མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འདི་ན་གསལ་བཤད་ཅིག་ཡོད།

བོད་ཀྱི་དུས་བབ།
༢༠༡༢/༠༨/༢༧
Share on FacebookShare on TwitterShare on EmailShare on Whatsapp

ཚེ་རིང་ཟླ་བ།

བཙན་བྱོལ་སྤྱི་ཚོགས་འདི་ཆུང་དྲགས་པས་ཡིན་ནམ། དེ་ལ་དཔག་པའི་ཆབ་སྲིད་པ་མང་དྲགས་པས་རེད་དམ། ཡང་ན་སྐབས་འཚོལ་རིང་ལུགས་པ་མང་དྲགས་པས་ཨེ་ཡིན། དེ་མིན་ན་ཆབ་སྲིད་ཀྱི་གནས་བབ་ལ་འགྱུར་བ་ཅུང་ཟད་ཕྱིན་པའམ། རྒྱུན་གཏན་མ་ཡིན་པའི་གནས་ཚུལ་ཅུང་ཟད་ཅིག་བྱུང་ཚེ། བུན་པ་གནམ་འཆར་གྱིས་སྐྱེ་བོ་ཀུན་གྱི་འདྲེན་བྱེད་རབ་རིབ་ཏུ་བསྒྱུར་དོན་ཅི་ཡིན་ནམ།

དཔེར་ན་ཉིས་སྟོང་བཅུ་གཅིག་ལོར་བོད་གཞུང་དགའ་ལྡན་ཕོ་བྲང་ཟེར་བའི་ཐ་སྙད་དེ་ཕྱིར་བསྡུ་གནང་སྟེ། བོད་མིའི་སྒྲིག་འཛུགས་སུ་བསྒྱུར་བཅོས་གནང་སོང་། དེ་ནི་སུ་གང་གིས་དྲག་པོའི་དཔུང་དང་། མང་པོའི་སྟོབས་ལས་བཅོས་པ་མ་ཡིན་པར་༸གོང་ས་མཆོག་རང་གི་ཐག་གཅོད་རེད། དེ་དུས་གནས་ལུགས་རྟོགས་དང་མ་རྟོགས་པ་ཀུན་འུར་ཆིལ་ལེར་བཏང་སོང་། ཐུགས་ཁག་ཀྱང་མེད། འོན་ཏང་མགོན་པོ་ཉིད་དང་སྐབས་དེའི་བཀའ་ཁྲི་གཙོས་པའི་གཞུང་འཛིན་མི་སྣ་དག་གིས་དེའི་དགོས་དམིགས་དང་རྒྱུ་མཚན་སོགས་འགྲེལ་བརྗོད་གནང་བ་མ་ཟད། དོན་དེར་དམིགས་ཏེ་ངྷ་སར་བོད་རྒྱལ་ཡོངས་ཚོགས་འདུ་ཆེན་མོ་བསྡུས་ཏེ་ཐག་གཅོད་གཙང་མ་ཟིན་པ་རེད། དེའི་དོན་དང་དགོས་དམིགས་ཕལ་ཆེར་ལོང་ལྐུགས་ཀྱིས་ཀྱང་རྟོགས་ཚོད་ཡིན།

ཉེ་ཆར་༸གོང་ས་མཆོག་ལ་དྭགས་སུ་ཆོས་འབྲེལ་བསྐྱངས་སྐབས་དོན་དེར་ཐུགས་ཕམ་དང་བཅས་སླར་ཡང་འགྲེལ་བརྗོད་ཅིག་མཛད་སོང་མོད། ད་དུང་ཡང་བཀའ་ལ་ངེས་དྲང་འགྲེལ་བ་དང་། ཡང་ན་མ་རྟོགས་པའི་ཟོལ་གྱིས་སྤྱི་ཚོགས་དཔུང་རོགས་སུ་འདྲེན་མཁན་མང་དུ་འདུག སྐབས་དེ་དང་དེིའི་དུས་སུ་གཞོན་ནུ་ལྷན་ཚོགས་ཀྱིས་འཕྲལ་དུ་གསར་འགོད་གསལ་བསྒྲགས་སྤེལ་དེ་བོད་གཞུང་དགའ་ལྡན་ཕོ་བྲང་རང་ལས། གསར་བསྒྱུར་བྱས་པའི་བོད་མིའི་སྒྲིག་འཛུགས་བྱ་བའི་ཐ་སྙད་ལ་ངོས་ལེན་མེད་སྐོར་གླེང་སོང་ལ། ལྷ་བཟང་ཚེ་རིང་དང་། འཇམ་དབྱངས་ནོར་བུ་སོགས་ཀྱིས་ཀྱང་སྔ་གཞུག་མི་མཐུན་པའི་སྐད་ཆ་མང་དུ་གླེང་སོང་། དེ་དག་ལས་འགའ་ཞིག་ནི་ཆབ་སྲིད་ཀྱི་དགོས་མཁོ་དང་། ལ་ལ་ནི་ལྟོ་གྲོད་ཀྱི་སླད་དུ་དང་། ཁ་ཤས་ཤིག་ནི་སྙིང་ཆུང་དྲགས་པས་བཟོད་མ་ཐུབ་པ། ཡང་ཁ་ཅིག་ནི་དོན་དམ་པའི་ཤེས་ཚད་དམའ་བས་དོན་ཇི་བཞིན་མ་རྟོགས་པ་སོགས་ཡོད་ངེས་པས་ཅི་ཁག་ཀྱང་། བོད་ཡིག་གི་ཆུ་ཚད་གང་འཚམ་ཡོད་ཟེར་མཁན་དག་གིས་ཀྱང་མཉམ་དུ་ངུས་ཡོང་དུས་རང་ནུས་ལ་དཔག་པའི་གསལ་བཤད་ཅིག་བྱ་དགོས་སྙམ་པ་འཆར།

འགའ་ཞིག་གིས་༸གོང་ས་མཆོག་གིས་ཆུ་བོའི་གཞུང་དང་། ལུང་གཞུང་སོགས་བོད་སྐད་དུ་གཞུང་ཡིན་ན་སྲིད་གཞུང་ཡིན་མི་དགོས་པར་གསུངས་པའི་ཚིག་ཟུར་བཟུང་སྟེ། འོ་འདི་ལྟར་ཏེ། བོད་མིའི་སྒྲིག་འཛུགས་ཟེར་བ་མི་འགྲིག ༸གོང་ས་མཆོག་གིས་གཞུང་ཡིན་ན་སྲིད་གཞུང་ཡིན་པས་མ་ཁྱབ་པར་གླེང་བས། ང་ཚོས་མུ་མཐུད་བོད་གཞུང་ཟེར་དགོས་ཟེར། དེ་དག་གིས་མགོན་པོ་གང་གི་བཞེད་ཕུགས་རྟོགས་མི་འདུག་སྟེ། ཁོང་གིས་བོད་སྐད་དུ་གཞུང་ཡིན་ན་བོད་གཞུང་ཡིན་པས་མ་ཁྱབ་ཀྱང་། དབྱིན་སྐད་དུ་ (Government)ཡིན་ན་གཞུང་ཡིན་པས་ཁྱབ་སྟབས། (Exile Tibetan Government) ཡིན་ན་བཙན་བྱོལ་བོད་གཞུང་རང་དུ་གོ་བས། བོད་གཞུང་ཞེས་པའི་ཐ་སྙད་འདི་ཕྱིར་བསྡུ་བྱས་པ་ཡིན་གསུངས། སྤྱིར་གཞུང་ཡིན་ན་སྲིད་གཞུང་ཡིན་པས་མ་ཁྱབ་པ་གོང་སྨྲོས་ལྟར་ཡང་། བོད་སྐད་ཡིག་ལ་རྒྱུས་མངའ་གང་འཚམ་ཡོད་མཁན་ཞིག་ཡིན་ན་གནད་འདི་ཙམ་ལ་མི་རྨོངས་ཏེ། ཐ་སྙད་གང་ཡང་རུང་བ་ཞིག་བེད་སྤྱོད་བཙན་པ་དང་ཁྱབ་ཆེ་བའི་དབང་གིས་དོན་བྱེ་བྲག་པར་རང་ཤུགས་ཀྱིས་འགྲོ་བ་ཡོད་དེ། དཔེར་ན། ཡུལ་ལུང་ལ་ལར་ཨ་ཅེ་ཟེར་ན་བུད་མེད་སྤྱིར་གོ་བ་དང་། ཡུལ་ལ་ལར་བཟའ་ཟླ་གཅིག་བུར་གོ་བ་ཡིན། དེ་བཞིན་དུ་སྐྱེ་དམན་ཟེར་ན་བུད་མེད་སྤྱིའི་ཐ་སྙད་དུ་ངོས་འཛིན་མོད། ཡུལ་ལ་ལར་བཟའ་ཟླ་ཁོ་ནར་གོ་བ་ཡིན། དེ་ནི་ཐ་སྙད་དེ་ཡུལ་ལུང་དེ་དག་དུ་དོན་བྱེ་བྲག་པར་སྤྱོད་ཆེ་བས་དོན་དེ་ཉིད་ལས་གཞན་དུ་མི་གོ་བ་ལྟ་བུ་ཡིན། དེ་ལྟར་གཞུང་ཡིན་ན་སྲིད་གཞུང་ཡིན་པས་མ་ཁྱབ་ཀྱང་རང་ཅག་ཁ་བའི་ལྗོངས་སུ་ཡུལ་མི་རང་བཞིན་པའི་སྐད་དུ་གཞུང་ཡིན་ན་སྲིད་གཞུང་རང་དུ་གོ་བ་ཁྱབ་ཆེ་བས། དབྱིན་ཡིག་གི་ (Government) ལྟ་བུའི་ནུས་པ་ཡོད་སྟབས་གཞུང་བྱ་བའི་ཐ་སྙད་དེ་ཕྱིར་བསྡུ་བྱས་པ་ཡིན་ལགས།  འདི་ཕྱིར་བསྡུ་གནང་མཁན་ཡང་༸གོང་ས་མཆོག་ཡིན་པས། ད་དུང་ཡང་ཨུ་ཚུགས་ཀྱིས་ངུས་ན་མགོན་པོ་གང་ཐུགས་ཕམ་དང་ཕམ། མ་ཟད་གོང་སྨོས་ལྟར་དོན་དེ་སྐབས་དེའི་བོད་གཞུང་དམངས་ཚོགས་ཆེན་སྟེང་མང་མོས་ཀྱིས་ཐག་བཅད་ཟིན་པས་ཐུགས་སྣང་ཅན་དག་གིས་གཟིགས་འདོད་གསན་འདོད་ཡོད་ན། སྐབས་དེའི་བརྙན་འཕྲིན་འཁོར་ཐག་དག་ལས་མཁྱེན་ཐབས་མཛོད།

སེམས་ཆུང་བ་འགའ་ཞིག་ཐ་སྙད་དེ་ཕྱིར་བསྡུ་བྱས་པས་མྱ་ངན་གྱིས་ནོན་ཏེ་ཉིན་མཚན་མི་འཁྱོལ་བའི་གནས་སུ་ལྷུང་ཡོད་ཚོད་འདུག་ལ། ད་ལྟ་སྡུག་ཡུས་བཤད་ས་དྲྭ་ལམ་ལས་མི་འདུག་ཟེར། ངའི་འདོད་པ་ལྟར་ན། མི་རིགས་ལ་ལ་རྒྱ་དང་བརྩེ་བ་ཡོད་པ་ལེགས་ཀྱང་། བུ་གླེན་པའི་བརྩེ་བས་རང་གཞན་ཕུང་བ་ལས་གཞན་མེད། བོད་གཞུང་དགའ་ལྡན་ཕོ་བྲང་བྱ་བ་ཕྱིར་བསྡུ་ཟིན་ཡང་། བོད་ཕྱི་ནང་གཉིས་ཀྱི་བོད་མི་བརྒྱ་ཆ་དགུ་བཅུ་གོ་དགུས་ངུས་མ་སོང་ལ་བརྒྱལ་ཡང་མ་སོང་། དེ་ལས་ལྡོག་སྟེ་རང་གིས་ཅི་ཡང་མི་འཇོན་མ་ལས་པར་༸རྒྱལ་བ་གང་དང་བོད་མིའི་སྒྲིག་འཛུགས་ལ་སྐྱོན་གྱི་མཛུབ་མོ་ཉིན་མཚན་དུ་འཛུགས་ཀྱིན་པ་འགའ་ཤས་ཀྱིས། ངོ་མ་ངུས་སོང་། བརྒྱལ་སོང་། ཁོང་ཚོའི་ངུ་ས་དང་བརྒྱལ་ས་ཡང་རྒྱལ་སྤྱིའི་གསར་ལམ་ཁག་དང་དྲྭ་རྒྱ་ཁག་རེད།  ཁྱི་ངན་སྐར་མར་ཟུག་པར་རང་ཉིད་ཀྱང་དེའི་ཕྱི་བཞིན་དུ་དྲངས་ན་དོན་མེད་ཀྱི་སྡུག་བསྔལ་རེད། ཚིག་སྡུག་ཙམ་སྨྲས་ན་རང་སྡུག་རང་གིས་ཉོས་པ་རེད། དེ་ལས་གཞན་བོད་གཞུང་བྱ་བའི་ཐ་སྙད་ཕྱིར་བསྡུ་བྱས་ཀྱང་། མང་གཙོའི་ཀ་བ་གསུམ་ལྡན་གྱི་སྒྲིག་འཛུགས་འདིའི་གྲྭ་ཟུར་ཙམ་ཡང་ཉམས་མ་སོང་ལ། རྒྱ་ནག་གཞུང་གིས་ད་བོད་གཞུང་ཕྱིར་བསྡུ་བྱས་སོང་། ཁྱོད་ཚོ་བོད་ལ་ལོག་ཤོག་ཟེར་མ་སོང་། ལྷག་པར་དུ་བོད་ཕྱི་ནང་གཉིས་ན་འཁོད་པའི་བོད་མི་རྣམ་པས་སྒྲིག་འཛུགས་འདིར་འཛིན་པའི་རྣམ་འགྱུར་ལ་སྤུ་རྩེ་ཙམ་ཡང་གཡོ་འགུལ་བྱུང་བར་སྔར་ལས་ལྷག་པའི་ལས་འགུལ་སྤེལ་བཞིན་འདུག་པས། དོན་མེད་ཀྱི་སྡུག་བསྔལ་མ་གནོངས་ཞེས་ཞོར་འཕྲོས་ཙམ་དུ་གླེང་བ་ཡིན། དེ་ལས་ཀྱང་ད་ནི་བླ་བྲང་བྱེ་བྲག་པ་དང་ཆོས་བརྒྱུད་བྱེ་བྲག་པའི་མིང་ཐོག་ནས་འཛིན་བཞིན་པའི་གཞུང་དེ་ཕྱིར་བསྡུ་མཛད་དེ། དོན་དམ་པའི་མང་གཙོའི་མཚན་ཉིད་ཚང་བའི་བོད་མིའི་སྒྲིག་འཛུགས་ངོ་མ་ཞིག་ཏུ་གྱུར་སོང་ངོ་།། །།     

