མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རི་མོ་ཆེན་པོ་དེ་གང་ན་འདུག མྱི་ནག་ཚང་།

བོད་ཀྱི་དུས་བབ།
༢༠༡༡/༡༢/༡༡
Share on FacebookShare on TwitterShare on EmailShare on Whatsapp

ད་ནི་ང་ཚོས་བོད་དོན་ཐད་ལ་ནམ་རྒྱུན་གྱི་ནང་ཁུལ་གྱི་ཟ་ངེ་ཟིང་ངེ་དེ་ཚོ་བཞག་སྟེ། དེ་ལས་ལྷག་པའི་རི་མོ་ཆེ་ཙམ་རེ་འབྲི་ཨེ་ཐུབ་བལྟས་ན་གང་འདྲ་འདུག

ཚང་མས་ཤེས་གསལ་ལྟར། ༡༩༧༩ ལོ་ནི་ང་ཚོ་ཚོང་རྫས་ངོ་མ་དེར་གྱུར་བའི་ལོ་དེ་རེད། སྐུ་ངོ་རྒྱལ་ལོ་དོན་གྲུབ་གཞན་གྱི་གཡོ་འོག་ལ་ཚུད་པའི་ལོ། བོད་དོན་འཐབ་རྩོད་ཀྱི་ཁ་ཕྱོགས་བཙན་བསྒྱུར་བྱས་པའི་ལོ། དུས་དེ་ནས་བཟུང་ཉེས་པ་དང་བསམ་ཤེས་གང་ཡིན་ཡང་། བོད་མི་རིགས་ཀྱི་མངོན་འདོད་དེ་༧གོང་ས་མཆོག་སྐུ་སྒེར་གྱི་དགོངས་གཞི་ལ་བསྒྱུར་བའི་ལོ། གློ་སྨོན་ཐང་གི་གོ་ལག་དང་དང་བླངས་དམག་མི་ཕྱིར་བསྡུ་བྱས་པའི་ལོ། རྒྱ་ནག་ནི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་ལོ། ཨ་རྒྱ་གཉིས་ཀ་ཐོག་དང་པོར་ངོ་ཤེས་གྲོགས་པོར་གྱུར་བའི་ལོ་བཅས་རེད། དེ་ནས་བཟུང་དོན་དག་ཚང་མ་ཁ་ལོ་བསྒྱུར་བ་རེད།

འདིའི་ནང་དུ་ནུབ་ཕྱོགས་ན་ཚོང་བ་ཆེན་པོ་གཉིས་ཡོད་པ་ནི། ཧན་རེ་ཁི་སིན་རྗིར་ ༼Henry Kissinger དང་མེལ་ཊོན་ ཧྥུ་རེ་ཌི་མན་ Milton Friedman གཉིས་རེད། ཁི་སིན་རྗིར་ནི་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཟུར་པ་རེད། ཁོས་རྒྱ་ནག་གི་དཔོན་རབས་བཞི་དང་ཨ་རིའི་སྲིད་འཛིན་ཁྲི་རབས་བརྒྱད་ཀྱི་བར་ལ་ཕྱི་སྲིད་ལ་ཇུས་གཏོགས་བྱས་པ་རེད། བོད་བཙོང་མཁན་གཙོ་བོ་ཁོ་རེད། རྒྱ་ནག་འདི་ཁེར་རྐྱང་ནས་འཛམ་གླིང་གི་ཁྱིམ་ཚང་ཆེན་པོའི་ནང་ལ་ཁྲིད་ཡོང་མཁན་ཡང་ཁོ་རེད། ༼ཐ་ན་༧གོང་ས་མཆོག་ལ་ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་རྟགས་མ་ཕུལ་བ་ནོར་སོང་བ་རེད་ཅེས་བཤད་མཁན་ཡང་ཁོ་རེད། ༽ གཞན་པ་དེ་ནི། ད་སྐབས་འཛམ་གླིང་གང་སར་དཀའ་རྙོག་ཅིག་འཕྲད་བཞིན་པ་འདི་དག་གི་ཁུངས་ངོ་མ་དེ་རེད། ལྷོ་ཨ་མེ་རི་ཁ་དང་ཡུ་རོབ། ཐ་ན་རྒྱ་ནག་ནང་གི་དཀའ་ཁག་འདི་དག་གི་ཁུངས་ནི་ མེལ་ཊོན་ ཧྥུ་རེ་མན་དང་ཁོང་གི་༼ཤི་ཀ་གྷོའི་ཞི་ལི་ Chicago Boys༽ཚོ་རེད། རྒྱ་ནག་གི་དྲུག་བཞིའི་ལས་འགུལ་སྐོར་ཡང་ཐད་ཀར་དུ་མི་འདི་གཉིས་ཀར་འབྲེལ་བ་ཡོད་པ་རེད། དེའི་སྐོར་ཡིག་ཆ་གསལ་བོ་དག་པོ་ཡོད་པ་རེད།

ད་ནི་བོད་དོན་འདི་བོད་པ་ཚོས་མགོ་མ་ཚོས་པ་འདྲ་ཞིག་ཆགས་ཡོད་པ་རེད། དེ་ལ་ཝ་ཤིན་ཊོན་དང་པེ་ཅིན་གཉིས་ཀ་དགའ་ནས་བསྡད་ཡོད་པ་རེད། ༧སྐུ་མདུན་གྱིས་མཁྱེན་རུང་ཁོང་གི་ཐུགས་བརྩེ་དང་ས་གནས་ས་ཐོག་གི་མི་ཤི་རྟ་འགྱེལ། འཛམ་བུའི་གླིང་གི་དཀའ་རྙོག་དང་མགོ་རྙོག་གང་ཐད་ལ་ཐུགས་བསམ་བཞེས་ནས་ཁོང་གིས་ལམ་དབུ་མ་དེ་གསུངས་པ་རེད།

ཞི་བའི་གྲོས་འཆར་དོན་ཚན་ལྔའམ། སི་ཊ་ཊི་སྦག་གི་ཡིག་ཆ་དེ་ང་ཚོས་མཐའ་མར་སྟོན་ས་ནི་ཨ་རིའི་སྲིད་འཛིན་ཟུར་པ་ རྗེ་མེ་ཁ་ཊར་ལགས་རེད། ཁོང་གིས་༼ཁྱོད་ཚོའི་མཐའ་མའི་འབབ་ས་གང་ཡིན་༽ཅེས་དྲིས་དུས་ད་ལྟའི་མིང་དོན་མཚུངས་པའི་ས་གནས་རང་སྐྱོང་འདི་བཤད་ཡོད་པ་འདྲ། སྲིད་འཛིན་ཟུར་པ་རྗེ་མེ་ཁ་ཊར་ལགས་དང་པོར་ཧང་སངས་པའི་བཟོ་འདྲ་ཞིག་འདུག ༼དེས་ན་ཁྱོད་ཚོས་ག་རེ་རྩོད་གིན་ཡོད་༽ཅེས་པའི་བློ་ཞིག་འཁོར་ཏེ་དྲིས་ཡོད་པ་འདྲ། དེའི་སྐོར་རྒྱ་རི་རིན་པོ་ཆེར་སྐད་ཆ་དྲིས་དང་ཁོང་གིས་གསལ་བོར་གསུང་གི་རེད་འདོད། མ་མཐར་གསུང་དགོས་ངེས་ཤིག་རེད།

ང་ཚོར་བོད་དོན་བཤད་རྒྱུའི་རང་དབང་སྤུ་ཙམ་མེད་པ་དེ་ནི། ཐ་ན་དམིགས་བསལ་ཚོགས་ཆེན་སྔ་ཕྱི་གཉིས་ལས་ཀྱང་ཤེས་ཐུབ་གི་རེད། ཚོགས་ཆེན་དེ་འདྲ་ཞིག་བསྐོང་རྒྱུ་སྐུ་མདུན་གྱི་དགོངས་གཞི་ཡིན་ཡང་། མཐའ་མ་དེར་ཚོགས་ཆེན་གྱི་བགྲོ་གླེང་དང་གྲུབ་འབྲས་དེ་ཨ་རི་གཞུང་གི་ཐུགས་འདོད་ལྟར་འགྲོ་དགོས་བྱུང་བ་རེད། ཚོགས་ཆེན་གཉིས་པ་འཚོགས་ཀྱང་ཕན་ཐོགས་མ་བྱུང་བ་རེད། མཐའ་མ་དེར། སྐུ་མདུན་གྱིས་ཆབ་སྲིད་ཀྱི་ཐུགས་འགན་མི་བཞེས་རྒྱུའི་ཐུགས་ཐག་བཅད་པ་རེད། ༼ཁོང་གིས་ཆབ་སྲིད་ཀྱི་ཐུགས་འགན་མི་བཞེས་རྒྱུའི་དགོངས་གཞི་ནི་ཐད་ཀར་དུ་ཆབ་སྲིད་ཀྱི་རྩེད་མོ་འདི་དག་ལ་འབྲེལ་ཡོད་མེེད་མ་ཤེས།༽

ད་ནི་བོད་པ་ཚོས་ཕྱི་རྐྱེན་མ་ཤེས་པར་ནང་རྐྱེན་ཁོ་ན་རེད་འདོད་གིན་ཡོད་པ་འདྲ། ད་དུང་ནང་ཁུལ་ལ་བསམ་ཚུལ་བཤད་དུས་ཕྲག་དོག་དང་ཕྲ་མ། ཞེ་སྡང་། འཁོན་སེམས་སོགས་ཡོང་གི་ཡོད་པ་འདྲ། འདི་དག་ནི་བློས་བཟོད་པ་ཞིག་མིན་སྟབས་ང་ཚོ་ཡང་ད་ཆ་གོ་ལ་རང་བཞིན་གྱི་འཐབ་རྩོད་འདིའི་ནང་ཚུད་ཡོད་དུས། དཀའ་རྙོག་གི་ངོ་བོ་དང་ཁུངས་ཀྱང་རྒྱ་ཆེ་སར་ལྟ་རྒྱུ་གལ་ཆེན་པོ་རེད་འདོད།

མཆན། འདི་ནི་ཐད་ཀར་སེམས་ལ་གང་ངེས་པ་དེ་ཡིག་ཐོག་ལ་ཕབ་པ་ཙམ་ཡིན་སྟབས་ཞིབ་ཆའི་རིགས་སྣོན་འཕྲི་དང་བཅས་འགྲོ་ཆོག་པ་དང་། ལྷག་པར་དུ་རྩོམ་ཡིག་ལྟ་བུ་ཞིག་གི་ངོ་བོར་མེད་པར་ཤར་མར་ཕབ་ཡོད་པ་དེར་ཚང་མར་དགོངས་དག་ཞུ།

འབྲེལ་ཡོད་གསར་འགྱུར།

བོད་ནང་གི་ན་གཞོན་གཞས་པ་ཨ་སངས་ལགས། པར་དུས་བབ་ཀྱིས་ཕྱོགས་སྒྲིག་བྱས།
Mobile App

གཞས་པ་ཨ་སངས་ལགས་མུ་མཐུད་བཀག་ཉར་འོག་ཡོད་འདུག

༢༠༢༥/༡༠/༡༨
Zhang Youxia (front), newly-elected Vice Chairman of the Central Military Commission of the People's Republic of China, swears an oath with members of the Central Military Commission (L-R) Zhang Shengmin, Liu Zhenli, He Weidong, Li Shangfu, and Miao Hua, after they were elected during the fourth plenary session of the National People's Congress (NPC) at the Great Hall of the People in Beijing. photo credit: Reuter
Mobile App

རྒྱ་ནག་གཞུང་གིས་དམར་ཤོག་དཔོན་རིགས་དགུ་ཕྱིར་ཕུད་བཏང་།

༢༠༢༥/༡༠/༡༨
མོན་ཡུལ་འཕགས་བོད་མཛའ་འབྲེལ་ཚོགས་པས་༧གོང་ས་མཆོག་ལ་མནྜལ་བརྟན་གསུམ་འདེགས་འབུལ་ཞུས། ༢༠༢༥།༡༠།༡༨ དུས་བབ་ཀྱི་པར།
Mobile App

མོན་ཡུལ་འཕགས་བོད་མཛའ་འབྲེལ་ཚོགས་པས་༧གོང་ས་མཆོག་ལ་མནྜལ་རྟེན་གསུམ་འདེགས་འབུལ་ཞུས།

༢༠༢༥/༡༠/༡༨
Richard Gere receiving the Human Rights First Visionary Award. Photo: ICT
Mobile App

བོད་དོན་རྒྱབ་སྐྱོར་བ་རེ་ཆར་ཌི་གྷེ་རེ་ལགས་སུ་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་ཐོབ།

༢༠༢༥/༡༠/༡༧
Mobile App

སེར་བྱེས་མཁས་སྙན་གྲྭ་ཚང་གིས་༧སྐུའི་གོ་སྟོན་གྱི་བྱམས་བརྩེའི་ལོ་སྲུང་གཙི་ཞུས།

༢༠༢༥/༡༠/༡༧
Mobile App

བོད་ནང་ཤོག་སྦག་གི་སྒྱུ་རྩལ་འགྲེམས་སྟོན་བྱེད་མཁན་ལ་ཉེས་ཆད་བཅད།

༢༠༢༥/༡༠/༡༦

མཆན། 25

  1. ཅོ་རི་ཉི་མ། says:
    ལོ་ 14 སྔོན།

    ལུང་རིག་རྒྱལ་ལགས་དགོངས་དག
    1 དེ་ལས་ལྷག་པའི་རི་མོ་ཆེ་ཙམ་རེ་འབྲི་ཨེ་ཐུབ་བལྟས་ན་གང་འདྲ་འདུག་་་་༼བལྟ་ན་ཞེས་མ་འོང་པ་འབྲི་དགོས་པ་འདོད།༽
    2 འདིའི་ནང་དུ་ནུབ་ཕྱོགས་ན་ཚོང་བ་ཆེན་པོ་གཉིས་ཡོད་པ་ནི།་་་་༼ནུབ་ཕྱོགས་སུ་ཞེས་བྲིས་ན་འདོད།༽
    3 ༼ཤི་ཀ་གྷོའི་ཞི་ལི་ Chicago Boys༽ཚོ་རེད་་་ཅོས་ཁ་སྒང་བྲིས་ན་སྒྲ་དག་པ་་་ཞི་ལི་ཟེར་བ་ལ་གོ་རྒྱུ་མེད། boy ཞེས་པའི་དོན་་་་བུ་དང་བྱིས་པ་གཡོག་པོ་ཁྱེའུ་སོགས་སུ་གོ་དགོས།
    4 ད་ནི་བོད་དོན་འདི་བོད་པ་ཚོས་མགོ་མ་ཚོས་པ་འདྲ་ཞིག་ཆགས་ཡོད་པ་རེད།་་་༼མགོ་མ་འཚོས་པ༽
    5 སྲིད་འཛིན་ཟུར་པ་རྗེ་མེ་ཁ་ཊར་ལགས་དང་པོར་ཧང་སངས་པའི་བཟོ་འདྲ་ཞིག་འདུག་་་༼ཧང་སང་པའི་ཟོལ༽
    6 དེས་ན་ཁྱོད་ཚོས་ག་རེ་རྩོད་གིན་ཡོད་་་་༼རྩོན་ཀྱིན་ཡོད༽
    7 ད་ནི་བོད་པ་ཚོས་ཕྱི་རྐྱེན་མ་ཤེས་པར་ནང་རྐྱེན་ཁོ་ན་རེད་འདོད་གིན་ཡོད་པ་འདྲ-་་་་༼འདོད་ཀྱིན་ཡོད་པར་འདྲ༽་ད་བ་ས་ཀྱི་ག་ང་གི

    དུས་བབ་རྩོམ་སྒྲིག་པ་་དོན་འགྲུབ་བཀྲ་ཤིས་ལགས་་་ངས་བོད་ཡིག་ཡག་པོ་ཞིག་མི་ཤེས་ཀྱང་ངས་བྱས་ན་གོང་གི་དེ་ཚོ་ཡིག་ནོར་རེད་བསམ་གྱི་འདུག

    ཡིག་ནོར་ལ་ཁྱད་པ་ཡོད་ན་གསུང་དང། ངས་བྲིས་པའི་ཡིག་ནོར་དེ་མ་འགྲིག་པ་ཞིག་དང་ཁྱོད་ཚོས་བྲིས་པའི་ཡིག་ནོར་འགྲིག་པའི་རྒྱུ་མཚན་ཁུར་ཤོག
    དེ་མིན་ན་་ཅོ་རིའི་ཡིག་ནོར་འདི་འདྲེ་དང་ཁྱོད་ཚོའི་ཡིག་ནོར་དེ་ལྷ་རེད་དམ། འོན་ན་ག་འདྲ་རེད་དམ།
    ལན་ཁུར་ཤོག་ཨ།

    Reply
  2. མྱི་ནག་ཚང་། says:
    ལོ་ 14 སྔོན།

    བསམ་ཤོག་གི་འོས་འཕེན་སྟངས་འདི་དེང་སྐབས་ཚན་རིག་དང་མཐུན་པར་བཤད་ཀྱིན་ཡོད་པ་རེད། ཡིན་ཡང་། བོད་པ་ཚོའི་གདམ་ག་འདིའི་རྒྱབ་ན་རྨི་ལམ་དང་མགོ་རྙོག་རིང་པོ་ཞིག་མུ་མཐུད་ནས་གནས་ཡོད་པ་གསལ་བོ་རེད་འདོད།

    གལ་སྲིད་འདི་ཁྱད་མཚར་བོར་མཐོང་གི་ཡོད་དུས་བོད་པ་ཚོ་དངོས་གནས་ཁྱད་མཚར་བོར་ཆགས་པ་རེད། ལོ་ངོ་ ༦༠ ཡི་འཐབ་རྩོད་འདི་ལ་ཉམས་མྱོང་ཟེར་བ་ཞིག་མེད་སོང་བ་རེད། བོད་དོན་ཅེས་པ་འདི་ལ་གཞི་རིམ་མང་ཚོགས་དང་མཐོ་རིམ་དཔོན་རིགས་ཀྱི་བར་ན་ལྟ་ཚུལ་གྱི་ཧེ་བག་ཆེན་པོ་ཡོད་པའམ། ཡང་ན། བོད་མི་རིགས་ཀྱི་མགོ་ཤ་དྭངས་པ་ལ་ད་དུང་ལོ་མང་པོ་འགོར་རྒྱུ་ཡིན་པ་བསྟན་པ་རེད་འདོད།

    Reply
  3. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    དུས་བབ་དྲ་ངོས་ན། བོད་དོན་དྲིལ་བསྒྲགས་ལ་སྐད་ཡིག་གང་ཞིག་གལ་ཆེན་ཆགས་ཡོད་ཟེར་བའི་བསམ་ཤོག་དེ་ཁྱད་མཚར་ཞིག་རེད་ལ། ལྷག་པར་ཧིན་རྡུ་ལ་ད་དུང་ཀླད་གོར་བྱས་ནས་བསྡད་ཡོད་པ་དེ་ཡང་ཡ་མཚར་ཅིག་རེད།
    བོད་བོད་ཀྱིས་ངོ་ཤེས་དགོས་ལ་རྒྱ་དཀར་ནག་གཉིས་ཀྱིས་གཙོས་འཛམ་གླིང་མི་དམངས་ཀྱིས་ངོ་ཤེས་དགོས། དེ་བས་སྐད་ཡིག་ཚང་མ་གལ་ཆེན་ཡིན། མ་མཐར་ཡང་བོད་དོན་དྲིལ་བསྒྲགས་ལ་སྐད་ཡིག་གཙོ་བོ་འགའ་ཞིག་ངོས་འཛིན་ཆོག་པ་ལས་གཅིག་ངོས་བཟུང་ན་མི་འོས། བསམ་ཤོག་གི་གདམ་གའི་སྐད་ཡིག་འདི་དག་ལས་ད་དུང་གལ་ཆེན་གང་དག་ཡོད་དམ།

    Reply
  4. མྱི་ནག་ཚང་། says:
    ལོ་ 14 སྔོན།

    རྒྱ་ནག་གཞུང་གི་དབྱིན་ཡིག་དྲ་རྒྱ། གོ་ལའི་དུས་བབ་ཅེས་པའི་བོད་འབྲེལ་གསར་འགྱུར་ཞིག་གི་མཆན་གྱི་ནང་དུ་འདི་ལྟར་བཀོད་འདུག ༼རྒྱ་ནག་གིས་བོད་ཀྱི་ས་དང་རིག་གཞུང་བརྐུས་པ་རེད། རྒྱ་མི་ཧན་མི་རིགས་ནི་ད་ཆ་བོད་ཀྱི་འབྲོག་ཐང་གི་རྩྭ་འདྲ་བོ་རེད། རྒྱ་མིས་བོད་ནས་ག་རེ་བརྐུས་པ་ཐམས་ཅད་ཕྱིར་བོད་པ་ལ་སློག གལ་སྲིད་ཕྱིར་མ་སློག་ན་དཀོན་མཆོག་གིས་རྒྱ་མི་རིགས་ལ་ཉེས་ཆད་ནན་མོ་གཅོད་གི་རེད། དེ་ནས་རྒྱ་མི་རིགས་རྩ་སྟོང་ལ་འགྲོ་གི་རེད་༽ཅེས་བྲིས་འདུག
    རྒྱ་ནག་གཞུང་གི་བརྒྱུད་ལམ་ཁག་ལ་འདི་འདྲ་བ་འབྲི་ཆོག་གི་ཡོད་ན་འོ་ཙི་རེད། ད་ཡིན་ན་ཁོ་ཚོའི་བརྒྱུད་ལམ་ལ་ག་ལེར་མཆན་རེ་འབྲི་བར་འབད་བརྩོན་བྱ་གི་ཡིན།

    Reply
  5. མྱི་ནག་ཚང་། says:
    ལོ་ 14 སྔོན།

    ད་ཐེངས་ཀྱི་དུས་བབ་དྲ་ངོས་ཀྱི་བསམ་ཤོག་གི་གྲངས་གནས་དེས་ང་ཚོ་ད་དུང་ཨ་རི་ལ་ཡིད་ཆེས་དང་ཨ་རི་ལ་རེ་བ་བརྒྱབ་སྡད་པ་མཚོན་པར་འདོད། སྟག་མཚེར་རིན་པོ་ཆེ་མཆོག་གིས་བོད་དོན་ཐོག་རེ་བ་ཞིག་རྒྱག་ས་ཞིག་ཡོད་ན་ནི་རྒྱ་གར་ཡིན། ཨ་རི་ལ་རེ་བ་མ་བྱེད་ཅེས་པའི་བཀའ་མོལ་དེར་མགོ་རྟིང་བསླགས་ནས་ཉན་པ་འདྲ་བོ་རེད།

    Reply
  6. གསལ་ལེ་རྒྱལ། says:
    ལོ་ 14 སྔོན།

    ངའི་རྩོམ་ཡིག་དེ་འདི་རུ་མི་གཉིས་ཀྱིས་ལུངས་འདྲེན་བྱས་ཡོད་པ་དེ་རིང་བར་ཏུ་མ་ཤེས། ཁ་སང་དེའི་སྐོར་གྱི་སྐད་ཆ་ཞིག་གོ་ནས་འདིར་བལྟས་བ་ཡིན། རང་རྩོམ་ལ་རང་གིས་འགྲེལ་རྒྱག་དགོས་བ་འདི་ངའི་ལན་ཆགས་ཡིན་ས་རེད་འདོད་ནས་ཅང་བཤད་འདོད་མི་འདུག རིག་པ་རབ་འབྲིང་མཐའ་གསུམ་གྱིས་རང་རང་གི་འདོད་པ་ལྟར་བྱོས། མི་ནག་ཚང་གིས་ཤེས་བཞིན་དུ་ངའི་རྩོམ་ཡིག་འདིའི་ཁ་ཤར་ལ་སྐོར་ཅི་ཐུབ་བྱས་འདུག ངས༼ང་ཚོས་ལམ་ཕྲན་འདི་དེད་ནས་བདེ་བ་ཅན་ལ་འགྲོ་བའི་རྨི་ལམ་བཏང་བ་ཡིན༽་ཞེས་ཁ་གསལ་བོར་བྲིས་ཡོད། ཚིག་འགྲེལ་འདིས་ངའི་རྩོམ་ཡིག་འདིའི་ཁ་ཕྱོགས་བསྟན་པ་ཙམ་ཡིན། དེ་མིན་མང་བོ་མི་བཤད།
    བདེ་མོ་བྱོས།

    Reply
  7. ལམ་བྲག་སྐལ་དགའ་ says:
    ལོ་ 14 སྔོན།

    དྲ་གྲོགས་ཚོ་མདོ་བསྡུས་ན་བཤད་ན་་་་་ང་ཚོར་འདི་ལྟར་གྱར་དགོས་པ་གང་ཡིན་ཞེས་ན་་་་་རང་ཅག་ལ་ཨ་རི་ལ་དགོས་པའི་་ཚོང་རྗས་མེད་པ་དང་རྒྱ་ནག་ལ་མཁོ་བའི་རྡུལ་ཕྲན་མཚོན་ཆ་བརྟན་འཛུགས་བྱེད་སའི་་་་་མཐོ་སྒང་ཡིན་པས་སོ་་་་

    ད་ནི་རི་སྤྱང་དཀྱིལ་དུ་ལུ་གུ་བཞིན་འཇིགས་སྐྲག་ངང་གཞན་གྱི་སྐྱབས་འོག་དུ་ཡིབ་བསྡད་ལས་་་་་གཞན་མེད་དོ་

    Reply
  8. ནམ་མཁའ་བསྟན་འཛིན། says:
    ལོ་ 14 སྔོན།

    བཙན་པོའི་བུས་གསུང་བ་ལ་མངོན་པར་བསྟོད་དོ། ཁྱོད་ཀྱི་ལོ་ཚིགས་དེ་བདེན་པ་རེད་འདུག

    Reply
  9. ནད་པ says:
    ལོ་ 14 སྔོན།

    མི་ནག་ཚང་གིས་གང་ཙམ་ཞིག་བྲིས་འདུག་པར་ཡི་རང་ཞུ་འོས། ཡིན་ནའང་རྒྱལ་ལོ་དོན་གྲུབ་དང་ཏིང་གཉིས་ཀྱི་སྐབས་ནས་དབུ་མའི་ལམ་དང་རང་སྐྱོང་སྐོར་གསལ་བཤད་བྱས་པ་དེས་མིག་རྣ་བ་ཡོད་བཞིན་དུ་འོན་རྟགས་ལྟ་བུ་ཞིག་སྟོན་སོང་སྙམ།

    ཆབ་བྲག་གིས་གསལ་བཤད་གནང་བ་ལྟར་རེད། ༡༩༧༤ ལོ་ནས་བཟུང་ནས་དབུ་མའི་ལམ་དང་རང་སྐྱོང་གི་སྐོར་ལ་བཀའ་བསྡུར་བྱུང་ཚུལ་སྔ་ཕྱིར་༸ གོང་ས་མཆོག་གིས་ཞལ་དྲོན་མོ་ནས་གསུང་འབྱིན་གནང་བ་ཚང་མས་ཧ་གོ་དོན་གསལ་རེད།

    ཨ་རིའི་སྲིད་འཛིན་ནིག་སིན་གིས་བཤད་པ་ལྟར་སྔ་ཕྱི་མ་གཏོགས་ཨེ་ཤའི་ཡའི་ནང་དུ་ཡོད་པའི་རྒྱ་ནག་གི་འབྲུག་དེ་ཉིན་གཅིག་གཉིད་ལས་ལངས་ཏེ་འཛམ་གླིང་སྟེང་ཆེས་འབྲུག་སྐད་གཅིག་རྒྱག་གི་རེད་ཅེས་བཤད་མྱོང་བ་རེད།

    མི་གཅིག་གཉིས་ཀྱིས་རྒྱལ་ཁབ་དང་། མི་རིགས། ཆབ་སྲིད་ཀྱི་དུས་བབ་ལ་ཚོད་འཛིན་ཐུབ་པ་ཞིག་གཏན་ནས་མ་རེད། ལོ་རྒྱུས་དཀྱོག་མཚམས་སུ་ཆབ་སྲིད་ཀྱི་དཀྱིལ་འཁོར་དང་བསྟུན་ནས་འགྲོ་རྒྱུ་ལས་གཞན་སུ་ཞིག་གིས་སྤྱི་ཚོགས་ཀྱི་འཕོ་འགྱུར་དེ་བཀག་ཐབས་མེད་པ་རེད།

    རང་བཙན་དང་རང་སྐྱོང་གང་ཞིག་བཤད་ནའང་ང་ཚོར་དགོས་པ་དེ་རང་དབང་དང་། བདེ་སྐྱིད་ཁོ་ན་རེད། དེའི་ཆེད་དུ་ཡོད་ཚད་བློས་བཏང་ཡང་བྱེད་དགོས་པ་རེད།

    Reply
  10. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    དམངས་གཙོ་རིང་ལུགས་པའི་ལམ་ནས་ཡོད་ཚད་རང་འདོད་ལྟར་འཐོབ་ཚུལ་ཅང་བཤད་མེད། རེ་བ་བྱེད་འོས་ཚུལ་བཤད་ཡོད། མ་མཐའ་རང་སྐྱོང་ཡག་པོ་ཞིག་རག་གི་རེད་ལབ་ཡོད།
    དམངས་གཙོ་ཅན་ལ་ལར་དགེ་མཚན་ཆེ་བ་དང་ལ་ལར་སྐྱོན་དང་ཞན་ཆ་ཅུང་རེ་ཡོད་པ་རེད། གང་ལྟར་དམར་ཕྱོགས་པའི་སྤྱི་ཚོགས་ལས་རང་དབང་དང་ཐོབ་ཐང་ཆེ་ཐག་ཆོད་ཡིན་པ་ཚང་མའི་མིག་གི་མཐོང་བ་ལྟར་རེད།
    ཡིད་བཞིན་ནོར་བུའི་སྐུ་ཚེའི་རིང་ལ་རྒྱ་ནག་གུང་ཁྲན་གྱི་ཚེ་ཚད་རྫོགས་པའི་རྩིས་རྒྱག་གིན་ཡོད། དེང་གི་སྤྱི་ཡོངས་ཀྱི་གནས་སྟངས་དང་གཞིགས་ཏེ་གོ་སྐབས་བཟང་ཤོས་ཤིག་ཐོབ་པའི་རེ་བ་དང་བཅས་པའི་ཚོད་དཔག་ཡིན། ད་ལྟ་རྒྱུ་ཞིག་དང་རིག་རྒྱུ་ཞིག་ཡོད་པ་རེད།
    གསལ་ལེ་རྒྱལ་གྱི་ཨ་ཁུའི་ལམ་ལྟ་བུ་ཟེར་བ་དེ་འཚེ་མེད་ཞི་བའི་འཐབ་རྩོད་ལ་བསམས་པ་ལོས་ཡིན་སྙམ།
    ཚང་མ་ལ་བཀའ་དྲིན་ཆེ།

    Reply
  11. མྱི་ནག་ཚང་། says:
    ལོ་ 14 སྔོན།

    ད་ནི་ང་ཚོར་རྒྱུས་མེད་རྒྱུས་གཏམ་ཇེ་མང་དུ་འགྲོ་གི་ཡོད་པ་འདྲ་ཡང་མུ་མཐུད་ནས་བཤད་ན།

    ༡། གཡུ་དྲུག་དཀར་གྱིས་དབུ་མའི་ལམ་ནི་རང་ཐག་རང་གཅོད་རེད་ཟེར་བ་ནི་ཅུང་ཡ་མཚན། ངས་ནི་ད་བར་དུ་དེ་འདྲ་ཞིག་གོ་མྱོང་བས་རང་ཉིད་ཀྱི་སྐྱོན་ཡིན་ཡང་སྲིད།

    ༢། རྒན་ལྷ་མོ་སྐྱབས་ལགས་ཀྱིས། རྒྱ་ནག་གི་དམངས་གཙོ་ལ་རེ་བ་ཆེན་པོ་རྒྱག་གི་འདུག་རུང་དེ་དུས་ང་ཚོར་ཉི་མ་ཞིག་འཆར་རྒྱུ་ཨེ་ཡོད་སྙམ། ༧གོང་ས་མཆོག་གི་སྐུ་རིང་ལ་བོད་དོན་ཐག་བཅད་ན་ལེགས་པར་གསུངས་མཁན་མང་བ་ལྟར། རྒྱ་ནག་གི་ཕྱོགས་ནས་ཀྱང་ད་ལྟའི་དམར་ཤོག་གཞུང་གི་སྐབས་ལ་ཐག་བཅད་ན་ནི་གཅིག་ཆོད་ཀྱི་ནུས་པ་ཡོད་པ་རེད། རྒྱ་ནག་དམངས་གཙོར་གྱུར་རྗེས་དཀའ་རྙོག་ཇེ་མང་ལ་འགྲོ་གི་རེད་འདོད། མ་གཞི་ནས། དམངས་གཙོ་ཡོད་ན་དོན་དག་ཐག་གཅོད་བདེ་བ་ཡོད་ན་ནི་ད་ལྟའི་རྒྱ་གར་གཞུང་དང་ཀཤཱི་སྨིར་གྱི་གནད་དོན་ལ་ལྟོས་དང་། མི་ཤི་རྟ་འགྱེལ་གྱི་ལོ་ངོ་ཅི་ཙམ་རེད།

    ༣། ད་སྐབས་ཨ་རི་ཡང་དམངས་གཙོ་མིན་ཚུལ་བཤད་ཀིན་ཡོད་པ་རེད། དེ་བས་རྒྱ་ནག་ཀྱང་དམངས་གཙོ་ཡང་དག་ཅིག་ལ་འགྲོ་ཐུབ་པའི་རེ་བ་དང་། དེ་དུས་བོད་དོན་ཡང་ཐག་ཆོད་འགྲོ་བ་ཞིག་མཐོང་གི་མི་འདུག འདི་ནི་ང་ལ་རེ་བ་གཏན་ནས་མེད་སོང་བས་མ་ཡིན་པར། སྐུ་ཉིད་ཀྱི་རེ་བ་མཐོ་དྲགས་པར་འདོད་ནས་བཤད་པ་ཡིན།

    ༤། ནམ་མཁའ་བསྟན་འཛིན་ལགས་ཀྱིས་བཤད་པ་དེ་དེ་བཞིན་ནོ། ༡༩༧༡ ལོ་ནས་བཟུང་ཡིན་རུང་། ངས་ནི་ལྐོག་ལྐོག་སུད་སུད་ཀྱི་ལོ་ངོ་དེ་དག་གི་མཐའ་མར། བོད་དོན་འདི་ཡང་ཁ་ཕྱོགས་གསར་པ་ཞིག་ལ་ཡོངས་སུ་བསྒྱུར་བའི་ལོ་མཚམས་ཙམ་ལ་བཤད་པ་ཡིན།

    ༥། རྒྱལ་ལོ་དོན་འགྲུབ་ལགས་ཀྱིས་ཁོང་ཉིད་མགོ་སྐོར་འོག་ལ་ཐེབས་ཚུད་ལོ་ཤས་གོང་ཡོངས་ཁྱབ་ཏུ་བསྒྲགས་སོང་སྟབས་འདི་ལ་དོགས་པ་འདྲ་བྱེད་དགོས་དོན་ཨེ་ཡོད། ༧སྐུ་མདུན་གྱིས་ཀྱང་ཁོང་ཉིད་ད་ལྟའི་རྒྱ་ནག་གཞུང་འདི་ལ་རེ་བ་བརླག་སོང་སྐོར་གསུངས་པ་ཡང་རྒྱ་གཞུང་གིས་ཁོང་ལ་དབུ་སྐོར་ཞུས་པའི་དབང་གིས་མ་རེད་དམ།

    ༦། གསལ་ལེ་རྒྱལ་གྱི་ལྷུག་རྩོམ་ཞིག་འདིར་ཐེངས་གཉིས་ལ་དྲངས་སོང་། གསལ་ལེ་རྒྱལ་ཁོ་རང་གིས་དྲངས་པ་ཡིན་ན་ནི་བཤད་རྒྱུ་འདྲ་ཡོད་སྲིད་ཀྱང་། ལུང་འདྲེན་མཁན་གྱིས་གོ་བ་ཅི་འདྲ་ཞིག་བླངས་ཡོད་མེད་མ་ཤེས། གོ་བ་ལོག་ན་ཅི་བྱ། དཔེར་ན། ལམ་བུ་དེ་ཨ་ཁུ་གཅིག་པུས་བཟོས་ཚུལ་ནི། དབུ་མའི་ལམ་ནི་རྒྱལ་བ་རིན་པོ་ཆེ་མཆོག་གཅིག་པའི་དགོངས་གཞི་རེད་ཟེར་རམ། དེ་ལྟར་གོ་བ་བླངས་ཚེ། གྲོས་ཚོགས་ཀྱི་མང་མོས་ཐག་གཅོད་དང་། དམིགས་བསལ་ཚོགས་ཆེན་སྔ་ཕྱི་གཉིས་ཀྱི་གྲོས་ཆོད་བཅས་གང་ལ་འཇོག འདི་ནི་སྲིད་དབང་སྒེར་གཅོད་ལྟ་བུར་ཁ་བཏང་བ་མ་རེད་དམ། ཡང་། བོད་དོན་རྩོད་མཁན་དང་བོད་དོན་ཐད་ཕྱག་ལས་གནང་མཁན་ནི་རྒྱལ་བ་རིན་པོ་ཆེ་མཆོག་གཅིག་པུ་ཡིན་པར་བཤད་ན་ནི་དེ་བས་ཀྱང་ཁྱད་མཚར། འདི་ནི་རྒྱ་ནག་གཞུང་གིས་བཤད་ཀྱིན་པ་མ་རེད་དམ། ༡༩༥༩ ལོ་ནས་ད་བར་དུ་བོད་དོན་ཐད་ཚེ་སྲོག་ཕུལ་མཁན་དང་། ད་བར་གྱི་ཆབ་སྲིད་བཙོན་པ་མཐའ་དག ཐ་ན་ཁ་སང་དེ་རིང་རང་ལུས་མཆོད་འབུལ་བྱེད་མཁན་གྱི་བོད་མི་འདི་དག་གང་ལ་འཇོག་དགོས་པ་རེད།

    ༧། བྲག་རི་དང་བྲག་རྡོ་ཡང་རང་བཙན་དང་དབུ་མའི་ལམ་གྱི་འགག་རྡོ་རེར་གོ་བ་ལེན་གི་ཡོད་ན་ནི་སྐད་ཆ་དེར་དོན་དག་ཡོད་པ་མ་རེད། ཉིན་ཤས་སྔོན་རྒན་ལྷ་མོ་སྐྱབས་ལགས་ཀྱིས། དབུ་མའི་ལམ་གྱི་མདུན་ན་བྲག་རྡོ་ཞིག་ཡོད་ཚེ། རང་བཙན་གྱི་མདུན་ན་བྲག་རི་ཞིག་ཡོད་པར་བཤད་པ་རེད། འདི་ལྟའི་བསྡུར་ཚད་ཀྱི་ཧེ་བག་ཆེ་ཆུང་ཞིག་ཁོང་གི་སེམས་ལ་ཇི་ལྟར་དྲན་མིན་མ་ཤེས། གཅིག་བྱས་ན་འགག་རྡོ་འདི་གཉིས་ཀར་ཆེ་ཆུང་མེད་ཀྱང་སྲིད།
    གནས་སྐབས་དེ་ཙམ་མོ།

    Reply
  12. བཙན་པོའི་བུ། says:
    ལོ་ 14 སྔོན།

    ཐོག་མར་ངས་ནམ་མཁའ་བསྟན་འཛིན་ལགས་སུ་ཚིག་གཅིག་ཞུ་བར་འདོད། Henry Kissingerརྒྱ་ནག་ཏུ་བསྐྱོད་སཀབས་ཁོ་པ་སྲིད་འཛིན་གྱི་སློབ་སྟོན་པ་ཞིག་རེད། ཨ་རིའི་སྲིད་འཛིན་གྱི་སློབ་སྟོན་རྐུབ་སྟེགས་དེ་ནི་སྲིད་འཛིན་Truman སྐབས་གསར་འཛུགས་བྱས་པ་ཞིག་རེད། Henry Kissinger་རྒྱ་་ནག་ལ་བསྐྱོད་སྐབས་ཨ་རིའི་རྒྱལ་དོན་དྲུང་ཆེ་ནི་willam Roger ཞུ་བ་ཁོང་རེད།
    Henry Kissinger་རྒྱ་ནག་ལ་གསང་སྐྱོད་བྱེད་སྐབས་རྒྱལ་དོན་དྲུང་ཆེ་ཁོང་གི་ཡང་རེ་ཞིག་རིང་ཤེས་མེད་པ་འདྲ། དེ་གཅིག་ཡིན། གཉིས་ནས་ལུང་རིགས་ལགས་སུ་ཞུ་རྒྱུར། ནིག་སྶན་དང་རྒྱ་ནག་གཉིས་འབྲེལ་ལམ་ཐོག་མ་བྱུང་སྐབས་ཁོ་ཚོའི་གྲོས་གཞི་གཙོ་བོ་ཐའེ་བན་དང་བེ་ནཱམ་གཉིས་རེད། རྒྱ་ནག་ཕྱོགས་ནས་ཨ་རིས་ཐེ་བན་རྒྱ་ནག་གི་ཆ་ཤས་ཡིན་པར་ངོས་འཛིན་བྱེད་དགོས་པ་མ་ཟད་ཡུལ་གྲུ་དེར་ཡོད་པའིི་ཨ་རིའི་དམག་དཔུང་རྣམས་དུས་ཚོད་རྒྱས་བཅད་ཀྱིས་ཕྱིར་འཐེན་བྱེད་དགོས་ལུགས་བརྗོད་ཡོད། དེ་བཞིན་ཨ་རིའི་ཕྱོགས་ནས་རྒྱ་ནག་གིས་བྱང་བེ་ནམ་ལ་རྒྱབ་སྐྱོར་བྱ་རྒྱུ་མེད་ལུགས་སོགས་བརྗོད་ཡོད། གཞན་ཡང་ཁའམ་བྷོ་དྲི་ཡ་དང་ལའོ་ཡི་གནད་དོན་མདོ་ཙམ་ཞིག་ ཨ་རིས་དེའི་མཉམ་དུ་དྲུད་ཡོད་པ་འདྲ། འོན་ཀྱང་ཕྱོགས་གཉིས་ཀས་བོད་དོན་རྐང་གིཅག་ཀྱང་གླེང་མེད་པ་འདྲ། ཉེ་དུས་ངས་ནིག་སན་དང་རྒྱ་ནག་གི་འབྲེལ་ལམ་གསར་འཛུགས་བྱེད་ཕྱོགས་དང་དེའི་རྒྱབ་ལྗོངས་སྐོར་གྱི་དཔེ་དེབ་གཅིག་བཀླགས་པ་ཡིན། དེའི་ནང་སྐབས་དེར་བོད་དོན་གླེང་སྔོང་བྱས་ལུགས་གཅིག་ཀྱང་གསལ་མི་འདུག ཐོག་མར་ངས་ནམ་མཁའ་བསྟན་འཛིན་ལགས་སུ་ཚིག་གཅིག་ཞུ་བར་འདོད། Henry Kissingerརྒྱ་ནག་ཏུ་བསྐྱོད་སཀབས་ཁོ་པ་སྲིད་འཛིན་གྱི་སློབ་སྟོན་པ་ཞིག་རེད། ཨ་རིའི་སྲིད་འཛིན་གྱི་སློབ་སྟོན་རྐུབ་སྟེགས་དེ་ནི་སྲིད་འཛིན་Truman སྐབས་གསར་འཛུགས་བྱས་པ་ཞིག་རེད། Henry Kissinger་རྒྱ་་ནག་ལ་བསྐྱོད་སྐབས་ཨ་རིའི་རྒྱལ་དོན་དྲུང་ཆེ་ནི་willam Roger ཞུ་བ་ཁོང་རེད།
    Henry Kissinger་རྒྱ་ནག་ལ་གསང་སྐྱོད་བྱེད་སྐབས་རྒྱལ་དོན་དྲུང་ཆེ་ཁོང་གི་ཡང་རེ་ཞིག་རིང་ཤེས་མེད་པ་འདྲ། དེ་གཅིག་ཡིན། གཉིས་ནས་ལུང་རིགས་ལགས་སུ་ཞུ་རྒྱུར། ནིག་སྶན་དང་རྒྱ་ནག་གཉིས་འབྲེལ་ལམ་ཐོག་མ་བྱུང་སྐབས་ཁོ་ཚོའི་གྲོས་གཞི་གཙོ་བོ་ཐའེ་བན་དང་བེ་ནཱམ་གཉིས་རེད། རྒྱ་ནག་ཕྱོགས་ནས་ཨ་རིས་ཐེ་བན་རྒྱ་ནག་གི་ཆ་ཤས་ཡིན་པར་ངོས་འཛིན་བྱེད་དགོས་པ་མ་ཟད་ཡུལ་གྲུ་དེར་ཡོད་པའིི་ཨ་རིའི་དམག་དཔུང་རྣམས་དུས་ཚོད་རྒྱས་བཅད་ཀྱིས་ཕྱིར་འཐེན་བྱེད་དགོས་ལུགས་བརྗོད་ཡོད། དེ་བཞིན་ཨ་རིའི་ཕྱོགས་ནས་རྒྱ་ནག་གིས་བྱང་བེ་ནམ་ལ་རྒྱབ་སྐྱོར་བྱ་རྒྱུ་མེད་ལུགས་སོགས་བརྗོད་ཡོད། གཞན་ཡང་ཁའམ་བྷོ་དྲི་ཡ་དང་ལའོ་ཡི་གནད་དོན་མདོ་ཙམ་ཞིག་ ཨ་རིས་དེའི་མཉམ་དུ་དྲུད་ཡོད་པ་འདྲ། འོན་ཀྱང་ཕྱོགས་གཉིས་ཀས་བོད་དོན་རྐང་གིཅག་ཀྱང་གླེང་མེད་པ་འདྲ། ཉེ་དུས་ངས་ནིག་སན་དང་རྒྱ་ནག་གི་འབྲེལ་ལམ་གསར་འཛུགས་བྱེད་ཕྱོགས་དང་དེའི་རྒྱབ་ལྗོངས་སྐོར་གྱི་དཔེ་དེབ་གཅིག་བཀླགས་པ་ཡིན། དེའི་ནང་སྐབས་དེར་བོད་དོན་གླེང་སྔོང་བྱས་ལུགས་གཅིག་ཀྱང་གསལ་མི་འདུག kissinger གྱིས་ཕྱིས་སུ་རང་ཉིད་ཨ་རིའི་རྒྱལ་དོན་དྲུང་ཆེ་ཆགས་སྐབས་བོད་དེ་བཙོངས་པ་ཡིན་པ་འདྲ།་ དེ་རིང་དུས་ཚད་ཀྱི་རྐྱིན་པས་འདི་ཙམ་ཡིན་ནོ།

    Reply
  13. དུག་མདའ། says:
    ལོ་ 14 སྔོན།

    དབུ་མའི་ལམ་གསལ་ལེ་རྒྱལ་གྱི་ཨ་ཁུའི་ལམ་ལྟ་བུ་རེད་ཟེར་བ་ངོ་མ་རེད། དཔེ་འདྲ་བོ་ཞེ་བོ་བཞག་འདུག འདི་ན་ལམ་ལུགས་ཆེན་པོ་གླེང་བཞིན་པའི་ནང་ལའང་འབྲེལ་ཞིག་འཇོག མེ་མཆོད་གནང་བའི་དཔའ་བོ་དག་ང་ཚོ་རང་གི་ཕ་གཅིག་མ་གཅིག་ནི་མིན་པས། ང་ཚོས་ད་དུང་རང་བཙན་དང་དབུ་མ་གང་སྙིང་རྗེ་འདུག་གླེང་ནས་ལྷོད་ལ་འབབ་ཆོག་གི བོད་ནང་དུ་ལོ་ལྔ་བཅུའི་ནང་ཚུན་ལ་སྐད་རིག་འཇིག་ཉེན་འདུག་ཀྱང་། ང་ཚོའི་བུ་ཕྲུག་ཚོ་ནི་ཕྱི་རྒྱལ་ནས་མཁས་དབང་གི་གོ་ས་ལེན་ངེས་ལ། ང་ནི་དཔའ་བོ་རང་ཚུགས་ཅན་ཞིག་ཀྱང་ཡིན་པས་ལོ་ངོ་སྟོང་ཕྲག་འགོར་ཡང་རྒྱ་དར་དམར་པོ་འོག་ལ་མི་འགྲོ་ཟེར་ནས་འདུག ཅིས་ཀྱང་རང་བཙན་ཟེར་བ་དང་ལམ་དབུ་མ་ཞེས་པ་རྦད་དེ་ལམ་ལོག་ཁ་ཁར་གོ་དགོས་ན། ལམ་དབུ་མ་ཞེས་པ་སྐབས་སུ་སྤྱད་པའི་ཐ་སྙད་ཙམ་རེད་མ་གཏོགས་མདོ་དོན་ཆོས་དང་མཐུན་པའི་བོད་མིའི་རིག་གཞུང་གི་ཐོབ་ཐང་རྩོད་ཀྱིན་པ་རེད། རིག་གཞུང་སྲུང་སྐྱོབ་ཀྱི་ལག་ལེན་གང་ཡང་མེད་ན་རང་བཙན་ཞེས་གླེང་ཡང་མདོ་དོན་༼I don’t care anything  གང་ལྟར་ཡང་ང་རྒྱ་འོག་ལ་མི་འདུག༽ ཟེར་བ་ཙམ་ལས་གང་ཡང་ཡོད་པ་མ་རེད། ཅི་ཞིག་ལས་བཞིན་པ་དང་རང་དགར་འདུག་མཁན་ལ་ཁྱད་པར་ཡོད་པ་རེད། ང་ཚོས་འཐབ་རྩོད་གང་ཞིག་གནང་ཡང་དབུ་མའི་ལམ་རྩོད་པའི་ཐབས་ལམ་དུ་འགྱུར་གྱི་ཡོད་པ་རེད། ལས་འགུལ་ཅི་ཞིག་སྤེལ་ཀྱང་རང་བཙན་རྩོད་པའི་ཐབས་ལམ་དུ་འགྱུར་གྱི་ཡོད་པ་མ་རེད། དེ་བས་དབུ་མ་རྩོད་མཁན་ཡོད་ལ་རང་བཙན་རྩོད་མཁན་མེད་པ་ལྟ་བུ་ཞིག་ཆགས་ཀྱི་ཡོད་པ་རེད། རྩོད་མཁན་ཡོད་མེད་ཀྱི་ཆ་ནས་ཡོང་རྒྱུ་ཡོད་མེད་ལ་ཡང་ཁྱད་པར་ཡོད་རེད། དེ་བས་ང་ནི་སྤྱང་པོ་རང་བྱེད་ཀི་ཡིན། རྒྱ་ནག་འུ་ཐུག་ཏེ་དབུ་མའི་མང་ཐོག་ནས་བོད་ལ་རང་དབང་གི་གོ་སྐབས་ཞིག་བྱིན་ན་རྒྱ་དར་དམར་པོས་ཞྭ་བཟོས་ཤིང་རྒྱ་ཡིག་ནག་རིལ་གདན་ལ་བཏིང་ནས་འདུག་གི་ཡིན། ཡང་ནམ་ཞིག་དབུས་གཙང་རྒྱ་མ་བོད་དང་། ཁམས་པ་རྒྱ་མ་བོད། ཨ་མདོ་རྒྱ་མ་བོད་ཚོས་ཨོ་་ང་ཚོ་སྔོན་མ་བོད་ཅེས་པ་རང་བཙན་ཡོད་པའི་མི་རིགས་དེ་ཡིན་པས་རང་བཙན་དུ་འདུག་རྒྱུ་ཡིན་ཟེར་སྐབས་དེ་ག་ནང་བཞིན་རྒྱ་དར་དམར་པོ་གདན་ལ་བཏིང་ཞིང་རྒྱ་ཡིག་རྒྱ་སྐད་ལྕེ་ལ་འཁྱེར་ནས་འགྲོ་གི་ཡིན། 

    Reply
  14. ནམ་མཁའ་བསྟན་འཛིན། says:
    ལོ་ 14 སྔོན།

    ང་ཚོས་ནམ་ཡང་ཕྱི་མིག་བལྟ་དགོས་བ་ལོ་རྒྱུས་ཀྱི་དཀྱོགས་མཚམས་རེ་རེ་ཡིན་ལ། དེ་རིང་ཁྱོད་ཀྱིས་སླར་ཡང་གླེང་འདི་བསླངས་བར་ཐུགས་རྗེ་ཆེ་ཞུ། འོན་ཀྱང་གོང་གི་བྱུང་རིམས་འདི་ཚང་མ་ལོ་ཚིགས་འདིར་སྦྱར་ན་མི་འོས། དབུ་མའི་ལམ་གྱི་བྱུང་རིམ་༧གོང་ས་མཆོག་གི་བཀའ་སློབ་རིམ་པ་དང་དམིགས་བསལ་དབུ་མའི་ལམ་གྱི་སྲིད་བྱུས་དང་བྱུང་རིམས་སྐོར་གྱི་བཀའ་སློབ་ལས་ལྷག་པ་ཞིག་ང་ཚོར་འགྲེལ་བཤད་དགོས་བར་མ་མཐོང་མོད། གློ་སྨོན་ཐང་གི་དམག་སྒར་སྒོ་རྒྱག་དགོས་བ་དང་ཨ་རྒྱ་གཉིས་ཀྱི་འབྲེལ་བའི་བྱུང་རིམ་ལོ་ཚིགས་འདི་ལ་སྦྱར་ན་དེ་བས་མི་འོས། རྒྱུ་མཚན་Henry Kissinger་རྒྱ་ནག་ཏུ་ཆེས་ཐོག་མ་༡༩༧༡་ལོའི་དབྱར་ཁར་པ་ཁི་སི་ཐན་བརྒྱུད་ནས་གསང་བསྐྱོད་བྱས་རྗེས་། ༼སྐབས་དེར་Henry Kissingerཨ་རིའི་རྒྱལ་དོན་དྲུང་ཆེ་རེད༽ཨ་རིའི་སྲིད་འཛིན་་Richard Nixon ༡༩༧༢ལོའི་དཔྱིད་ཀར་ཉིན་བདུན་རིང་གི་འཚམས་གཟིགས་བྱས་བ་ཨ་རྒྱ་གཉིས་ཀྱི་སྲིད་འཛིན་འགྲོ་འོང་བྱས་བའི་ལོ་རྒྱུས་ཐོག་མ་དེ་ཡིན་པ་ཡོང་གྲགས་ཡིན་ལ། སྐབས་དེའི་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་ཐོག་མ་བྱུང་རྗེས་ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱིས་བོད་ལ་གོ་མཚོན་རོགས་སྐྱོར་མཚམས་འཇོག་བྱས་བར་གཞན་ཕྱོགས་གཅིག་བུ་ལ་ངན་ཁག་འགེལ་རྒྱུ་མི་འདུག་བསམ། སྤྱིར་རོགས་སྐྱོར་དེ་ཧ་ཅང་གསང་བའི་སྒོ་ནས་བྱེད་བཞིན་ཡོད་པ་ཤེས་བཞིན་དུ་བོད་པའི་ངོས་ནས་སྐབས་དེར་དམག་སྦྱོང་ཐོབ་རྗེས་བོད་ནང་ལ་གོ་མཚོན་གཡུག་པར་འགྲོ་མཁན་གྱི་གྲོས་ནས་ཁ་ཤས་གྱིས་གོ་ལག་གཡུག་པ་ཐད་ཀར་རྒྱ་ལག་ཏུ་ཤོར་བ་དང་ཁ་ཤས་ཀྱིས་མི་དམངས་ལ་ང་ཚོར་ཨ་རིའི་གཞུང་གིས་རོགས་སྐྱོར་བྱེད་བཞིན་ཡོད་པ་རེད་ཅེས་མི་དམངས་ནང་ཡོངས་བསྒྲགས་བྱས་བ་༼བཙན་རྒོལ་རྒྱལ་སྐྱོབ་ཀྱི་དེབ་ཕྲེང་ནང༽གསལ་སྟབས། རྒྱལ་ཁབ་སུ་ཡིན་ཡང་ཕྱོགས་གཉིས་ཀས་ཆ་རྐྱེན་ལྡན་པའི་གྲོས་མོལ་བྱེད་ན་མངོན་ལྐོག་གང་རུང་ནས་སུས་ཀྱང་རྒྱལ་མཚམས་དང་ཡང་ན་རྒྱལ་ཁོངས་ལ་ཚུར་རྒ྄ོལ་བྱེད་མི་ཆོག་པའི་ཆ་རྐྱེན་མི་འདོན་མཁན་ཞིག་ཡོད་སྲིད་རྒྱུ་མ་རེད། ལོ་རབས་བདུན་ཅུ་བ་ནི་དམག་ཆེན་གཉིས་བའི་ཆག་འཇིགས་དང་དངངས་འཚབ་ཡལ་ནས་རྒྱུན་རིན་སོང་མེད་སྟབས་སྐབས་དེར་ཨ་རི་གཙོས་བའི་རྒྱལ་སྤྱིའི་གནས་བབ་དང་ལྷག་པར་མི་རྣམས་སྐྲག་དངངས་བྱེད་ས་གཅིག་བུ་དེ་ར་ཤི་ཡས་ཤར་ཡོ་རོབ་་ཀྱི་ཡོ་གྷོ་སོ་ལོ་ཝ་ཀེ་ཡ་ནས་སར་བྷེ་ཡ་འི་ཕྱོགས་ཡོད་ཚད་དང་། པོ་ལན་ཌི་ནས་འཇར་མན་གྱི་ཕྱེད་ཀ་བར་བཟུང་ཚར་སྟབས་དམག་ཆེན་གསུམ་པ་ཟེར་བ་ཞིག་ལངས་རྒྱུ་ཡིན་པའི་་སྐྲག་འཇིགས་འོག་ལྷག་པ་རེད། དེར་བརྟེན་ཨ་རྒྱ་གཉིས་ལ་གྲོས་མོལ་བྱུང་རྗེས་རྒྱ་ནག་ར་ཤི་ཡའི་ཕྱོགས་ལ་ལངས་རྒྱུ་མིན་པ་གཏིང་ཐག་ཆོད་པ་དང་། ཝེ་ཏི་ནམ་གྱི་དམག་འཁྲུག་མཚམས་བཅད་སྟབས་རྒྱལ་སྤྱིའི་སྒང་ནས་མི་འདིར་གདིང་འཇོག་ཆེ་རུ་ཕྱིན་པ་རེད། ༼དེར་༡༩༧༣ནོར་ཝེའི་ཞི་བདེ་གཟེངས་རྟགས་ཀྱང་མི་འདིར་ཐོབ་པ་རེད༽
    ལོ་རབས་བདུན་ཅུ་བ་བོད་པར་མི་འདིས་གྱོང་སྤྲད་པའི་ལོ་ཚིགས་ཞིག་ཡིན་ཀྱང་ང་ཚོས་རྒྱལ་སྤྱི་གནས་བབ་དང་བསྟུན་མི་དགོས་བའི་ལས་ཀ་ཞིག་ལས་རྒྱུ་ལྷག་ཡོད་པ་མ་རེད།
    སྐབས་དེའི་ཨ་རིའི་ཕྱི་འབྲེལ་སྲིད་བྱུས་ལ་ཐད་ཆ་ཤོར་ནས་བྷང་ལ་བདེ་ཤིས་ལ་རྒོལ་ཕྱིར་པ་ཀི་སི་ཐན་ལ་རོགས་སྐྱོར་ཕོན་ཆེན་བྱས་བ་Kissingerགྱི་ལོ་རྒྱུས་ནང་གསལ་བོ་ཡོད་པ་རེད། དེའི་མ་ཚད་ལོ་རབས་བརྒྱད་བཅུ་བ་ནས་ཨ་ཧྥི་གྷ་ནི་སི་ཐན་གྱི་མོའུ་ཇ་ཧ་ཌིས་ལ་སྟོབས་ཤུགས་བསྣན་ནས་ར་ཤི་ཡར་རྒོལ་ལན་སློག་སྐབས་བྷེན་ལ་ཏེན་གྱི་དཔའ་སྙན་གླིང་ལ་གྲགས་པ་རེད། འོན་ཀྱང་ལོ་བཅུ་ལྷག་ལས་མ་འགོར་བར་དགུ་བཅུ་གཅིག་གི་ཆག་སྒོ་བྱུང་ཏེ་མཐར་ལོ་རེར་ཨ་སྒོར་དུང་ཕྱིར་ལྔ་བརྒྱ་ལྷག་གི་འགྲོ་གྲོན་ཅན་གྱི་དམག་འཁྲུག་འདི་ལངས་བ་རེད། མཐར་ངས་བཤད་དོན་ཨ་རིའི་ལྟ་བུའི་སྟོབས་ཆེན་རྒྱལ་ཁབ་ཞིག་གིས་ཀྱང་དུས་ཚོད་དང་གནས་བབ་ལ་འགྱུར་བ་ཐེབས་སྐབས་ཁེ་གྱོང་གཉིས་ཀ་ཉོ་དགོས་ས་ནས། ས་ལག་མཐིལ་ཙམ་མི་དབང་བའི་ང་ཚོའི་གཞུང་ལ་གཏན་འཇག་གནས་ཐུབ་པའི་དམག་སྒར་ཞིག་འཛུགས་ཡུལ་གང་ན་ཡོད། དེ་མ་ཟད་༧༩ལོ་རྒྱལ་ལོ་དོན་འགྲུབ་མཆོག་གིས་འབྲེལ་ལམ་བཙུགས་པ་ཡང་རྗེས་སུ་གནས་བབ་མང་པོར་དུས་དང་བསྟུན་ནས་འགྱུར་བ་ཐེབས་རེད་མ་གཏོགས་སྐབས་དེར་མགོ་སྐོར་འོག་ཐེབས་པ་ཞིག་ཨེ་ཡིན་ནམ།
    མཆན་འདི་དྲན་ཚོད་ལྟར་བྲིས་བ་ཡིན་པས་ཡི་གེ་གཏགས་ནོར་དང་ཆད་ལྷག་ཡོད་ན་དགོངས་དག་ཞུ། ད་ཉལ་རྒྱུ་ཡིན།

    Reply
  15. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    ༡༽ སྤྱིར་རང་བཙན་དང་རང་སྐྱོང་གཉིས་ཀྱི་གང་ཞིག་ཐོབ་པའི་རེ་བ་ཡོད་མིན་ཐོག་ནས་བལྟས་ན་རང་སྐྱོང་ཐོབ་རེ་ཆེ་བ་དེ་མཁས་པ་དང་ཉམས་མྱོང་ཅན་མང་པོའི་དགོངས་ཚུལ་ཞིག་རེད་ལ་དེ་ནི་དངོས་ཡོད་ཀྱི་གནས་སྟངས་གཞིར་བཞག་གི་དོན་དངོས་ཤིག་ཀྱང་རེད་སྙམ།
    ༢༽ ངས་དེང་སང་གཙོ་བོ་རང་སྐྱོང་དང་རང་བཙན་གང་ཞིག་ལ་ཨུ་ཚིགས་རྒྱག་དགོས་ལུགས་བརྗོད་ཀྱིན་མེད། གོ་སྐབས་དམ་འཛིན་གྱིས་ཕྱོགས་གཅིག་ནས་བོད་མི་ཡོངས་ཀྱི་ཆིག་སྒྲིལ་གྱི་མནའ་གན་འཇོག་རྒྱུ་དང་གཉིས་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བས་གཙོས་སྐྱིད་སྡུག་གཅིག་པའི་སོག་པོ་དང་ཡུ་གུར་སོགས་དང་ནུས་པ་ཆིག་སྒྲིལ་གྱིས་རྒྱ་ནག་གུང་ཁྲན་ཏང་གི་དབང་འཛིན་ལམ་ལུགས་འདི་གང་མྱུར་དམངས་གཙོ་དངོས་སུ་འགྱུར་རྒྱུར་ནུས་པ་འདོན་དགོས་ཚུལ་བཤད་ཀྱིན་ཡོད།
    ༣༽ ངས་རྒྱུ་མཚན་གཙོ་བོ་ཞིག་དེ་སྔ་ནས་ཞང་ཀང་དང་བསྡུར་ནས་བོད་དོན་གླེང་གིན་ཡོད། འདི་ངེས་པར་གླེང་དགོས་པ་ཞིག་མཐོང་གིན་ཡོད། རྒྱ་གཞུང་གིས་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་ཡིན་ཚུལ་བཤད་ཀྱིན་ཡོད་པ་རེད། དོན་ངོ་མ་དམིགས་བསལ་གྱི་སྲིད་འཛིན་ས་ཁུལ་ཞིག་ངོས་འཛིན་དགོས་ན་ནི་ཉེ་བའི་ཆར་བོད་ལས་ལྷག་པའི་དམིགས་བསལ་ཅན་ཞིག་མེད་སྙམ། རྒྱུ་མཚན་བོད་ནི་དེ་སྔ་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པས་སོ། དེ་བས་བོད་ལ་ཆེ་ས་ནས་རང་བཙན་དང་འབྲིང་ས་ནས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས། ཆུང་ས་ནས་རང་སྐྱོང་ཆེན་མོའི་ཐོབ་ཐང་བཅས་ཡོད་པ་རེད། གནད་དོན་འདི་རིགས་ཞང་ཀང་དང་བསྡུར་ས་མི་འགྲོ་བ་དང་བསྡུར་ན་མི་འོས་པ་བསྡུར་མི་ཆོག་པ་སོགས་སྨྲ་བ་རྣམས་ལ་གནས་ལུགས་ཡང་དག་ཅི་ཞིག་ཤོད་རྒྱུ་ཡོད་དམ།
    ༤༽ བོད་ནང་གི་ངོ་རྒོལ་འདི་རིགས་རྒྱ་ནག་གི་རྩ་ཁྲིམས་ཡང་མ་དག་པར་ངོ་རྒོལ་བྱེད་མཁན་དུ་ཙམ་ཡོད་མེད་མི་ཤེས་ཀྱང། ངས་བལྟས་ན་རྩ་ཁྲིམས་ལ་རྒོལ་བ་མིན་པར་དབང་སྒྱུར་པ་ལ་རྒོལ་བ་རེད། རྒྱུ་མཚན་ནི་རྩ་ཁྲིམས་སུ་ཆོས་དད་རང་མོས་སོགས་ཡོད་པར་བཤད་ཀྱང་ལག་ལེན་དངོས་ལ་ཁྲིམས་དང་མི་མཐུན་པ་བྱེད་པས་སོ།
    ༥༽ སྤྱིར་ན་ང་ཚོས་ཕ་རོལ་ཕྱོགས་ཀྱི་ཉེས་པ་འདྲ་མིན་དང་ཞན་ཆ་གང་མང་ཐོག་ནས་སྐྱོན་བརྗོད་རྒྱུ་ལོས་ཡོད་མོད། ལྟེ་བ་ནི་སྲིད་དབང་སྒེར་འཛིན་གྱི་ཏང་སྲིད་ལ་རྒོལ་རྒྱུ་དེ་ཡིན་ལ། འདི་ཕམ་ཉེས་སུ་གཏོང་ཐུབ་ན་དམངས་གཙོར་འགྱུར་དགོས་པས་རྩ་ཁྲིམས་ལ་ལེགས་བཅོས་རང་བཞིན་གྱིས་འགྲོ་རྒྱུ་ཞིག་རེད་ལ་སྐབས་དེར་རང་ཐག་རང་གཅོད་ཀྱི་གོ་སྐབས་ཤིག་ཀྱང་ཐོབ་རེ་ཡོད། མ་མཐར་ཡང་རྒྱལ་ཕྲན་མཉམ་འབྲེལ་ལམ་ཡང་ན་རང་སྐྱོང་ཆེན་མོའི་བགོ་སྐལ་ཞིག་ཐོབ་ངེས་རེད་སྙམ།
    ༤༽

    Reply
  16. གཡུ་དྲུག་དཀར། says:
    ལོ་ 14 སྔོན།

    ལུང་རིགས་ལགས། ཁྱེད་ཀྱིས་བཤད་པའི་སྐད་ཆ་དེར་ངས་ལགས་སོ་ཟེར་ཐབས་བྲལ་སོང་། གང་ཞེ་ན། ཁྱེད་ཀྱིས་(༦། ང་རང་གི་འདོད་པ་ནི། ད་ལྟའི་ཆར་རང་བཙན་དང་ལམ་དབུ་མ་བཤད་སྡོད་པ་ལས། བོད་མི་རིགས་ལ་ཡང་མི་རིགས་གཞན་པ་བཞིན་རང་ཐག་རང་གཅོད་ཀྱི་ཐོབ་ཐང་དགོས་པ་དང་ཡོད་པ་དེ་རྩོད་དགོས་པར་འདོད། ཐོབ་ཐང་འདི་རག་ཉིན་ནས་ལམ་ཁ་གང་ལ་འགྲོ་མང་མོས་ཐག་གཅོད་བྱས་ཆོག་གི་རེད།)ཟེར་ཚུལ་ལ་བལྟས་ན་ཁྱེད་ལམ་དབུ་མར་རྒྱུས་དེ་ཙམ་མེད་པ་འདྲ། ལམ་དབུ་མ་ལབ་ན་མ་ལབ་ན་བོད་མི་རིགས་འདི་བོད་རང་ཉིད་ནས་སྐྱོངས་དགོས་པར་བཤད་ཀྱིན་ཡོད་པ་རེད། དེ་ཡང་ཁ་གསལ་ཙམ་བཤད་ན་རང་ཐག་རང་གཅོད་བཤད་ཀྱིན་ཡོད་རེད།
    (༤། ད་ལོ་མེར་སྲེག་བྱས་པའི་དཔའ་བོ་དེ་དག་དང་། བཙོན་དུ་ཕྱིན་པའི་བོད་རིགས་དེ་དག་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་འོག་འདུག་འདོད་ནས་བློས་གཏོང་འདི་དག་བྱས་པ་ཨེ་ཡིན། རང་སྐྱོང་བསྩད་པ་ཨེ་རེད།) ཁྱེད་ཀྱི་དྲི་བ་འདིར་ལན་མ་བཏབ་སྔོན་ལ་གསལ་བཤད་བྱེད་རྒྱུ་གཅིག་ཡོད་པ་ནི། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་རྒྱ་ནག་དམར་ཕྱོགས་རྒྱལ་ཁབ་གཉིས་ཀྱི་དབྱེ་བ་འབྱེད་དགོས།中华人民共和国 ཟེར་བ་འདི་བསྐལ་བའི་བར་དུ་གནས་ཐུབ་པའི་རྒྱལ་ཁབ་ཅིག་རེད། འོན་ཀྱང་རྒྱ་ནག་དམར་ཕྱོགས་སྟེ་中国共产党ཟེར་བ་འདི་ཡུན་གནས་ཐུབ་པ་ཞིག་མ་རེད་སྙམ། དེས་ན་ད་ལོར་མེར་སྲེག་བྱེད་མཁན་དང་བཙོན་དུ་ཚུད་པའི་དཔའ་རྒོད་ཚོ་ཀྲུང་གོ་གུང་ཁྲན་ཏང་ལ་ངོ་རྒོལ་བྱེད་མཁན་ཡིན་པ་གསལ་བོ་རེད་མོེད། རང་བཙན་བསྩད་པ་ཡིན་མིན་ངས་དངོས་གནས་མི་ཤེས། ཁོང་ཚོར་ཐུན་མོང་གི་འབོད་ཚིག་ཞིག་ཡོད་པ་ནི། ༧གོང་ས་མཆོག་བོད་དུ་ཕེབས་དགོས་ཟེར་བ་འདི་རེད་ཅེས་གསར་ལམ་ཁག་ན་མཐོང་རྒྱུ་འདུག
    (༥། རྒྱ་མི་རིགས་ཀྱི་མངོན་འདོད་ཀྱང་ད་ལྟའི་ཀྲུང་ཧྭ་མི་དམངས་ཀྱི་དམར་པོའི་རྒྱལ་ཁབ་འདིའི་ཕན་ལ་འགྲོ་བཞིན་པའི་སྐབས་སུ། བོད་མི་རིགས་ཀྱིས་རང་བཙན་ནི་རྨི་ལམ་ཙམ་དུ་ཡང་འཁོར་མི་ཐུབ་པ་ནི་མི་རིགས་འདིའི་བླ་ཆད་པའི་རྟགས་རེད་འདོད།)འདི་ནི་ཕྱོགས་གཅིག་ཁོ་ན་ལས་མ་མཐོང་བའི་གནད་དོན་ཞིག་རེད། ང་ཚོས་རང་བཙན་རྨི་ལམ་དུ་ཡང་འཁོར་མ་ཐུབ་པ་གཏན་ནས་མ་རེད་མོད། ལམ་འདི་འདྲ་ཞིག་ལ་ཞུགས་དགོས་དོན་ནི། སྐྱེ་བདུན་རིལ་བུ་སླེབས་རེག་བར་ཨ་ཕའི་སྐྱེ་བ་ཟད་རྒྱུ་རེད། ཅེས་པའི་དཔེ་ལྟར་བོད་མི་རིགས་རིག་གཞུང་དང་བཅས་པ་གནས་སྐབས་རིང་ཆག་འཇིག་ཡ་ང་བ་འདི་ལས་སྐྱོབས་པའི་མྱུར་ལམ་ཞིག་ཡིན་ལ། འདི་ནི་༧གོང་ས་མཆོག་གི་དུས་དང་དུས་མ་ཡིན་པ་ལ་མཁས་པའི་སྤྱོད་པ་རླབས་ཆེན་ཞིག་ཏུ་མཐོང་གི་ཡོད། འོན་ཀྱང་མྱུར་ལམ་འདི་འགྲུབ་དང་མ་འགྲུབ་ང་ཚོ་གངས་ཅན་པ་ཡོད་དོ་ཅོག་ལ་རེག་ལས་པ་ལས། མྱུར་ལམ་འདི་སྟོན་པ་པོ་གཅིག་བུར་རེག་ལས་པ་ཞིག་མ་རེད། མ་གཞི་སྐད་འདི་ངས་ཁྱེད་ལ་མཛུབ་མོའི་རི་སྟོན་བྱས་སོང་། ཁྱེད་གནས་ཚུལ་འདི་འདྲ་ཞིག་ལ་མགོ་རྨོངས་མཁན་ཞིག་གཏན་ནས་མ་རེད།
    (༡། བསམ་ཚུལ་ཐུང་ངུ་འདིའི་ནང་དུ་ངས་རང་བཙན་དང་དབུ་མའི་ལམ་གྱི་གང་འོས་ཀྱི་སྐོར་བཤད་མེད་མོད)སྐད་ཆ་འདི་ཆོ་མེད་པ་རང་རེད། ཁྱེད་ཀྱིས་རང་བཙན་བཤད་ཀྱིན་མེད་ན། ངས་ཁྱེད་ལ་དྲི་བ་ཞིག་ལྡོག་འདི་བྱེད། ‘རང་སྐྱོང་བསྩད་པ་ཨེ་རེད།’’དྲི་བ་འདིས་དོན་ཅི་ཞིག་ཡིན། ཁྱེད་ཀྱིས་རང་བཙན་བཤད་མ་པ་འགྲིག་གི་མི་འདུག་ཅེས་ངས་ནམ་ཡང་ཤོད་ཀྱི་མེད་མོད། སྐད་ཆ་འདིའི་རྒྱབ་ལྗོངས་ཧ་ཅང་གསལ་བོ་རེད། གནས་སྐབས་དེ་ཙམ་བྱ།

    Reply
  17. མྱི་ནག་ཚང་། says:
    ལོ་ 14 སྔོན།

    འདི་ནས་གསལ་བོ་བཟོ་རྒྱུ་ཞིག་ལ།

    ༡། བསམ་ཚུལ་ཐུང་ངུ་འདིའི་ནང་དུ་ངས་རང་བཙན་དང་དབུ་མའི་ལམ་གྱི་གང་འོས་ཀྱི་སྐོར་བཤད་མེད་མོད། རང་བཙན་བཤད་གིན་ཡོད་པ་རེད་ཟེར་ན་ནི་དེ་ལྟར་དུ་གོ་བ་ལེན་རོགས།

    ༢། གནད་དོན་རྙིང་བ་བསྐྱར་བཤད་རེད་ཟེར་བ་ནི་བདེན་སྲིད། མི་སོ་སོའི་ལྟ་རྒྱ་དང་ཐོས་རྒྱའི་ཁྱད་པར་མི་འདྲའི་ཕྱིར།

    ༣། དབུ་མའི་ལམ་གྱི་ཕན་ལ་འགྲོ་ས་མེད་པ་གཏན་འཁེལ་འདྲ་བོ་བཤད་པ་ནི་ཅུང་ཡ་མཚན་རེད། སྐུ་ཞབས་ལོའུ་ཞོ་པོ་ལ་སོགས་རྒྱ་ནག་ནང་གི་ཤེས་ཡོན་པ་གྲགས་ཅན་དག་གིས་ནི། ད་སྐབས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་བཟོ་བཅོས་དང་། རྒྱལ་ཕྲན་མཉམ་འབྲེལ་བཤད་གིན་ཡོད་དུས། བོད་པ་ཚོས་མཐའ་གཅིག་ཏུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་དུ་འཚུད་ཐབས་བྱེད་ཀྱིན་པ་ནི་ཡ་མཚན་རེད།
    ༤། ད་ལོ་མེར་སྲེག་བྱས་པའི་དཔའ་བོ་དེ་དག་དང་། བཙོན་དུ་ཕྱིན་པའི་བོད་རིགས་དེ་དག་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་འོག་འདུག་འདོད་ནས་བློས་གཏོང་འདི་དག་བྱས་པ་ཨེ་ཡིན། རང་སྐྱོང་བསྩད་པ་ཨེ་རེད།
    ༥། རྒྱ་མི་རིགས་ཀྱི་མངོན་འདོད་ཀྱང་ད་ལྟའི་ཀྲུང་ཧྭ་མི་དམངས་ཀྱི་དམར་པོའི་རྒྱལ་ཁབ་འདིའི་ཕན་ལ་འགྲོ་བཞིན་པའི་སྐབས་སུ། བོད་མི་རིགས་ཀྱིས་རང་བཙན་ནི་རྨི་ལམ་ཙམ་དུ་ཡང་འཁོར་མི་ཐུབ་པ་ནི་མི་རིགས་འདིའི་བླ་ཆད་པའི་རྟགས་རེད་འདོད།
    ༦། ང་རང་གི་འདོད་པ་ནི། ད་ལྟའི་ཆར་རང་བཙན་དང་ལམ་དབུ་མ་བཤད་སྡོད་པ་ལས། བོད་མི་རིགས་ལ་ཡང་མི་རིགས་གཞན་པ་བཞིན་རང་ཐག་རང་གཅོད་ཀྱི་ཐོབ་ཐང་དགོས་པ་དང་ཡོད་པ་དེ་རྩོད་དགོས་པར་འདོད། ཐོབ་ཐང་འདི་རག་ཉིན་ནས་ལམ་ཁ་གང་ལ་འགྲོ་མང་མོས་ཐག་གཅོད་བྱས་ཆོག་གི་རེད།
    ༧། གསར་ལམ་ནས་ཐོས་པ་ལྟར་ན། ཨ་རྒྱ་གཉིས་ཀྱི་འབྲེལ་བ་དེ་ཡང་ད་ནི་མི་ལོ་ ༤༠ རྗེས་ལ་གཞི་ནས་འགྱུར་བ་གཞན་ཞིག་ལ་འཕོ་འགོ་ཚུགས་པར་བཤད། ཨེ་ཤ་ཡ་དང་རྒྱལ་སྤྱིའི་གོ་རིམ་དེ་ཡང་གསར་དུ་སྒྲིག་རྒྱུ་ཡིན་ཚུལ་གླེང་། འདི་དག་ཀྱང་ང་ཚོས་དོ་སྣང་བྱ་ཡུལ་གལ་ཆེན་རེ་རེད་འདོད།
    ༨། ད་ལྟའི་ཆར་ང་ཚོ་ནང་ཁུལ་ནས་མ་འཆམ་པ་འདྲ་བོ་མཐོང་རུང་། རྐྱེན་ངོ་མ་དེ་ཕྱིའི་གནོན་ཤུགས་ཀྱི་འོག་ལ་ཚུད་པའི་རྐྱེན་གྱིས་བཤད་དབང་ལས་དབང་ཅི་ཡང་མ་བྱུང་བ་རེད་འདོད་པ་དེའོ།

    Reply
  18. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    དུས་བབ་ཁང་དང་རྩོམ་སྒྲིག་པའི་ལས་ཀ་འདི་དེང་སང་ས་གནས་གཅིག་ནས་སམ་ལས་ཁུངས་ཤིག་ནང་ལ་གཏན་འཇགས་སྡོད་ནས་སྒྲུབ་དགོས་པ་ཞིག་མ་རེད། དྲ་ལམ་གྱི་ལས་རིགས་ཚང་མ་དུས་ལྟར་སྒྲུབ་ཐུབ་སོང་ན་ཁོ་རང་གར་ཡོད་གང་སོང་ལ་ཁྱད་པར་མེད། གཅིག་བྱས་ན་རྒྱལ་ཁམས་སྐོར་བཞིན་དུ་རྩོམ་སྒྲིག་པ་དང་གསར་འགོད་པའི་བྱ་བ་སྒྲུབ་ན་དགེ་མཚན་མང་གི་རེད། ད་ལྟ་མྱི་ནག་ཚང་དུས་བབ་ཁང་གི་ལས་བྱེད་དངོས་ནང་ན་མེད་ཀྱང་དང་བླང་རྩོམ་སྒྲིག་པ་འདྲ་བོ་གནང་ཆོག་གི་རེད། འདི་ལ་ལས་ཁུངས་དང་དོ་བདག་ཕན་ཚུན་བར་ནས་གྲོས་བྱས་ཆོག
    གལ་ཏེ་ཁྱེད་ཅག་ལ་དམིགས་བསལ་དྲི་བའི་རིགས་ཡོད་ཚེ་ང་ཚོས་ཕྱོགས་ངོས་གཉིས་ནས་ཁ་རེ་གྲག་ཐབས་ལོས་བྱེད།

    Reply
  19. གཡུ་དྲུག་དཀར། says:
    ལོ་ 14 སྔོན།

    སྐད་ཆ་རྙིང་པ་ཞིག་སླར་ཡང་ལངས་ཡོང་གིན་འདུག གནད་དོན་འདི་གླེང་ཆོག་ལ་དཔྱད་ཆོག་མོད། ཐ་མའི་འབབ་ས་ཞིག་ཡོད་པ་ནི་དབུ་ལམ་ཀྱི་ཁྱབ་ཁོངས་ལས་བརྒལ་ཐབས་མེད་པ་དངོས་ཡོད་གནས་ཚུལ་གྱིས་ར་སྤྲོད་བྱས་ཡོད། གནས་ཚུལ་འདིའི་ཐད་ འདི་ལ་སྐུ་ཞབས་གསལ་ལེ་རྒྱལ་གྱིས་འདི་ལྟར་བཤད་ཡོད།
    ང་ཚོའི་སྡེ་བའི་གཉའ་ན་ཡོད་པའི་ལམ་ཕྲན་དེ་ད་དུང་འགྲུབ་མེད་ནའང་དེ་ནི་མི་གཅིག་གིས་ལས་བ་རེད། ངེད་ཚང་གི་ཨ་ཁུ་གཅིག་པུས་ལས་བ་རེད། ཨ་ཁུས་བསམ་བློ་མང་བོ་བཏང་ནས་ལས་བ་རེད། ད་དུང་ཨ་ཁུས་བཟོ་བཅོས་ཀྱང་མང་བོ་བྱས་བ་རེད། ཨ་ཁུའི་ཚ་བོ་ཞིག་གིས་རྒྱ་ནག་ནས་ནང་འདྲེན་བྱས་བའི་ལྕགས་ཟམ་བཅུ་བདུན་བཙུགས་པ་རེད། ཕྱིས་སུ་ཨ་ཁུ་རང་ཉིད་ནས་ཧྥ་རན་སིའི་གྲོང་ཁྱེར་སི་ཏ་སི་བྷོ་ནས་ནས་ནང་འདྲེན་བྱས་བའི་རྣོ་ཟམ་ལྔ་བཙུགས་པ་རེད། ད་དུང་ཨ་ཁུས་ལྷ་འདྲེ་འདུལ་ཐབས་ཀྱི་གྲོས་མོལ་དགུ་བྱས་བ་རེད། དེ་ལའང་གསལ་འདེབས་བདུན་བྱས་བ་རེད། ཨ་ཁུས་ལམ་ཕྲན་དེ་ལས་སྐབས་ང་ཚོས་དགའ་སྤྲོ་ཆེན་པོས་བལྟས་ནས་བསྡད་པ་ཡིན། ང་ཚོས་ལམ་ཕྲན་དེར་ཞུགས་ནས་བདེ་བ་ཅན་ལ་འགྲོ་བའི་རྨི་ལམ་མང་བོ་བཏང་བ་མ་ཟད་རི་རྩེ་ལ་གངས་སེང་རྟགས་ཅན་གྱི་དར་ལྕོག་ཅིག་འཛུག་དགོས་བསམ་ཡོད། དྲང་མོར་བཤད་ན་ང་ཚོས་རང་ངོས་ནས་ས་ལྕགས་ཁེམ་གང་ལེན་རོགས་ཀྱང་བྱས་མ་མྱོང་མོད། ལམ་གྱི་བཟོ་བཀོད་ལ་ཇུས་གཏོགས་མང་བོ་བྱས་མྱོང་། ང་ཚོས་ལམ་ཕྲན་འདི་ལམ་སེང་འགྲུབ་པའི་རེ་བ་བྱས་མྱོང་ཡོད།

    ལམ་ཕྲན་འདི་ལུང་རྒན་ནག་ལྡང་གི་ཉིན་སྲུབ་གཉིས་ཀའི་བར་ན་ལས་ཡོད། དེ་ནི་ཨ་ཁུའི་ཐབས་མཁས་ཐུགས་རྗེ་ལས་འཁྲུངས་བའི་ལས་གཞི་ཞིག་རེད་ཟེར། ཡིན་ནའང་མི་ལ་ལས་ལམ་ཕྲན་འདི་ཉིན་ངོས་སུ་མ་ལས་བ་དེ་ཨ་ཁུའི་ནོར་འཁྲུལ་རེད། ལམ་འགྲོ་བ་དག་ཉིན་མར་བརྡེབ་ནས་ངལ་གསོ་བྱེད་ཆོག་གི་རེད་ཟེར་ལ། ཡང་མི་ལ་ལས་སྲུབ་ངོས་སུ་ལས་ན་བཟང་ཚུལ་ཡང་བཤད་བཞིན་འདུག གང་ལྟར་མི་ཚང་མར་སེམས་ཁུར་གཞན་ཞིག་ཡོད་པ་ནི་ལུང་རྒན་ནག་ལྡང་ལ་ཕུགས་ཡོད་མེད་མི་ཤེས་བ་དེ་རེད། དང་སྐབས་ལམ་ལས་བ་ཁ་ཤས་ཡོད་ནའང་བྲག་རྡོ་ཆེན་པོ་ཞིག་ལ་འཐོག་ནས་ཡུན་རིང་ལ་ལུས་སོང་། མི་ལ་ལས་བྲག་རྡོ་ཞིག་གིས་ལམ་ཁ་བཅད་འདུག་པས་ཐབས་ཤེས་འཐེན་དགོས་ཟེར་ལ། ཡང་མི་ལ་ལས་བྲག་རི་ཞིག་གིས་ལམ་ཁ་བཅད་འདུག་པས་ཐབས་ཤེས་མི་འདུག་ཟེར། གལ་ཏེ་བྲག་རྡོ་འདི་གཏོར་བ་ཡིན་ནའང་ད་དུང་ལུང་རྒན་ནག་ལྡང་ལ་ཕུགས་ཡེད་མེད་མི་ཤེས་བས་བསམ་བློ་གཞན་ཞིག་བཏང་ན་ལེགས་པའི་བསམ་ཚུལ་བཤད་མཁན་ཡང་བྱུང་མྱོང་། ལམ་གྱི་བཟོ་བཀོད་པ་ཚོས་ཉལ་ནས་སྐད་ཆ་བཤད་ཀྱིན་ཡོད་པས་ལམ་ལས་བ་དང་ཁོ་ཚོའི་བར་ན་འབྲེལ་ཐག་མེད། དེ་བས་ཁོ་ཚོས་ཡིད་ཚོད་ཀྱི་སྐད་ཆ་བཤད་ཀྱིན་ཡོད་པ་ལས་བྲག་རི་དང་བྲག་རྡོ་གང་ཡིན་དངོས་སུ་མཐོང་མཁན་གཅིག་ཀྱང་མི་འདུག དགོད་སྤྲོ་བ་ཞིག་ལ་མི་མང་བོས་བྲག་རི་དང་བྲག་རྡོ་གང་ཡིན་ཡང་ང་ཚོས་རང་ངོས་ནས་ཐབས་ཤེས་འཐེན་མི་ཐུབ་པས། ས་ཡོམ་ཆེན་པོ་ཞིག་བརྒྱབས་པ་ཡིན་ན་བྲག་རྡོའམ་བྲག་རི་དེ་ཕྱོགས་ངོས་གཞན་ཞིག་ལ་འགྲིལ་འགྲོ་གི་རེད་ཅེས་ས་ཡོམ་ཞིག་རྒྱག་པའི་རེ་བ་བྱས་ནས་བསྡད་འདུག ཁོ་ཚོས་ཁ་སང་དེ་རིང་ས་ཕྱོགས་ཡར་མར་ལ་ས་ཡོམ་རྒྱག་སྟངས་དེར་བལྟས་ན་ང་ཚོར་ས་ཡོམ་ཆེན་པོ་ཞིག་ཡོང་བའི་རེ་བ་འདུག་ཟེར།

    གལ་ཏེ་ས་ཡོམ་ཞིག་བརྒྱབས་པའི་དབང་དུ་བཏང་ནའང་ས་ཡོམ་དེས་རང་ཉིད་ས་འོག་ཏུ་བཅུག་མི་ཡོང་ངམ་སྙམ་པའི་སེམས་ཁུར་མི་འདུག ཡང་བསྐྱར་བྲག་རྡོ་གཞན་ཞིག་ལམ་སྟེང་དུ་གཡུག་མི་ཡོང་ངམ་སྙམ་པའི་སེསམས་ཁུར་ཡང་མི་འདུག ས་ཡོམ་དེས་ཨ་ཁུས་ལོ་ངོ་མང་བོའི་རིང་ལ་ལས་བའི་ལམ་ཁ་དེ་རྩ་མེད་དུ་བཏང་མི་ཡོང་ངམ་སྙམ་པའི་སེམས་ཁུར་དེ་བས་ཀྱང་མི་འདུག ཚང་མས་ས་ཡོམ་སེམས་བཟང་ཞིག་ཡོང་བའི་རེ་བ་བྱེད་ཀྱིན་འདུག བྲག་རྡོ་དེའི་འོག་ཏག་ཏག་ནས་ས་ཡོམ་ཞིག་ཡོང་བའི་རེ་བ་བྱེད་ཀྱིན་འདུག

    Reply
  20. ཤག་སྒང་པ། says:
    ལོ་ 14 སྔོན།

    གནས་ཚུལ་རྦད་དེ་གསར་པ་ལྟ་བུ་ཞིག་མ་ཡིན་ཀྱང་། གནད་འགག་ཆེན་པོར་ཚོར། དུས་སྐབས་འདིར་འདི་ལྟར་གླེང་རིན་ཆེ་ལོད་ཀྱང་མི་ཤེས་པར་འདུག

    མྱི་ནག་ཚང་དང་ཆབ་བྲག་པ་གཉིས་ཀྱི་གླེང་སྟེགས་འདིར་བྱོན་ནས་རྩོད་གླེང་གཤའ་མ་ཞིག་བྱོས་དང་བློ་སྐྱེད་གོ་རྟོགས་ཧ་ཅང་ལེགས་པོ་ཡོང་ངེས་འདུག

    རྒན་ལགས་འདི་ལྟར་གསུངས་ནས་མ་བོར་ཅིག ཕེབས་དང་། དེང་སྐབས་ཁྱེད་ལ་དུས་ཁོམ་ཡང་ཕྲན་བུ་ཡོད་བཟོ་འདུག

    དབུ་མ་དང་རང་བཙན་གྱི་མི་སྣ་གཙོ་གྲས་གཉིས་ཀྱང་ཡིན།

    མི་ནག་གིས་དུས་བབ་དང་ཆབ་བྲག་པས་སཱ་ར་བསྐྱུརད་བ་ཕང་ང་ལ་ཨང་།
    ཕེབས་རོགས་གནང་། ཐུགས་རྗེ་ཆེ། ང་ཚོ་བསྒུགས་ནས་ཡོད།

    Reply
  21. རྭ་རྒྱ་བློ་དབང་། says:
    ལོ་ 14 སྔོན།

    འདིས་ཅི་ཞིག་བརྗོད་འདོད་པ་གསལ་བོ་མི་ཤེས་ཀི། བསྒྱུར་མཚམས་དང་དབེ་མཚམས་དེ་འདྲ་ཞིག་སྔར་ནས་བཟུང་གླེང་གི་ཡོད་ལ། རྒྱ་ནག་དང་ཨ་རིར་གྲོགས་འབྲེལ་བྱུང་བ་ཙམ་མ་ཟད་འཛམ་གླིང་ཧྲིལ་བོ་འགྱུར་ལྡོག་གསར་པ་ཞིག་གི་ནང་དུ་ཐིབ་རྐྱེན། དབུ་མའི་ལམ་བཏོན་པ་ནི་༸གོང་ས་མཆོག་གིས་ཡང་ཡང་གསུངས་པ་མ་ཟད། རྒྱ་རི་ཚང་སོགས་འགན་ཡོད་མི་མང་པོ་ཞིག་ཀྱང་དེ་བཞིན་གསུངས་སོང་། དོན་དངོས་ཀྱི་སེམས་ཁུར་ཅན་མང་པོ་ཞིག་གིས་འདི་ཙམ་མ་ཟད་འདི་ལས་ཀྱང་ལྷག་པ་མང་པོ་བརྗོད་མྱོང་བ་རེད། འོན་ཀྱང་། འདིའི་ཕན་ཆད་ད་དུང་མང་པོ་ཞིག་ཤེས་དགོས་རྒྱུ་ཞིག་མི་མཐོང་མོད། ཤེས་གསལ་གྱི་གནད་དོན་འདིའི་ཁ་གཏད་དུ་སྔར་བཞིན་ དབུ་མའི་ལམ། ཡང་ན་འཚེ་མེད་ཞི་བ་ཟེར་བ་ལྟ་བུའི་ཚིག་གཅིག་གཉིས་ལས་མི་རྙེད་ཁོ་ཐག་ཡིན་པ་འདྲ།

    Reply
  22. མྱི་ནག་ཚང་། says:
    ལོ་ 14 སྔོན།

    ༡༩༧༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན་ལས་དྲངས།

    ༼    བོད་གངས་ལྗོངས་སུ་གནས་པའི་རང་རིགས་རྒྱ་ཆེའི་མི་མང་རྣམས་ནས་རང་གི་ལུས་སྲོག་ཉམ་ཉེས་ལ་མི་ལྟ་བར་རང་དབང་གི་དོན་དུ་འཐབ་རྩོད་རྒྱུན་མི་ཆད་པར་བྱས་ཏེ་བཙན་འཛུལ་མཁན་རྣམས་ནམ་ཡང་བག་ཕེབས་ལྷིང་འཇགས་མི་ཐུབ་པའི་དཀའ་ངལ་བཟོ་བཞིན་པ་ལྟར་ང་ཚོ་ཕྱི་རྒྱལ་རང་དབང་ཡུལ་ཁག་ནང་ཡོད་པའི་བོད་མི་རྣམས་ནས་ཀྱང་བོད་རྒྱ་ཆེའི་མི་མང་གི་བསམ་འདུན་དང་མཐུན་པར་བོད་རང་དབང་རང་བཙན་སྒྲུབ་པའི་ལས་འགན་འདི་དག་ནི་ནམ་ཡང་འདོར་ཐབས་མེད་ཅིང༌། དེ་མིན་ཡུལ་ཁག་མི་རིགས་གཞན་དག་གི་ལས་དོན་ལ་ང་ཚོས་ཐེ་བྱུས་བྱེད་དགོས་པའི་རྒྱུ་མཚན་གང་ཡང་མེད། ༽

    Reply
  23. མྱི་ནག་ཚང་། says:
    ལོ་ 14 སྔོན།

    ་༡༩༧༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འདི་ན་འདུག་ལགས། དཔྱད་གཞི་ཙམ་དུ་དྲངས་པ་ཡིན།

        མི་སེར་སྤེལ་ཡུལ་དང༌། ཚེ་གཡོག་གི་དུས་ཚོད་ཡུན་རིང་བྱུང་རྗེས་རྒྱལ་ཁབ་མང་པོར་རང་བཙན་ཐོབ་པའི་སྐབས་སུ། ང་ཚོ་བོད་མི་ས་ཡ་དྲུག་གི་མ་འོངས་པའི་མདུན་ལམ་ཐག་གཅོད་བྱེད་པའི་རང་དབང་དང་ཐོབ་ཐང་ཡོངས་རྫོགས་བརླག་པས་མ་ཚད། བོད་མི་སྟོང་ཕྲག་མང་པོ་རང་ཁྱིམ་བྲལ་ཏེ་བཙན་བྱོལ་དུ་གྱར་བ་དང༌། དེ་ལས་ཆེས་མང་ལུས་སྲོག་ཆུད་ཟོས་སུ་གྱུར་ཡོད། གསུམ་བཅུའི་དུས་དྲན་འདིས་གོང་གི་གནས་ཚུལ་ཆ་ཚང་བ་མཚོན་པའི་ཐོག ལྷག་པར་བརྗིད་ཆགས་ཧི་མ་ལ་ཡའི་ཚུར་རོལ་གྱི་བོད་མི་སྟོང་ཕྲག་བརྒྱད་ཅུ་བརྒལ་བ་དང༌། ཕ་རོལ་དུ་ཡོད་པའི་བོད་མི་ས་ཡ་དྲུག་པོ་རྣམས་རྒྱལ་ཁབ་གཅིག་ཏུ་བདེ་སྡུག་མཉམ་མྱོང་བྱེད་པའི་སྙིང་དོན་ཡང་མཚོན་པ་ཡིན།

        གསུམ་བཅུའི་དུས་དྲན་འདིའི་ངོ་བོ་གང་ཡིན་ནམ་ཞེ་ན། བོད་དོན་ཡིན། བོད་དོན་ཞེས་པ་གང་ཡིན་ནམ། དེ་མི་རིགས་ཤིག་དང༌། རྒྱལ་ཁབ་ཅིག ལྟ་བ་ཞིག་ལ་ངོ་རྒོལ་བྱེད་པ་དེ་ཡིན་ནམ། ཡང་ན་བཙན་བྱོལ་བ་ཉུས་ཤས་ཤིག་གི་རང་ཉིད་ཀྱི་ཁེ་ཕན་ཆེད་འབད་རྩོལ་བྱེད་པ་ཞིག་ལ་ཟེར་བ་ཨ་ཡིན་སྙམ་ན། དེ་དག་གང་ཡང་མ་ཡིན། བོད་དོན་ནི་བོད་མི་མང་གི་དོན་དང༌། དེ་ཡང་བོད་མི་ས་ཡ་དྲུག་གི་གནད་དོན། མི་རིགས་ཤིག་གིས་རང་གི་མ་འོངས་པའི་མདུན་ལམ་ཐག་གཅོད་ཇི་ལྟར་བྱ་བའི་རྩ་དོན་ཡིན་པས། ཇི་སྲིད་བོད་མི་ས་ཡ་དྲུག་གི་འདོད་བློ་མ་ཁེངས་པ་དེ་སྲིད་དུ་བོད་དོན་གྱི་འཐབ་རྩོད་མུ་མཐུད་ནས་བྱ་ངེས་ཡིན།

        ངེད་རང་དྲང་བདེན་ལ་ཡིད་ཆེས་ཡོད། གལ་ཏེ་དེ་གཉིས་མེད་ན་འགྲོ་བ་མི་ཡི་རིགས་ལ་རེ་བའི་གཞི་རྩ་གཏན་ནས་མེད་པར་འགྱུར། བོད་དང༌། བོད་འདྲ་བ་རྒྱ་མིའི་བཙན་དབང་འོག་ཚུད་པའི་ཁྱིམ་མཚེས་རྒྱལ་ཁབ་རྣམས་ཐེ་བའི་རྒྱལ་ཁབ་སུ་འདྲ་ཞིག་ཡིན་ཀྱང་སོ་སོའི་རང་དབང་གི་དོན་དུ་འཐབ་རྩོད་བྱེད་པའི་ཐོབ་ཐང་ཡོད་པར་ཡིད་ཆེས་ཡོད།

        དེང་སྐབས་ལྷ་ས་དང༌། ས་མཚམས་འགའ་ཤས་ལ་ཕྲན་བུ་གུ་ཡངས་སུ་ཕྱིན་པའི་རྣམ་འགྱུར་མཐོང་ན་ཡང༌། བཙན་བྱོལ་བའི་བརྗོད་བབས་ལྟར་ན༑ སྤྱིར་བཏང་བོད་རྒྱ་ཆེའི་མི་མང་གིས་མྱོང་བཞིན་པའི་དཀའ་སྡུག་ཆུང་དུ་ནམ་ཡང་མ་ཕྱིན་པར་ད་དུང་ཤིན་ཏུ་དཀའ་ངལ་ཆེན་པོའི་ཐོག་གནས་འདུག གནས་སྟངས་དེ་འདྲའི་འོག་ཏུ་སྤྱི་ཚོགས་རིང་ལུགས་ཀྱི་ལྷ་ཡུལ་དུ་འབོད་པའི་བཟོ་གྲྭ་དང༌། འཁོར་ལམ། གནམ་ཐང་སོགས་ཡོད་པ་དང་མཉམ་དུ་ན་གཞོན་མང་པོས་རང་གི་མི་རིགས་ལྟོགས་ཤིར་འགྲོ་བ་གཉིས་མི་མཐུན་པར་མཐོང་བ་ལ་ཡ་མཚན་ཅི་ཞིག་ཡོད། གཟི་བརྗིད་དུ་རློམས་པའི་ཡར་རྒྱས་ཀྱི་ངོ་བོ་དེ་དག་གིས་སྤྱིར་བཏང་བོད་མི་རྣམས་ལ་ཁེ་ཕན་ཅི་ཡང་ཐོབ་མེད་ཅིང༌། གནད་དོན་གཅིག་རང་བྱུང་བ་ནི་གུང་བྲན་ལྟ་སྤྱོད་སློབ་སྦྱོངས་བྱས་པའི་བོད་མི་ན་གཞོན་མང་པོ་བློ་འདོད་མི་ཁེངས་པ་བྱུང་བ་དེ་ཡིན།

        བོད་མི་མང་དེ་འདྲ་བའི་དཀའ་ངལ་ཆེན་པོ་དང༌། བློ་འདོད་མི་ཁེངས་པར་གནས་པའི་རིང་ལ་ང་ཚོས་ཁོང་ཚོའི་ཚབ་བྱས་ཏེ་སྐད་འབོད་འབད་རྩོལ་བྱ་དགོས་པ་ང་ཚོའི་ལས་འགན་ཡིན་ཞིང༌། ལས་འགན་དེ་དག་ཆེ་ཞིང་ལྕི་བ་ཡིན་ན་ཡང༌། བོད་ནང་གི་སྤུན་ཟླ་མི་མང་གི་སེམས་ཤུགས་ལས་མི་ལྷག་ཀྱང་མི་ཞན་པའི་ཐོག་ནས་འབད་བརྩོན་མཐར་ཕྱིན་པ་བྱ་དགོས།

        མ་འོངས་པའི་བོད་ཀྱི་མདུན་ལམ་ལ་རེ་བ་མེད་པའི་མུན་ནག་ནམ་ཡང་མིན། རྒྱལ་སྤྱིའི་གནས་ཚུལ་མི་བརྟན་གཡོ་བའི་ཆོས་ཅན་ཡིན་པས་འཛམ་གླིང་གང་སར་འགྱུར་བ་ཆེན་པོ་འགྲོ་བཞིན་པ་ལྟར། བོད་ནང་དུ་ཡང་འགྱུར་བ་ཞིག་ངེས་པར་ཡོང་དགོས་པ་མ་ཟད། དྲང་བདེན་ང་ཚོའི་ཕྱོགས་སུ་ཡོད་ཅིང༌། མཐར་ཐུག་གི་རེ་བ་དང་སེམས་ཤུགས་ཀྱང་ང་ཚོའི་ཕྱོགས་ན་ཡོད། བོད་མི་རིགས་ཡོངས་ལ་འཚམས་འདྲི་བཅས།།    །།

    Reply
  24. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    བསམ་ཚུལ་དམར་རྗེན་དུ་བསྐྱུགས་པ་བཟང་གི བསམ་ཚུལ་འདི་དག་ཐག་གཅོད་དཀའ་བའི་གནད་དོན་རིགས་ཤིག་མ་རེད་འདོད།
    འདིར་ཞུ་འདོད་པ་གཅིག་ནི། བོད་རང་བཙན་བློས་མི་གཏོང་རང་གཏོང་གི་གནས་བབ་ངོ་མ་དེ་༡༩༥༡ལོར་བྱུང་ཟིན་པ་ཞིག་རེད། འདི་ཁས་མ་བླངས་ན་ཚང་མ་འཁྱོག་ཚར་བ་རེད། དེ་བས་རང་བཙན་བཞག་ནས་རང་སྐྱོང་གི་ལམ་གཞན་ཞིག་འཚོལ་དགོས་པ་དེ་ཡང་༡༩༧༤ལོ་ཙམ་ནས་དབུ་ཚུགས་ཚུལ་༸གོང་ས་མཆོག་གི་ཞལ་དྲོན་མོ་ནས་གསུངས་ཡོད་ལ། དེའི་དཔང་རྟགས་སྐབས་དེ་ཙམ་ནས་བཟུང་བའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན་ནང་ནས་གསལ་རྟོགས་ཐུབ་པ་ཞིག་རེད། དེས་ན་ལམ་གསར་བ་དེའི་ཇུས་འགོད་སྔར་ནས་གནང་ཟིན་པ་གང་ཞིག་ལ་ཕྱི་གསལ་ནང་གསལ་གྱི་དུས་ཚོད་དེ་༡༩༧༩ལོ་ཆགས་པ་ཙམ་ཞིག་རེད།
    བོད་མིའི་ལུགས་གཉིས་དོན་གྱི་བདག་པོས་གཟིགས་ཚུལ་དང་ཐག་གཅོད་གནང་ཚུལ་ཐད་ནས་མ་འོས་པ་དང་ནོར་འཁྲུལ་བྱུང་བར་ངོས་འཛིན་མཁན་ཡང་སྐབས་དེ་དུས་ནས་མང་པོ་ཡོད་པ་ནས་རིམ་བཞིན་ཉུང་བར་གྱུར་ན་ཡང། ད་ལྟ་ཕྱིར་ཉུང་བ་ནས་མང་བར་འགྲོ་བཞིན་པ་ཞིག་མིན་ནམ། གང་ལྟར་བདག་རང་ཉིད་ལ་མཚོན་ན་གནད་དོན་འདིར་ནོར་འཁྲུལ་དང་མི་རིགས་པ་ཞིག་གི་མཐོང་ཚུལ་གཏན་ནས་མི་ཡོང་བས་ན་ཁྱེད་ཀྱི་རྗེས་མཐུན་གྱི་བསམ་ཚུལ་ཅི་ཡང་བཤད་རྒྱུ་མེད། དེའི་ལྡོག་ཕྱོགས་ནས་ཀྱང་ཞུ་དགོས་པ་མ་མཆིས་ཏེ་ད་བར་དུ་བཤད་པ་དག་གིས་འཐུས་པ་ཞིག་རེད། དེས་ན་ད་ནི་ཁྱེད་ཅག་གི་མིག་ཤེལ་དེའི་འོག་གི་རི་མོ་ཆེ་ཆུང་སྣ་ཚོགས་ལ་ལྟད་མོ་ཞིག་ལྟ་འདོད་ཡོད་དོ།

    Reply
  25. ཤུལ་ལུང་རྡོ་རྗེ། says:
    ལོ་ 14 སྔོན།

    ཁྱེད་ཀྱིས་གསུངས་པ་ཕལ་ཆེར་ཤེས་འདོད་པ་དག་དག་རེད། གནས་དོན་འདིའི་སྐོར་ལ་དཔྱད་པ་ཞིབ་ཚགས་ཀྱིས་རྩོམ་དེབ་རེ་འདོན་ཐུབ་ན་ཧ་ཅང་། ཁྱེད་ཅག་ལ་གནས་ཚུལ་ཤེས་རྟོགས་དང་རྒྱུས་ལོན་བགྱི་གོ་སྐབས་དང་ཆ་རྐྱེན་འཛོམས་ཡོད་ཁར།
    གནད་དོན་འདིར་སྐོར་ལ་ཐུགས་སྣང་ཀྱང་མཛད་ཀྱིན་འདུག་པས། ལེགས་འགྲུབ་ཀྱང་ཡོང་ངེས་རེད།
    ཅི་སྟེ་དེ་ལྟར་བྱུང་ན་བོད་མི་གང་མང་ལ་རང་རང་ཤེས་དང་། རང་རང་གི་གནས་བབ་གསལ་བོར་འགྱུར་རྒྱུ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese