་འགུལ་དེ་ཕྱི་ཚེས་ ༢༡ ཉིན་གནས་སྐབས་རིང་མཚམས་འཇོག་དོན་ཅི་ཡིན།
ལན། ང་ཚོས་ཐོག་མར་ལས་འགུལ་བང་རིམ་བསྒྲིགས་སྐབས་ཉིན་གྲངས་རྒྱས་བཅད་རེད། ཕྱི་ཚེས་ ༡༨ ཉིན་སྤྱི་འཐུས་རྣམ་པ་ལྡི་ལིར་ཕེབས་ཏེ་ཆུ་ཚོད་ ༢༤ རིང་ཟས་བཅད་ངོ་རྒོལ་གནང་རྒྱུ་དང་། ཚེས་ ༡༩། ༢༠། ༢༡ བཅས་ཉིན་གསུམ་རིང་ཕྱོགས་མཐའ་ཁག་ནས་ཕེབས་པའི་མི་མང་མཉམ་ཞུགས་ཐོག་སྐད་འབོད་ཁྲོམ་སྐོར་གནང་རྒྱུ་བྱས་ཡོད། ཉིན་བཞིའི་རིང་ལས་འགུལ་སྤེལ་ཕྱོགས་དང་གཏམ་བཤད་གནང་མཁན། སྣེ་འཁྲིད་མཁན་སོགས་གོ་སྒྲིག་ཏག་ཏག་ཡོད་པ་རེད། དེ་ལས་ལྷག་པའི་ལས་འགུལ་ལ་དཀའ་ངལ་འཕྲད་པ་དང་། མི་རྒྱུའི་ནུས་པའི་མ་འདང་བར་མཚམས་བཞག་པ་དེ་འདྲ་མ་རེད། བོད་ནང་གི་གནས་སྟངས་ད་ཆར་ཉིན་རེ་བཞིན་ཛ་དྲག་ཏུ་འགྲོ་བཞིན་ཡོད་པ་མཐོང་གསལ་རེད། དེ་དག་ང་ཚོས་ཤེས་ཀྱི་ཡོད། ཚེས་ ༢༡ ཉིན་ལྡི་ལིའི་ལས་འགུལ་རེ་ཞིག་མཚམས་འཇོག་གནང་བ་རེད་དེ་ཚེས་ ༢༥ ཉིན་དཀར་མཛེས་དགོན་པའི་དགེ་འདུན་པ་ཞིག་གིས་རང་ལུས་མེར་བསྲེགས་བཏང་འདུག འོན་ཀྱང་ང་ཚོའི་ལས་འགུལ་དེ་ཐོག་མ་ནས་དུས་ཚོད་རྒྱས་བཅད་ཡིན་དུས། མི་མང་མཉམ་ཞུགས་ཀྱི་ལས་འགུལ་དེ་མཚམས་འཇོག་གནང་དགོས་བྱུང་བ་རེད། སྤྱིར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་། “བོད་དོན་བདེན་མཐའ་སེལ་ཐབས་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་བདེ་ཐབས” ཞེས་རྩ་བའི་དམ་བཅའ་དེ་གཉིས་རེད། དམིགས་ཡུལ་དེ་གཉིས་མ་འགྲུབ་བར་ང་ཚོའི་ལས་འགུལ་ལའང་མཚམས་འཇོག་ཐབས་ཡོད་པ་མ་རེད།
དྲི་བ། ཐེངས་འདིའི་མི་མང་ལས་འགུལ་ལ་སྣེ་འཁྲིད་སྐབས་དཀའ་ངལ་གཙོ་བོ་ག་རེ་འཕྲད་ཡོད་པ་དང་། ལས་འགུལ་འདི་བརྒྱུད་ནས་སེམས་འཚོར་གང་འདྲ་བྱུང་སོང་།
ལན། དམིགས་བསལ་དཀའ་ངལ་དེ་འདྲ་འཕྲད་མ་སོང་། རྒྱ་གར་དབུས་དང་ས་གནས་གཞུང་གིས་ལས་འགུལ་སྤེལ་སར་ཆོག་མཆན་སྤྲད་ཡོད་པ་རེད། དེ་བཞིན། ལས་ཀའི་ཐད་ནས་ཀྱང་སྤྱི་འཐུས་རྒྱུན་ལས་ཀྱིས་ཚོགས་ཆུང་ཁག་ ༨ ལ་བགོས་ཏེ་ལས་ཀ་བགོ་བཤའ་བྱས་ཡོད། ལས་འགུལ་དངོས་གཞིའི་སྐབས་སུ་མི་རེ་ཟུང་ལ་ན་བ་ཚ་བ་ཕྲན་བུ་བྱུང་ཡོད་ཀྱང་། སྨན་ཁང་དུ་བསྟན་གཏུག་སོགས་བྱས་ཏེ་དཀའ་ངལ་ཆེན་པོ་འཕྲད་མ་སོང་། ཐོག་མ་སོ་སོའི་བསམ་བློའི་ནང་ལ་དུས་ཚོད་ཐུང་ཐུང་ནང་མི་མང་ག་ཚོད་ཅིག་འཛོམ་ཐུབ་ན་བསམ་སོང་ལ། གལ་སྲིད་མི་དེ་འདྲ་མང་པོ་ཞིག་འཛོམ་པ་ཡིན་ནའང་ལྡི་ལི་རང་ལ་ལས་འགུལ་སྤེལ་དགོས་དུས་གང་འདྲ་ཆགས་ཡོང་ན་བསམས་ཏེ་སེམས་འཚབ་བྱུང་། འོན་ཀྱང་མར་སོང་སྟེ་རྒྱལ་ཁབ་ཁག་གི་གཞུང་ཚབ་ལ་བཅར་བ་དང་། རྒྱ་གར་གྱི་གནད་ཡོད་མི་སྣར་ཐུག་འཕྲད། རྒྱལ་སྤྱིའི་ཆོས་ལུགས་ཁག་གི་མི་སྣར་ཐུག་འཕྲད་སོགས་བྱས་སྐབས། སོ་སོའི་ཚོད་དཔག་ལས་ལྷག་པའི་བོད་དོན་ལ་རྒྱབ་སྐྱོར་དང་། བོད་ནང་གི་གནས་སྟངས་ཐོག་གདུང་སེམས་མཉམ་སྐྱེད་ཀྱི་རྣམ་འགྱུར་ཤུགས་ཆེན་བསྟན་སོང་། དེ་བཞིན་ལས་འགུལ་ནང་མི་མང་མཉམ་ཞུགས་བྱེད་སྟངས་དང་། མི་མང་གི་སེམས་ཤུགས་ལ་བལྟས་ཡོང་ན། ང་ཚོས་ལས་འགུལ་ཆེ་ཆུང་གང་འདྲ་ཞིག་སྤེལ་ཡང་། ཐོག་མའི་འཆར་གཞི་དང་ལས་འགུལ་སྤེལ་ཕྱོགས་ཀྱི་ཐབས་ལམ་ཡག་པོ་ཡོད་ན། མི་མང་གི་རྒྱབ་སྐྱོར་དང་ལས་འགུལ་ནང་མཉམ་ཞུགས་བྱེད་མིན་ལ་སེམས་ཁྲལ་ཁྱོན་ནས་མི་འདུག་བསམ་པའི་ཚོར་སྣང་བྱུང་སོང་།
དྲི་བ། ཐེངས་འདིའི་ལས་འགུལ་ཐད་རྒྱ་གར་དབུས་གཞུང་དང་། ལྡི་ལི་ས་གནས་གཞུང་གི་ལྟ་སྟངས་གང་འདྲ་བྱུང་ཡོད་པ་དང་ཡུལ་མི་ཚོའི་རྒྱབ་སྐྱོར་གང་འདྲ་འདུག་གམ།
ལན། རྒྱ་གར་དབུས་གཞུང་གི་ངོས་ནས་ལྟ་སྟངས་གང་འདྲ་ཡོད་མེད་ཤེས་མ་སོང་། གང་ཡིན་ཟེར་ན་ཐེངས་འདིར་ཆེད་དུ་འབྲེལ་བ་དེ་འདྲ་བྱུང་ཡོད་པ་མ་རེད། གྲོས་ཚོགས་འཐུས་མི་དང་། སྔོན་ཆད་གོ་གནས་མཐོན་པོ་ཡོད་པའི་ལས་བྱེད་ཟུར་པ་དེ་འདྲར་ཐུག་འཕྲད་གནང་བ་རེད། སྤྱི་ཡོངས་ནས་རྒྱབ་སྐྱོར་ཡོད་ཡོད་པ་རེད། གང་ཡིན་ཟེར་ན་ང་ཚོར་མཐུན་འགྱུར་ཆ་ཚང་གནང་ཡོད་པ་རེད། ལྡི་ལི་ས་གནས་གཞུང་གི་ངོས་ནས་རྒྱབ་སྐྱོར་ཡག་པོ་གནང་སོང་། ང་ཚོས་ལས་འགུལ་སྤེལ་ཡུལ་ལ་ཆོག་མཆན་ཞུ་སྐབས་འགོར་འགྱངས་མེད་པར་བཀའ་འཁྲོལ་གནང་བྱུང་། དེ་བཞིན། ལྡི་ལི་བོད་སྒར་བསམ་ཡས་གླིང་གཡས་གཡོན་དུ་མི་མང་བཞུགས་གནས་གོ་སྒྲིག་ཞུས་ཡོད་པ་རེད། དེ་ལ་ལྡི་ལི་ས་གནས་མངའ་སྡེའི་གྲོས་ཚོགས་འཐུས་མི་ཞིག་གིས་ཆུ་དང་གསང་སྤྱོད་ཀྱི་མཐུན་རྐྱེན་གནང་བྱུང་། གོམ་བགྲོད་དུ་འགྲོ་སྐབས་ཡུལ་མི་ཚོའི་ངོས་ནས་ཀྱང་ཁྱེད་ཚོའི་ལས་འགུལ་ལ་རྒྱབ་སྐྱོར་ཡོད་ཟེར་ནས་མང་པོ་མཉམ་ཞུགས་གནང་གི་འདུག
དྲི་བ། སྤྱིར་ཐེངས་འདིའི་ལས་འགུལ་ཐད་མི་མང་པོ་ཞིག་འདོད་པ་ཁེངས་ཡོད་ཀྱང་། ཡང་ཁ་ཤས་ཀྱིས་ལྡི་ལི་རྒྱ་ནག་གཞུང་ཚབ་སོགས་སུ་སྐད་འབོད་བྱེད་མ་ཐུབ་པར་ཉིན་ལྟར་ས་གནས་གཅིག་ཏུ་ཕར་འགྲོ་ཚུར་འོང་བྱས་བསྡད་པ་དེར་འདོད་པ་ཁེངས་མེད་པའི་ཐད་གསལ་བཤད་འདྲ་ཡོད་དམ།
ལན། ད་རེབ་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་འདི་ནམ་རྒྱུན་དང་མ་འདྲ་བ་ཞིག་ཆགས་ཡོད། གང་ཡིན་ཟེར་ན་བོད་ནང་གི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་སྐྱེད་བྱེད་ཀྱི་ཡོད་པ་རེད། སྤྱི་འཐུས་ཡོངས་ཀྱིས་ཟས་བཅད་སྨྱུང་གནས་སྲུང་བ་དང་། རྒྱལ་སྤྱིའི་ཆོས་ལུགས་མི་སྣ་ཁག་གདན་འདྲེན་ཞུས་ཏེ་མཆོད་འབུལ་སྨོན་ལམ་ཚོགས་པ། ཉིན་དང་པོར་དགེ་འདུན་པ་ཚོས་མི་མང་གི་སྣེ་ཁྲིད་དེ་གོམ་བགྲོད་གནང་བ་དང་། ཉིན་གཉིས་པར་བུད་མེད་ཚོས་སྣེ་ཁྲིད་པ། ཉིན་གསུམ་པར་ན་གཞོན་ཚོས་སྣེ་ཁྲིད་པ་སོགས་རྣམ་པ་མ་འདྲ་བ་ཞིག་ཏན་ཏན་བྱུང་ཡོད། ལས་འགུལ་འདིའི་སྲུང་བྱའི་ནང་ “འཚེ་མེད་ཞི་བ་དང་། ཡུལ་ཁྲིམས་བརྩི་སྲུང་། བཟང་སྤྱོད་ཆེ་མཐོང་ལྡན་པ་གནང་དགོས” ཞེས་བཀོད་ཡོད། རྒྱ་ནག་གཞུང་ཚབ་ལ་ངོ་རྒོལ་བྱེད་པ་དང་། མི་མང་ཁ་ཐོར་ནས་ས་ཚིགས་འདྲ་མིན་ནང་ལས་འགུལ་སྤེལ་རྒྱུ་དེ་འཆར་གཞིའི་ནང་ཡོད་པ་མ་རེད། གང་ཡིན་ཟེར་ན། གཞུང་འབྲེལ་གྱི་ལས་འགུལ་ཞིག་ཡིན་དུས་ཕྱི་མི་སུ་འདྲ་ཞིག་གིས་མཐོང་ཡང་། བརྟན་པོ་ཞིག་དང་སྦམ་པོ་ཞིག་ཡོང་དགོས་པ་གལ་ཆེན་པོ་རེད།
དྲི་བ། ལས་འགུལ་ནང་གྲྭ་བཙུན་མང་པོ་ཞིག་མཉམ་ཞུགས་གནང་ཡོད་ཀྱང་། ཆོས་ལུགས་ཆོས་བརྒྱུད་ཁག་གི་བླ་སྤྲུལ་རྣམ་པ་ལས་འགུལ་ནང་མཉམ་ཞུགས་དང་ལམ་སྟོན་དེ་འདྲ་ཕེབས་མེད་པའི་ཐད་དགོངས་ཚུལ་གང་འདྲ་ཡོད་དམ།
ལན། ཆོས་བརྒྱུད་ཁག་གི་བླ་སྤྲུལ་ཚོར་མཚོན་ན། ང་ཚོས་ལམ་སྟོན་ཞུ་ས་དང་ཁོང་རྣམ་པའི་ལམ་སྟོན་སེམས་ལ་བཅང་རྒྱུ་དེ་གལ་ཆེན་པོ་ཞིག་ལ་མཐོང་གི་ཡོད། འོན་ཀྱང་། མི་མང་གི་ལས་འགུལ་ནང་དངོས་སུ་མཉམ་ཞུགས་གནང་རྒྱུ་དེ་འོས་ཤིང་འཚམ་པ་ཞིག་ཆགས་ཀྱི་ཡོད་པ་མ་རེད། ཚེས་ ༡༩ ཉིན་གྱི་ཞོགས་པར་སྨོན་ལམ་མཆོད་འབུལ་ཚོགས་སྐབས། ངྷ་རམ་ས་ལར་༧གོང་ས་མཆོག་དབུ་བཞུགས་ཐོག དཔལ་རྒྱལ་བ་ཀརྨ་པ་མཆོག་དང་ཀིརྟི་རིན་པོ་ཆེ་སོགས་མཉམ་ཞུགས་གནང་ཡོད། དེ་བཞིན་ས་གནས་དགོན་སྡེ་ཁག་ཏུའང་བླ་སྤྲུལ་ཚོ་དབུ་བཞུགས་ཐོག་སྨོན་ལམ་གསུངས་ཡོད་པའི་གནས་ཚུལ་ང་ཚོར་འབྱོར་སོང་། ཆོས་ལུགས་ཆོས་བརྒྱུད་ཁག་གི་བླ་ཆེན་ཚོ་ལས་འགུལ་ནང་དངོས་སུ་ཞུགས་ཐུབ་མེད་ཀྱང་། སྨོན་ལམ་མཆོད་འབུལ་གནང་བ་དེས་བོད་ནང་འདས་གྲོངས་སུ་ཕྱིན་པ་དག་ལ་ཐུགས་ཕན་སོས་ཀྱི་ཡོད་ལ། ཤུལ་ལུས་རྒྱ་ཆེའི་མི་མང་ལའང་གདུང་སེམས་མཉམ་སྐྱེད་ཀྱི་རྣམ་པ་མཚོན་ཐུབ་ཀྱི་ཡོད་པ་རེད་སྙམ།
དྲི་བ། བཀའ་སྤྱི་གཉིས་ཀྱིས་སྣེ་ཁྲིད་པའི་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ལས་འགུལ་ཡོངས་རྫོགས་གནས་སྐབས་རིང་མཚམས་འཇོག་གནང་བ་རེད་དམ། ཡང་ན་སྤྱི་འཐུས་ཀྱིས་སྣེ་ཁྲིད་པའི་ལྡི་ལིའི་ལས་འགུལ་གཅིག་པུ་མཚམས་འཇོག་གནང་བ་རེད།
ལན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྣེ་ཁྲིད་པའི་ལྡི་ལིའི་མི་མང་ལས་འགུལ་དེ་རེ་ཞིག་མཚམས་འཇོག་གནང་བ་རེད། འོན་ཀྱང་། བཀའ་སྤྱི་གཉིས་ཀྱིས་མགོ་འཛུགས་གནང་བའི་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་དེ་མཚམས་འཇོག་གནང་ཡོད་པ་མ་རེད། ས་གནས་ཁག་ཏུ་ལས་འགུལ་འགྲོ་བཞིན་པ་རེད་ལ། མ་འོངས་པར་ཡང་ལས་འགུལ་ཡོང་གི་རེད། བཀའ་ཤག་ལ་མཚོན་ནའང་ཕྱི་རྒྱལ་ཁག་གི་ལས་འགུལ་ཉིན་འདི་འགར་འགྲོ་བཞིན་པ་ཡིན་རྒྱུ་རེད། གང་ཡིན་ཟེར་ན་ཐོག་མ་བཀའ་སྤྱི་ལྷན་རྒྱས་ཚོགས་སྐབས། བཀའ་ཤག་གིས་ངོས་ནས་ཕྱི་རྒྱལ་ཁག་གི་ལས་འགུལ་མུ་མཐུད་རྒྱུ་བྱས་ཡོད་པ་རེད།
དྲི་བ། ལས་འགུལ་འདི་བརྒྱུད་དེ་བོད་ནང་ལ་ཤུགས་རྐྱེན་གང་འདྲ་ཐེབས་སྲིད་པར་ཚོགས་དཔག་བྱེད་ཀྱི་ཡོད་དམ།
ལན། ང་ཚོའི་ལས་འགུལ་འདིའི་ཐོག་ནས་གོ་བརྡ་གསུམ་སྤྲོད་དགོས་པ་རེད་བསམ་ཡོད། དང་པོ། བོད་ནང་གི་བོད་མི་ཚོར་གོ་བརྡ་གསལ་བོ་ཞིག་སྤྲོད་དགོས་པ་རེད། བོད་ནང་གི་བོད་མི་ཚོས་༧གོང་ས་མཆོག་དང་། བཙན་བྱོལ་བོད་མི་ཚོར་བློ་གཏད་ཡིད་ཆེས་བྱེད་ཀྱི་ཡོད་པ་རེད། དེ་ལ་ང་ཚོའི་ངོས་ནས་གདུང་སེམས་མཉམ་སྐྱེད་ཡོད་པ་དང་སྐྱིད་སྡུག་མཉམ་མྱོང་ཡིན་པ་སྟོན་དགོས་ལ། ཁྱེད་རྣམ་པའི་ལྷག་བསམ་སྙིང་སྟོབས་དང་། ཆོད་སེམས་བློས་གཏོང་དེ་ང་ཚོས་ཧ་གོ་ཡི་ཡོད་ཟེར་ནས་གསལ་བཤད་བྱ་དགོས་པ་རེད། གཉིས་པ། རྒྱ་ནག་གཞུང་གི་དཔོན་རིགས་ཚོར་གོ་བརྡ་ཞིག་སྤྲོད་དགོས། ད་ཆར་རྒྱ་གཞུང་གིས་བོད་ནང་གི་ལས་འགུལ་དེ་དག་དྲག་སྤྱོད་ཡིན་ཚུལ་དང་། ཕྱི་ཕྱོགས་ནས་བརྒྱུད་སྐུལ་བྱེད་ཀྱི་ཡོད་པའི་ཉེས་འཛུགས་བྱེད་བཞིན་ཡོད། གནས་ཚུལ་ངོ་མ་ཁ་བསྒྱུར་ཐབས་དང་། བོད་ནང་གི་གནས་སྟངས་སྦེད་སྐུང་བྱེད་ཐབས་ཤིག་རེད། དེ་ལ་རྒྱལ་སྤྱིའི་སྤྱི་ཚོགས་མགོ་མི་འཁོར་རྒྱུ་དང་། དངོས་ཡོད་གནས་ཚུལ་འཛམ་གླིང་ལ་ཁྱབ་བསྒྲགས་བྱ་རྒྱུ་དེ་རེད། གསུམ་པ། རྒྱ་མི་རིགས་ལ་གོ་བརྡ་སྤྲོད་དགོས་པ་རེད། ང་ཚོས་ལས་འགུལ་གང་འདྲ་ཞིག་སྤེལ་ཡང་རྒྱ་མི་རིགས་ལ་མ་དགའ་བ་མིན་པར། རྒྱ་མི་རིགས་ལའང་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་མེད་པ་ངོས་ཟིན་ཡོང་ཆེད། ང་ཚོ་བོད་མི་ལྟར་རང་དབང་དང་འགྲོ་བ་མིའི་ཐོང་ཐང་རྩོད་དགོས་པའི་བརྡ་ལན་སྤྲོད་ཀྱི་ཡོད།
དྲི་བ། ཐེངས་འདིའི་ལས་འགུལ་དེ་རྒྱལ་སྤྱིའི་ཐོག་ཁྱབ་བསྒྲགས་ག་ཚོད་ཐུབ་ཡོད་པ་དང་། དེ་ལ་ཕྱི་ཕྱོགས་ཀྱི་ལྟ་སྟངས་གང་འདྲ་བྱུང་ཡོད་དམ།
ལན། རྒྱལ་སྤྱིར་ཁྱབ་བསྒྲགས་གང་འཚམ་ཕྱིན་ཡོད་པ་རེད་བསམ་ཡོད། ཨ་རིའི་ཕྱི་སྲིད་ལས་ཁུངས་དང་གྲོས་ཚོགས་འཐུས་མི་ཚོས་བོད་ནང་གི་གནས་སྟངས་ལ་སེམས་འཚབ་ཡོད་པའི་བསྒྲགས་གཏམ་སྤེལ་བ་དང་། ཧྥ་རིན་སི་དང་འཇར་མི་སོགས་ཀྱིས་ཀྱང་གླེང་སློང་བྱུང་ཡོད་པ་རེད། ལྷག་པར་དུ་ཨེ་ཤ་ཡའི་རྒྱལ་ཁབ་འབར་མ་དང་ཐའེ་ལན་ཌི། ཉི་ཧོང་། ཐའེ་ཝན། ཞིན་ཅིང་སོགས་ཀྱིས་ཀྱང་བསྒྲགས་གཏམ་སྤེལ་ཏེ་རྒྱ་གཞུང་ལ་སྐྱོན་བརྗོད་དང་། བོད་ནང་གི་གནས་སྟངས་ལ་སེམས་འཚབ་ཡོད་པའི་རྣམ་འགྱུར་ཤུགས་ཆེན་བསྟན་ཡོད་པ་རེད། གོ་ཐོས་སུ་ཕྱི་ཕྱོགས་ཀྱི་རྒྱ་ཡིག་གི་བརྒྱུད་ལམ་ཁག་ཏུའང་གནས་ཚུལ་ཤུགས་ཆེན་པོ་ཐོན་ཡོད་ས་རེད།
དྲི་བ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་ལ་གཞིགས་ཏེ། མ་འོངས་པར་ལས་འགུལ་འདྲ་སྤེལ་འཆར་ཡོད་དམ།
ལན། ལྡི་ལིའི་ལས་འགུལ་མཚམས་བཞག་སྟེ་ཉིན་ཁ་ཤས་ལས་ཕྱིན་ཡོད་པ་མ་རེད། ད་ཆར་ང་ཚོས་ལས་འགུལ་གསར་པ་དེ་འདྲ་བང་བསྒྲིག་རྒྱུ་བྱུང་མ་སོང་། ཕྱི་ལོ་ ༢༠༠༨ ལོར་བོད་ནང་ས་བྱི་ཞི་རྒོལ་བྱུང་སྐབས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྣེ་ཁྲིད་དེ་ཛ་དྲག་ལས་འགུལ་ཚོགས་ཆུང་བཙུགས་པ་རེད། ད་ཐེངས་སྤྱི་འཐུས་ལྷན་ཚོགས་ཀྱིས་སྣེ་ཁྲིད་པའི་ལས་འགུལ་ཐེངས་གཉིས་པ་རེད། མ་འོངས་པར་ཡང་བོད་ནང་གི་གནས་སྟངས་ལ་གཞིགས་ཏེ། སྐབས་བབ་ཀྱི་ལས་འགུལ་གང་འདྲ་ཞིག་སྤེལ་དགོས་ཀྱང་གྲ་སྒྲིག་ཨང་སར་ཡོད་ཡོད་པ་རེད།
གསར་འགོད་པ། དོན་འགྲུབ་བཀྲ་ཤིས།
ང་ཚོ་ནང་ཁུལ་གྲ་གྲིག་པོ་བཟོ་དགོས་པའི་ལས་འགན་དེ་ཚང་མ་ལ་ཡོད་བཙན་བྱོལ་སྤྱི་ཚོགས་ནང་གི་གཅེས་ཕྲུག་ཚོ་ནང་བཞིན་མ་བྱས་ཡག་པོ་ཡོད་
དབྱར་དགུན་སྟོན་དཔྱིད་བཞི་ཡི། །
ཆོལ་གསུམ་བོད་རིགས་ཡོངས་རྫོགས། །
གཞིས་བྱེས་གཉིས་ཀྱི་བོད་མིས། །
ཆིག་སྒྲིལ་གཅིག་ཏུ་དྲིལ་དགོས། །
མགར་སྲས་ཀྱིས་གསལ་བཤད་གནང་བ་ལྟར་རྡི་ལིར་ཚོགས་གཙོས་གནས་སྐབས་ལས་འགུལ་མཚམས་འཇོག་ཡིན་གསུང་པ་དེ་རྡི་ལིར་སྤེལ་བའི་ལས་འགུལ་གནས་སྐབས་མཚམས་འཇོག་ཡིན་གསུང་པ་མ་གཏོགས་སྤྱིར་བཏང་གི་ལས་འགུལ་མཚམས་འཇོག་ཡིན་གསུངས་པ་མ་ཡིན་ན་ཡག་འདུག དེ་འདྲ་རང་ཡིན་པའི་རེ་བ་ཡིན། ཡིན་ཡང་ལས་འགུལ་གཞན་བང་འགྲིགས་ཡོད་པའི་གནས་ཚུལ་གང་ཡང་གོ་རྒྱུ་ནི་མི་འདུག མ་འོངས་པར་ལས་འགུལ་གང་ཞིག་སྤེལ་དགོས་ཀྱང་གྲ་སྒྲིག་ཡོད་གསུངས་པ་འདིས་བློ་ཕམ་བཅུག་གི མགོ་རྨོངས་བཅུག་གི། སེམས་ཤུགས་ཆག་བཅུག་གི། ཨ་ཙི།
བཀུར་འོས་སྤྱི་འཐུས་ཚོགས་གཞོན་མཆོག་གིས་བཀའ་ལན་ཞིབ་འགྲེལ་གནངས་པར་ཐོག་མར་བཀའ་དྲིན་ཆེ་ཞུ།
གྲ་སྒྲིག་ཨང་གསར་ཡོད་ན། ཡི་རངས་ཞུ། ད་ཡིན་ན། གྲ་སྒྲིག་གི་མདུང་རྩེ་རྒྱ་གཞུང་དང་དེའི་ངན་བྱུས་འཕྲལ་དུ་གཏད་རན་པ་རེད། གང་ཡིན་ཟེར་ན། གཞིས་བཞུགས་བོད་རྒྱ་ཆེའི་མི་མང་གི་ངོས་ནས་བློས་བཏང་དང་ཆོད་སེམས་ཆེན་པོའི་སྒོ་ནས་འདི་ལྟར། གཅིག་རྗེས་གཉིས་མཐུད་ཀྱིས་རང་ལུས་དྲོད་མོ་མེ་རུ་བསྒྲོན་ནས་ཡོང་དུས། ད་རུང་འདི་ནས་གནས་བབ་ལ་བལྟ་ཞེས་པ་དེ་མི་མཛའ་བ་ཞིག་འདུག དེ་འདྲ་ཡིན་དུས། དེང་སང་གི་དུས་ཚོད་འདི། བོད་མི་རིགས་ལ་མཚོན་ན། ལྕགས་ཚ་ཐོག་ཏུ་རྡུང་ཞེས་པའི་དཔེ་ལྟར་ཡིན་པས་ན། གོ་སྐབས་འདི་ཤོར་འཇུག་གི་མི་ཉན་པ་ཁྱེད་སྣེ་ཁྲིད་པ་རྣམ་པའི་ཐུགས་དགོངས་ཟབ་མོ་བཞེས་རོགས་ཞུ།
ད་ཡིན་ན། བཙན་བྱོལ་བའི་འཛིན་སྐྱོང་དང་མི་མང་འཐུས་མི་མཉམ་འབྲེལ་གྱིས་སྒོ་ནས། ཡང་བསྐྱར་ལས་འགུལ་གསུམ་པ་ཞིག་གི་མགོ་འཛུགས་རན་པའི་དུས་ཚོད་ཅིག་རེད། ཐེངས་འདིའི་ལས་འགུལ་ནི། 《ཟུམ་མེད་རྒྱལ་གཅེས་དཔའ་བོའི་སྒྲོན་མེ》ཞེས་པ་ཞིག་སྤེལ་ཐུབ་རྒྱུ་ན། དེ་ནི། གཅིག་ནས་རང་སྲོད་དམར་བོ་མེ་རུ་བསྒྲོན་ནས། བོད་མི་རིགས་དང་རིག་གཞུང་གི་ཆེད་དུ། འདི་ལྟར། མདུན་དུ་ཐོན་དང་འཐོན་གྱིན་པའི་གནས་ཚུལ་ལ་གཏིང་ཟབ་མོའི་ངོས་འཛིན་ཞིག་མཚོན་པ་དང་། གཉིས་ནས་བོད་གཞིས་བྱེས་སྐྱིད་སྡུག་མཉམ་མྱོང་མཚོན་དོན་གལ་ཆེན་ཞིག་རང་ཤུགས་ཀྱིས་ཆགས་འགྲོ་བ། གསུམ་ནས་རྒྱལ་སྤྱི་དང་བོད་དོན་རྒྱབ་སྐྱོར་རྣམ་པའི་མདུན་སར་བཙན་བྱོལ་བ་འདི་ལངས་ཐུབ་པའི་མཚོན་རྟགས་ཤིག་སོགས་དགེ་མཚན་ཤིན་ཏུ་ཆེའོ།།
ལས་འགུལ་འདིའི་མགོ་སློང་ས་ནི། བཙན་བྱོལ་བའི་ལྟེ་གནས་རྡ་ས་ནས་གཞུང་མང་མཉམ་འབྲེལ་གྱིས་མགོ་འཛུགས་བྱས་ནས་རྒྱ་གར་རྒྱལ་ཡོངས་ཀྱི་བོད་གཞིས་ཁག་ཚང་མ་དང་བལ་ཡུལ། འབྲུག་ཡུལ་དང་ལ་དྭགས་སོགས་ལ་ཡོད་པའི་བོད་གཞིས་ཁག་བརྒྱུད་ཐེ་ཝན་དང་ཉི་ཧོང་སོགས་བརྒྱུད་ནས། ཡུ་རོབ་རྒྱལ་ཁབ་ཁག་དང་ཨོ་གླིང་ནོའུ་སུ་ལེན་ཏྲི། དེ་ནས་ཁ་ན་ཏྲ་དང་ཨ་རིའི་མངའ་སྡེ་ཆེ་ཁག་ཡོད་པའི་བོད་རིགས་བརྒྱུད་དེ་མཐར་བཀའ་སྤྱི་ཟུང་འབྲེལ་གྱིས་སྣེ་ཁྲིད་བྱས་ནས། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཁང་ཆེན་མོའི་མདུན་སར་མཇུག་སྒྲིལ་བ་སོགས་ཀྱི་ལས་འགུལ་ཞིག་སྤེལ་ན། སྐབས་དེར་བོད་ཀྱི་ཛ་དྲག་གི་དཀའ་ངལ་དང་གནས་ཚུལ་དེ་《ཟུམ་མེད་རྒྱལ་གཅེས་དཔའ་བོའི་སྒྲོན་མེ》ཞེས་པའི་ལས་འགུལ་བརྒྱུད་ནས་ངོ་སྤྲོད་བྱེད་བདེ་བ་མ་ཟད། ས་ཁུལ་དང་རྒྱལ་ཁབ་ཁག་གི་ནང་ལ་རང་ཤུགས་ཀྱིས་བོད་ཀྱི་ཛ་དྲག་གི་གནས་ཚུལ་འདི་འགྲོ་ཐུབ་པ་སོགས་ཀྱི་དགེ་མཚན་ཆེ།
འདི་འདྲའི་ལས་འགུལ་ཞིག་སྤེལ་བ་ཡིན་ན། རྒྱ་གར་ནང་གི་ས་གནས་ཁག་ཚང་མའི་གཞིས་མགོ་ལ་སོགས་པའི་འགན་འཁུར་བླངས་པ་དང་། དེ་བཞིན་རྒྱལ་ཁབ་ཁག་ནང་བོད་རིགས་མཐུན་ཚོགས་དང་སྐུ་ཚབ་དོན་གཅོད་ཁང་སོགས་ཀྱིས་འགན་འཁུར་བཞེས་ན་འཐུས་པ། དུས་ཡུན་ཟླ་བ་གཅིག་རིང་ལ་སྤེལ་རྒྱུའི་འཆར་གཞི་བཟུང་ནས་མཇུག་སྡོམ་མཛད་སྒོའི་སྐབས་མཉམ་འབྲེལ་རྒྱལ་ཚོགས་དང་ཨ་རིའི་ཆེ་མཐོའི་དཔོན་རིགས་ཁག དེ་བཞིན་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་དང་ཉེས་པ་ཚོགས་པ། གཞན་ཡང་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་བ་རྣམས་ལ་སོགས་པའི་མཚོན་པའི་གལ་གནད་ཆེ་བའི་མི་སྣ་གང་མང་ཞིག་བཀའ་སྤྱི་ཐུན་མོང་གི་ངོས་ནས་གདན་འདྲེན་ཞུ་ཐབས་གྲ་སྒྲིག་ད་ནས་བྱེད་དགོས་པ།
ལྷག་པར་དུ། ལས་འགུལ་འདི་བརྒྱུད་ནས་འགྲོ་སའི་ས་གནས་ཡིན་ན་ཆོག་གི དེ་མིན་མངའ་སྡེ་ཡིན་ན་ཆོག་གི གཞན་ཡང་རྒྱལ་ཁབ་ཀྱི་དཔོན་རིགས་དང་གལ་ཆེའི་མི་སྣ་སོགས་གདན་འདྲེན་ཞུས་ནས་བོད་དང་འབྲེལ་བའི་གསུང་བཤད་གནང་བཅུགས་ན། གཅིག་ནས་བོད་ཀྱི་གནས་ཚུལ་འདི་ཚད་གཞི་ཇེ་མཐོར་འགྲོ་བ། གཉིས་ནས་ཁྱབ་བསྒྲགས་ཀྱི་ཕྱོགས་ནས་ཤུགས་ཆེན་པོར་འགྲོ་བར་ཕན་པ། གསུམ་ནས་ལས་འགུལ་འདི་བརྒྱུད་སའི་མི་མང་དང་དཔོན་རིགས་རྣམས་ལ་དམིགས་བསལ་གྱིས་བོད་དོན་འདི་ར་སྤྲོད་བྱེད་སླ་བ་སོགས་ཀྱི་དགེ་ཕན་ཆེ།
མདོར་ན། ལས་འགུལ་འདིའི་རིགས་ལ་མིག་དཔེ་བལྟ་ས་མང་པོ་ཡོད་རེད། དཔེར་ན། རྒྱལ་སྤྱིའི་རྩེད་འགྲན་ཆེན་མོའི་སྔོན་འགྲོའི་ཚུལ་དུ། དཔལ་འབར་གྱིས་འཛམ་གླིང་ལ་བསྐོར་བསྐྱོད་བྱེད་པ་ལྟ་བུ་ལ་བལྟས་ན་འགྲིགས་ཀི་རེད་བསམ་སོང་། ལྷག་པར་དུ། བོད་བཙན་བྱོལ་བའི་གཞུང་མང་གཉིས་ལ་ ༢༠༠༨ ལོར་དམིགས་བསལ་གྱི་གོ་སྐབས་ཤིག་ཤར་བ་ནི། སྐབས་དེར་རྒྱ་གཞུང་གིས་དཔལ་འབར་བསྐོར་བསྐྱོད་བྱེད་པ་དེ་མ་ཡིན་ནམ། འདི་ནི། མི་རྒྱུའི་ནུས་ཤུགས་ཀྱིས་མི་འདང་བ་དེ་འདྲ་མ་རེད། བྱས་ཙང་། འདིའི་རིགས་ཀྱིས་ལས་འགུལ་ཚ་རླབས་འཕྱུར་བ་ཞིག་སྤེན་རན་པའི་དུས་ཚོད་གནད་འགག་ཅན་ཞིག་རེད་ལགས། ཐུགས་བསམ་བཞེས་རོགས་ཞུ།
བཀུར་འོས་ཚོགས་གཙོ་མཆོག་གིས་རྡི་ལིར་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་གནས་སྐབས་མཚམས་འཇོག་གི་ཡིན་གསུངས་བ་དེ་ད་རེས་རྡི་ལིར་སྤེལ་བའི་མི་མང་གི་ལས་འགུལ་འདི་གནས་སྐབས་མཚམས་འཇོག་པར་གསུངས་བ་ལས་སྤྱིར་བཏངས་གཞུང་གི་ལས་འགུལ་མཚམས་འཇོག་གི་ཡིན་གསུངས་བ་མ་རེད།
ད་མཁན་པོ་ཁོང་ལ་ཡར་རྒྱས་ཕྲན་བུ་ཕྱིན་འདུག སྐབས་བཅུ་བཞི་པའི་གྲོས་ཚོགས་ཟང་ཟིང་བཟོ་སྐབས་ཁོང་གི་མགོ་སྟེང་རྭ་ཅོ་འདི་གཉིས་མར་གཡུག་ཏེ་ཆབ་སྲིད་ཆུང་ངུ་ཞིག་འཁྲབ་འདུག འགྲིག་ཤག བོད་རྩ་དོན་ཆེད་དུ་བྱ་རྒྱུ་ཉུང་དྲག་པའི་སྤྲུལ་སྐུ་ཚོ་ལ་དམའ་འབེབས་བྱས་ན་སྐབས་བཅུ་དྲུག་པར་ཁྱེད་རང་སྤྱི་འཐུས་ལ་ཡང་བསྐྱར་སླེབས་ཀྱི་མ་རེད། གཏམ་བཤད་ཡག་མོ་བརྗོད་འདུག
གྲ་སྒྲིག་ཨང་གསར་ཡོད་ཅེས་པ་དང། གནས་སྐབས་རིང་ཆར་གཞི་བང་སྒྲིག་བཞག་པ་མེད་པ་གཉིས་་་་་?
གཞུང་གི་ལས་འགུལ་ལ་ཚོགས་ཁག་ཞུགས་དགོས་ངེས་ཏེ་. མི་མང་ནང་དུ་འདུ་བའི་ཕྱིར. གཞུང་གིས་ཚོགས་པ་ཁག་ལ་གྲོས་ནམ་ཡང་བྱེད་མི་རུང་སྟེ. གཞུང་ཚོགས་པའི་རྗེས་སུ་རྒྱུགས་སྐྱོན་ཐལ་བའི་ཕྱིར་རོ. བློན་སའི་ཤེས་པ་ཅན་གང་ན་ཡོད་ཀྱང་བབློན་ཆོག་སྟེ. མི་མང་གི་གཞུང་ཡིན་པའི་ཕྱིར་རོ
ཡག་ས་ནས་མང་པོ་བཤད་རྒྱུ་ཡོད་རུང་སྡུག་ས་ནས་བཤད་ན་ཡོ་རོབ་ཁུལ་དུ་བོད་པ་ཁྲི་གཅིག་ནང་ནས་གཞུང་ཁྲལ་སྤྲོད་མཁན་བཞི་སྟོང་ལས་མེད་པ་དང་དེ་བཞིན་སློབ་ཕྲུག་གསུམ་བརྒྱ་ལྷག་ཕྱི་རྒྱལ་ལ་བཏང་པའི་ནང་ཉིས་བརྒྱ་ལྷག་
ཕྱིར་མ་ལོག་པ་དེ་ཚོ་ག་པ་བཞག་དགོས་རེད།
བཀུར་འོས་སྤྱི་འཐུས་ཚོགས་གཞོན་མཆོག་གི་དྲི་བ་མཐའ་མ་དང་མཐའ་བསྡོམས་ཀྱི་བརྗོད་ཚིག་་་་་་་་མ་འོངས་པར་ཡང་བོད་ནང་གི་གནས་སྟངས་ལ་གཞིགས་ཏེ། སྐབས་བབ་ཀྱི་ལས་འགུལ་གང་འདྲ་ཞིག་སྤེལ་དགོས་ཀྱང་གྲ་སྒྲིག་ཨང་སར་ཡོད་ཡོད་པ་རེད།་་་་་་་ཅེས་གསུངས་པ་འདི་སྔ་ཕྱི་འགལ་བར་མཐོང་གི་འདུག ཁོང་གིས་རྡི་ལིར་ཚེས་ ༢༡ ཉིན་ལས་འགུལ་འཇུག་བསྡོམས་སྐབས་་་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་གནས་སྐབས་མཚམས་འཇོག་ཡིན་གསུངས་པ་གཞིག་ན་དཔལ་ལྡན་སྤྱི་འཐུས་རྣམས་པས་བོད་ནང་གི་ད་ལྟའི་རྗ་དྲག་གི་གནས་སྟངས་ལ་གཞིགས་ཏེ་ལས་འགུལ་མུ་འཐུད་སྤེལ་གནང་རྒྱུའི་འཆར་གཞི་དང་འདུན་པ་གང་ཡང་མེད་པ་མངོན་གྱི་འདུག དངོས་གནས་བོད་ནང་གི་འ་ཆད་འུ་ཐུག་གིས་རང་ལུས་མཆོད་མེ་ཕུལ་དང་ཕུལ་བཞིན་པ་རྣམས་ལ་སོགས་པར་ཤ་ཚ་དང་གདུང་སེམས་མཉམ་བསྐྱེད་ཡོད་ན་ད་དལ་བུར་བསྡོད་རྒྱུའི་གནས་སྟངས་མ་རེད། རྒྱ་གར་གཙོས་པའི་འཛམ་གླིང་རྒྱལ་་ས་ཆེ་ཁག་ཚང་མའི་ནང་གཅིག་རྗེས་གཉིས་འཐུད་ཀྱི་ལས་འགུལ་སྤེལ་དགོས་རེད། སྤྱི་འཐུས་རྣམས་པ་ཞལ་བརྡར་ནས་བཞུགས་མ་གནང་རོགས། ལས་འགུལ་འཆར་གཞི་མུ་འཐུད་གདིང་རོགས་གནང། གཞུང་འབྲེལ་མིན་པའི་ཚོགས་པ་མཉམ་དུ་ཡང་གྲོས་བརྡུར་གནང་རོགས་གནང། རྒྱལ་ཞེན་དང་མི་རིགས་ཀྱི་ལ་རྒྱ་གོང་མཐོར་གཏོང་ཐབས་ལ་འབད་བརྩོན་གནང་རོགས་གནང། དོན་དམ་གྱི་དབུ་འཁྲིད་གནང་རོགས་གནང། ཉེ་འཆར་ཟིན་པའི་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་གང་ལེགས་བྱུང་སོང་བས་ཐུགས་རྗེ་ཆེ་ཞུ་གི་ཡིན།
བཀུར་འོས་ཚོགས་གཞོན་ལགས་ནས་གསུངས་པ་བདེན་གི ༡༽་བོད་ནང་གི་བོད་རིགས་སྤུན་ཟླ་ཡོངས་ལ་གདུང་སེམས་མཉམ་སྐྱེད་དང་སེམས་ཤུགས་རྒྱས་ཐབས། ད་དུང་ལས་འགུལ་འཚེ་མེད་རང་གི་ཐོག་ནས་མུ་མཐུད་གནང་དགོས་པ།
༢༽རྒྱ་གཞུང་ལ་མུ་མཐུད་དུ་སེམས་འཚབ་སློང་ཐབས། ང་ཚོའི་བདེན་པའི་སྟོབས་ཤུགས་མཐོང་འཇུག་པ། ད་བསམ་ཤེས་བྱེད་རན་པའི་བརྡ་སྟོན་པ།
༣༽་རྒྱ་རིགས་དང་རྒྱ་གར་གྱིས་གཙོས་མི་རིགས་ཁག་གིས་བོད་དོན་གསལ་རྟོགས་དང་གདུང་སེམས་མཉམ་སྐྱེད་དང་རྒྱབ་སྐྱོར་ཆེན་པོ་ཡོང་ཐབས།
དགོས་འདུན་དེ་དག་གི་ཆེད་དུ་བོད་ནང་གི་གསར་འགྱུར་ཅི་ཐོན་ལ་མི་ལྟ་བར་ང་ཚོས་འཆར་གཞི་བཟོས་ནས་གོ་རིམ་ཡོད་པའི་ཐོག་ནས་ལས་འགུལ་ཆུ་བོའི་རྒྱུན་བཞིན་སྤེལ་དགོས་པར་གྲ་སྒྲིག་ཨང་གསར་ཡོད་དགོས་ངེས་རེད།
བཀུར་འོས་སྤྱི་འཐུས་ཚོགས་གཞོན་ལགས་ཀྱིས་ཆོས་རྒྱུད་ཁག་གི་བླ་སྤྲུལ་རྣམས་མི་མང་གི་ལས་འགུལ་ནང་དངོས་སུ་མཉམ་ཞུགས་གནང་རྒྱུ་དེ་འོས་ཤིང་འཚམ་པ་མ་རེད་ཅེས་བཀའ་ནགང་བཞག ངས་དེ་ལ་བཀའ་འདྲི་ཞིག་མི་ཞུ་ཐབས་མེད་བྱུང། བྱས་ཙང་། ཁོང་རྣམས་ང་ཚོའི་དབུ་ཁྲིད་དང་སྐྱབས་སྐྱོར་ས་ཡིན་པས་རེད་དམ། ཡང་ན་ཁོང་རྣམས་མིང་དང་གོ་ས་རྒྱུ་འབྱོར་གྱིས་ཕྱུག་པའི་མི་ཆེན་ཡིན་པས་རེད།
རང་ལ་འཁོར་བའི་འབངས་སམ་གཡོག་གི་མདུན་ལམ་དང་བདེ་སྡུག་ལ་བསམ་ཤེས་དང་སེེམས་ཁུར་བྱེད་མི་ཤེས་པའི་མགོ་དཔོན་ཤ་སྟག་ཡིན་པས་རེད།
ངས་བལྟས་ན་དེ་རིང་གི་ལས་འགུལ་འདི་ནི་འཚེ་མེད་ཞི་བ་དང་། ཡུལ་ཁྲིམས་བརྩི་སྲུང་། བཟང་སྤྱོད་ཆེ་མཐོང་ལྡན་པ་ཞིག་ཡིན་དུས་མགོ་བླ་མ་དང་དཔོན་པོ་ནས་བཟུང་བོད་མི་ཡིན་དོ་ཅོག་སུང་མཉམ་ཞུགས་གནང་ཡང་མི་འོས་པ་དང་མི་འཚམ་པ་མི་འདུག་སྙམ། དེས་ན་ངས་འདིར་ཞུ་རྒྱུར་སྐུ་མཁྱེན། བླ་དཔོན་རྣམས་ཀྱིས་སོ་སོ་རང་མཚང་སྦས་ཕྱིར་མི་འོས་འཚམ་པའི་སྐད་ཆ་མང་པོ་མ་གསུང་རོགས་ཞེས་ཞཡུ་ཡག་ཡིན།
རེད་དེ། ང་ཚོ་བོད་པ་ཚང་གི་བླ་དཔོན་འདི་ཚོས། སོ་སོའི་མིང་དང་གོ་ས་ཙམ་ལས་སོ་སོའི་ཉེ་འཁོར་གྱི་འབངས་ཀྱི་མདུན་ལམ་ལའང་བསམ་ཤེས་དང་ཐུགས་ཁུར་གནང་མྱོང་མེད་མཁན་རྐྱང་རྐྱང་ཡིན་པ་མ་ཤེས་པ་སུ་ཞིག་ཡོད།
དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྣེ་ཁྲིད་དེ་ལས་འགུལ་སྤེལ་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ལྷག་པར་དུ་ད་རེས་གཅིག་པོ་མ་ཡིན་པར་མི་མཐུད་དེ་ལས་སྤེལ་འཆར་ཡོད་པ་གསུངས་པས་དགའ་བོ་བྱུང་།