 

འབྲེལ་ཡོད་གསར་འགྱུར།

བོད་ནང་གི་ན་གཞོན་གཞས་པ་ཨ་སངས་ལགས། པར་དུས་བབ་ཀྱིས་ཕྱོགས་སྒྲིག་བྱས།
Mobile App

གཞས་པ་ཨ་སངས་ལགས་མུ་མཐུད་བཀག་ཉར་འོག་ཡོད་འདུག

ཆུ་ཚོད་ ༢༤ སྔོན་ལ།
Zhang Youxia (front), newly-elected Vice Chairman of the Central Military Commission of the People's Republic of China, swears an oath with members of the Central Military Commission (L-R) Zhang Shengmin, Liu Zhenli, He Weidong, Li Shangfu, and Miao Hua, after they were elected during the fourth plenary session of the National People's Congress (NPC) at the Great Hall of the People in Beijing. photo credit: Reuter
Mobile App

རྒྱ་ནག་གཞུང་གིས་དམར་ཤོག་དཔོན་རིགས་དགུ་ཕྱིར་ཕུད་བཏང་།

༢༠༢༥/༡༠/༡༨
མོན་ཡུལ་འཕགས་བོད་མཛའ་འབྲེལ་ཚོགས་པས་༧གོང་ས་མཆོག་ལ་མནྜལ་བརྟན་གསུམ་འདེགས་འབུལ་ཞུས། ༢༠༢༥།༡༠།༡༨ དུས་བབ་ཀྱི་པར།
Mobile App

མོན་ཡུལ་འཕགས་བོད་མཛའ་འབྲེལ་ཚོགས་པས་༧གོང་ས་མཆོག་ལ་མནྜལ་རྟེན་གསུམ་འདེགས་འབུལ་ཞུས།

༢༠༢༥/༡༠/༡༨
Richard Gere receiving the Human Rights First Visionary Award. Photo: ICT
Mobile App

བོད་དོན་རྒྱབ་སྐྱོར་བ་རེ་ཆར་ཌི་གྷེ་རེ་ལགས་སུ་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་ཐོབ།

༢༠༢༥/༡༠/༡༧
Mobile App

སེར་བྱེས་མཁས་སྙན་གྲྭ་ཚང་གིས་༧སྐུའི་གོ་སྟོན་གྱི་བྱམས་བརྩེའི་ལོ་སྲུང་གཙི་ཞུས།

༢༠༢༥/༡༠/༡༧
Mobile App

བོད་ནང་ཤོག་སྦག་གི་སྒྱུ་རྩལ་འགྲེམས་སྟོན་བྱེད་མཁན་ལ་ཉེས་ཆད་བཅད།

༢༠༢༥/༡༠/༡༦

མཆན། 26

  1. གྲ་ཕྱི་བུ། says:
    ལོ་ 13 སྔོན།

    གསེར་འབྲུག་སྡེར་ལྔ་ལགས། སྐུ་རླུང་དེ་ཙམ་མ་གནང་། སྐུ་གཟུགས་ལ་གནོད་ཡོང་། སྐུ་ཉིད་བོད་རང་དབང་སློབ་ཕྲུག་ཚོགས་པའི་ཚོགས་མི་ཡིན་པར་རྗེས་སུ་ཡི་རང་ཡོད་ལ། རང་བཙན་གྱི་ལྟ་བ་ཡོད་མཁན་ཞིག་ཡིན་པར་ཡང་ཐུགས་རྗེ་ཆེ། འོན་ཏང་རྩ་དོན་ནི་མི་རེ་རེའི་མགོ་སྟེང་དུ་ལྷུང་བའི་འོས་འགན་ཞིག་ལས། ཚོགས་པའམ་ལྟ་བའི་རྗེས་སུ་འབྲངས་དགོས་ཨེ་ཡོད་ན། གལ་ཏེ་ཡོད་དབང་དུ་བཏང་ནའང་རང་གི་ལྟ་བ་བཟུང་ཞིང་། དེའི་སྟེང་ནས་ལས་འགུལ་སྤེལ་དགོས་པ་ལས། ཁག་གཞན་ཞིག་ཏུ་བཏགས་ཏེ་རང་དང་ལྟ་བ་མི་མཐུན་པར་ཅིའི་ཕྱིར་སྐྱོན་བརྗོད་གནང་གིན་ཡོད། ལྷག་པར་དུ་ཁྱེད་ཀྱིས་གཟས་ས་དང་དམིགས་ས་བཙན་བྱོལ་བའི་སྒྲིག་འཛུགས་འདི་དང་། ༸གོང་ས་མཆོག་ལ་ཡིན་དོན་ཅི་ཡིན་ནམ། དེས་ཉིད་ཀྱི་ལྟ་བ་སྒྲུབ་ཕྱོགས་ལ་ཞབས་འདེགས་སུ་འགྲོ་གིན་འདུག་གམ། ངས་གཞོན་ནུ་ཚོགས་པ་དང་བོད་རང་དབང་སློབ་ཕྲུག་ཚོགས་པ་སོགས་ལ་ཅི་ཡང་འཕྱ་མ་མྱོང་ལ། འཕྱ་དགོས་དོན་ཡང་མེད་མོད། སུས་རྒྱུ་མཚན་མེད་པར་༸རྒྱལ་བ་གང་དང་སྒྲིག་འཛུགས་འདིར་དོན་དང་ཡེ་མི་མཚུངས་པའི་ངན་སྨྲས་བྱས་ཚེ། ཁ་བཙུམ་ནས་སྡོད་མི་ཐུབ་པས་དགོངས་འགལ་མེད་པར་ཞུ། རྒྱུ་མཚན་ནི་སྒྲིག་འཛུགས་འདི་བཞིན་བཙན་བྱོལ་བའི་བོད་མི་ཉམས་ཐག་ཚོ་དང་། དགོན་སྡེ་ཁག སློབ་གྲྭ་ཁག ཚོགས་སྡེ་གཞན་དག་ལ་མེད་ན་མེད་ཐབས་མེད་ལ། བོད་ཀྱི་མ་འོངས་པར་ཡང་མེད་ན་མེད་ཐབས་མེད་པའི་གནད་མཐོང་བས་ཡིན་ནོ།།

    Reply
  2. གསེར་འབྲུག་སྡེར་ལྔ་ says:
    ལོ་ 13 སྔོན།

    ཡུལ་ཡར་རླུང་ན་བོད་ཀྱི་རིག་གནས་ཀྱི་འབྱུང་ཁུངས་ཡིན་སྙམ་མ་གཏོག་རྒྱ་རྗེ་ཡོང་ས་རེད་བསམ་བསམ་སེམས་པའི་ཡུལ་ལ་ཡང་མེད། རྫིག་གཏམ་བཤད་རྒྱུ་བཞོགས་ཨ།
    འོ་ན་ངས་གཤམ་འོག་ན་བཤད་པའི་སྐད་ཆ་དེ་ཚོ་སུ་ལ་བརྗོད་རྒྱུའི་ཆེད་དུ་རེད། མིག་བགྲད་ནས་ལྟོས་ཨ། ངའི་གཤམ་འོག་གི་སྐད་ཆ་དེ་ཚོ་རང་འཚོ་ཤོར་། རང་བཟོ་ཉམས་པའི་རྣམ་འགྱུར་ཡ་མ་བརླ་ཅན་གྱི་མགོ་གཉིས་མའི་ཆབ་སྲིད་ཚོང་པ་མགོ་ནང་ཁུལ་མ་གཏོག་བརྡུང་མི་ཤེས་མཁན་ཚོར་ཡིན། དེ་ཚོས་ནམ་རྒྱུན་༧སྐུ་མདུན་ལ་དད་པ་ཡོད་མདོག་གིས་ལམ་དབུ་མ་དང་ལྟ་གྲུབ་མི་མཐུན་པ་ཞིག་བཤད་ཀྱིན་འདུག་ན་༧སྐུ་མདུན་ལ་མཚན་དམོད་ཞུས་རབས་དང་དད་པ་དང་བཀའ་དྲིན་རྗེས་དྲན་མེད་རབས་བཤད་ནས་སྨྲ་བརྗོད་རང་དབང་ལ་ཚོད་འཛིན་བྱེད་པའི་ལམ་ལུགས་ཀྱི་སྨྱུག་རྩེ་ནང་ཁུལ་གཅིག་པུར་གཏད་ནས་བླ་སློབ་བར་དབྱེན་སྦྱོར་ལས་ཁོ་ན་མ་གཏོག་སྨྱུག་རྩེ་ཕྱི་ལ་གཏད་མི་ཤེས་མཁན་གྱི་འདུ་ཤེས་ཡ་མ་བརླ་ཅན་ཚོར་ཡིན། དེའི་ནང་གི་གཅིག་ཁྱོད་ཡིན། བྱས་ཙང་ཡག་པོ་བྱས་ནས་ལྟོས་ཨ། ཡག་པོ་བྱས་ནས་ཉོན་ཨ། ཁྱོད་ཚོ་དེ་འདྲའི་༧སྐུ་མདུན་ལ་བཅངས་པའི་དད་པ་ཡང་དག་ཞིག་ཡོད་ན་བླ་མེད་ཀྱི་དབུ་འཁྲིད་དང་མི་དམངས་བར་དང་བླ་སློབ་ཀྱི་དམ་ཚིག་ལ་དབྱེན་སྦྱོར་མ་བྱེད་ཅིག། མ་ཟད་ངས་གཤམ་འོག་ན་བཤད་པའི་སྐད་ཆའི་ནང་མངོན་སུམ་འཛེམ་མེད་ཀྱིས་༧སྐུ་མདུན་ལ་མཚན་དམོད་དང་ངོ་རྒོལ་བྱེད་མཁན་དེ་ཚོར་སྨྱུག་རྩེ་བསྐོར་ཙམ་ཡང་མི་བྱེད་པའི་རྒྱུ་མཚན་ཅི་རེད་ཞེས་དྲིས་ཡོད། ལན་གསལ་པོ་ཞིག་རྒྱོབ་ཤོག་ཨ།

    Reply
  3. ཡར་ཀླུང་ལྷ་རྗེ། says:
    ལོ་ 13 སྔོན།

    གསེར་འབྲུག་སྡེར་ལྔ་། ཁྱེད་ཀྱི་གཤམ་འོག་སྐད་ཆ་དེ་ཚོས་སུ་ལ་བརྗོད་རྒྱུའི་ཆེད་ཡིན་ནམ། ད་འདུག་ས་བསྡད་ན་ལེགས་དེ་མིན་དམིགས་ཡུལ་གཞན་གྲུབ་རྒྱུའི་དོན་དུ་འཆལ་གཏམ་ཚོད་འཛིན་བྱས་ན་མ་ལེགས་སམ།
    འོ་ན་༧སྐུ་མདུན་ནུབ་ཕྱོགས་སུ་ཕེབས་དུས་གསུང་ཆོས་གནང་ས་མང་པོ་ཞིག་གི་གསུང་ཆོས་རྭ་བའི་ཁ་གཏད་དུ་ལངས་མཁན་མི་རིགས་འདྲ་མིན་དང་བོད་པ་ཡང་མི་ཉུང་བ་ཞིག་འདུག། སྐད་འདྲ་མིན་སྣ་ཚོགས་ཀྱི་སྒོ་ནས་(ཏཱ་ལའི་བླ་མ་སྐྱག་རྫུན་མ་ཤོད། ང་ཚོར་ཆོས་དད་རང་མོས་དགོས་ཡོད་)ཞེས་སྡུག་སྐད་སྣ་ཚོགས་རྒྱག་བཞིན་པ་དེ་ཚོ་མཐོང་དུས་ང་ནི་རང་བཞིན་གྱིས་སེམས་ནང་མེ་འདྲ་ཞིག་འབར་ཡོང་གི་འདུག་ཀྱང་ནུབ་ཕྱོགས་ན་དམངས་གཙོ་དང་སྨྲ་བརྗོད་རང་དབང་ཆ་ཚང་ཡོད་ཙང་བྱ་ཐབས་ཟད་ནས་དམོད་ངན་བོར་རྒྱུ་མ་གཏོགས་ཅང་ལྷག་མི་འདུག།
    ང་ལྟ་བུ་ལ་མཚོན་ན་བོད་རང་བཙན་སློབ་ཕྲུག་ཁོངས་སུ་ཡོད་པ་རེད་ལ་བོད་རང་བཙན་ནི་ངའི་ལྷན་སྐྱེས་ཀྱི་ཐོབ་ཐང་ཡིན་ལ་སུས་ཀྱང་འགོག་མི་ཐུབ་ལ་སུས་ཀྱང་རྡོག་རོལ་གཏོང་མི་ཐུབ། ཁ

    Reply
  4. གསེར་འབྲུག་སྡེར་ལྔ་ says:
    ལོ་ 13 སྔོན།

    སྐུ་ངོ་ཚེ་རིང་ཟླ་བ་ལགས།
    དབྱིན་ཡིག་གི་ཐ་སྙད་ལ་གཙིགས་འཛིན་གྱིས་བོད་ཡིག་གི་ཐ་སྙད་བཙན་བྱོལ་བོད་གཞུང་ཞེས་པས་བཙན་བྱོལ་གཞུང་ལ་དཀའ་ཁག་ག་འདྲ་བཟོ་སྲིད་ཀྱི་རེད། ཡིན་ཅིག་འགྱུར་བ་གཏོང་དགོས་པའི་རྒྱུ་མཚན་མ་མཐོང་། མ་གཞི་ནས་བཙན་བྱོལ་བོད་གཞུང་ཞེས་པའི་ཐ་སྙད་སྐམ་པོ་བ་དེ་བེད་སྤྱོད་བཏང་ནས་ལོ་ངོ་ཇི་ཙམ་སོང་བ་རེད། ༧སྐུ་མདུན་ཆབ་སྲིད་གྲེས་ཡོལ་ལ་ཕེབས། བོད་གཞུང་དགའ་ལྡན་ཕོ་བྲང་སྲིད་དབང་ཡང་རྒྱལ་ཁའི་ངང་མཇུག་སྒྲིལ། བཙན་བྱོལ་བོད་གཞུང་ཞེས་པའི་ཐ་སྙད་སྐམ་པོ་དེ་ཡང་བཙན་གྱིས་སྒྲིག་འཛུགས་ལ་བཅོས་བསྒྱུར་བཏང་། ད་བྱས་ན་དུས་རབས་གསར་པའི་སྲིད་སྐྱོང་དུ་གྲགས་པའི་སེངྒེ་ཚང་ལ་སྒྲིག་འཛུགས་ཀྱི་ཚོགས་པ་གཅིག་རེད་པ། བྱས་ཙང་ཆ་རྐྱེན་ཅི་ཡང་མེད་པར་མེས་རྒྱལ་ཁྱིམ་ཚང་ཆེན་མོའི་དཔང་དུ་ལོག་རྒྱུའི་སྟ་གོན་མིན་ནམ། ཡག་པོ་རེད་གདན་དྲངས་རོགས་བྱས་ན་དེ་ལས་ལྷག་ཅིག་ཅི་དགོས།
    འོན་ཀྱང་ང་གཉིད་སྐྱིད་དུ་མི་འཇུག་པ་ནི་ངེད་ད་ལྟའི་མི་རབས་གསར་པ་དང་འབྱུང་འགྱུར་གྱི་མི་རབས་རྣམས་ལ་ལྟ་བཟོ་གཏད་བཟོ་དང་ཆགས་ས་བརྟེན་ས་མེད་པ་དེ་རེད།
    དེ་ནི་ང་རང་ལྟ་གྲུབ་མི་གཅིག་པས་ཡིན་རྒྱུ་རེད། མ་གཞི་ནས་དུས་ཀྱི་འགྱུར་བ་དང་ལྷན་དུ་དུས་རབས་ཀྱི་འགན་འཁྲི་དང་མི་རིགས་ཀྱི་འགན་འཁྲི་ཡོད་ཚད་མི་རབས་གསར་པའི་ཕྲག་སྟེང་དུ་གཡོལ་དུ་མེད་པ་རང་བཞིན་གྱིས་འབབ་ཡོང་བ་དེ་ཆོས་ཉིད་ཡིན་ཙང་། མི་རབས་གོང་མ་ཚོས་མི་རབས་གསར་པར་བསམ་བློ་གསར་པ་དང་ལྟ་བ་གསར་པ་ཞེས་པའི་ལྷན་པ་ནག་པོ་ཞིག་བརྒྱབ་ནས་ཁང་ར་མ་བྱེད་རོགས། ང་ཚོས་མི་རབས་གོང་མ་ཚོར་གུས་བརྩི་ཞུ་གི་ཡོད་མ་གཏོག་ཀླད་པ་ལྗང་ཁུ་དང་རྒྱ་དངུལ་ཏཱ་ཡང་དང་བོད་ཚོང་བྱེད་མཁན་རེད་ཟེར་ན་འགྲིགས་ཀྱི་མ་རེད་པ།
    གང་ལྟར་མྱང་དང་མྱོང་རྒྱུ་ནི་མི་གསར་པ་དང་འབྱུང་འགྱུར་གྱི་མི་རབས་རྗེས་མ་རྣམས་རེད། དཔེར་ན་བོད་ནང་གཅིག་གཟིགས་དང་། རང་ལུས་བོད་དང་བོད་མི་རིགས་ཀྱི་ཆེད་ལེགས་སྐྱེས་སུ་ཕུལ་མཁན་མང་ཆེ་བ་གཞོན་སྐྱེས་དར་དམར་འོག་ཚར་ལོངས་བྱུང་བ་རྐྱང་རྐྱང་རེད། དེས་ག་རེ་མཚོན་པ་རེད་ལབ་ན་མི་རབས་གསར་པས་འགན་འཁྲི་དང་ལེན་ཞུ་གི་ཡོད་པའི་འབྲས་རྟགས་ཡང་དག་རེད་ལ། བཙན་བྱོལ་ན་མཚོན་ན་གཞོན་ནུ་དང་བོད་རང་བཙན་སློབ་ཕྲུག་ཚོགས་པ་ཚོས་གང་ནུས་ཀྱིས་བོད་དང་བོད་མི་རིགས་ཀྱི་འགན་འཁྲི་དང་ལེན་ཞུ་བཞིན་པར། ལྟ་གྲུབ་མི་མཐུན་པ་རྒྱུ་མཚན་དུ་བྱས་ནས་༧སྐུ་མདུན་གྱི་དགྲ་ཟླར་འཛིན་པའི་འདུ་ཤེས་ཡ་མ་བརླ་འདི་ཅི་འདྲའི་ཡིད་སྐྱོ་བ་མ་རེད་པས། དཔེར་ན་ང་ལྟ་བུ་ལ་མཚོན་ན་བོད་རང་བཙན་སློབ་ཕྲུག་ཁོངས་སུ་ཡོད་པ་རེད་ལ་བོད་རང་བཙན་ནི་ངའི་ལྷན་སྐྱེས་ཀྱི་ཐོབ་ཐང་ཡིན་ལ་སུས་ཀྱང་འགོག་མི་ཐུབ་ལ་སུས་ཀྱང་རྡོག་རོལ་གཏོང་མི་ཐུབ།
    བྱས་ཙང་ང་ཚོའི་མངོན་འདོད་ནི་རང་བཙན་གཙང་མ་ཡིན་ཙང་བོད་གཞུང་ཞེས་པའི་ཐ་སྙད་སྐམ་པོ་དེ་ཡང་མ་མཁོ་རང་མཁོ་རེད།
    འོ་ན་མི་ལོ་དྲུག་བཅུ་ལྷག་ཙམ་ནང་ཐ་སྙད་སྐམ་པོ་དེ་ཅིའི་ཕྱིར་འགྱུར་བ་མ་བཏང་པ་རེད། ཅིའི་ཕྱིར་ད་བར་དཀའ་ཁག་མ་ཕྲད་པ་རེད། ངོས་ལེན་མེད་པ་ནི་རྒས་པོ་ནེའེ་རུའི་སྐབས་ནས་མ་རེད་པས།
    དེའི་བསྐོར་ཉིད་ཀྱིས་ལྟ་བ་ནམ་མཁའ་གཅིག་པུར་མ་ལྡིང་བར་མི་ཕམ་ཚངས་ཐིག་གི་གསུང་ལ་ཡང་ཏོག་ཙམ་གཟིགས་དང་རྒྱུ་མཚན་མེད་པ་རེད་མི་འདུག།
    དེ་ནས་ལྷ་བཟང་བསྐོར་ཆ་རྒྱུས་དེ་ཙམ་མེད། འོན་ཀྱང་འཇམ་ནོར་ལགས་བསྐོར་རྒྱུས་མངའ་ཏོག་ཙམ་ཡོད། ངས་ཁོང་གི་རྩོམ་ཡིག་དང་དྲ་རྒྱ་ལ་མིག་ཉུལ་གང་འཚམ་རྒྱག་གི་ཡོད་ལ། སྐབས་རེ་ཁོང་གི་གྲོ་གླེང་ལ་ཅུང་ཟད་ཉན་གྱི་ཡོད། འོན་ཀྱང་བསམ་ཡུལ་ལས་འདས་པ་ཞིག་ལ་༧སྐུ་མདུན་ལ་མཚན་དམོད་དང་བཀུར་འདེབས་ཞུས་པ་ཞིག་ངས་མཐོང་ཐོས་མ་བྱུང་། འོན་ཀྱང་མ་མཐོང་ཉིད་ན་མེད་པ་མིན་བྱས་པ་རེད། དྲ་རྒྱ་གང་དུ་འདུག་འགྲེལ་བརྗོད་ཞིག་གནང་རོགས། ངས་ལྟ་གི་ཡིན། སྐབས་རེ་ཁོང་གིས་ཆབ་སྲིད་སྐོར་བཤད་དུས་༧སྐུ་འདུན་གྱིས་དེ་འདྲ་མ་གསུང་ན་བསམ་སོང་ཟེར་བ་དེ་འདྲ་ལ་ཟེར་ན་ནི་མཚན་དམོད་དང་བཀུར་འདེབས་ཀྱི་དོན་ངོ་མ་མ་རྟོགས་པའི་རྟགས་མཚན་གསལ་པོ་རེད། ཆོས་སྲིད་གཉིས་འགལ་བ་ལྟག་སྤྲོད་ཡིན་ཙང་ཆོས་ཕྱོགས་ནས་དད་པ་དང་ཡིད་ཆེས་དག་སྣང་བཤད་དགོས་པ་རེད་ལ། ཆབ་སྲིད་རྐྱང་པ་བཤད་དུས་ལྟ་གྲུབ་མི་གཅིག་པས་དེ་འདྲ་ཡོང་ཆོག་ལ་ཡོང་སྲིད་པ་ཞིག་ཀྱང་རེད། མ་ཟད་ཁོང་གི་ནུབ་ཕྱོགས་བརྒྱུད་ལམ་ཁག་ནང་དང་རྩོམ་དེབ་ཁག་ནང་ནུབ་ཕྱོགས་རྩོམ་པ་པོ་ཁག་གཅིག་གིས་བོད་དོན་འཁྱོག་བརྗོད་བྱེད་བཞིན་པ་དེ་ཚོར་དགག་ལན་རྒྱག་མཁན་ཧ་ལམ་འཇམ་ནོར་ལགས་གཅིག་པོ་རེད། མ་ཟད་ཁོང་གིས་རྒྱགས་རང་འཁུར་གྱིས་བོད་རང་བཙན་གཙང་མ་ཡིན་པའི་ཁུངས་སྐྱེལ་ས་ཁྲ་རྙིང་པ་དང་ཡིག་ཆ་རྙིང་པ་ལ་སོགས་མང་པོ་ཞིག་འཛམ་གླིང་ནང་སྐད་གྲགས་ཡོད་པའི་དཔེ་མཛོད་ཁག་དང་ཡིག་མཛོད་ཁག་མང་པོར་ཕྱིན་ནས་འཚོལ་སྒྲུབ་གནང་འདུག་པས་དེ་ཚོ་གཟིགས་ཡོད་རྒྱུ་མ་རེད་པ།
    གཅིག་བྱས་ན་སྐུ་ཉིད་ཀྱིས་ཀྱང་དེ་འདྲ་གནང་ཡོད་མདོག་ཁ་པོ་རེད། སྨྱུག་ཁ་ནང་ལ་གཅིག་པུར་མ་གཏད་པར་ཕྱི་ལ་ཡང་གཏོག་ཙམ་གཏད་ན་ཡག་པོ་ཡོད་པ་རེད།
    བྱས་ཙང་སྨྱུག་ཁ་ནང་ལ་མ་གཏོག་གཏད་མི་ཤེས་མཁན་དེ་ཚོ་རྒྱུ་དག་མེད་ཐག་གཅོད་རེད།
    འོ་ན་༧སྐུ་མདུན་ནུབ་ཕྱོགས་སུ་ཕེབས་དུས་གསུང་ཆོས་གནང་ས་མང་པོ་ཞིག་གི་གསུང་ཆོས་རྭ་བའི་ཁ་གཏད་དུ་ལངས་མཁན་མི་རིགས་འདྲ་མིན་དང་བོད་པ་ཡང་མི་ཉུང་བ་ཞིག་འདུག། སྐད་འདྲ་མིན་སྣ་ཚོགས་ཀྱི་སྒོ་ནས་(ཏཱ་ལའི་བླ་མ་སྐྱག་རྫུན་མ་ཤོད། ང་ཚོར་ཆོས་དད་རང་མོས་དགོས་ཡོད་)ཞེས་སྡུག་སྐད་སྣ་ཚོགས་རྒྱག་བཞིན་པ་དེ་ཚོ་མཐོང་དུས་ང་ནི་རང་བཞིན་གྱིས་སེམས་ནང་མེ་འདྲ་ཞིག་འབར་ཡོང་གི་འདུག་ཀྱང་ནུབ་ཕྱོགས་ན་དམངས་གཙོ་དང་སྨྲ་བརྗོད་རང་དབང་ཆ་ཚང་ཡོད་ཙང་བྱ་ཐབས་ཟད་ནས་དམོད་ངན་བོར་རྒྱུ་མ་གཏོགས་ཅང་ལྷག་མི་འདུག། གལ་ཏེ་སྐུ་ཉིད་ཡོད་ན་ཐབས་ཤེས་ཞིག་ཡོད་རྒྱུ་རེད་པ།
    དེ་ཚོ་ནི་མངོན་སུམ་འཛེམས་མེད་ཀྱིས་༧སྐུ་མདུན་ལ་ངོ་རྒོལ་བྱེད་ཀྱི་འདུག། དེ་ཚོར་ཡང་སྨྱུག་ཁ་གཏད་མཁན་ནི་ཧ་ཅང་གི་དཀོན་པོ་རེད། ཅི་ཡིན་ནམ། ཡང་གཅིག་མིན་ན་ལྷ་འདྲེ་གདོན་བགེགས་ཚོགས་པས་འཆི་ལམ་དུ་བསྐྱལ་མི་ཡོང་ངམ་སྙམ་མམ། ཡང་ན་ལྷ་འདྲེ་གདོན་བགེགས་དེས་གནོད་པ་བཏང་མི་ཡོང་ངམ་སྙམ་མམ་ཅི་ཆ་མི་རྟོགས། རང་བཙན་སྐོར་བཤད་ན་ལམ་སེང་༧སྐུ་མདུན་ཁ་ལ་འཁྱེར་ནས་རྒྱ་མི་གུང་ཁྲན་ནང་བཞིན་རྒོལ་རྡུང་གཏོང་རྐྱང་རེད། ཅི་ཞིག་གིས་ལན་པ་རེད། ད་བྱས་ན་ཕོ་རྒོད་པ་ལས་གཉིད་སྐྱིད་པ་དགའ་བྱས་པ་རེད། ག་རེ་བྱེད་ན་བགྱིས་ང་ནི་ཇུས་ཏོག་མེད་དོ།

    Reply
  5. གྲ་ཕྱི་བུ། says:
    ལོ་ 13 སྔོན།

    གསེར་འབྲུག་སྡེར་ལྔ་ལགས། དབྱིན་ཡིག་ནང་ (Tibetan Government in Exile ) ཞེས་པ་དེ་བོད་ཡིག་ཏུ་བསྒྱུར་ན་བཙན་བྱོལ་བོད་གཞུང་ཞེས་མ་བསྒྱུར་བར། སྐུ་ཉིད་ལ་འགྱུར་མི་འདྲ་བ་ཅི་འདྲ་ཞིག་ཡོད། ད་དུང་བོད་ཡིག་ནས་དབྱིན་ཡིག་ཏུ་དེ་ལྟར་མ་བསྒྱུར་ན་ཇི་ལྟར་བསྒྱུར་རྒྱུ་ཡིན་དེ་ཡང་གསུང་བར་ཞུ། འགྱུར་དེ་བཙན་བསྒྱུར་ཡིན་སྟངས་ཇི་ལྟར་ཡིན་ནམ། ངས་ནི་ཐ་སྙད་ཅི་ཡང་རུང་བ་ཞིག་དབྱིན་བོད་དམ་རྒྱ་ཡིག་གང་དུ་ཡོད་ནའང་། གཟུགས་མི་འདྲ་བ་དང་ཀློག་ཚུལ་མི་འདྲ་བ་ཙམ་ལས་དོན་ལ་ཁྱད་པར་ཡེ་ནས་མེད་པ་དེ་ངེས་པར་མཁྱེན་དགོས་པའི་གནད་ཅིག་རེད། ཁོ་བོས་ལྷ་བཟང་ཚེ་རིང་དང་འཇམ་དབྱངས་ནོར་བུའི་མིང་དངོས་སུ་སྨོས་དོན་ནི། ཁོང་ཚོས་རྒྱུད་ལམ་ཁག་ཏུ་༸གོང་ས་མཆོག་ལ་མངོན་སུམ་འཛེམས་མེད་ཀྱིས་སྐུར་བ་བཏབ་པས་ཡིན། དེ་ནི་ངེས་པར་འོས་ཏེ། ལོ་ངོ་བཅུ་དྲུག་ནས་དེ་རིང་བར་བོད་མི་རིགས་ཀྱི་འགན་ཡོད་ཚད་མི་གཅིག་གི་ཕྲག་པར་བཞེས་ཏེ་དེ་རིང་བར་དུ་བསྐྱངས་པའི་བཀའ་དྲིན་ལ་བསམ་ཤེས་ཙམ་བྱེད་མི་ཤེས་ཀྱང་། བདེན་པ་མེད་པའི་སྐུར་བ་བཏབ་ན་བློ་གཟུ་བོར་གནས་པའི་བོད་མི་ཙམ་མ་ཟད། བོད་ལ་ཤ་ཚ་ཞིང་གནད་ལུགས་རྟོགས་པའི་མི་རིགས་གཞན་སུས་ཀྱང་ཁ་ནས་དངོས་སུ་མཆིལ་མ་མི་འཕེན་རུང་། སེམས་ནས་འདེབས་ངེས་ཞེས་ཁ་མཚོན་བཅད་ནས་སྨྲ་བཏུབ། གཞན་ཡང་ཉེ་དུས་རང་བོད་གཞུང་ཟེར་བའི་ཐ་སྙད་ཕྱིར་བསྡུ་གནང་དགོས་པའི་གནད་གང་ལ་ཐུག་མགོན་པོ་གང་དེས་བསྐྱར་གསུངས་གནང་སོང་བ་ཉིད་ལྟ་བུས་ག་ལ་ཐོས་ཏེ། ཕལ་ཆེར་ལྟ་བ་གསར་པ་དང་མངོན་ཐོན་ཅན་དག་གི་གྲས་སུ་ཡོད་པས་ཡིན་སྲིད། ངས་ལོང་ལྐུགས་ཀྱིས་ཀྱང་ཤེས་ཚོད་རྟོགས་ཚོད་ཡིན་ཟེར་བ། ཁྱེད་གཙོ་བོར་གྱུར་པའི་ཤེས་རྟོགས་དངོས་སུ་མེད་པའམ། རྟོགས་ཀྱང་འགྲེལ་གཞན་དུ་བྱེད་མཁན་ལས་གཞན་ཚང་མས་རྟོགས་ཚོད་དུ་ཡོད་བྱ་བ་ལས། མི་གཞན་ལོང་ལྐུགས་སོ་ཞེས་ནམ་ཡང་བརྗོད་མེད། ངས་བཤད་པའི་སྐད་ཆར་རང་གིས་འགན་ལེན་བྱེད་ཀྱི་ཡོད། ད་དུང་ཡང་ཞོར་འཕྲོས་ཤིག་ལ་ཁྱེད་དང་ཁྱེད་འདྲ་བ་ལྟ་བ་གསར་པ་ཅན་མང་དུ་འདུག་ཀྱང་། ངས་ནི་ངོ་མ་ང་ཚོའི་བོད་པ་ཚང་ལ་རྒྱུ་དག་མི་འདུག་སྙམ་པ་རྒྱུན་དུ་ཡོད། ད་མགོན་པོ་གང་དགུང་ལོ་བགྲེས་པས་ཨེ་ཡིན་ན་་་་་་་་་་་

    Reply
  6. བཙན་པོའི་བུ། says:
    ལོ་ 13 སྔོན།

    བོད་པར་ཡོད་པ་དེ་མང་དྲག་སྤུས་ཚད་མེད་པ་དེ་རེད། དེས་རྐྱེན་པས་སྤྱི་ཚོགས་སུ་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ངན་པ་བསྐྲུན་དང་སྐྲུན་བཞིན་ཡོད། དེ་ཡང་ལོ་རབས་དགུ་བཅུ་པའི་མཇུག་ཙམ་ནས་བཙན་བྱོལ་ནང་ཕན་ཡོན་དང་སྤུས་ཚད་ཡོད་མིན་ཅི་རིགས་ཀྱི་དཔེ་དེབ་མི་ཉུང་བ་ཞིག་མཐོན་འགོ་ཚུགས། དེ་དང་ཕྱོགས་མཚུངས་སུ་མཚན་ཉིད་མི་ཚང་བའི་རྩོམ་པ་པོར་འཆེས་པ་མང་པོ་ཞིག་སྤྱི་ཚོགས་ཀྱི་བསྲུབ་ཁ་ཡོད་ཚད་ནས་མཐོན། ཁོ་ཚོས་དེབ་སྙིགས་མི་ཉུང་བ་ཞིག་སྤྱི་ཚོགས་སུ་འགྲེམས་སྤེལ་བྱས། ལྗིད་ཁོག་མེད་པའི་དཔེ་དེབ་དེ་དག་གིས་བོད་ཡིག་ཀློག་འདོད་ཡོད་མཁན་རྣམས་ལའང་བག་ཆགས་ངན་པ་ཞིག་བཞག དེའི་དབང་གིས་དེང་སང་དཔེ་རྫོབ་དེ་རིགས་ལྟ་ཅི་ཐ་ན་ཚད་ལྡན་གྱི་རྩོམ་པ་པོས་བྲིས་པའི་དེབ་ཀྱང་རང་རེའི་སྤྱི་ཚོགས་སུ་མི་རྒྱུགས་པའི་ཚད་ལ་བསླེབས། དེ་ནི་དེབ་སྙིགས་མང་པོ་ཞིག་གིས་བསྐྲུན་པའི་ཤུགས་རྐྱེན་ངན་པ་ཞིག་ཡིན། སྟོང་ལོ་གསར་པ་ཤར་རྗེས་རིམ་བཞིན་རང་རེའི་སྤྱི་ཚོགས་སུ་ཤེས་ཚད་དང་ཉམས་མྱོངས། ཆབ་སྲིད་ཀྱི་གོ་རྟོགས་མེད་པའི་ཆབ་སྲིད་པར་འཆེས་པ་མི་ཉུང་བ་ཞིག་སྤྱི་ཚོགས་ཀྱི་བསྲུབ་ཁ་ནས་མཐོན། མི་དེ་རིགས་ཀྱི་སྔོན་མཐོན་དང་དྲང་པོ་ཡིན་ལུགས་ཀྱིས་ཐོག་མར་རང་གཞུང་གིས་གང་ཡང་མི་འཇོན་པའི་སྐྱོན་བརྗོད་བྱ་འགོ་ཚུགས། དེ་ནས་བོད་ཀྱི་རྩ་དོན་ལ་ཞེན་པ་དཀར་ཁུལ་གྱིས་༧གོང་ས་མཆོག་ལའང་སྐྱོན་བརྗོད་བྱེད་འགོ་ཚུགས། བོད་དོན་དང་འབྲེལ་བའི་སྐོར་ལ་ཆབ་སྲིད་ཀྱི་གླེང་སྙོག་མི་ཉུང་བ་ཞིག་བཟོས། དེ་བས་ཐབས་སྐྱོ་བ་ཞིག་ལ་བླུན་པོ་ཆུ་སྣ་གར་འཁྲིད་མི་འགས་མི་དེ་རིགས་ལ་བསྟོད་བསྔགས་བཏང་། རྗེས་སུ་བསྙེགས། མཐར་མི་དེ་རིགས་ཀྱི་ཕུ་ཐག་ཤེས་རྗེས་རིམ་བཞིན་མི་མང་དང་བཅས་པ་ཆབ་སྲིད་པ་ཞེན་པ་ལོག མགོ་ན། ཐ་ན་ལྷག་བསམ་རྣམ་པར་དག་པའི་རང་རིགས་ཆབ་སྲིད་པ་ཚད་ལྡན་གྱི་བགྲོད་ལམ་བཀག་དང་འགོག་མུས་ཡིན། དེ་ནི་ཆབ་སྲིད་མི་ཤེས་ཀྱང་ཆབ་སྲིད་པ་ཡིན་ཁུལ་བྱེད་མཁན་གྱི་བོང་བུ་དེ་རིགས་ཀྱིས་བཟོས་པའི་བག་ཆགས་ངན་པ་གཉིས་པ་དེ་རེད།

    Reply
  7. གསེར་འབྲུག་སྡེར་ལྔ་ says:
    ལོ་ 13 སྔོན།

    གྲ་ཕྱི་བུ་ལགས།
    ངས་ཧམ་པ་ནམ་ཡང་བཤད་མེད། འོན་ཀྱང་སྐུ་ཉིད་ཀྱི་མ་རྩོམ་བརྗོད་དོན་ཟབ་དྲག་པ་ཡིན་ནམ། ཡང་ན་ངའི་ཀླད་རྩའི་འཁོར་རྒྱུགས་དེ་འགོར་དྲག་པ་ཡིན་མི་ཤེས་མོད། གང་ལྟར་བོད་གཞུང་ཞེས་པའི་ཐ་སྙད་དེ་དབྱིན་ཡིག་ལ་གཙིགས་འཛིན་གྱིས་བོད་ཡིག་བཙན་བསྒྱུར་བྱེད་པའི་ལམ་ལུགས་དེར་མོས་མཐུན་མེད་པ་ཞིག་བཤད་བཀྱིན་ཡོད།
    རེད་དེ་སྐུ་ཉིད་ཀྱིས་(དེའི་དོན་དང་དགོས་དམིགས་ཕལ་ཆེར་ལོང་ལྐུགས་ཀྱིས་ཀྱང་རྟོགས་ཚོད་ཡིན)ཞེས་པ་དེས་ཐ་སྙད་ཐད་གླེང་མཁན་ཚང་མ་ལོང་ལྐུགས་ཡིན་པ་གསལ་པོ་གྲུབ་འདུག་ན་དེས་མི་གཞི་ལ་དམའ་འབེབས་མ་རེད་པས།
    དེ་ནས་གང་ཟག་སྒེར་པའི་མིང་ནས་སྨྲོས་ཏེས་ལྷ་བཟང་དང་འཇམ་ནོར་སོགས། ལ་ལ་ནི་ལྟོ་གྲོད་ཀྱི་སླད་དུ་དང་། ཡང་ཁག་གཅིག་ཤེས་ཚད་དམའ་བ་དང་། ཞེས་ལྟོ་གྲོད་ཀྱི་སླད་དུ་ཡིན་པ་ཁུངས་སྐྱེལ་ཐུབ་བམ། ཡང་ཁག་གཅིག་ཅི་ཡང་མི་ཤེས་པའི་གནས་སུ་བསྐྱལ་འདུག་ལ། ཡང་བོད་ཡིག་ཆུ་ཚད་གང་འཚམ་ཡོད་ཟེར་མཁན་ཚོས་བསམ་ཚུལ་ཅུང་ཟད་གླེང་བར་ངུས་པར་རྩིས་འདུག། བྱས་ཙང་ངས་སྐུ་ཉིད་གཞན་གོང་ན་མེད་པའི་ང་རྒྱལ་ཞིག་འདུག་ཟེར་བ་དེ་དོན་ལ་གནས་ཡོད།
    སྨྲ་བརྗོད་རང་དབང་གི་ས་མཚམས་ལ་ཆ་བཞག་ན་གང་ཟག་སྒེར་གྱི་འཚོ་བར་རྒོལ་བ་དང་། མི་གཞི་ལ་དམའ་འབེབས་གཏོང་བ། དམོད་ཚིག་བོར་བ། (འབྲི་རྩོམ་ལ་ལོག་འབྲེལ།) འདི་ཡང་གསར་དུ་དབུ་བརྙེས་པའི་སྨྲ་བརྗོད་རང་དབང་གི་ས་མཚམས་ཡིན་པ་འདྲ།
    བྱས་ན་ང་གང་གི་དོན་དུ་སྨྲ་བརྗོད་རང་དབང་གི་ས་མཚམས་ལས་འགལ་འདུག། འོ་ན་སྐུ་ཉིད་ཀྱིས་གོང་དུ་མི་གཞི་ལ་དམའ་འབེབས་དང་དོན་མེད་ཁུང་ལུང་མེད་པར་གང་ཟག་སྒེར་གྱི་འཚོ་བར་སྒྲོ་བཏགས་དེ་ས་མཚམས་ལས་འགལ་ཡོད་རྒྱུ་མ་རེད་པ།

    Reply
  8. གྲ་ཕྱི་བུ། says:
    ལོ་ 13 སྔོན།

    གསེར་འབྲུག་སྡེར་ལྔ་ལགས། སྐུ་མཁྱེན་འདི་ལྟར་མི་གསུང་བར་ཞུ། ངས་ནི་བོད་གཞུང་བསྡུ་གསོག་བརྒྱབ་སོང་ཞེས་དངོས་ཤུགས་ཅི་རིགས་ནས་ལབ་གླེང་བྱས་མེད། ངས་གླེང་བ་ནི་བོད་གཞུང་བྱ་བའི་ཐ་སྙད་བསྡུ་གསོག་བརྒྱབ་པར་གཉིད་མི་ཁུག་པའི་ཚོད་དུ་ཡོད་པའི་མི་དེ་དག་ལ་བཤད་པ་ཡིན། དེ་ཙམ་གྱི་ཧམ་པ་མ་གསུངས། གཞན་ཡང་སྒྲིག་འཛུགས་ཤིག་ལ་ཁྲིམས་དང་སྒྲིག་གཞི་ཡོད་ཆོག་ལ། ཕུན་སུམ་ཚོགས་ན་ཁྲིམས་ཀྱི་སྒྲིག་གཞིའི་ནང་གང་རྒྱས་གང་འོས་བྱས་ཆོག གཞན་ཡང་རང་དབང་དང་དམངས་གཙོར་ས་མཚམས་ཡོད་བྱ་བའང་། རྒྱུ་མཚན་ཅི་ཡང་མེད་པར་མི་སྣ་བྱེ་བྲག་པའི་འཚོ་བ་དང་། བྱེད་བབ། འབྲི་རྩོམ་སོགས་ལ་རང་སྣང་གང་དྲན་གྱིས་ལོག་འགྲེལ་དང་། དམོད་ཚིག་སྒྲོག་པ་དེ་དག་ལ་ཟེར་བ་ཡིན། གཅིག་བྱས་ན་ཉིད་ཀྱང་དེའི་གྲས་ནས་གཅིག་མི་སྲིད་པའི་ངེས་པ་མེད། དེ་ལས་གཞན་ངས་བཙན་བྱོལ་དུ་ཡོད་པ་རྣམས་ལོང་ལྐུགས་སུ་གྲུབ་འདུག་མ་གླེང་། རྩོམ་ཅི་ཡང་རུང་བའི་ཚིག་དོན་ཙམ་ལའང་གོ་བ་མ་ལོན་ན། རང་ཉིད་རང་གིས་ལོང་ལྐུགས་སུ་གྲུབ་པ་མ་ཡིན་ནམ།

    Reply
  9. གསེར་འབྲུག་སྡེར་ལྔ་ says:
    ལོ་ 13 སྔོན།

    གྲ་ཕྱིའི་བུ་རུ་སྤྲུལ་བའི་ཚེ་རིང་ཟླ་བ་ལགས།
    ཐོག་མར་རང་ཉིད་ཀྱིས་མ་རྩོམ་ནང་ཅི་ཞིག་བྲིས་ཡོད་མེད་མནོ་བསམ་ཡག་པོ་ཞིག་ཐོངས། དེ་ནས་ངས་བྲིས་པའི་མཆན་ལ་ཞིབ་གཟིགས་གནང་རོགས།

    ༧སྐུ་མདུན་གྱིས་ལོ་ངོ་སུམ་བརྒྱ་ལྷག་གི་ལོ་རྒྱུས་ཡོད་པའི་དགའ་ལྡན་ཕོ་བྲང་བླ་བྲང་གིས་བོད་ལ་དབང་བསྒྱུར་བྱེད་པའི་སྲིད་དབང་རྒྱལ་ཁའི་ངང་མཇུག་བསྡུས་པ་ཡིན་ཞེས་གསུངས་པ་མ་གཏོག་བོད་གཞུང་བསྡུ་གསོག་བརྒྱབ་པ་ཡིན་ཞེས་པ་ཞིག་ནམ་ཡང་གོ་མ་མྱོང་།
    འོན་ཀྱང་༧རྒྱལ་བའི་བཀའི་དགོངས་པ་ཡོངས་སུ་རྫོགས་པ་རྟོགས་མཁན་སྐུ་ཉིད་མ་གཏོག་མེད་ཙང་མི་ཤེས་མོད།
    གལ་ཏེ་དེ་ལྟར་ཡིན་ཚེ་དམངས་གཙོའི་ཀ་བ་གསུམ་དུ་བསྒྲགས་པའི་ཀ་བ་གསུམ་པོ་བསྡུ་གསོག་བརྒྱག་དགོས་པ་རེད་ལ། རྒྱུ་མཚན་གཞུང་གཅིག་མེད་ན་ཚོགས་པ་གཅིག་ལ་དེ་ལྟར་ཁྲིམས་བཟོ་གཙོས་པའི་ཀ་བ་གཞན་གཉིས་པོ་ཡོང་མི་ཤེས་པ་རེད།
    དེས་ན་ང་ཚོས་ངོ་རྒོལ་བྱེད་ཡུལ་རང་གཞུང་མ་ཡིན་ལ། གཤམ་འོག་ན་དབྱིན་ཡིག་ཐ་སྙད་ལ་གཙིགས་འཛིན་གྱིས་བོད་རང་གི་གྲགས་ཆེ་བའི་ཐ་སྙད་དེ་སྣང་ཆུང་གིས་བཙན་བསྒྱུར་བྱེད་པའི་ལམ་ལུགས་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ལ། མ་ཟད་དམངས་གཙོ་དང་སྨྲ་བརྗོད་ངར་དབང་གི་ཁ་གཡང་སྒྲོགས་བཞིན་པའི་སྤྱི་ཚོགས་ནང་། རང་ཉིད་ཀྱི་ལྟ་གྲུབ་དང་བསམ་ཚུལ་ཙམ་པོ་གླེང་བར་དམངས་གཙོ་དང་སྨྲ་བརྗོད་རང་དབང་ལ་ས་མཚམས་ཡོད་རབས་བཤད་དེས། གཞན་ལོང་ལྐུགས་སུ་བསྒྲུབས་ནས་གོང་རིམ་གྱིས་བཙན་བཀའ་བཞིན་སྨྲ་བརྗོད་རང་དབང་ལ་ཚོད་འཛིན་བྱེད་པའི་ལམ་ལུགས་ལ་ངོ་རྒོལ་ཞུ་གི་ཡོད།

    Reply
  10. གྲ་ཕྱི་བུ། says:
    ལོ་ 13 སྔོན།

    བསྟན་འཛིན་ཚེ་མཚོ་དང་གསེར་འབྲུང་སྡེ་ལྔ་གཉིས་ལ། ཁོ་བོ་གྲ་ཕྱི་བུའམ་ཚེ་རིང་ཟླ་བར་ཁྱེད་གཉིས་ཀྱིས་ཅི་ཞིག་བསམ་པ་ལྟར་ཡིན་དུ་ཆུགས། འོན་ཏེ་ཐོག་མར་རང་ཉིད་ཀྱིས་ཅི་ཞིག་འཆད་ཀྱིན་ཡོད་པ་དང་གང་ལ་གཟས་ཀྱིན་ཡོད་པར་མནོ་བསམ་ཐོངས། བོད་གཞུང་དགའ་ལྡན་ཕོ་བྲང་ནི་ཕྱིར་བསྡུ་བྱས་ཟིན་ལ། སྤྱི་འཐུས་ནས་ཀྱང་བོད་མིའི་སྒྲིག་འཛུགས་སུ་ཁྲིམས་ཐོག་ནས་བཅོས་ཚར་བས་ཅི་བྱ། མང་གཙོའི་ཀ་བ་གསུམ་ལྡན་གྱི་སྐྱབས་བཅོལ་བའི་སྒྲིག་འཛུགས་འདིར་ངོ་རྒོལ་ཡོད་ན། ཁ་གཉིས་པ་གང་དུ་ཕྱོགས་རང་གིས་སོམས། ངས་ནི་བོད་མིའི་སྒྲིག་འཛུགས་སུ་བསྒྱུར་རྗེས་བོད་ནང་རང་ལུས་མེར་བསྲེགས་གནང་སོང་ཞེས་ཚིག་ཟུར་ཙམ་ཡང་སྨྲས་མེད། ཨ་ཙི་བོད་གཞུང་དགའ་ལྡན་ཕོ་བྲང་གི་ཕྱིར་བསྡུ་གནང་ཟིན་པས་དེ་ཙམ་གྱིས་སྙིང་ནད་དང་སྡུག་མ་ཐེག་པ་ཡོད་ན། ཁྱོད་ཀྱང་དེའི་སླད་དུ་རང་ལུས་མེར་བསྲེག་པའམ། ཟས་བཅད་ངོ་རྒོལ་སོགས་ཅི་རིགས་བྱས་པས་ཆོག དམངས་གཙོའི་ལུང་པར་སྲོག་ལ་འཚེ་བ་དང་བཙོན་དུ་ཚུད་པ་སོགས་འོང་མི་སྲིད། དེ་མིན་ང་ལ་འཁོན་པས་ཅི་བྱ། ལྷག་པར་རྩོམ་པ་པོའི་རྨི་ལམ་ནའང་འཁོར་མ་མྱོང་བའི་རང་འདོད་ཞེ་བཞག་གམ་དྭོགས་པ་ཁོང་སློང་གིས་གང་གི་གདོང་པར་ནག་རྩི་བསྐུ་འདོད་བྱས་པས་ཅི་ཕན། ཐོག་མར་ཞིབ་པར་ཀློགས། དེ་ནས་མནོ་བསམ་ཐོངས། དེ་ནས་སྨྱུ་ཁ་སྒྱུརད་ཅིག་་་་་ངོ་མ་སྙིང་གཏམ་ཡིན་་་

    Reply
  11. བསྟན་འཛིན་ཚེ་འཚོ། says:
    ལོ་ 13 སྔོན།

    མགོ་ལུས་ཚང་མར་དབྱིན་ཡིག་བཅོལ་མཁན་ཚོས་ཉོན། དབྱིན་ཡིག་གི་ཚིག་ཞིག་འདིར་འཁྱེར་ནས་བདེན་ངོས་འཛིན་པ་ནི་རང་ཉིད་འཕོང་འདོད་ཀྱི་སྔ་ལྟས་རེད། བོད་གཞུང་དང་བཙལ་བྱོལ་བོད་མོའི་སྒྲིག་འཛུགས་གཉིས་ལས་ཁྱེད་ཀྱིས་དོན་དངོས་གང་བདམས་ཁ་བྱེད་ངེས། ཁྱེད་ཀྱིས་༸གོང་ས་མཆོག་ཐུགས་ཕམ་བྱུང་ཚུལ་དང་། བློ་ཕམ་གྱིས་གསུངས་གླེང་འགོད་ཐབས་གནང་བ་ནི་རང་ཉིད་ཀྱིས་བྲིས་པ་ལ་བགྲོ་གླེང་མི་ཡོང་པའི་འུ་ཐུག་གི་ཚིག་གི་ཚིག་བརྗོད་འགོད་ཐབས་ལས་གཞན་གང་ཡང་མི་འདུག བློ་དམན་མ་ངས་བལྟས་ཀྱང་ཁྱེད་ཀྱི་དོན་དངོས་ཀྱི་དཔྱད་གླེང་ཞིག་སྤེལ་མི་འདུག་ལ། ད་རུང་གཞན་ལ་རྒྱབ་རྩ་རི་འདྲ་ཞིག་བཞག་ནས་རང་ཉིད་བདེན་ལུགས་འུར་བསྒྲོགས་པ་ལས་གང་ཡང་མིན་འདུག
    ཁྱོད་ལྟར་ན་དགའ་ལྡན་ཕོ་བྲང་ཕྱིར་བསྡུ་གནང་བ་ནས་བོད་མོའི་རང་ལུས་མེ་བསྲེགས་ཀྱི་ལས་འགུལ་གང་མང་སྤེལ་བ་རེད་ཞེས་འུར་ཤོད་ཞིག་བྱས་འདུག དེ་ནི་ཁྱེད་ནས་སུ་ལ་ངོ་རྒོལ་བྱེད་བཞིན་ཡོད། ཁག་འཇོག་ཁ་དཀར་རྐྱང་དང་། དོན་དངོས་ཐོག་མདའ་འཕེན་ས་བྲེ་སེར་འབྲོང་ལས་མི་འདུག གཏམ་དཔེ་དེའི་དོན་རྟོགས་པར་མཛོད། ང་ལྟར་ན་དགའ་ལྡན་ཕོ་བྲང་ཕྱིར་བསྡུ་གནང་བ་དེས་བོད་མི་ཐབས་ཟད་འུ་ཐུག་གི་རྣམ་པ་ཞིག་རེད་ཞེས་འགྲེལ་བརྗོད་ཞིག་བྱས་ན་ཡང་། དོན་ལ་མི་གནས་བ་གང་ཡང་མི་འདུག ལྷག་མ་རྗེས་ནས་བཤད།

    Reply
  12. གསེར་འབྲུག་སྡེར་ལྔ་ says:
    ལོ་ 13 སྔོན།

    མི་ཆུང་མི་ཆུང་། ཨ་ཙི་ང་ཤེས་པ་རང་བཞིན་རྣལ་དུ་མ་ཕབས་པ་རེད། ཡང་ན་སྐུ་ཉིད་ཤེས་པ་རང་བཞིན་རྣལ་དུ་མ་ཕབས་པ་རེད། མཆན་གོང་མའི་ནང་བོད་གཞུང་ཞེས་པའི་ཐ་སྙད་དེ་སྔོན་མ་ནས་དབྱིན་ཡིག་ཐོག་མེད་པའི་རྒྱུ་མཚན་བཀོད་ནས་རང་བཞིན་གྱིས་བསྒྲུབ་མེད་པར་ད་ཆ་ཕྱིར་བསྡུ་བྱས་རབས་བཀོད་པ་དེས་གོ་ལ་འདིའི་སྟེང་དུ་རྒྱུགས་ཆེ་བའི་དབྱིན་ཡིག་ལ་རྩ་འཛིན་བྱས་པ་དེས། གོ་ལ་འདིའི་སྟེང་དུ་མེད་པ་རང་བཞིན་གྱིས་བསྒྲུབ་པ་མ་རེད་པས།
    མ་ཟད་ས་སྐྱ་པའི་སྐབས་ནས་བཟུང་སྤྱི་ལོ་༥༡ བར་བོད་ཆོལ་ཁ་གཅིག་ཏུ་སྒྲིལ་བའི་བོད་གཞུང་ངམ་། ཡང་ན་བོད་རྒྱལ་ཁབ་ཀྱི་ལོ་རྒྱུས་ཁུངས་མ་ཞིག་འཁྱེར་ཤོག། དེ་མིན་ན་རང་ཉིད་ཀྱི་སྟོབས་ཤུགས་ལ་ལྟོས། ཞེས་པས་ཆ་རྐྱེན་ཞིག་བཏོན་ནས་བོད་རང་གི་ལོ་རྒྱུས་དེབ་ཐེར་དངོས་ལ་ཆ་འཇོག་མེད་པར་དབྱིན་ཡིག་ཐོག་བོད་ཀྱི་རྒྱལ་རབས་ཁུངས་ལྡན་ཞིག་མེད་པ་གཞིར་བཅོལ་ཏེས་རྒྱལ་སྤྱིའི་ངོས་ལེན་མེད་པའི་རྣམ་འགྱུར་དེ་ངམ་ངམ་ཤུགས་ཤུགས་བསྟན་འདུག་ན་ཀུན་སློང་གང་འདྲ་ཞིག་འཁྱེར་ནས་དྲིས་པ་རང་གིས་ཞིབས་པར་སོམས་ཤིག་ཀྱེེེ།
    རྗེས་ཀྱི་མཆན་ཐུང་དེར་ངས་མོས་མཐུན་ཡོད་ཀྱང་། མཆན་སྔ་ཕྱི་གཉིས་ནང་འགལ་ལྟག་སྤྲོད་དུ་གྱུར་པ་དེས་ང་ཡང་སྐྱར་དོགས་པའི་ཀློང་དུ་བསྐྱལ་སོང་།

    Reply
  13. མི་ཆུང་། says:
    ལོ་ 13 སྔོན།

    གསེར་འབྲུག་སྡེར་ལྔར་འབོད་པ་ཉོན་ཅིག ཁྱེད་ཀྱང་རིག་པ་རྣལ་ལ་ཕོབ། བློ་རྩེ་གཅིག་ཏུ་སྒྲིམས་ཏེ། ངའི་མཆན་དེ་ལན་གཅིག་ཞིབ་མོར་ཀློག དེས་ཀྱང་མ་བྱུང་ན། ངའི་མཆན་དེ་ཅི་འདྲ་ཡིན་མིན་གཞན་ལ་དྲིས་ཤིག ཁོ་བོས་སྐྱེས་ནས་ད་བར། གོ་ལའི་སྟེང་བོད་ཞེས་པ་མེད་རབས་དང་། བོད་གཞུང་ཞེས་པའི་ཐ་སྙད་མེད་རབས་བཤད་མ་མྱོང་།

    བོད་ཅེས་པའི་ས་ཁམས་སྔར་སྲིད་པ་ཆགས་ཙམ་ནས་ཡོད། ཐ་སྙད་དེ་ཕྱིས་ཙམ་ནས་བྱུང་། བོད་གཞུང་ཞེས་པའི་ཐ་སྙད་དེ་ཡང་ཅུང་རྙིང་པ་ཞིག་ཡིན། ཐུ་བོད་དང་ཐུ་བོད་རྒྱལ་ཁམས་དང་རྒྱལ་ཁབ། བཙན་པོའི་རྒྱལ་ཁབ་དང་གཞུང་། གཞུང་ས་དགའ་ལྡན་ཕོ་བྲང་དང་བོད་གཞུང་ཞེས་པ་སོགས་ཡིན། ད་དུང་འགྲེལ་པ་དགོས་ན་ཞིབ་པར་བཤད་འོང་།

    Reply
  14. ཚེ་རིང་རྡོ་རྗེ says:
    ལོ་ 13 སྔོན།

    ༧རྒྱལ་བ་རིན་པོ་ཆེ། གུས་པའི་ཆོས་སྲིད་ཀྱི་དབུ་ཁྲིད། མངོན་སུམ་ཚད་མའི་གྲུབ་པའི་འཕགས་མཆོག ལོས་རྒྱུས་ཀྱི་འགག་རྩ་ནས་བཞེངས་པའི་དཔའ་བོ།
    རྒྱ་དཀར་ནག་གི་ཆབ་སྲིད་ཀྱི་གཡོ་སྒྱུ་དང་གནོན་ཤུགས་ལས་བྱུང་བའི་དཀའ་ངལ་མང་པོ་ཞིག་མ་གསང་རང་གསང་བྱུང་ཡང་། ལོ་ངོ་དྲུག་ཅུར་གཉོར་བའི་ཁྲེལ་འདས་བྱིས་པ་འགའ་ཡིས་ཁྱེད་ལ་རྒོལ་བར་བརྩམས་བྱུང་། དུས་རྒྱུན་ཁྱེད་ཀྱིས་གནས་ལུགས་བརྗོད་ན་བསྲེག་བཅད་བརྡར་གསུམ་གྱི་དཔྱད་པ་དགོས་པའི་མན་ངག་ལན་ཚར་གྲངས་མེད་ཅིག་བསྐྱར་ཡང་། བབ་ཅོལ་དང་ཕྱོགས་ཞེན་ལ་གོམས་པའི་བྱིས་པ་ལང་ཤོར་དག་ནི་ས་ཕུག་ཁ་བྱང་ལྟ་རུ་འཛུལ་བས་བདེན་པའི་ཉི་ཟེར་གྱིས་ནམ་ཡང་མ་ཕན། ད་དུང་ཁྱེད་ཀྱི་རིན་ཐང་ངོ་མ་མི་རྟོགས་པའི་བུ་ཕྲུག་མང་པོ་ཡང་ཁྲེལ་འདས་དག་གི་འཆལ་སྒྲར་འུར་འདྲོགས་ལངས་ན། ཐུགས་ཕམ་གྱི་ཚོར་སྣང་རེ་ལོས་འཁྲུངས།
    ཡིན་ནའང། ངེས་དོན་གྱི་༧སྐྱབས་མགོན་ལགས། ལོ་ངོ་དྲུག་ཅུའི་བྱམས་སྐྱོང་ཐོབ་པའི་བུ་ཕྲུག་གྲངས་མེད་ཅིག་ནི་དྲང་བདེན་སྐྱོར་བའི་རྟོགས་པ་སད་ཡོད་པས། ཁྱེད་ནི་སྐུ་གོང་མ་ལྟར་གྱི་དཔའ་བོ་དཔུང་མེད་ཁེར་རྒྱུག་ཅིག་གཏན་ནས་མིན། བདེན་པ་མཐོང་བའི་བུ་ཕྲུག་དག་གིས་ནམ་ཡང་གནས་ལུགས་ཀྱི་མདུན་ནས་མགོ་མི་སྒུར། ༧སྐྱབས་མགོན་ལགས། ཐུགས་ཕམ་མ་གནང་རོགས། ང་ཚོ་ནམ་ཡང་ཁྱེད་ཀྱི་བདེན་པའི་ལམ་སྟོན་གྱི་ཕྱི་བཞིན་འབྲང་གིན་ཡོད།

    Reply
  15. གསེར་འབྲུག་སྡེར་ལྔ་ says:
    ལོ་ 13 སྔོན།

    ད་ཡང་ཁ་བོ་ཆེ་ཞིག་གདངས་ནས་བོད་བཙན་བྱོལ་བ་ཚོ་ལོང་ལྐུགས་སུ་བསྒྲུབ་འདུག་ལ་༧རྒྱལ་བའི་བཀའི་དགོངས་པ་རྟོགས་མཁན་རང་ཉིད་ལས་མེད་ཚུལ་དང་། རང་ལས་མཁས་པ་གཞན་མེད་སྙམ་པའི་ང་རྒྱལ་གྱི་རླུང་བུའི་རྟ་ལ་བཞོན་ནས་ནམ་མཁའ་ན་ལྡིང་ཁུལ་ཡིན་པ་འདྲ།
    དེའི་གཤམ་འོག་ན་གྲ་ཕྱིའི་བུས་བོད་སྐད་དང་བོད་ཡིག་ཐད་རང་ལས་མཁས་པ་དང་བྱང་ཆུབ་པ་མེད་ཚུལ་གྱིས་ཅ་ཅོའི་གཏམ་གྱི་ཤ་ཚ་ཡིན་མདོག་གིས་དམངས་གཙོ་དང་སྨྲ་བརྗོད་རང་དབང་ལ་ས་མཚམས་ཡོད་རབས་བཤད། ཧ་ཧ་ཧ་ཧ།
    ད་དུང་དེའི་གཤམ་འོག་ན་མི་ཆུང་སྙིང་ཆུང་དེས་བོད་ཞེས་པ་ཞིག་གོ་ལའི་སྟེང་དུ་མེད་རབས་དང་དབྱིན་ཡིག་ཏུ་མེད་པ་རྒྱུ་མཚན་དུ་བྱས་ནས་བོད་གཞུང་ཞེས་པའི་ཐ་སྙད་འདི་མེད་རབས་གླེང་། འོ་ན་བོད་དང་བོད་མི་རིགས་འདི་དབྱིན་ཇི་བ་རེད། ཡང་ན་རྒྱ་མི་རེད། མི་རིགས་ཀྱི་སྙིང་སྟོབས་དང་། མི་རིགས་ཀྱི་ལྟ་བ། མི་རིགས་ཀྱི་ལ་རྒྱ་བོར་ཟིན་པའི་རྣམ་འགྱུར་ཡ་མ་བརླ་ཅན་དང་འདུ་ཤེས་ཡ་མ་བརླ་འདི་ཚོས་བོད་མི་རིགས་འདི་ལོ་ངོ་ཇི་ཙམ་འཚོ་ཐུབ་བམ?
    བཙན་བྱོལ་བོད་གཞུང་དེ་སྒྲིག་འཛུགས་ལ་བཅོས་བསྒྱུར་བྱས་ནས་གོ་མི་བདེ་ལ་སྨོན་ཚིག་འདྲ་ལ་བརྗོད་མི་བདེ་བའི་ཆོས་མིང་སྲིད་མིང་ལ་བཏགས་པའི་(བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག་)ཟེར་བའི་མིང་འདི་དམངས་ལ་ཡང་འགྲེལ་སྐྱར་འགྲེལ་བྱེད་དགོས་པ་ཞིག་ཆགས་པ་མ་ཟད། སྐབས་འཚོལ་རིང་ལུགས་པ་དང་ཆབ་སྲིད་ཚོང་པ་ཚོས་ལོག་འགྲེལ་གྱི་ལྷན་པ་ནག་པོ་བརྒྱབ་ཡུལ་དུ་ཆགས་འདུག།
    ད་བྱས་ན་བཙན་བྱོལ་སྒྲིག་འཛུགས་འདི་གཞུང་ཞིག་རེད་པས། ཡང་ན་ཚོགས་པ་ཞིག་རེད། ཚོགས་པ་ཞིག་ཡིན་ན་གཞིས་ལུས་མི་དམངས་ཀྱི་ཚབས་མཚོན་མི་ནུས་ལ་རེ་བའི་མིག་འབུར་གཏད་པ་དེ་ནོར་བ་རེད།

    Reply
  16. ཐེ་བོ་ཤེས་རབ་རྒྱ་མཚོ། says:
    ལོ་ 13 སྔོན།

    དར་ལྕོག་འཛུགས་མི་ཆོག་ས་ཞིག་ན་སྲིད་གཞུང་འཛུགས་རྒྱུ་ཟེར་ཀི། དང་པོ་ཁྱེད་ཅག་གིས་དར་ལྕོག་ཅིག་ཚུགས་དང་། དེ་ནས་འུ་ཚོས་སྲིད་གཞུང་འཛུགས་ཆོག

    Reply
  17. འབྲུག་གྲགས་རྒྱལ་པོ། says:
    ལོ་ 13 སྔོན།

    ཚེ་རིང་ཟླ་བ་ལགས་སུ་རྒྱབ་སྐྱོར་ཡོད། དབྱིན་ཡིག་ནང་སྔོན་ནས་མེད་པ་དང་བོད་ཡིག་ཐོག་བོད་གཞུང་ཞེས་པ་བོད་མིའི་སྒྲིག་འཛུགས་སུ་བསྒྱུར་དགོས་པའི་སྐོར་༧གོང་ས་མཆོག་ནས་སྔ་རྗེས་རིམ་པར་གསལ་བཤད་གནང་བས་མོག་མོག་རྭ་ཅོ་ཡིན་ཡང་ཚོས་ཚོད་དང་ཁོག་མ་རྡོ་ཁོག་ཡིན་ཡང་འཁོལ་ཚོད་ཅེས་པའི་དཔེ་བཞིན་ཚང་མས་གསལ་ཤེས་དགོས་ཚོད་ཡིན། འགའ་རེས་ད་དུང་དེའི་སྐོར་འགྲེལ་བརྗོད་སྣ་ཚོགས་ཀྱིས་གླེང་སློང་བྱེད་ཀྱི་འདུག་པ་གང་ཡིན་ནམ། རྒྱ་གར་གཞུང་ནས་རྒྱལ་ཁབ་གཅིག་ནང་གཞུང་གཉིས་ཁས་ལེན་མ་གནང་བར་ད་ལྟ་ཡོད་བཞིན་པའི་བོད་པའི་སྒྲིག་འཛུགས་འདི་སྒོ་རྒྱག་ཏུ་འཇུག་རྩིས་ཡིན་ནམ། འདིའི་སྐོར་སྐུ་ངལ་ག་རེ་འཕྲད་མིན་བཀའ་ཁྲི་ཟུར་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཀྱང་སྔ་རྗེས་སུ་གསལ་བཤད་རིམ་པར་གནང་སོང་།

    Reply
  18. བཙན་ནག་པས། says:
    ལོ་ 13 སྔོན།

    གོང་དུ་དྲྭ་གྲོགས་གནས་ཚང་ལགས་ནས་གསུངས་པར་རྒྱབ་སྐྱོར་དང་། བོད་ནང་རང་ལུས་མེ་བསྲེགས་གནང་མཁན་གྱི་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་རྣམས་ཀྱི་མངོན་འདོད་དེར་ང་ཚོའི་རྒྱབ་བསྐྱོར་བྱེད་དགོས་པ་དོན་དམ་ཡིན། འོན་ཀྱང་ཁོང་རྣམས་པར་རྒྱབ་བསྐྱོར་གནང་མ་ཐུབ་རུང་། ཁོང་རྣམ་པའི་མཛད་རྗེས་ནག་སུབ་དུ་མ་གཏོང་རོགས་ཐུགས་རྗེའི་གཟིགས་ཞེས་རེ་བ་ཞུ་བཞིན་ཡོད།

    Reply
  19. བསོད་ནམས་རྒྱ་མཚོ། says:
    ལོ་ 13 སྔོན།

    བཙན་བྱོལ་གཞུང་འདི་གཞུང་དངོས་ཀྱི་གོ་ཚབ་སྔར་ནས་ཡིན་ལ་ད་ལྟའང་ཡིན་པར་རྩིས་ཡོད། ཇི་སྲིད་རང་བཙན་ཐོབ་མིན་ལ་མ་ལྟོས་པར་བཙན་བྱོལ་འདི་གཞུང་དངོས་ཡིན་པ་ངོས་ལེན་བགྱིད་ཀྱི་ཡིན་ན།  ནང་ཁུལ་རང་རྨ་འབེབས་པའི་བྱ་ལག་ཅན་དང དེའི་རྒྱུག་ཁྱི་དག་གིས་གནོན་ཤུགས་དང་སྡུག་སྐད་རྒྱབ་མིན་ལ་མ་ལྟོས་པར། བོད་མིའི་སྒྲིག་འཛུགས་ཤིག་ལ་ནམ་ཡང་ངོས་མི་ལེན། གལ་སྲིད་ཕྱི་ནང་གང་གི་གཡོ་འཕྲུལ་དང་ཕྱོགས་རིས་ཡིས་ཡིད་མྱོས་པའི་ཆབ་སྲིད་པ་མགོ་བདེ་བླུན་པོ་སྤྱང་ཇུས་ཅན་དག་གིས་གཞུང་འདི་མུ་མཐུད་དེ་སྒྲིག་འཛུགས་ལ་བསྒྱུར་ན། གུས་པས་ཉིན་དེ་ནས་བཟུང་སྟེ། དབང་འཛིན་པ་ཚོས་གང་འདོད་ཅི་འདོད་གནང་ནའང་བསམ་འཆར་བཤད་མི་ཡོང་ལ་ཐོབ་ཐང་ཡང་བརྩད་མི་ཡོང་། དྲ་འབུའི་སྐྱེ་གནས་སུ་དེ་བས་ཀྱང་མི་འདུག ད་བར་གཞུང་ཞིག་ལ་ངོས་འཛིན་གྱིས་དཔྱ་ཁྲལ་ཡང་མ་ཆད་པར་ཡོད་དོ།

    Reply
  20. མི་ཆུང་། says:
    ལོ་ 13 སྔོན།

    སེམས་པ་རྣལ་ལ་ཕབ། རིག་པ་གཅིག་ཏུ་སྒྲིམས། ཟ་ཧོར་བརྒྱུད་དུ་གཏོགས་པའི་རྒྱལ་དབང་ལྔ་པར་ལྷ་བཟང་ཁང་གིས་སྲིད་དབང་ཕུལ་བ་ནས་བཟུང་། བོད་གཞུང་ངམ་བོད་གཞུང་དགའ་ལྡན་ཕོ་བྲང་བྱ་བ་གཅིག་ལས་གཉིས་མེད། ད་ལྟའི་ཆར་བོད་གཞུང་དང་དགའ་ལྡན་ཕོ་བྲང་གཉིས་སུ་ཆགས་ཡོད་ཀྱང་།

    བཙན་བྱོལ་ནང་དགའ་ལྡན་ཕོ་བྲང་ནི་བླ་བྲང་ལྟ་བུ་དང་། ང་ཚོས་རྒྱལ་ཁབ་གཅིག་གི་ངོ་བོར་གོ་བའི་བོད་གཞུང་ཟེར་བའི་ཐ་སྙད་འདི། སྔོན་མ་ནས་དབྱིན་ཡིག་ཏུ་མེད་པ་མ་ཟད། ད་ལྟ་བོད་ཡིག་ནས་ཀྱང་ཡོངས་སུ་ཕྱིར་འཐེན་མཛད་ཡོད།

    གལ་ཏེ་ན་ཟུག་དེ་དོན་དངོས་ཡིན་ན། ས་སྐྱ་པའི་སྐབས་ནས་བཟུང་སྤྱི་ལོ་༡༩༥༡ བར་བོད་ཆོལ་ཁ་གསུམ་གཅིག་ཏུ་སྒྲིལ་བའི་བོད་གཞུང་ངམ། ཡང་ན་བོད་རྒྱལ་ཁབ་ཀྱི་ལོ་རྒྱུས་ཁུངས་མ་ཞིག་ཁྱེར་ཤོག དེ་མིན་ན་རང་ཉིད་ཀྱི་སྟོབས་ཤུགས་ལ་ལྟོས།

    དེའི་བར་བོད་འདི་ཉིད་ལོ་ངོ་ཇི་ཙམ་ཐུབ་མིན་ཞིབ་པར་དཔྱོད།

    Reply
  21. མང་ཐོས། says:
    ལོ་ 13 སྔོན།

    ༧གོང་ས་མཆོག་གིས་བོད་གཞུང་ཕྱིར་བསྡུས་པ་ཡིན་ཚུལ་གྱི་སྒྲོགས་གཏམ་སྤེལ་དོན་ཅི། བོད་རྒྱལ་ཁབ་ཤོར་ནས་ད་ལྟ་བར་སྲིད་གཞུང་སུ་གཅིག་གིས་ཀྱང་ཁྲིམས་ཐོག་ནས་བོད་གཞུང་ཟེར་བ་ཞིག་ངོས་ལེན་བྱས་མྱོང་མེད། ༧་གོང་ས་མཆོག་གི་ཕྱག་ལ་ཕྱིར་བསྡུ་རྒྱུའི་གཞུང་ཞིག་གློ་བུར་གང་ནས་རྙེད་པ་རེད། ད་ལྟའི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་སྒྲིག་འཛུགས་འདི་བོད་རྒྱལ་ཁབ་ཤོར་བ་ནས་བཟུང་རྒྱལ་སྤྱིའི་ཁྲིམས་ཐོག་ཏུ་སྔར་ནས་བཙན་བྱོལ་སྒྲིག་འཛུགས་ཡིན་ལ་ད་དུང་བཙན་བྱོལ་སྒྲིག་འཛུགས་རེད། ༧གོང་ས་མཆོག་གིས་ཕྱིར་བསྡུ་བྱེད་རྒྱུ་དེ་དགའ་ལྡན་ཕོ་བྲང་གིས་བོད་ཀྱི་ཆབ་སྲིད་སྐྱོང་སྲོལ་དེ་ཕྱིར་བསྡུ་བྱས་པ་རེད། ཧ་མ་གོ་ཁུལ་བྱས་ནས་སྒྲོགས་གཏམ་མ་སྤེལ་རོགས།

    Reply
  22. མང་ཐོས། says:
    ལོ་ 13 སྔོན།

    ༧གོང་ས་མཆོག་གིས་བོད་གཞུང་ཕྱིར་བསྡུས་པ་ཡིན་ཚུལ་གྱི་སྒྲོགས་གཏམ་སྤེལ་དོན་ཅི། བོད་རྒྱལ་ཁབ་ཤོར་ནས་ད་ལྟ་བར་སྲིད་གཞུང་སུ་གཅིག་གིས་ཀྱང་ཁྲིམས་ཐོག་ནས་བོད་གཞུང་ཟེར་བ་ཞིག་ངོས་ལེན་བྱས་མྱོང་མེད། ༧་གོང་ས་མཆོག་གི་ཕྱག་ལ་ཕྱིར་བསྡུ་རྒྱུའི་གཞུང་ཞིག་གློ་བུར་གང་ནས་རྙེད་པ་རེད། ད་ལྟའི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་སྒྲིག་འཛུགས་འདི་བོད་རྒྱལ་ཁབ་ཤོར་བ་ནས་བཟུང་རྒྱལ་སྤྱིའི་ཁྲིམས་ཐོག་ཏུ་སྔར་ནས་བཙན་བྱོལ་སྒྲིག་འཛུགས་ཡིན་ལ་ད་དུང་བཙན་བྱོལ་སྒྲིག་འཛུགས་རེད། ༧གོང་ས་མཆོག་གིས་ཕྱིར་བསྡུ་བྱེད་རྒྱུ་དེ་དགའ་ལྡན་ཕོ་བྲང་གིས་བོད་ཀྱི་ཆབ་སྲིད་སྐྱོང་སྲོལ་དེ་ཕྱིར་བསྡུ་བྱས་པ་རེད། ཧ་མ་གོ་ཁུལ་བྱས་ནས་སྒྲོགས་གཏམ་མ་སྤེལ་རོགས།

    Reply
  23. གྲ་ཕྱི་བུ། says:
    ལོ་ 13 སྔོན།

    ཅི་ཞིག་སྨྲས་ཀྱང་དགའ་བསུ་ཡོད། འོན་ཏེ་རྩོམ་པ་པོའི་བློ་ཡུལ་དུའང་འཆར་མ་མྱོང་ལ། འཆར་མི་ནུས་པའི་ལོང་གཏམ་ལྟ་བུས་མི་གཤིས་ལ་ནག་རྩི་མ་བསྐུ། མཆན་འདེབས་པར་ཐོག་མར་བོད་སྐད་བོད་ཡིག་སྦྱང་སྟེ་ཕེབས། མང་པོའི་སྔུན་ན་རང་མཚང་རྗེན་པར་མ་སྟོན། ཤ་ཚའི་གཏམ་ཡིན། རང་གིས་བཤད་པའི་གཏམ་ལ་རང་གིས་འགན་འཁྱེར་ནུས་པ་གྱིས། དེ་མིན་ཅི་ཞིག་སྨྲས་ཀྱང་ཆོག རང་དབང་རེད། འོན་ཏེ་རང་དབང་དང་མང་གཙོའི་ས་མཚམས་ལ་ཡང་སློབས་པར་གྱིས་ཤིག འདིའང་སྙིང་གཏམ་ཡིན། ཤ་ཚའི་གཏམ་ཡིན།

    Reply
  24. བསོད་ནམས་རྒྱ་མཚོ། says:
    ལོ་ 13 སྔོན།

    འོ་ད་རྒྱུ་མཚན་ཡོད་མེད་ལ་མ་ལྟོས་པར་༧གོང་ས་མཆོག་གི་ལུང་། འདྲེན་ཁུལ་བྱེད་དེ་འུ་ཚོའི་ཆབ་སྲིད་པ་དག་གི་ལམ་ལུགས་ཀྱི་རྗེས་སུ་འབྲང་སྟེ། རྒྱུ་མཚན་མེད་པའི་ཉོག་བཏམ་རིང་མོ་ཞིག་འབྲི་དགོས་པའི་དམིགས་ཡུལ་ཅི་ཞིག་ཡོད་མེད་སུས་ཀྱང་མི་ཤེས། ༧གོང་ས་མཆོག་གིས་བཀའ་སློབ་རིམ་པའི་ནང་། དགའ་ལྡན་ཕོ་བྲང་གིས་གཞུང་འཛིན་རྒྱུ་དེ་མཚམས་འཇོག་དགོས་པའི་ནན་བརྗོད་གནང་འདུག་པ་ལས། བོད་གཞུང་བསྡུ་གསོག་རྒྱག་དགོས་ཞེས་གསུང་གང་ནའང་མ་མཐོང་། དེའང་མ་ཟད་ལོ་དྲུག་བཅུ་རྗེས་ནས་བློ་བཟང་སེང་གེ་སྲིད་སྐྱོང་གསར་པ་ཆགས་ཡོད་ཞེས་ནན་ཀྱི་གསུང་ཡོད། གཞུང་མེད་ན་སྲིད་སྐྱོང་ཡིན་དགོས་ཚུལ་ཞིག་ཨེ་ཡོད། བརྡ་སའི་ཆབ་སྲིད་པ་དག་གི་༧གོང་ས་མཆོག་གི་བཀའ་སློབ་མཐོ་ཞིང་ཐོས་བཞིན་དུ། བློ་སེང་ལ་སྲིད་སྐྱོང་ཞེས་མ་བརྗོད་པར་དེ། བཙན་བྱོལ་སྤྱི་ཚོགས་འདི་ཆུང་དྲགས་པས་ཡིན་ནམ། དེ་ལ་དཔོག་པའི་ཆབ་སྲིད་པ་མང་དྲགས་པས་རེད་དམ། ཡང་ན་སྐབས་འཚོལ་རིང་ལུགས་པ་མང་དྲགས་པས་ཨེ་ཡིན། དེ་མིན་ན་ཆབ་སྲིད་ཀྱི་གནས་བབ་ལ་འགྱུར་བ་ཅུང་ཟད་ཕྱིན་པའམ། རྒྱུན་ལྡན་མ་ཡིན་པའི་གནས་ཚུལ་ཅུང་ཟད་ཅིག་བྱུང་ཚེ། བུན་པ་གནམ་འཆར་གྱིས་སྐྱེ་བོ་ཀུན་གྱི་འདྲེན་བྱེད་རབ་རིབ་ཏུ་བསྒྱུར་དོན་ཅི་ཡིན་ནམ།
    མི་དམངས་ཚོགས་ཆེན་སྐབས་སུ། འཐུས་མི་རྣམས་པས་མ་གྲུས་བསམ་པ་གཅིག་མཐུན་དེ། བོད་གཞུང་སྒྱུར་འདོད་མེད་པ་དེ་རེད། དེའང་མིག་ལྡན་ཀུན་གྱིས་མཐོང་དུས། ཁྱེད་ཀྱིས་མ་མཐོང་། རྣ་དབང་ཀུན་གྱིས་ཐོས་དུས་ཁྱེད་ཀྱིས་མ་ཐོས་པ་དེ། ཕྱོགས་རེས་སྒྲིབ་པ་རེད་དམ། བློ་དམན་དྲགས་སོང་རེད། ཡང་ན་ཅི་རེད།

    Reply
  25. གནས་ཚང་། says:
    ལོ་ 13 སྔོན།

    ལོང་བ་ཞིག་མིན་ན་བོད་མི་ལྔ་བཅུ་ལྷག་གིས་སྐུ་ལུས་མེ་རུ་བསྒྲོན་སོང་། དགོས་འདུན་བོད་རང་བཙན་དང་གོང་ས་མཆོག་ཕྱིར་ཕེབས་འཇུག་རོགས་ཞེས་པ་གཉིས་རེད། ཁོང་རྣམ་པས་རང་བཙན་ཞེས་པ་ནི་བོད་ལ་སྔར་ཡོད་པའི་བདག་དབང་བསྐྱར་གསོ་གནང་དགོས་ཟེར་གྱི་ཡོད་པ་རེད་ལ། ལོ་ངོ་སྟོང་ཕྲག་མང་བོར་བརྒྱུད་ནས་མཚམས་ཆད་མ་མྱོང་བའི་རྒྱལ་ཁབ་ཅིག་བསྐྱར་འཛུགས་ལ་ཐད་རང་སྲོག་བློས་གཏོང་གི་ཡོད་པ་རེད། དེ་བས། རྒྱལ་ཁབ་ཤོར་སོང་བའི་ཁར། ད་ལྟ་སྲིད་གཞུང་ཡང་དོར་ཟིན་པས། འདིའི་རྗེས་སུ་གོང་སའི་ཡང་སྤྲུལ་ཡང་ཤོར་འགྲོ་གི་རེད། དེ་དུས་ལྐུགས་པ་སུ་ཞིག་ཡིན་མིན་གསལ་ཁ་ཡོང་རྒྱུ་རེད། ལོ་རྒྱུས་ཀྱིས་ཁ་གྲགས་ཀྱི་རེད། བཙན་བྱོལ་སྒྲིག་འཛུགས་བཙན་བྱོལཞ་བར་ལྟ་སྐྱོང་གནང་བའི་ཚོགས་པ་ཙམ་རེད། བོད་ཀྱི་བདག་པོ་ངོ་མ་བོད་མི་དག་གིས་རྒྱལ་ཁབ་བསྐྱར་འཛུགས་ལ་འབུངས་ཀྱི་རེད་ལ། བཙན་བྱོལ་དུ་ཡོད་མཁན་ཚོས་རོགས་འདེགས་མི་ཐུབ་ཀྱང་ཁ་བཙུམ་ཐུབ་འོས་པ་ནི་རྐང་རྗེས་ལག་སུབ་བྱེད་མིན་ལ་ཐུག་ཡོད་པ་ཞིག་རེད། ད་མཁྱེན་སོང་ངམ།

    Reply
  26. འཇིགས་མེད་སངྒེ་། says:
    ལོ་ 13 སྔོན།

    ཚེ་རིང་ཟླ་བ་ཚེ་ཟི་རིང་།
    ཧ་མ་གོ་གོང་ནས་ཧོན་རགྱུག་ཁྱེད་ཀྱིས་བྱེད་འདུག
    མིང་མེད་པའི་མི་་ཞིག་གིས་ལས་ག་ཞིག་བྱེད་ཐུབ དཔེར་ན་ལག་ཁྱེད་མེད་པའི་མི་ཞིག་གིས་ས་འཚམས་དང་གནམ་འཚམས། ཡང་ན་རྒྱ་མཚོའི་མཐའ་འཚམས་བརྒལ་ཐུབ་བམ། །དེ་བཞིན་དུ་གཞུང་གི་མིང་ཙམ་ཡང་མེད་པའི་གཞུང་ཞིག་གིས་མ་འོང་པར་དོན་འགྲུབ་ཐབས་ཞིག་ག་ལ་ཡོད། ༧གོང་ས་མཆོག་གིས་བཏགས་ཡོད་གསུངས་ཡང་། བློ་ལྡན་ཞིག་གིས་དྲང་དོན་དུ་འབྲེལ་བ་ལས་ངེས་དོན་དུ་ཇི་ལྟར་འགྲེལ། ཡང་ན་གཞན་གྱིས་༧གོང་ས་མཆོག་གིས་ཡང་ཐང་མ་གཅིག་ལ་ནོར་མི་ཆོག་པ་མེད་སྙམ་གྱི་རེད། ཁྱེད་ལྟ་བུས་དེ་ཙམ་ཡང་བློ་ལ་ཐི་ལྟར་ཤོང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese