མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆེ་བཞག་ཆུང་འདྲོགས་ཀྱི་རྣམ་འགྱུར་ཐབས་རྡུཊ་ཤིག

བོད་ཀྱི་དུས་བབ།
༢༠༡༡/༡༡/༠༡
Share on FacebookShare on TwitterShare on EmailShare on Whatsapp

རང་དབང་རྒྱལ།

 

༢༠༡༡ ལོ་སྟེ། བོད་མི་རིགས་ལ་མཚོན་ན། ཆབ་སྲིད་ཀྱི་ངོས་དང་རིགས་ཞེན་གང་གི་ངོས་ནས་བསམས་རུང་། ཆེས་གཏིང་ཟབ་པའི་ངོས་འཛིན་ཞིག་དང་ཆེས་བློས་བཏང་ཆེ་བའི་དམིགས་བསལ་གྱི་ལོ་ཟླ་ཞིག་རེད། དེ་ཡང་། བོད་ཀྱི་ལོ་རྒྱུས་ཁྲོད་བྱུང་མ་མྱོང་བའི་ཆབ་སྲིད་ཀྱི་དབུ་ཁྲིད་དེ། མང་གཙོའི་ལམ་སྲོལ་གྱི་ཐོག་ནས་སྐྱབས་བཅོལ་བོད་མི་རྣམས་ཀྱིས་འོས་འདེམས་བྱས་པའི་གྲུབ་འབྲས་ནི། རྒྱལ་སྤྱིའི་སྡིངས་ཆ་དང་རྒྱ་གཞུང་གི་མིག་སྔར་སོགས་ལ། སྔ་ན་མེད་པའི་བོད་ཀྱི་མི་རབས་གསར་བའི་འགན་འཁུར་གྱི་རྣམ་འགྱུར་དེ། ཆེས་གཟི་བརྗིད་དང་ལྡན་པའི་ངང་ནས་འབུར་དུ་ཐོན་དང་འཐོན་བཞིན་པ་མ་ཟད། ཕྱོགས་དང་ཟུར་ངོས་མི་འདྲ་བ་གང་མང་ཞིག་ནས། དེ་འདྲའི་ངོས་འཛིན་དང་གདེང་འཇོག་བྱས་དང་བྱེད་ཀྱིན་པ་ནི་དོན་དངོས་དང་མཐུན་པ་ཞིག་མ་ཡིན་ནམ། འདིས་བོད་མི་རིགས་ལ་མདུན་ལྗོངས་གསར་བ་ཞིག་གི་དབུ་ཁྱུད་བསྐྲུན་སོང་།

 

གཞན་ཡང་། འདི་ལོར། གཞིས་བཞུགས་སྤུན་ཟླ་གང་མང་ཞིག་གིས་བློས་བཏང་དང་ཆོད་སེམས་བརྟན་པོའི་སྒོ་ནས། ཆོས་སྲིད་གང་གི་ངོས་ནས་གཞིགས་རུང་། ཆེས་རིན་ཐང་ལྡན་ཞིང་རྩ་ཆེ་བའི་རང་སྲོག་རང་ལུས་དྲོད་མོ་དེ། བཟོད་གླགས་བྲལ་བའི་དམར་བོ་མེ་ལ་བསྒྲོན་ནས། རྒྱལ་སྤྱི་དང་དྲང་བདེན་སྐྱོང་བའི་གཞུང་སྒེར་ཚོགས་སྡེ་སོགས་ཀྱི་སྤྱན་ལམ་དུ། བོད་མི་རིགས་དང་བོད་ཀྱི་རིག་གཞུང་གི་རང་དབང་དང་ཐོབ་ཐང་། འདྲ་མཉམ་སོགས་རྦད་དེ་རྒྱ་གཞུང་གིས་བཙན་འཕྲོགས་བྱས་ཡོད་པ་སྟེ། ཨུ་ཐུག་ཐབས་ཟད་ཀྱིས་སྒོ་ནས་གསལ་སྟོན་དང་བདེན་དཔང་བྱེད་ཀྱིན་པ་མ་ཡིན་ནམ། འདིས་བོད་མི་རིགས་ལ་ཁ་ཕྱོགས་ཡོད་པའི་འཐབ་རྩོད་བྱེད་སྟངས་ཤིག་དང་གདེང་སྤོབས་བརྟན་པོ་ཞིག་གི་རྩ་བ་བཙུགས་སོང་།

 

འོན་ཀྱང་། བར་གླགས་འདི་ནས། བཙན་བྱོལ་བའི་གནས་ཚུལ་སྤྱི་དང་བྱེ་བྲག་ལ་ཕྱིར་རྟོག་ཅིག་བྱས་ན། ཡ་ང་ཞིང་ཐང་ཆད་པའི་གནས་ཚུལ་ཆེས་ཐབས་རྡུགས་མང་པོ་ཞིག་འཕྱུར་གྱིན་པ་འདི་ལ་ཕྱི་ནང་སུ་ཞིག་གིས་བལྟས་རུང་། དེ་ནི། གལ་གནད་ལ་ཐུག་དུས། མཐུན་སྒྲིལ་གྱི་ངར་ཤུགས་ཞན་ཞིང་མཉམ་འབྲེལ་གྱི་འགན་འཁུར་མེད་པའི་སྐྱབས་བཅོལ་བའི་ནང་ཉམས་གུ་དོག་པོ་དེ། སྤྱི་འགྲེམས་བྱས་པ་དང་གཅིག་མཚུངས་མ་རེད་དམ། ལྷག་པར་དུ། སྐབས་འདི་འདྲ་ཞིག་ལ་ཁ་ཤེད་ཆེ་བའི་སྐྱབས་བཅོལ་བའི་ཡིག་འབྲི་བ་ཁག་ཅིག་གིས། བོད་མི་རིགས་དང་དེའི་རིག་གཞུང་གི་སྲོག་དབུགས་རྟ་རྔ་འདྲ་བོ་ལ་གསོན་ཤུགས་རྒྱས་པའི་ཆེད་དུ། ཐབས་ཟད་ཨུ་ཐུག་གིས་སྒོ་ནས་རང་ལུས་མེ་རུ་བསྒྲོན་པ་དེ། སྟོན་པ་དང་བསྟན་པའི་དགོངས་དོན་ལ་མཐུན་མིན་གྱི་དགོས་མེད་གླེང་གཞི་ཆེན་པོ་ཞིག་བཟོས་སོང་། རྣམ་འགྱུར་སྟོན་སྟངས་འདི་ནི། བཙན་བྱོལ་བའི་རྩོམ་པ་པོར་ཁས་འཆེ་བ་རྣམས་ཀྱིས་གལ་གནད་ཀྱི་ཕྱོགས་སུ་དབྱེ་ཞིབ་དང་འགན་ལེན་བྱེད་ཀྱིན་མེད་པ་དེ་རང་ཤུགས་ཀྱིས་གསལ་བཤད་བྱས་སོང་།

 

ད་རུང་། ཛ་དྲག་གི་དུས་སྐབས་འདི་ཞིག་ལ། རྒྱ་གཞུང་གིས་རང་རྐུབ་ཐེད་པོ་དེ་གསུབ་རྒྱུའི་ཆེད་དུ། ངན་ལངས་དུ་ཤོར་བའི་དྲིལ་བསྒྲགས་རྫུན་མ་སྔ་ཕྱིར་སྤེལ་དུས། སྐྱབས་བཅོལ་བའི་ཡིག་འབྲི་བ་དང་མཆན་འདེམས་པ་ཁག་ཅིག་ནི། དེའི་རྗེས་སུ་སྙེག་གིན་སྙེག་གིན་རྒྱ་གཞུང་གི་དགོས་མཁོ་ལྟར་སྒྲུབ་མཁན་གང་མང་བྱུང་སོང་ལ། ཞོར་དུ། ཆོས་བརྒྱུད་ནང་ཁུལ་ལ་དཀྲུགས་ཤིང་བྱེད་མཁན་ཆེས་མང་པོ་ཞིག་ཀྱང་བྱུང་ཡོད། འདི་ནི། བསྙོན་འཛུགས་བྱས་པ་ཡེ་ནས་མིན་ནོ།། དཔེར་ན། 《ཁ་བརྡ་》ཟེར་བའི་དྲ་ཚིགས་དང་དེའི་མཆན་བུ་རྣམས་ལ་ཞིབ་བཤེར་ཞིག་བྱོས་དང་། གསལ་བོ་དག་པོ་ཞིག་ཆགས་ངེས་ཡིན། མ་གཞི་ནས། དེའི་དྲ་བདག་དང་དྲ་འཇུག་རྣམ་པའི་ངོས་ནས་ཡིན་རུང་། འདི་ལྟར་ཅམ་འཇོག་དང་སྣང་མེད་དུ་གཏོང་དགོས་པའི་དམིགས་ཡུལ་གང་ཡིན་ནམ། རང་དབང་དང་མང་གཙོའི་ཁྱད་ཡོན་ལ་བསམས་ནས་གུ་ཡངས་བྱས་པ་ཞིག་ཡིན་རུང་། དེ་ཡང་ཁྲིམས་མཐུན་ལུགས་མཐུན་གྱི་ཚད་ཐིག་ཅིག་ཡོད་པ་ལས། མཐུན་སྒྲིལ་ལ་གནོད་ཅིང་ཆོས་བརྒྱུད་ཕན་ཚུན་དཀྲུགས་པ། གཞིས་བྱེས་གཉིས་ཀྱི་མཉམ་རུབ་གཏོར་བ་སོགས་གང་བསམ་ཅི་འདོད་ཀྱི་བསམ་སྤྱོར་ཤུགས་ཆེ་ན། རང་དབང་དང་མང་གཙོའི་ཕན་ཡོན་གྱི་ལྡོག་ཟླར་ཤོར་སོང་བ་མ་ཟད། བོད་ཀྱི་ད་ལྟ་དང་མ་འོངས་པའི་མདུན་ལྗོངས་སུ་གནོན་སྐྱོན་ཐེབས་ཀྱིན་པ་མ་ཡིན་ནམ། འདིས་སྐྱབས་བཅོལ་བོད་མི་རྣམས་ཀྱིས་རང་དབང་དང་མང་གཙོ་ལོངས་སུ་སྤྱོད་སྟངས་ཀྱི་ལག་ལེན་སྐྱོ་བོ་དེའི་ཟུར་ངོས་ཤིག་བསྟན་སོང་བ་མ་ཡིན་ནམ།

 

དེ་ལས་ཀྱང་ཡིད་སྐྱོ་བ་ཞིག་ལ། འདི་ལོའི་སུམ་བཅུའི་དུས་དྲན་ནས་བཟུང་ད་ལྟའི་བར་དུ། གཞིས་བཞུགས་སྤུན་ཟླ་གང་མང་ཞིག་གི་ངོས་ནས། མི་རིགས་དང་རིག་གཞུང་གི་ཚེ་སྲོག་སྐྱོབ་པའི་ཆེད་དུ་སེམས་ཐག་གཙང་བཅད་ཀྱིས། རང་ལུས་མེ་རུ་བསྒྲོན་མཁན་གཅིག་རྗེས་གཉིས་མཐུད་ཀྱི་ཛ་དྲག་གི་གནས་ཚུལ་མུ་མཐུད་ནས་ཇེ་མང་དུ་འགྲོ་བཞིན་པའི་སྐབས་འདིར། མི་སེམས་རུལ་བའི་ཤར་ཁུག་ཟེར་བ་འདིས། ཆེད་མངགས་ཀྱིས་དོན་ཆུང་དོན་ཆེན་ལ་བསྒྱུར་བའི་སྐབས་འཚོལ་བའི་བསམ་སྤྱོར་དེ་གང་སར་བཀྲམས་དུས། སྤྱི་ཟུར་མིང་འཁུར་ཆབ་བྲག་གིས་ཀྱང་། གཞིས་བཞུགས་བོད་མིའི་ཛ་དྲག་གི་གནས་བབ་ལ་གཞིགས་ནས། བཏོན་དང་འདོན་གྱིན་པའི་ལས་འགུལ་སྤེལ་ཕྱོགས་ཀྱི་རང་ཚུགས་གློ་བུར་དུ་འགྱུར་ནས། ཤར་ཁུག་ཟེར་བའི་མི་སྒེར་གཅིག་པོའི་ཕྱོགས་སུ་མཆེད་སོང་། ད་རུང་། བཙན་བྱོལ་བོད་མིའི་རྩོམ་པ་པོ་མཐུན་ཚོགས་ཀྱི་མིང་དེ་སྒེར་གཅོད་ཀྱིས། བསྒྲགས་གཏམ་གྱི་མདུང་རྩེ་རང་གཞུང་དང་ཆབ་སྲིད་ཀྱི་དབུ་ཁྲིད་ཕྱོགས་སུ་གཏད་སྟངས་ལ་བལྟས་ཡོང་ན། ད་ནི། ཁོང་ལ་སྤྱི་ཟུར་དང་རྩོམ་པ་པོའི་མིང་དོན་དང་མ་མཚུངས་པ་རང་གིས་བཤམས་སྟོན་བྱས་སོང་། འདི་ལ། རྒྱུ་མཚན་ཡོད་དེ། སྤྱི་ཟུར་ཞིག་ཡིན་དུས་སྤྱི་མི་ཆགས་ཡོད་པ་རེད། དེས་ན། སྤྱི་བའི་གནད་དོན་འདི་སྒེར་བ་ལས་གལ་ཆེན་མི་བརྩི་བའི་དགོས་དོན་གང་ཡིན་ནམ། ད་དུང་། རྩོམ་པ་པོ་ཞིག་ཡིན་ཕྱིན། གླེང་རིན་ཡོད་མེད་ལ་གཞིགས་ནས། དྲང་ཚུགས་དང་དབྱེ་ཞིབ་ཀྱི་སྒོ་ནས་ཆུང་བསྐྱུར་ཆེ་གླེང་བྱེད་དགོས་པ་མཁྱེན་རྟོགས་མ་ཡོད་པ་ཡིན་ནམ།

 

ཡང་། འདི་ལོར། སྙིང་སྟོབས་དང་ལར་ཞེན་ཟབ་པའི་གཞིས་བཞུགས་སྤུན་ཟླ་རྣམ་པའི་ངོས་ནས། རང་ལུས་སྒྲོན་མེ་ལ་བསྒྱུར་ནས་རྒྱ་གཞུང་དང་དེའི་གཏིང་ནག་གི་སྲིད་བྱུས་རྩུབ་པོ་ལ། མཐའ་གཅིག་ཏུ་ཞི་རྒོལ་གྱི་མེ་ལྕེ་འབར་གྱིན་པའི་ཛ་དྲག་གི་གནས་བབ་ལ་གདུང་སེམས་མཉམ་བསྐྱེད་བྱེད་རྒྱུའི་ཚབ་ཏུ། དགེ་འདུན་རབ་གསལ་སོགས་ཤར་ཁུག་གི་ཡུལ་ཕྱོགས་གཅིག་པ་འགའ་རེས། རིས་གཅོད་དཔུང་བསྒྲིལ་གྱི་བསམ་སྤྱོད་ལྷང་ལ་འབུད་ཀྱིན་པ་མ་རེད་དམ། གང་གིས་ཟེར་ན། དགེ་རབ་སོགས་ཀྱིས་ཡག་ཉེས་གང་ཞིག་ལ་འགྲེལ་ཡང་རུང་། གནད་འགག་ཐུག་ས་ནི། ཤར་ཁུག་གི་ཕྱོགས་སུ་ལྷུང་ནས་ཆབ་སྲིད་ཀྱི་སྣེ་ཁྲིད་རྣམ་པའི་གཤིས་སྤྱོད་འཚོལ་བ་ནི། ཞྭ་དཔེ་ལྷམ་འགེབས་རང་རེད། དེ་མིན། ཁྱོད་ཀྱིས། ད་ལོར་ཛ་དྲག་གི་གནས་ཚུལ་དང་འབྲེལ་བའི་རྩོམ་ཡིག་བྲིས་པ་དང་ལས་འགུལ་སྤེལ་ཕྱོགས་ལ་ཐབས་བྱུས་བཏོན་པ། གཞན་ཡང་། མཉམ་རུབ་དང་མཆན་བུ་འདེབས་པ་སོགས་བྱས་ཡོད་དམ། གང་ལྟར། ཁྱོད་ཀྱིས་མཚོན་པའི་ཁ་བརྡ་དང་དུས་བབ་མཆན་འདེབས་པ་རྣམས་ནི། རྐུན་རྒྱབ་ཇག་ལངས་ཀྱི་དཔེ་ལྟར་ལས་ཅི་ཡང་མི་འདུག་གོ །

 

མ་གཞི་ནས། ཤར་ཁུག་གི་སྒེར་དོན་ཆུང་ཆུང་འདི་མཐར་ཐུག་ན། ཀུན་སྤྱོད་ཡག་ཉེས་ཤིག་ལས་གནད་འགག་ཅི་ཡང་མི་འདུག གང་ཡིན་ཟེར་ན། རང་གཞུང་དང་དེའི་ཆེས་མཐོའི་ལས་ཀྱི་སྣེ་མོར་གཏོགས་པ་རྣམས་ལ་བསམ་ཤེས་དང་བརྩི་བཀུར་བྱེད་དགོས་པ་ནི། རང་དབང་དང་མང་གཙོའི་དཀྱིལ་འཁོར་ན་ཡོད་པའི་འབངས་མི་རེ་རེའི་རང་ཆས་སུ་ངེས་པར་དུ་ཡོད་དགོས་པའི་འོས་འགན་ཞིག་རེད་མོད། འོན་ཀྱང་ཤར་ཁུག་ཟེར་བ་འདིས། རང་ཆེ་རང་རློམ་གྱི་སྒོ་ནས་ཐལ་དྲག་པའི་སྐྱོན་བརྗོད་བྱེད་རྒྱུ་སྔ་ཕྱིར་མང་དྲགས་པས་ན། འཛིན་སྐྱོང་གི་དབང་ཚད་ཐོག་ནས། ཁོའི་ཉིན་གླའི་ལས་ཀ་དེ་ཕྱིར་བསྡུ་བྱས་པ་ཙམ་རེད་མ་གཏོགས་གནས་དབྱུང་གཏོང་བ་ལ་སོགས་ཅི་ཡང་བྱས་ཡོད་པ་མ་རེད་དེ། དགེ་རབ་ཀྱིས་མཚོན་པའི་ཁྱེད་རྣམ་པའི་མདུན་སར་འཛིན་སྐྱོང་བཀའ་ཤག་ལ་དེའི་དབང་ཚད་མ་ཡོད་པ་རེད་དམ། ད་རུང་། ཤར་ཁུག་ལ་ཆོ་འཕྲུལ་རྒོད་སྟབས། སྐྱབས་བཅོལ་བའི་མཆན་འདེབས་པ་ཆེས་མང་པོ་ཞིག་ཁོའི་གཡོ་སྒྱུའི་རྣམ་འགྱུར་གྱིས་བསླུ་བྲིད་བྱས་ཡོད་པ་འདྲ། གང་ཡིན་ཟེར་ན། བསམ་ཚུལ་དང་མཆན་བུ་སྤེལ་དུས། ཕྱོགས་གཉིས་ཀའི་དགེ་སྐྱོན་འཚོལ་རྒྱུ་མ་མཐའི་ཆ་རྐྱེན་ཞིག་ཡིན་རུང་། བསམ་ཚུལ་འདོན་མཁན་དང་མཆན་འདེབས་པ་མང་ཤོས་ནི། ཤར་ཁུག་གི་རྒྱབ་དཔུང་དུ་གཅིག་རྒྱབ་གཉིས་ལངས་བྱེད་ཀྱིན་པའི་རྣམ་འགྱུར་ནི། འུར་འདྲོགས་དང་ཧོར་རྒྱུགས་ལ་དགའ་ཤིང་ཞིབ་འཇུག་རྨེག་མེད་དུ་གཏོང་བའི་སྐྱབས་བཅོལ་བ་ཁ་ཡོད་ལག་མེད་ཁྱུ་ཚོགས་ཤིག་གི་རྣམ་འགྱུར་ལས་ཅི་ཡང་མཐོང་མ་སོང་།

 

མདོར་ན། གནས་ཚུལ་འདིས། གང་ཞིག་སྟོན་གྱིན་པ་རེད་ཟེར་ན། སྐྱབས་བཅོལ་བ་འདི། ཆེ་བསྐྱུར་ཆུང་འདྲོགས་ཀྱི་གོམས་གཤིས་ཤིག་གི་ནང་དུ་མགོ་འཁོར་ཡོད་པ་གསལ་བོ་མཚོན་འདུག་ལ། ད་རུང་། ཆེ་བསྐྱུར་ཆུང་བསྒྲུབས་ཀྱི་ཕྱོགས་སུ་ལྷུང་ནས་འཐེན་འཁྱེར་གྱི་རིག་རྩལ་བསྒྲིམ་བཞིན་པ་ལས། དགོས་མཁོ་ཡོད་པའི་འགན་འཁྲི་ཞིག་དང་ལེན་བྱེད་ཐུབ་ཀྱི་མེད་པ་གསལ་སྟོན་བྱས་མ་སོང་ངམ། ཐེངས་འདིའི་རྣམ་འགྱུར་འདིས། གལ་གནད་ལ་ཐུག་དུས། སྐྱབས་བཅོལ་བ་འདི་ལ་མཐུན་སྒྲིལ་ཏག་ཏག་ཅིག་མེད་པ་བཤམས་སོང་བ་མ་ཡིན་ནམ། དགོས་གལ་ཆེ་དུས། སྐྱབས་བཅོལ་བའི་རྩོམ་པ་པོ་དང་་ཤེས་ལྡན་པ་འགའ་ཤས་ཀྱི་གོ་རྟོགས་དང་ལག་ལེན་དེ་གཞི་རྒྱ་ཇེ་ཆུང་ལ་སོང་དང་འགྲོ་གིན་པའི་རྒྱུ་རྐྱེན་གང་ཡིན་ནམ། ལྷག་པར་དུ། ཆེ་བསྐྱུར་ཆུང་འདྲོགས་ཀྱི་རྣམ་འགྱུར་ཐབས་རྡུགས་འདི། ང་ཚོར་སེམས་རྩ་གཏད་པའི་གཞིས་བཞུགས་རྒྱ་ཆེའི་སྤུན་ཟླ་རྣམ་པའི་སེམས་ངོར་དང་། ང་ཚོ་སྐྱབས་བཅོལ་བའི་ཁ་སྟབས་ཞན་པོ་ལ་བསྐྲད་མཁན་རྒྱ་གཞུང་གི་མིག་སྔར་གང་འདྲ་ཞིག་ཆགས་ཡོད་དམ།

འབྲེལ་ཡོད་གསར་འགྱུར།

བོད་བླ་བྲང་བཀྲ་ཤིས་འཁྱིལ་དགོན་པ་དང་ལྷ་སྡེ་མི་སྡེར་སྔོག་བཤེར་བྱས་ནས་༧གོང་ས་མཆོག་གི་སྐུ་པར་བཙན་འཕྲོག་བྱེད་བཞིན་པ། པར་དུས་བབ་ཀྱི་བསྒྲིགས།
Mobile App

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་པར་མང་པོ་བཙན་འཕྲོག་བྱས་འདུག 

ཆུ་ཚོད་ ༡༩ སྔོན་ལ།
རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ནས་དྷ་སར་བར་བོད་དོན་རྐང་འཁོར་སྐོར་སྐྱོད་གནང་བཞིན་པ། ༢༠༢༥།༡༠།༢༡ པར་འབྲེལ་ཡོད་མཁོ་སྤྲོད་གནང་།
Mobile App

རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ནས་དྷ་སར་བར་བོད་དོན་རྐང་འཁོར་སྐོར་སྐྱོད་གནང་བཞིན་པ།

ཆུ་ཚོད་ ༢༡ སྔོན་ལ།
བོད་ནང་གི་ན་གཞོན་གཞས་པ་ཨ་སངས་ལགས། པར་དུས་བབ་ཀྱིས་ཕྱོགས་སྒྲིག་བྱས།
Mobile App

གཞས་པ་ཨ་སངས་ལགས་མུ་མཐུད་བཀག་ཉར་འོག་ཡོད་འདུག

༢༠༢༥/༡༠/༡༨
Zhang Youxia (front), newly-elected Vice Chairman of the Central Military Commission of the People's Republic of China, swears an oath with members of the Central Military Commission (L-R) Zhang Shengmin, Liu Zhenli, He Weidong, Li Shangfu, and Miao Hua, after they were elected during the fourth plenary session of the National People's Congress (NPC) at the Great Hall of the People in Beijing. photo credit: Reuter
Mobile App

རྒྱ་ནག་གཞུང་གིས་དམར་ཤོག་དཔོན་རིགས་དགུ་ཕྱིར་ཕུད་བཏང་།

༢༠༢༥/༡༠/༡༨
མོན་ཡུལ་འཕགས་བོད་མཛའ་འབྲེལ་ཚོགས་པས་༧གོང་ས་མཆོག་ལ་མནྜལ་བརྟན་གསུམ་འདེགས་འབུལ་ཞུས། ༢༠༢༥།༡༠།༡༨ དུས་བབ་ཀྱི་པར།
Mobile App

མོན་ཡུལ་འཕགས་བོད་མཛའ་འབྲེལ་ཚོགས་པས་༧གོང་ས་མཆོག་ལ་མནྜལ་རྟེན་གསུམ་འདེགས་འབུལ་ཞུས།

༢༠༢༥/༡༠/༡༨
Richard Gere receiving the Human Rights First Visionary Award. Photo: ICT
Mobile App

བོད་དོན་རྒྱབ་སྐྱོར་བ་རེ་ཆར་ཌི་གྷེ་རེ་ལགས་སུ་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་ཐོབ།

༢༠༢༥/༡༠/༡༧

མཆན། 18

  1. ངག་དབང་རབ་རྒྱས། says:
    ལོ་ 14 སྔོན།

    བསམ་ཚུལ་ཡག་པོ་བྲིས་འདུག་ང་ཚོའི་སྐྱབས་བཅོལ་བའི་ནང་སྙུག་ཐོག་པ་ཡིན་ཟེར་མཁན་དེ་ཚོ་བྱེད་སྟངས་འདི་འདྲ་པོ་ཡིན་པ་ལས་དེ་ལས་ལྷག་གང་ཡང་བྱེད་ཐུབ་ཀྱི་མེད་པ་ཧ་གོ་དོན་གསལ་རེད།་རང་དབང་རྒྱལ་ཁྱོད་རང་ལྷག་བསམ་གྱིས་བསལ་བཤད་བྱས་པ་ཡག་པོ་རེད་དེ་ཡིན་ནའང་ཁྱེད་རང་དཀའ་ལས་ཆེ་རོགས་ལས་གྲུབ་འབྲས་གང་ཡང་ཐོན་གྱི་མ་རེད།་སྤྱིར་དྲ་ཐོག་ལ་དོན་ཆུང་དེ་དོན་ཆེན་བཟོ་མཁན་ཆེས་ཉུང་ཤས་ཤིག་ལས་སྤྱི་ཚོགས་ནང་ཤུགས་རྐྱེན་གང་ཡང་ཐེབ་ཀྱི་མ་རེད།་བློ་བདེ་པོ་བྱོས།

    Reply
  2. ཤར་ཕྱོགས་ཁུག་རྟ། says:
    ལོ་ 14 སྔོན།

    ཛ་དྲག་གི་གནས་སྟངས་འདིར་ངེད་ཀྱི་རྩོམ་ཡིག་དང་བཀའ་ཁྲིའི་ཐག་གཅོད་གླེང་ཕྱོགས་ལ་ཁྱེད་རྣམ་པས་དགོངས་འཆར་གནང་བ་འདི་རིན་ཐང་ཆེ་ལ། ངེད་ཀྱི་མི་ཚེའི་ལོ་རྒྱུས་དེབ་ཐེར་ཁྲོད་འགོད་འོས་པ་ཞིག་དང་། འགོད་རྒྱུའི་ལས་འཆར་གྱིས་ཕྱོགས་སྡོམས་ཀྱིས་དེབ་གཟུགས་བཟོ་འགོད་ཅིག་ཀྱང་བར་གསེང་ནས་བྱེད་མུས་ཡིན་སྟབས། ངས་བསམ་ཚུལ་ཁ་ཤས་ཤིག་མི་བརྗོད་ཐབས་མེད་ཆགས་སོང་།
    ༡ ཉིན་གླའི་ལས་བྱེད་ཟླ་བ་ ༡༡ རེའི་མཚམས་སུ་བསྐོ་བཞག་བྱེད་སྲོལ་ཡོད་པ་ལྟར། འབྲེལ་ཡོད་ཚོགས་གཙོས་རྒྱབ་གཉེར་ཤུགས་ཆེན་ཐེངས་ ༢ བཀའ་དྲུང་བརྒྱུད་བཀའ་ཤག་ལ་སྙན་གསེང་ཞུས་ཀྱང་། བཀའ་ཁྲི་མཆོག་གིས་དགོངས་བཞེས་གནང་ཐབས་མེད་རྐྱེན་རྩོམ་ཡིག་དེ་ག་རང་ཡིན་པ་ཡིག་ཐོག་ཏུ་གསལ་བ་ལྟར། རྩོམ་ཡིག་དེར་བླང་དོར་སྒྲིག་གཞིས་དམ་བསྒྲགས་གནང་བའང་གསལ་བོ་ཡིན་སྟབས། བླང་དོར་སྒྲིག་གཞིའི་ཁྲིམས་ཀྱིས་མ་ཁྱབ་པའི་གནས་སྟངས་ཤིག་དེའི་ཁོངས་བཙན་སྦྱར་བྱས་པ་དང་། བཀའ་ཤག་སྔོན་མའི་སྐབས་ཀྱི་ལམ་ལུགས་དེའང་མ་མཐུན་པ་བཅས་ཀྱིས་ཐག་གཅོད་གནང་ཕྱོགས་ཀྱི་དགོས་དམིགས་དོགས་གཞིར་གྱུར་བ་ནི་གནས་སྟངས་གཅིག་རེད།
    ༢ དཔྱད་གླེང་བ་རྣམས་ཀྱིས་ཕྱོགས་གཉིས་ཀྱི་དོན་དངོས་ཡིག་ཐོག་ཏུ་ཡོད་པ་དཔང་པོར་བཞག་ནས་འཛིན་སྐྱོང་དང་ཁྲིམས་སྒྲིག་གི་འབྲུ་དོན་དང་ཁྱབ་ཚད་ལ་དཔྱད་པ་བྱེད་ཐུབ་པ་ཡིན་ན། དཔྱད་གླེང་པས་སྙིང་དོན་འཇུ་ཐུབ་པ་དངོས་ཡོད་གནས་ཚུལ་རང་རེད། དེ་ལྟར་དཔྱད་གླེང་གནང་རྒྱུ་ནི་རང་རང་སྒེར་གྱི་ཤེས་བྱའི་ནང་ཁོག་དང་འབྲེལ་བ་ཡོད་པར་ངེད་ནས་ངོས་འཛིན་བྱེད་ཀྱི་ཡོད།
    ༣ བཀུར་འོས་སྤྱི་ཟུར་ཆབ་བྲག་ལྷ་མོ་སྐྱབས་སོགས་ཀྱིས་ཕྲན་ལ་རྒྱབ་སྐྱོར་གནང་བ་ནི། རྩོམ་གྱི་ནང་དོན་དང་སྒྲིག་གཞིའི་ཁྱབ་ཚད་ལས་མ་བརྒལ་བ། གཞུང་གི་འཛིན་སྐྱོང་འགྲོ་སྟངས་མཁྱེན་པའི་གནས་བབ་ཐོག་བྱུང་བ་ཡིན་པར་ངེད་ནས་ངོས་འཛིན་ཞུ་བཞིན་ཡོད་པ་ལས། ཚོར་སྣང་དང་ཧམ་བརྗོད་བྱ་ཉག་ཅིག་བྱ་མིན་སོ་སོའི་འདོད་པ་རེད།
    ༤ རྩོམ་ཡིག་གི་བརྗོད་གཞི་དང་འབྲེལ་ནས། ཡང་ན་བཀའ་ཁྲིའི་ལས་འཆར་དག་གི་གནས་བབ་རྒྱལ་སྤྱི་དང་བོད་ཀྱི་ཤེས་ལྡན་པ་ཚོས་ད་བར་ངོས་འཛིན་གང་བྱུང་ཡོད་མེད་ཕྲན་གྱི་དཔྱད་གཏམ་དེའི་རྒྱ་ལས་བརྒལ་ཡོད་མེད། ཡང་ན་དོགས་འདྲི་དང་བགྲོ་གླེང་། དེ་ལས་ཀྱང་རྦད་དེ་དགག་གཞག་གིས་དབང་རྟུལ་ལབ་བརྡོལ་གྱི་གྲས་སུ་འདོགས་ཐུབ་ན་ངས་དེ་ལ་སྙིང་ནས་དགའ་བསུ་ཞུ་རྒྱུ་ཡིན་ལ། དེ་བཞིན་སེང་གེའི་བཀའ་ཤག་གི་མདུན་ལམ་ཐད་ཕྱོགས་གང་ཞིག་ནས་ཅི་ལྟར་བགྲོ་གླེང་གནང་ཡང་། ངེད་ནས་ཡི་ག་ན་གཅིག་ཕར་ཞོག ཚེག་གཅིག་ཀྱང་རང་དགར་མི་འཇོག་པར་ཁྱེད་ཚོར་དུས་ཚོད་བཏང་ནས་ལན་འདེབས་ངེས་ཡིན།
    ༥ ངའི་རྩོམ་ཡིག་གི་ནང་དོན་མ་རྟོགས་པར་འོལ་ཚོད་ཀྱི་ལས་འབའ་ཞིག་བསྟེན་མཁན་དག་ལའང་ཤེས་འདོད་ཀྱི་དྲི་བ་གང་ཞིག་ཡོད་ཀྱང་། ཚ་འདྲི་གནོང་དང་ལན་མེད་ཚེ་ཁྱེད་ཅག་གི་ཞབས་ཕྲན་གྱི་སྤྱི་བོའི་གཙུག་ལ་ལན་ངེས་ཡིན།
    ༦ དེ་ཙམ་མ་གཏོགས་བོད་ནང་གི་ཛ་དྲག་གི་གནས་སྟངས་ཐད་ལས་དོན་སྣེ་མང་ཡོང་བཞིན་པས། གོང་བཀོད་དག་དང་མཐུན་པའི་བགྲོ་གླེང་བ་སླེབས་ན་མ་གཏོགས། ཡ་ལན་བྱེད་ཁོམ་མི་འདུག་པས་དགོངས་འགལ་མེད་པ་ཞུ།

    Reply
  3. ཧར་གདོང་ཨ་འཇིགས། says:
    ལོ་ 14 སྔོན།

    ད་དངོས་ནས་མཆན་ཉུང་ན་བཟང་གི མ་ཟད་དངོས་གནས་མཆན་འབྲི་ན་དང་ཚོའི་མདུན་ན་ཆེས་མང་བོ་ཞིག་ལྷག་ཡོད། འདི་ནི་དུས་རབས་འགའི་ལས་བྱ་ཡིན། ཡིན་ནའང་དོན་དག་ཆུང་ཆུང་ལའང་དོ་སྣང་བྱེད་དགོས་པ་རེད། དེ་ལྟ་ནའང་ཆུང་ཆུང་གི་སྟེང་གི་སྐད་ཆ་ཆེན་པོ་དེ་ཚོས་ཆུང་ཆུང་མི་འགྲུབ་པར་མ་ཟད་ང་ཚོའི་དོན་ཆེན་ལའང་ཤུགས་རྐྱེན་མི་ལེགས་པ་ཐེབ་ངེས་རེད།

    Reply
  4. མྱུལ་ཞིབ་པ་ says:
    ལོ་ 14 སྔོན།

    ངས་སྔར་ནས་བཤད་ཟིན་པ་ཡིན་ཆབ་བྲག་ཁོ་རྙིང་གཞེན་གྱི་ལྟ་བ་ཤུགས་ཆེ་བས་ནང་འཁུལ་དུ་དཀྲུག་དཀྲུག་གཏོང་མཁན་ཞིག་གཏན་གཏན་རེད་འདུག
    གླུ་དཀར་འཇམ་སོགས་བློ་བག་ཡངས་བའི་མི་བུ་དག་མདོ་སྨད་ཀྱི་སྤྱི་མཐུས་སུ་སླེབས་མི་ཐུབ་པར་བློ་ཕམ་ཤིན་ཏུ་ཆེ།
    ཨ་རོ་ཆབ་བྲག་་་་ཆབ་སྲིད་དང་སྙན་ངག་ཐ་ཐད་རེད་ད་
    ནམ་མཁའི་ཟླ་བ་ལྷ་མོ་མ་རེད་ད་་་་་ནམ་མཁའི་ཟླ་བ་རྡུལ་ཕྲ་རབ་གྱིས་བསྡུས་པའི་བེམ་པོ་ཞིག་རེད་ད་
    སྙན་ངག་པ་ཡིན་ན་ཀླད་པར་སྐྱོན་ཡོད་པའི་ཁྱབ་ཀླད་པར་སྐྱོན་ཡོད་ན་ཆབ་སྲིད་པ་ཡོང་ཐབས་ཡོད་མ་རེད།

    Reply
  5. གནས་ཚང་། says:
    ལོ་ 14 སྔོན།

    རྩོམ་ཡིག་འདིའི་ཁ་ཕྱོགས་ལ་རྒྱབ་བསྐྱོར་ཡོད། ཡིན་ནའི། ཆ་རྐྱེན་མེད་པར་དབུ་ཁྲིད་བརྩི་དགོས་ཞེས་པ་མ་ཤེས་པའི་སྐྱོན་ཞིག་རེད། གང་ལྟར་ཤར་ཁུག་ཅེས་པས་དེ་ཕྱི་དྲིལ་ལས་ཁུངས་ཀྱི་ལན་འདེབས་ཚོགས་ཆུང་ནང་ཕྱག་ལས་གནང་གི་ཡོད་དུས། ཕྱི་འབྲེལ་ལན་འདེབས་པ་ནི་སྲིད་གཞུང་དེའི་སྨྲ་ལྕེ་རེད་ལ། ཇི་འདྲའི་མང་གཙོའི་གཞུང་ཞིག་ཡིན་ནའང་། ཕྱི་འབྲེལ་ལན་འདེབས་པས་ཆ་རྐྱེན་མེད་པའི་ལམ་ནས་གཞུང་འབྲེལ་སྲུང་བྱ་བརྩི་དགོས་པ་དང་སྨྱུག་ཁ་ཕྱི་ལ་བསྐོར་བ་ལས་ནང་དུ་ག་དུས་ཀྱང་གཏད་ཆོག་གི་མི་འདུག་ལ། དེ་ལས་འགལ་ན་རྒྱང་འཕུད་གཏོང་རྐྱང་རང་རེད། དྲང་པོར་བཤད་ན། མང་གཙོའི་གཞུང་ལ་ཡོང་བསྲིངས་གནང་མཁན་སྤྱི་འཐུས་ཆགས་ཡོད་ལ། སྤྱི་འཐུས་ཚོས་རང་ཉིད་མདུན་དུ་མ་བུད་ནས་བརྒྱུད་བསྐུལ་བྱས་པ་ཡིན་ན། དེ་ནི་དམིགས་ཡུལ་ཡོད་པ་དང་ཁ་གཏད་གསལ་བའི་དོན་ཆེན་སྣང་ཆུང་བྱེད་མི་རུང་བ་ཞིག་ཀྱང་རེད།

    Reply
  6. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    ད་མཆན་མང་པོ་འདོགས་དགོས་ཟེར་ན་རྩོམ་འདིས་ཆེ་བསྐྱུར་ཆུང་འདྲོགས་ཞེས་པའི་སྙིང་དོན་དེ་གཙབས་རལ་བཏང་བ་རེད།
    ད་འོ་ན་འདི་ལ་རྒྱབ་སྐྱོར་ཡོད་པ་དང་ང་ལ་གཤེ་འདོད་པ་ཚོས་མཆན་མང་པོ་འདེབས་རོགས། འདི་ལ་རྒྱབ་སྐྱོར་མེད་པ་ཚོ་ཁ་རོག་སྡོད་རོགས། ཐལ་མོ་རྡེབ་པ་ལག་པ་གཉིས་དགོས་པས། ལག་པ་གཅིག་མ་གཡུག་ན་ཐལ་སྒྲ་འབྱུང་གི་མ་རེད།

    Reply
  7. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    དྲ་གྲོགས་རང་དབང་རྒྱལ་ཁ་དོྲ་བཀྲ་ཤིས་བློ་གཟུ་བོར་གནས་པའི་རྩོམ་ཡིག་གཅིག་བྲིས་འདུག
    དུས་ཚོད་གཉེན་འཕྲང་ཅན་འདིར་་་་་་་་་་་་་་
    ཆབ་བྲག་དང་དགེ་འདུན་རབ་གསལ་དེ་ཚོས་སྣེ་ཁྲིད་གཏན་ནས་མ་འོས་པ་ཞིག་སྣེ་ཁྲིད་བྱས་སོང་བ་དེ་དགྲ་དགའ་གཉེན་སྡུག་གི་བྱ་བ་ཐབས་སྡུག་གཅིག་རེད།
    ཆབ་བྲག་གིས་ཁོ་རང་ཉིད་ཀྱི་རྩོམ་ཡིག་ལ་མཆན་ཉུ་ཉུང་འདེབས་རོགས་ཟེར་ནས་ནམ་ཡང་འབོད་བསྐུ་ཞུ་མྱོང་མེད་་་་་་་་་དེ་རིང་དྲ་གྲོགས་རང་དབང་རྒྱལ་གྱི་རྩོམ་ཡིག་ལ་མཆན་ཉུང་ཉུང་འདེབས་རོགས་ལབ་འདུག་པའི་ནང་དོན་ནི་རྩོྩོམ་ཡིག་འདི་ལ་རྒྱབ་སྐྱོར་མ་བྱེད་གསུངས་ནས་སྐད་ཤོར་གྱི་ཡོད་པ་རེད་་་་་་་་མི་ལ་ངོ་ཚ་ཟེར་བ་དེ་མེད་ན་སྐད་ཆ་འདྲ་མི་འདྲ་ཁ་ནས་ཤོར་གྱི་འདུག་ག་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

    Reply
  8. གངས་སྨྱུག says:
    ལོ་ 14 སྔོན།

    རང་དབང་རྒྱལ་ལགས་རིགས་ཀྱི་བུ། ཁྱོད་ཀྱིས་བཤད་པ་ལྟར་གུས་པའི་ཡང་སེམས་ཚོར་ཡོད། དེ་ནི་བདེན་དོན་སྲོང་པོ་དང་དགའ་འོས་པའི་གནས་ལུགས་ཤིག་རེད། བརྒྱ་ཆ་བརྒྱ་ཐམ་པར་རྒྱབ་སྐྱོར་ཡོད།
    ཆབ་ལྷ་ལགས་ཁྱེད་ཀྱི་ལུས་ངག་ཡིད་གསུམ་གྱི་སྤྱོད་ཚུལ་དེ་ཅུང་ཟད་འགྱུར་བ་ཞིག་བཏང་ན་བཟང་བར་མངོན། སོ་སོའི་མིག་མདུན་གཅིག་པུ་མ་ཡིན་པར་ཕྱོགས་ཀུན་ལ་རྒྱངས་ལྟ་ཞིག་བྱེད་ན་ཕན་བདེ་ཆེ་བ་མ་ཟད་། རང་ཡང་ཉེས་སྐྱོན་མི་ཡོང་བར་དགེ་ཕན་ཆེ། ད་དུང་ཡང་མཁས་འདོད་ཀྱི་སྒམ་ཚིག་གམ་མ་ནོར་ལམ་བཟང་ཡིན་འདོག་གི་ཚིག་བཅད་འགའ་སྐྱོར་བཞིན་བཞུགས་ན་མི་འོས་པར་སེམས།

    Reply
  9. ལུང་རྟོགས། says:
    ལོ་ 14 སྔོན།

    རང་དབང་རྒྱལ་གྱིས་གསུང་པ་ལ་མངོན་པར་བསྟོད་དོ།

    Reply
  10. མི་ཆུང་། says:
    ལོ་ 14 སྔོན།

    རང་དབང་རྒྱལ་ལ་རྒྱབ་སྐྱོར་ཡོད།

    Reply
  11. མྱུལ་ཞིབ་པ་ says:
    ལོ་ 14 སྔོན།

    ཤར་ཕྱོགས་ཁུག་རྟའི་གྲོད་ཁོག་འདི་འགག་ཆེན་པོ་རེད་འདུག་ག་
    ཆབ་སྲིད་ཀྱི་གང་ལ་ཐུགས་འདུག་ག་

    Reply
  12. བྱ་གཞུང་འཇམ་དབྱངས། says:
    ལོ་ 14 སྔོན།

    སྤྱིར་སྟངས་ནས་་བཤད་ན་སྤྱི་ཚོགས་གཅིག་གི་རྙོག་གླེང་དང་འཐབ་རྩོད་ཡོད་ཡོད་པ་རེད་། མི་རེ་རེ་ལ་བསམ་ཚུལ་དང་ལངས་ཕྱོགས་འདྲ་མིན་ཡོད་དུས་དེ་ནི་རྒྱུན་ལྡན་ཞིག་རེད་མོད། འོན་ཀྱང་ད་ཐེངས་ཀྱི་རྙོག་གླེང་འདི་མི་སྒར་གཅིག་གི་ལྟོ་གོས་ཀྱི་དོན་ལས་འཕྲོས་ཏེ་སྤྱི་ཚོགས་ཤིག་དང་མི་རིགས་ཤིག་གི་བདེ་འཇགས་དང་མཐུན་ལམ་གྱི་ཚེ་སྲོག་ལ་རྒོལ་རྡུང་དང་དམར་འཛིངས་ཀྱིས་ཆེ་ཉེན་ཁ་དང་ཛ་དྲག་ཏུ་གྱུར་དང་འགྱུར་བཞིན་འདུག་པས་ཚང་མས་བློ་རིག་གཅིག་སྒྲིལ་གྱི་བཤད་མཚམས་འཇོག་གནང་རོགས་ཞེས་ལག་ཟུང་ཐལ་མོ་སྦྱར་ནས་ཞུ་བ་ཡིན། རྒན་ཆབ་བྲག་དང་རྒན་རབ་གསལ་རྣམས་གཙོས་བསམ་ཤེས་རྣམས་ཀྱིས་དགོངས་པ་ཆེར་བཞེས་གནང་རོགས།
    གལ་སྲིད་ཁུག་རྟར་བདེན་དབང་དང་བློ་སེང་གིས་སྒེར་སྤྱོད་བྱས་ཡོད་ན་ཡང་དེ་ནི་མི་སྒེར་གཅིག་གི་གནད་དོན་ཡིན་པས་མང་ཚོགས་ནང་བསྒྲགས་དགོས་དོན་མི་འདུག དེ་ལྟར་བསྒྲགས་ཏེ་འ་འུར་ཟང་ཟིང་དུ་བཟོ་དགོས་དོན་མི་འདུག ཟུར་ཏུ་གདོང་དང་གདོང་ཐུག་ནས་གྲོས་བསྡུར་གྱི་ལམ་ནས་ཐག་ཆོད་བྱེད་པའི་ཐབས་ལམ་མེད་པ་མ་རེད། བསམ་བཞིན་དུ་རྙོག་གླེང་འདི་དྲ་ཐོག་དང་མང་ཚོགས་ཁྲོད་དུ་གླེང་བའི་དགོས་མཚན་ཏིལ་འབྲུ་ཙམ་མེད་པ་མ་ཟད་དེ་ལྡོག་སྟེ་ཆོལ་ཁ་དང་ཆོལ་ཁའི་བར་གྱི་རྙོག་གླེང་ཉེན་ཁ་ཅན་ཞིག་ཏུ་གྱུར་དང་འགྱུར་བཞིན་འདུག ལྷག་པར་ཏུ་སྐབས་འཚོལ་བ་དང་མྱི་ངན་སྐོར་ཞིག་གིས་རྙོག་གླེང་འདི་རྒྱ་ཇེ་ཆེ་དང་གཏིང་ཇེ་ཟབ་ཏུ་གཏོང་གི་འདུག་པས་ཚང་མས་བློ་རིག་བསྒྲིམས་ཏེ་བསམ་བློ་རྒྱ་ཆེ་ས་ནས་བཏང་ན་དགོས་ཕན་ཆེ་བར་སྙམ།
    ད་ལྟའི་དུས་ཚོད་འདིར་མཚོན་ནས་བཤད་ན་བོད་ནང་དུ་རྒྱ་གཞུང་གི་སྲིད་ཇུས་ལ་ཞི་རྒོལ་དང་བོད་མི་རིགས་ཀྱི་རྩ་དོན་གྱི་ཆེད་དུ་རང་ལུས་མེར་བསྲེགས་ཀྱི་ལུས་འགུལ་གཅིག་རྗེས་གཉིས་འཐུད་དུ་བྱུང་དང་འབྱུང་བཞིན་པ་རེད།     ཚང་མ་བློ་རིག་གཅིག་སྒྲིལ་དང་དཔུང་བ་མཉམ་གཤིབ་ཀྱིས་མདུན་ནས་མདུན་དུ་བསྐྱོད་དང་སྐྱོད་བཞིན་པའི་སྐབས་འདིར་ང་ཚོ་འདི་ནས་རྒྱ་ཆུང་ས་ཞིག་ལ་མགོ་འཁོར་ནས་གཡས་འཐེན་གཡོན་འཐེན་དང་གཡས་དཀྲུགས་གཡོན་དཀྲུགས་ཀྱི་རྙོག་གླེང་ལ་ཞུགས་བསྡད་ན་འཕྲད་ཕུག་རྒྱང་གསུམ་གང་ལ་ཡང་དགོན་ཕན་མེད་པ་ཁྱེད་རྣམ་པའི་ཀྱང་ལོས་མཁྱེན། དེར་བརྟེན་ད་འཚམས་བཞག་ན་འོས་ཤིང་འཚམས་སོ།

    Reply
  13. རྭ་རྒྱ་བློ་དབང་། says:
    ལོ་ 14 སྔོན།

    སྤྱིར་བཏང་ཉོག་གླེང་འདིའི་ཐད་དུ་རང་གི་བསམ་ཚུལ་ཞིག་སྟོན་འདོད་པའི་བསམ་པ་གཅིག་མིན་དུ་སྐྱེས་མོད། ཉོག་གླེང་གི་རྫོབ་དོང་དེས་ཞེ་མེར་ཡང་ཡང་བསླངས་རྐྱེན་མཚམས་ཤིག་ནས་ལྟ་འདོད་ཙམ་ཡང་མ་བྱུང་། ཤར་ཁུག་གི་རྣམ་འགྱུར་བཅོས་མ་དང་། ཆེས་མངོན་གསལ་དུ་ཐོན་པའི་བསླུ་བྲིད་ཀྱི་ཆ་དེར་ཧོལ་རྒྱུགས་གཡམ་འདྲོགས་པ་དག་གཅིག་རྗེས་གཉིས་མཐུད་དུ་ཐོན་པ་ནི་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་རེད་མོད། རྒན་ཆབ་བྲག་དང་རབ་གསལ་གྱི་བྱ་སྟངས་བྱེད་སྟངས་དེ་ཇི་ལྟར་བསམ་ཡི་ཐང་འཆད་པའི་རྒྱུ་ཞིག་ལས་མི་འདུག་ལ། མདོར་ན། ད་ནས་བཟུང་མི་སུ་ཡིན་རུང་རང་ཤ་བཅད་ནས་ཁྱི་སྔུན་ལ་འཕེན་པའི་བྱ་སྤྱོད་དེར་ཚོད་འཛིན་རེ་བྱེད་དགོས་པར་འདོད། འདི་ལས་འཕྲོས་པའི་ཉོག་གླེང་འདྲ་འདྲ་འགྲིག་འགྲིག་མང་པོ་སུས་ཀྱང་གླེང་ཤེས་མོད། དཔའ་བོ་ཚོས་ཚེ་སྲོག་གཏའ་མར་འཇོག་བཞིན་པའི་ཉེན་ཁའི་དུས་འདི་འདྲ་ལ། འཇིག་རྟེན་འདིར་བོད་མི་རིགས་ལ་ཡོད་པའི་རྒྱ་ནག་དམར་གཞུང་གི་ཁ་གཏད་དུ་བཞེངས་པའི་ཐུན་མོང་གི་གདགས་གཞི་ཉག་གཅིག་སྟེ་གངས་ཅན་སྐྱིད་གཤོངས་ཀྱི་སྒྲིག་འཛུགས་དེ་དང་དེའི་དབུ་ཁྲིད་ཚོར་ཤར་ཁུག་གི་ལྟོ་དོན་ལ་སྦྱར་བའི་ཉེས་འདོགས་དེ་ཚོ་དྲང་མོར་བཤད་ན་གླེང་རིན་ཡོད་པ་ཞིག་མིན་པའི་མི་ཚད། གླེང་འོས་པ་ཞིག་ཀྱང་གཏན་ནས་མིན་པས། ད་མཚམས་བཞག་ན་མཛེས་སོ་སྙམ།

    Reply
  14. གཡུ་རྔོགས། says:
    ལོ་ 14 སྔོན།

    སྤྱིར་ནས་ཆབ་བྲག་ལགས་ཀྱིས་གསུང་བ་བཞིན། ཤ་རུལ་འདི་ཡང་བསྐྱར་ས་ཁར་དྲུད་ཡོང་དུས་སྦྲང་ནག་གི་སྐྱེས་བ་འདི་ནས་ཐར་དཀའ་སེ་འདུག་མོད། ཡིན་ནའང་། འབར་རྐང་གཅིག་གི་ཚ་རླབས་ཀྱང་འུར་མི་བརྟན་པའི་ལུས་ཕུང་འདི་དང་རང་གཅེས་འཛིན་ཀྱི་བློའི་རང་སྟེང་ལ་བབས་ནས་འདང་རྒྱབ་ན། བོད་མི་རིགས་འདིའི་ཁ་ཐབས་སྐྱོ་བོ་ཁོ་ན་བསམ་ནས་རང་སྲོག་མེར་བསྲེགས་གཏོང་མཁན། དཔའ་བོ་དཔའ་མོ་རྣམས་ཀྱི་ཚེ་སྲོག་མེར་སྒྲོན་པའི་རུས་བ་མ་འཁྱགས་གོང་། ཕྱི་སྡོད་པ་འུ་ཅག་གིས་ཁ་ནང་ལ་བསྐོར་ནས་རང་རང་གི་དགའ་ས་དུངས་སའི་ཕྱོགས་ཀྱི་ལས་དོན་རང་བསྒྲུབས་པས་མ་ཟད། ཞོར་དུ་པེ་ཅིན་གཞུང་གི་འདོད་དོན་ཀྱང་བསྒྲུབས་སོང་། རྒྱུ་མཚན་འདི་འདྲ་ཞིག་ལ་བརྟེན་ནས་རང་དབང་རྒྱལ་ལགས་ཀྱིས་ཤ་རུལ་འདི་ཡང་བསྐྱར་ས་ཁར་མི་འདྲུད་མཐུ་མེད་དང་མི་གླེང་ཐབས་མེད་བྱུང་བ་རེད། དེ་བཞིན་དུ་ཕྲན་ཀྱིས་ཀྱང་འདི་ལྟར་བསམ་ཀྱིན་ཡོད། བོད་སྤྱི་བའི་རྩ་དོན་ཀྱི་ཆེད་དུ་རང་སྲོག་མེ་བསྲེགས་དགོས་ཐུག་པའི་ཛ་དྲགས་ཀྱི་དུས་སྐབས་འདིར། འཐབ་རྩོད་ཀྱི་ཁ་ནང་ལ་བསྐོར་མཁན་དག་གིས་ནི་འདི་ལས་ལྷག་པའི་གངས་ཅན་བོད་ཀྱི་ལས་དོན་ལ་འགག་རྐྱེན་བཟོ་སྟངས་ཤིག་ཡོད་མི་སྲིད་ལ། འདི་ལས་ལྷག་པའི་པེ་ཅིན་གཞུང་གི་བསམ་སར་ཕུད་རྒྱགས་གཏོང་སྟབས་ཞིག་ཡོད་མི་སྲིད། དེའི་ཕྱིར་རྣམ་དཔྱོད་མཁའ་ལྟར་ཡངས་བའི་དཔྱོད་བརྗོད་པ་རྒན་རབས་ལྷན་རྒྱས་ལགས། ཐུགས་བསམ་གནད་མ་རེ་བཞེས་རོགས་མཁྱེན།
    སྦྲང་ནག་དཔྱད་མཆན་པ་དག་ནི་ནམ་ཡིན་རུང་རུལ་དྲི་ཆེ་ས་ལ་མ་གཏོགས་འཁོར་མི་སྲེད་པའི་གཤིས་སྤྱོད་དག ཁྱེད་རྒན་རབས་པ་རྣམས་ཀྱིས་མཁྱེན་གསལ་བཞིན་ནོ། དགོངས་འགལ་མེད་པ་ཞུ།

    Reply
  15. བཙན་པོའི་བུ། says:
    ལོ་ 14 སྔོན།

    ད་ལམ་ཁྱེད་ཀྱིས་གནད་ལ་འཁེལ་བའི་ཆེད་རྩོམ་ཞིག་སྤེལ་འདུག་པས་ཐུགས་རྗེ་ཆེ། ཁྱེད་ཀྱིས་རྩོམ་དེས་མ་མཐར་ལྷ་མོ་སྐྱབས་དང་འདྲ་བ་རྣམས་ལ་བློ་སྐྱེད་འདྲ་ཡོང་ངེས་ཡིན། དེ་མིན་བོད་ནང་དུ་གནས་ཚུལ་ཆེ་རིགས་བྱུང་ཏེ་རྒྱལ་སྤྱིའི་སྟེང་དོ་སྣང་བྱུང་རགས་ཡོད་སྐབས་རྐྱེན་གཞན་ཞིག་གིས་རང་རེའི་གནས་ཚུལ་དེ་ཆུང་ཚགས་ཆགས་ཀྱི་ཡོད། དེ་ཡང་བོད་དོན་རྒྱལ་ཚོགས་སུ་ཐོག་མར་བསླེབས་སྐབས་བོད་དོན་ལ་དོ་སྣང་ཏོག་ཙམ་ཡོང་རེ་ཡོད་ཀྱང་ཀོ་རི་ཡ་ཡི་ལང་ལ་ཉེ་བའི་དམག་འཁྲུག་དེས་བོད་དོན་ཆུང་ཆུང་བཟོས་པ་རེད། དེ་བཞིན་དུ་འདི་ལོའི་བོད་ནང་གི་གནས་ཚུལ་དེས་རྒྱལ་སྤྱིའི་སྟེང་བོད་དོན་ཐོག་དོ་འཁུར་ཞིག་ཡོང་རེ་ཡོད་ཀྱང་གྷ་ད་ཧྥི་ཡིས་འཆེ་རྐྱེན་དེས་ང་ཚོའི་བོད་དོན་དེ་གསར་འགོད་པའི་དོ་སྣང་ཁྲོད་ནས་སྤུད་པ་རེད། དེ་དང་ཕྱོགས་མཚུངས་ང་ཚོའི་དྲ་བའི་ཁོར་ཡུག་ནང་གི་བོད་ཀྱི་གནད་དོན་དེ་ཤར་ཁུག་གི་གནད་དོན་གྱི་ཕྱོགས་སུ་ཤོར། དེའི་རྒྱུ་རྐྱེན་གཙོ་བོ་ཞིག་ནི་མིང་ཙམ་འཛིན་པའི་རྩོམ་པ་པོར་འཆེས་པ་རེ་ཟུང་གིས་འུར་གཏམ་དེ་དག་གིས་བཟོས་པ་རེད། དེའི་ནང་གི་ལྟེ་བ་གཅིག་ཆབ་བྲག་ཁོ་པ་རེད། ཁོ་པས་བཀའ་ཁྲིར་སྒེར་གཅོད་པ་ཡིན་ལུགས་ཀྱི་རྣམ་འགྱུར་ཞིག་སྟོན་བཞིན་དུ་རང་ཉིད་སྒེར་གཅོད་པ་ངོ་མ་ཞིག་དོན་ནས་སུ་ཞིག་ལ་གྲོས་འདྲི་མེད་པར་དྲ་ཐོག་ཏུ་ཤར་ཁུག་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་སུ་མགྲོན་འབོད་བྱ་རྒྱུ་ཡིན་ལུགས་གླེངས་སོང་། དོན་གྱི་ཆ་ནས་བྱེད་ལུགས་དེ་ལྟར་འགྲིག་པ་ཞིག་རེད་དམ། བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་དེ་བཞིན་ཁོ་པའི་སྒེར་སྤྱོད་བྱེད་ཡུལ་སྟེགས་བུ་ཞིག་རེད་དམ། ངའི་ངོས་ནས་བརྗོད་ན་ཆབ་བྲག་ཁོ་པ་མི་ཅི་འདྲ་ཞིག་ཡིན་མིན་ཤེས་ཀྱི་མེད་ལ་ཤེས་དགོས་དོན་ཀྱང་མི་འདུག་འོན་ཀྱང་ད་རེས་ཀྱི་གནད་དོན་དེ་རིགས་ཆེན་པོ་བཟོ་བའི་ཁོ་པའི་བྱ་སྤྱོད་དེར་ཅུང་བློ་ཕམ་བྱུང་།

    Reply
  16. མྱི་ says:
    ལོ་ 14 སྔོན།

    ཆབ་མོ་སྐྱབས་འདིའི་བྱ་རྩོག་གི་ཡ། དེ་སྔོན་ཐུབ་བསྟན་རྒྱ་མཚོའི་སྐོར་ལ་གུ་ཡངས་ཡོད་མདོག་བྱེད་གི དེ་རིང་ཁོ་གུ་དོག་གིས་ཤར་ཁུག་གི་ས་ཕྱོགས་སུ་གཏོགས་ཁུལ་བྱས་ནས་འུར་རྒྱག་གི་འདུག ད་ངོ་མ་ཁོ་ཧོན་ལོག་ཆགས་འདུག

    Reply
  17. གླང་དར་མ། says:
    ལོ་ 14 སྔོན།

    རང་དབང་རྒྱལ་ལགས་དོན་གྱི་སྐད་ཆ་བཤད་འདུག་། རྒྱ་ཆ་བརྒྱ་རྒྱབ་སྐྱོར་ཡོད།

    Reply
  18. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    ཆེ་བསྐྱུར་ཆུང་འདྲོགས་རང་ཡིན་ན།
    སླར་ཡང་མེ་རོ་འདིས་ཅི་བྱ།
    བསམ་ཚུལ་གསར་བ་རང་མེད་ན།
    མཆན་བུ་ཉུང་ན་རང་དགའ་བ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese