མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་བསྲིངས་པའི་འཕྲིན།

བོད་ཀྱི་དུས་བབ།
༢༠༡༢/༡༡/༠༥
Share on FacebookShare on TwitterShare on EmailShare on Whatsapp

བཀུར་འོས་གཞོན་ནུ་ལྷན་རྒྱས་ལགས།

ཁྱེད་ཅག་གིས་རང་མི་རིགས་ཀྱི་བདེན་དོན་དང་རང་དབང་སླར་གསོའི་ཆེད་དུ་དཀའ་སྡུག་གང་ཞིག་འཕྲད་ཀྱང་། ལོ་རྒྱུས་ཀྱི་ཁུར་བོ་ཕྲག་ཏུ་བླངས་དེ་སྤོབས་སེམས་ཀྱིས་མགོ་བོ་མཐོ་པོ་དེ་ཞུམ་མེད་དཔའ་ངར་གྱིས་ཕྱུག་པའི་ཆོད་སེམས་འགྱུར་བ་མེད་པ་ནི། གངས་ཅན་པའི་སྒེར་ཚུགས་ཀྱི་རིན་ཐང་ཡིན་པས་ངས་ཁྱེད་ཅག་ལ་སྙིང་ཐག་པ་ནས་བཀའ་དྲིན་མི་ཉུང་བ་ཞུ་རྒྱུ་ཡིན། ད་དུང་ལོ་འདིར་ཁྱེད་ཅག་གིས་རང་སྲོག་དང་བསྡོངས་བའི་རླབས་ཆེ་བའི་ལས་འགུལ་གང་མང་ཞིག་མཐོང་མཐོང་རིག་རིག་ཏུ་ཐ་ན་འཚམས་འདྲི་ཞིག་ཀྱང་བྱེད་མ་ཐུབ་པ་དེ་ཡང་།  སྒྲིག་འཛུགས་ཤིག་དང་ཡང་ན་བྱ་བའི་བྲེལ་འཚུབ་ཀྱི་དབང་གིས་ལན་ཟེར་ན་དེ་བས་ཀྱང་ངོ་ཚ་ཞིག་ཡིན་པས་གུ་ཡངས་གནང་རོགས།

སྤྱིར་ཡིན་ན། ང་ཚོ་རང་ཡུལ་དུ་ཁ་བྲལ་དོན་ཡང་རང་དབང་སླར་གསོ་དང་གཞིས་བྱེས་མཉམ་འཛོམས་ཀྱི་ཆེད་དུ་གདའ་ནའང་།  མི་བུ་གང་མང་ཞིག་གིས་འུ་ཅག་གི་མི་རབས་འདིའི་ཡིད་སྐྱོའི་གནས་བབ་ལ་ཁ་ཡ་མི་བྱེད་པར་སྡོད་ཟས་རག་ཙམ་གྱིས་ཡིད་ཚིམས་པའི་ཞི་དུལ་དེ་མཐོང་དུས་ཁྱེད་ཅག་ལ་རང་བཞིན་གྱིས་གུས་བཀུར་ཞིག་བསླེབས་ཡོད།

ཡིན་ན་ཡང་། གནའ་མིས་སྡོམ་ཚིག་ཞིག་ཏུ། གཉིད་མང་དྲགས་ན་མགོ་ན། ཆང་འཐུང་དྲགས་ན་ལམ་མེད་ཅེས་པར་ལྟར། ཁྱེད་ཅག་གིས་མང་ཚོགས་ཀྱི་ཁ་ཕྱོགས་དང་མི་མཐུན་པའི་གཤོག་པ་བརྐྱངས་དྲགས་ན། གཞོན་ནུའི་འབྱུང་འགྱུར་ལ་དོ་ཕོག་འགྲོ་ཉེན་ཆེ་བའི་མི་གཞིའི་མནོ་བསམ་སྨག་རུབ་ཏུ་ནམ་ཡང་ལྷུང་མི་ཉན། གང་ལ་ཟེར་ན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ནི་བོད་ཕྱི་ནང་ཀུན་གྱིས་རེ་བའི་མིག་དང་ཁོག་པའི་སྙིང་ཡིན་པས། མཆོག་གསུམ་ལ་དད་འདུན་ཆེ་བའི་སྒང་བ་བོད་པའི་ཡིད་ཆེས་དང་དད་པ་དཀྲུག་མི་ཉན།

ཡང་གཅིག་བཤད་ན། ཁྱེད་ཅག་ཆབ་སྲིད་ཀྱི་འགན་འཁུར་མཁན་ཞིག་ཡིན་ན་མ་མཐའ་རང་གི་སྤྱི་ཚོགས་ཀྱི་གོམ་སྟབས་གང་འཁོར་དང་། མཐའ་འཁོབ་ཀྱི་སྲིད་གཞུང་དག་གིས་སྲིད་ཇུས་ཀྱི་སྐུད་སྣེ་གང་ལ་བསྐོན་ཡོད་མེད་ཤེས་དགོས་པ་གནད་ཀྱི་དོན་སྙིང་རེད། ལྷག་པར་དུ་རྒྱ་གར་གྱིས་བོད་རྒྱའི་ཐོག་ལ་སྲིད་ཇུས་འཁོར་ཕྱོགས་དེ་བས་ཀྱང་ངེས་དགོས་པའི་ནང་གི་དགོས་པ་ཞིག་རེད་འདོད། རྒྱ་གར་གྱི་སྲིད་ཇུས་ཧ་མ་གོ་པར། ང་ཚོར་རྒྱུ་འབྲས་བློ་མིག་གསལ། སྒེར་ཚུགས་ཀྱི་མི་གཞི་ལྡན་ཞེས། འུར་བརྒྱབ་ན་འབྱུང་འགྱུར་གྱི་ལམ་བུ་སུའི་ལག་ལ་ཡོད་མེད་སྐད་ཆ་དོབ་དོབ་མ་རེད། དེའི་ཕྱིར། ཡར་མར་གྱི་ལབ་བརྡོལ་ཚང་མར་ཨ་ལན་དགོས་པ་མ་སྣང་། ཁྱེད་ཅག་འཕག་འཚག་བྱེད་པའི་འབྱུང་འགྱུར་གྱི་རིན་ཐང་རང་བཙན་རེད། རང་བཙན་ཞེས་པའི་ཚིག་འབྲུ་གཉིས་བཟུང་བ་ཙམ་གྱིས་འུ་ཅག་གི་བཙན་པོའི་སྙིང་སྟོབས་མངོན་ཐུབ་པ་རེད།

དེ་མིན། ཕྱི་ལོ་ ༢༠༡༡ པའི་ནང་༸གོང་ས་མཆོག་གིས་སྐུ་དབང་རྩིས་སྤྲོད་བྱས་པ་ནས་བཟུང་དེ་རིང་བར་དུ་ཚོགས་སྒེར་གང་མང་ཞིག་གིས་ངར་ཤུགས་དང་བཅས་གླེང་གཞི་ཞིག་ལྷག་པ་ནི་བོད་གཞུང་ཞེས་པའི་ཐ་སྙད་འདི་ཡིན། བོད་གཞུང་ཞེས་པའི་ཐ་སྙད་འདིས་ཐོག་ལ་རྩོད་གླེང་བྱེད་དོན་ཡང་། དྲང་ཕྱོགས་ཤིག་དང་སྤྱི་གཞུང་ལ་དོ་ཁུར་བྱེད་པའི་མི་གཞིའི་སྙིང་སྟོབས་ཤིག་ཡིན་པས་གུས་བཀུར་བྱེད་འོས་པ་ཞིག་རེད། འོན་ཀྱང་། ཕྱོགས་གཞན་ཞིག་ནས་བཤད་ན། བོད་གཞུང་ཞེས་པའི་ཐ་སྙད་འདིར་འུར་ཟིང་སྟངས་ལ་གཞིགས་ན། ཚོགས་སྒེར་གང་མང་ཞིག་གིས་འཐབ་རྩོད་ཀྱི་ངོ་གདོང་གི་ཚོར་བ་ཙམ་ལས། མི་གཞིའི་བསམ་བློས་ལག་ལེན་གྱི་འཐབ་རྩོད་དེ་ཙམ་མེད་པར་ཕྱོགས་མང་པོ་ནས་ར་ཕྲོད་ཀྱིན་འདུག ངོ་གདོང་གི་ཚོར་བ་ཙམ་ལ་བརྟེན་ནས་བྱ་བཞག་བསྒྲུབ་ན་རྒྱལ་ཁབ་ཅིག་གིས་འཐབ་རྩོད་ཕར་ཞོག་ཁྱིམ་ཚང་ཞིག་གི་འབྱུང་འགྱུར་ལའང་ཚོད་འཛིན་བྱེད་མི་ཐུབ།

༸གོང་ས་མཆོག་གིས་བོད་གཞུང་ཞེས་པའི་ཚིག་འབྲུ་གཉིས་རང་སོ་བཞག་ན།  དུས་ཡུན་མི་དགོས་པ་དཀའ་ངལ་ཞིག་ཡོང་རྒྱུ་ཡིན་པ་མྱོང་བ་ལ་སྦྱར་ནས་ལྗང་མྱུག་གི་གཏན་ཚིག་གང་མང་ཞིག་དྲངས་ཡང་། ད་དུང་འུར་ལངས་བྱེད་པ་ནི་ཡིད་ཆེས་བློ་ཁེལ་མ་ཐུབ་པའི་རྣམ་པ་མི་ལེགས་པ་ཞིག་རེད་འདོད། སྤྱིར་ཡིན་ན། ང་ཚོ་ཚང་མ་ཉོན་མོངས་རྒྱུད་ལྡན་གྱི་མི་བུ་ཤ་སྟག་ཡིན་སྟབས་ལས་བྱ་མཐའ་དག་དགེ་མཚན་ལྡན་པའི་ཡར་ངོ་ཁོ་ན་ཡོང་མི་སྲིད། དེའི་ཕྱིར། སྐབས་རེ་དོན་སྙིང་བྲལ་བའི་ལས་ལ་འཇུག་སྲིད་ཀྱང་། ང་ཚོའི་༸གོང་ས་མཆོག་ལ་ཡིད་ཆེས་བློས་ཁེལ་བྱ་དགོས། ང་ཚོའི་༸གོང་ས་མཆོག་ལ་ཡིད་ཆེས་བློ་ཁེལ་བྱ་དགོས་ཟེར་དོན་ཡང་བོད་པའི་ཆིག་སྒྲིལ་དང་འཐབ་རྩོད་དེ་རྒྱུན་གནས་ཡོང་ཆེད་ཡིན། ༸གོང་ས་མཆོག་བླ་མ་དང་སངས་རྒྱས་ཡིན་པའི་རྒྱུ་མཚན་བཤད་ཀྱིན་མེད། ཁོང་གིས་མི་ལོ་དྲུག་ཅུའི་རིང་གི་འཐབ་རྩོད་ཀྱི་མྱོང་བ་གཞིར་བཞག་ཐོག་མ་འོང་འབྱུང་འགྱུར་གྱི་བཀོད་སྒྲིག་ལ་ཡི་རངས་དང་རྟེན་འབྲེལ་ཞུ་དགོས།

༸གོང་ས་མཆོག་གིས་བོད་མིའི་སྒྲིག་འཛུགས་ཞེས་འདོགས་དོན་ཡང་བོད་གཞུང་ཞེས་པའི་ཚིག་འབྲུ་གཉིས་ལ་མ་གུས་དང་མ་དགའ་བ་མ་རེད། སྲིད་གཞུང་ཞིག་གིས་རྣོ་ངར་ལ་བརྟེན་ནས་ཐབས་ཤེས་མེད་པའི་ཐབས་ཤིག་རེད།༼ བོད་གཞུང་ངམ་སྲིད་གཞུང་ཞིག་ཡོང་ཐབས་ལ་༸གོང་ས་མཆོག་གིས་འབད་བརྩོན་ཅི་འདྲ་ཞིག་གནང་མིན་ཕྱི་ཡུལ་དུ་རང་དབང་ཞེས་པའི་༸རྒྱལ་བའི་མཛད་རྣམ་ལ་གཟིགས་ན་ཤེས་ངེས༽ཡིན་ཡང་། འུ་ཅག་གི་ཚོགས་སྒེར་དག་གི་སྒང་ལ་སྲིད་ཇུས་གང་མང་ཞིག་གིས་གནད་རྩ་བསླེབས་མེད་སྟབས་འུར་ཟིང་སློང་གིན་འདུག

མ་གཞི་བཙན་བྱོལ་སྤྱི་ཚོགས་འདི་ཧ་ཅང་གི་འཁྲིགས་པོ་ཞིག་རེད། གང་ཡིན་ཟེར་ན། ཟེར་སྒྲོས་དང་ཧོལ་རྒྱུག་ལ་བརྟེན་ནས་རྒྱུ་འབྲས་བློ་མིག་ལ་བརྩི་བཀུར་མི་བྱེད་པའི་གཅོང་ནད་དེ། རང་མི་རིགས་ཀྱི་ཐུན་མིན་གོམས་གཤིས་ཤིག་ཏུ་གནས་པའི་འགོག་ཐབས་དཀའ་བའི་ནད་གཞི་ཞིག་ཆགས་སྟབས་ལས་སླ་མོ་མ་རེད།

ཡིན་ནའང་། ཉེ་སྔོན་ཨི་ཊ་ལིས་དང་ལ་དྭགས་སོགས་ནས་གསུངས་པའི་བཀའ་སློབ་དག བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འདས་མ་ད་གསུམ་གྱི་མདུན་ལམ་ལ་འབྲེལ་བ་དམ་ཟབ་ཡོད་པས། རྒྱ་ཡན་དུ་མི་འགྲོ་བ་ཁ་ཚ་དགོས་གཏུགས་གིས་མནོ་བསམ་མངར་མོའི་དཔྱོད་ཤེས་དགོས་པ་དུས་ཐོག་གི་ཆར་བ་རང་ཡིན་པས། དབུས་ས་ལྷན་འཛོམ་གྱིས་དགོངས་པ་དག་སངས་ཀྱི་སླད་དུ་ཅི་ཞིག་བྱ་དགོས་མིན་སངས་རྒྱས་ལ་ཀ་ཁ་མི་དགོས་ནའང་། འ་འུར་ཟང་ཟིང་མེད་པའི་དབེན་གནས་ཤིག་ཏུ་འདུག་ཚོད་མིན་པར་སང་ཉིན་ལས་དེ་རིང་ཤེས་ན་གཞན་གྱིས་གོ་སྐབས་ཀྱི་མདའ་མོ་འཕེན་ཐབས་མེད་པའི་ལམ་བུ་ཉག་གཅིག་རེད།

མ་གཞི་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱལ་བའི་སྐུ་ཕྱྭའི་སྐོར་ལ་སྔངས་འཚབ་ཅི་འདྲ་ཡོད་མིན་ང་ལ་ཡིད་ཆེས་རྣལ་མ་ཐོབ་ནའང་།  རྡ་སའི་གུ་དོག་པའི་སྲང་ལམ་བར་གྱི་འཁོན་འཛིན་པ་དག་དང་། གྲྭ་སའི་རྒྱུ་འབྲས་བློ་མིག་ལ་ཁ་ཡ་མི་བྱེད་པའི་སྒེར་གཙོ་པ་དག་གིས་དམ་འཛིན་གྱི་ཐག་སྣེ་ལྷོད་མི་སྲིད་པའི་ཁར། རང་ཕྱོགས་ཀྱི་བློ་དང་མཐུན་པའི་བཀའ་སློབ་དུམ་བུ་ཞིག་དམངས་ཚོགས་ཁྲོད་དུ་གཏོར་ཟིན་པས་གནས་སྐབས་སུ་བདེན་ལུགས་གསལ་རྗེན་དུ་བསྟན་ཀྱང་སྙིགས་རོ་ཙམ་དུ་གདའ་ན། ད་ནི་རང་གིས་འགན་ནུས་གང་ཡོད་ཀྱིས་མི་མང་ལ་གསལ་བཤད་བྱ་དགོས་པ་གཞོན་ནུའི་འབྱུང་འགྱུར་གྱི་ལམ་ཀ་གཙང་བཟོ་ཞིག་རེད་འདོད།

                    རྔ་བ་བརྒྱད་གསུམ་གཅིག་དྲུག་ནས། ༢༠༡༢ ༡༡ ༠༢ ཉིན།  

འབྲེལ་ཡོད་གསར་འགྱུར།

AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠
Mobile App

ཞི་ཅིན་ཕིན་ལ་བསུ་སྐྱེལ་བྱེད་མཁན་ཚོར་གླ་ཆ་སྤྲད་རྒྱུ་ཡིན་ཟེར།

༢༠༢༦/༠༩/༡༠

མཆན། 16

  1. སྐར་ཁྲི་བཙན། says:
    ལོ་ 14 སྔོན།

    ནོར་བཅོས བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས

    Reply
  2. སྐར་ཁྲི་བཙན། says:
    ལོ་ 14 སྔོན།

    བོད་ཀྱི་གཞོན་ནུ་ལྷན་གྱིས་ངོས་ནས་རྡ་སའི་མི་མང་གི་དཀའ་ངལ་རིགས་སེལ་རོགས་བྱས་པར་སྙིང་པ་ནས་ཐུགས་རྗེ་ཆེ། དཔེར་ན་དེང་སྐབས་རྡ་སའི་བོད་པར་འཕྲད་བཞིན་པའི་སོལ་རླངས་ཀྱི་དཀའ་ངལ་རིགས་ནང་བཞིན།

    Reply
  3. Ngawang Norbu says:
    ལོ་ 14 སྔོན།

    ༄༅། །དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཆོད་སེམས་དང་རང་ཚུགས་གཏན་པོར་བསྔགས་བརྗོད་དང་རྗེས་སུ་ཡི་རངས་ཞུ། བཀྲིས་བདེ་ལེགས་ཞུ་རྒྱུའི་དུས་ཚོད་མིན་ལྟབས་”ཟབ་ཟབ་གནང་རོགས་”ཅེས་ཞུ་རྒྱུ་ཡིན། །

    Reply
  4. ཤག་སྒང་པ། says:
    ལོ་ 14 སྔོན།

    འཕྲིན་རྩོམ་འདིའི་བརྗོད་བྱ་དང་རྗོད་བྱེད་གཉིས་ཀ་དོན་ལྡན་གྱི་གནད་དང་སྒྱུ་རྩལ་གྱི་ཉམས་འགྲོས་མཐོང་བས་ཤིན་ཏུ་ལེགས།

    འོན་ཀྱང་གཞོན་ནུས་གོ་བའི་རེ་བ་ཡོད་པ་མ་རེད་དོ།།

    ཁོང་ཚོར་དབུས་བོད་མིའི་སྒྲིག་འཇུགས་ཀྱིས་མ་གནང་རོགས་ཟེར་བ་དེ་གཅིག་པུ་གོ་ཐུབ་པའི་རྣ་མཆོག་ཅིག་ལས་མེད་ཚོད་འདུག

    Reply
  5. འཇམ་གཅེས ། says:
    ལོ་ 14 སྔོན།

    རྔ་བ་བརྒྱད་གསུམ་གཅིག་དྲུག་ནས་གནས་ལུགས་དང་རྒྱུ་མཚན་ལྡན་པའི་ལེགས་བཤད་ཞིག་བཀོད་འདུག །སྙིང་ནས་ཡིད་རངས་ཞུ། དེ་མིན་གོང་གིས་དྲ་འབུ་དེ་ཚོར་ལྟ་ཡ་གང་ཡང་ཡོད་པ་མ་རེད ། ག་དུས་ཡིན་ཡང་དཀྲུགས་འདོད་ཀྱི་བསམ་བློ་ལས་རྒྱུ་མཚན་གཞན་གང་ཡང་ཡོད་པ་མ་རེད །

    Reply
  6. གསེར་འབྲུག་སྡེར་ལྔ་ says:
    ལོ་ 14 སྔོན།

    ཅི་ཞིག་བརྗོད་ཀྱིན་པ་མི་ཤེས་མོད། ནད་མཁྲིས་པས་མི་མནར་ཡང་མཁྲིས་སྨན་བཙན་གྱིས་ཟ་དགོས་ཟེར་གྱི་ཡོད་པ་འདྲ། ཀུན་སློང་བཟང་ངན་ཇི་ལྟར་ཡང་ཤ་ཚ་བའི་གཏམ་ཡིན་ཁུལ་འདྲ།

    Reply
  7. ཚྭ་སྒང་ཕོ་ཉ། says:
    ལོ་ 14 སྔོན།

    “ཟེར་སྒྲོས་དང་ཧོལ་རྒྱུག་ལ་བརྟེན་ནས་རྒྱུ་འབྲས་བློ་མིག་ལ་བརྩི་བཀུར་མི་བྱེད་པའི་གཅོང་ནད་”དེས་རང་ཉིད་ཀྱི་ལྟ་བ་ལང་ཕྱོགས་དང་མཐུན་པའི་ལུང་དུམ་རེ་འཁྱེར་ནས་གཞན་ཕྱོགས་དེའི་མགོ་བོ་གནོན་ཅི་ཐུབ་བྱེད་པའི་ལུགས་སྲོལ་ངན་པ་དེ་སྔ་ནས་ད་བར་དོར་ཐུབ་མེད་པ་དེ་དངོས་ཡོད་གནས་ཚུལ་ཞིག་རེད། ཡིན་ན་ཡང་དཀའ་ངལ་དང་གནས་བབ་གང་འདྲ་ཞིག་ལ་ཐུག་ན་ཡང་བོད་མི་རིགས་ཀྱི་རྩ་བའི་བདག་དབང་དེ་སློད་མི་རུང་ལ་གཞིས་བཞུགས་བོད་མིའི་རེ་བ་དེ་ཡང་ནམ་ཡང་བརྗེད་མི་འོས། རྒྱ་ནག་དམར་པོས་གཞོན་ནུ་དྲག་སྤྱོད་པ་རེད་ཟེར་དགོས་པའི་གནད་འགག་དེ་ཤེས་ན། གཞིས་ལུས་བོད་མིས་གཞོན་ནུ་ལ་རེ་བ་ཆེན་པོ་ཞིག་རྒྱབ་ཀྱི་ཡོད་པ་དེ་མཁྱེན་ན། གཞོན་ནུ་ལ་སྡང་ཟུག་མ་བྱེད་གངས་ཅན་པ།

    Reply
  8. བསྟན འཛིན་ཆོས་རྒྱལ says:
    ལོ་ 14 སྔོན།

    ཁ་སང་པད་མ་རྫིང་ནས་ཉེན་རྟོག་པསི་རས་གུར་ཞིག་མེར་སྲེག་བཏངས་འདུག་ཟེར། མགོ་གཙོ་ཤི་བར་ཉེ་ཟེར

    Reply
  9. སྨར་ཀླུང་དཔའ་ལ། says:
    ལོ་ 14 སྔོན།

    དོན་ཆེན་སྒྲུབ་ལ་ངང་རིང་དགོས།།
    ཐག་རིང་འགྲོ་དུས་རྩམ་པ་དགོས་ཟེར་བ་ལྟར།།
    རྩོམ་ཡིག་འདི་ལ་རྒྱུ་མཚན་ཆེན་པོ་མཐོང་སོང་།
    སྤྱོད་ལམ་མི་དང་བསྟུན།
    གོམ་གཤིས་ཡུལ་དང་བསྟུན་རྒྱུ་ངོ་མ་གལ་ཆེན་པོ་རེད།།
    གཞོན་ནུ་ལ་བདེན་པ་དང་ཆོད་སེམས་ཀྱི་ལ་ཞེན་ག་ཚོད་ཙམ་ཆེ་བ་དེ་ཚོད་ཀྱིས་ངང་རིང་དང་བསྟུན་ཤེས་འདི་ནམ་ཡང་མེད་དུ་མི་རུང་བ་རེད།།
    ཡུལ་མི་ཚང་མ་སྨྱོན་པ་ཆག་ཚར་པའི་ཞུགས་ལ་རྒྱལ་པོས་ཀྱང་སྨྱོ་ཆུ་འཐུང་དགོས་པ་ཞིག་ཆག་ན་ཤིན་ཏུ་ཕང་པོ་རེད་སྙམས།། གྲུང་ཤ་དོད་པོ་བྱེད་རོག འགག་དོག་པོ་འདུག
    ཁུར་ལྕི་མོ་འདུག
    ཡོད་ཚད་ཤེས་ཀྱི་ཡོད།
    དུས་ནམ་ཡང་མ་འཆུག་རོག
    ཆིག་སྒྲིལ་གནང་རོག
    རྩ་བ་ནས་ནོར་མེད།།

    Reply
  10. ཚེ་རིང། says:
    ལོ་ 14 སྔོན།

    དེང་སྐབས་བོད་རང་བཙན་དང་། བོད་རང་བཙན་གྱི་སྒྲིག་འཛུགས་འདི་ཚོར་ཁ་རྡུང་གཏོང་བཞིན་པ་འདི། བོད་ཤི་བའི་སྔ་ལྟས་ཚང་པ་མིན་ནམ། དཀྲོག་གཏམ་སྣ་ཚོགས་སྤེལ་ཏེ། བོད་མི་ཁ་འཐོར་དུ་གཏོང་ཐབས་འདི་ལ། རྒྱ་ནག་གཞུང་གིས་དགའ་བསུ་ཞུ་བ་མ་ཟད། རྒྱ་ནག་གི་མང་གཙོ་དོན་གཉེར་བ་དང་། བོད་ལ་རྒྱབ་སྐྱོར་ཡོད་ཅེས་ཁ་ཙམ་གྱིས་བཤད་སྡོད་མཁན་ཚོ་ཡང་དགའ་ཡི་ཡོད་ངེས་རེད།

    Reply
  11. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 14 སྔོན།

    འདི་ན་ཡང་མིང་གསལ་བོ་མེད་པའི་ཡིག་འཁྱམས་ཞིག་འདུག རྩོམ་པ་པོས་ལྷག་བསམ་ཟོལ་མེད་ཀྱི་གཏམ་ཞིག་ཡིན་ཤེས་ཆེ་བས་གུས་བཀུར་ཞུ་འོས་པ་རེད།
    འདིར་ཞུ་འདོད་པ་ཞིག་ལ། གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་དམིགས་བསལ་ཚོགས་ཆེན་གྱི་རྗེས་དེ་མ་ཐག་ཏུ་༧གོང་ས་མཆོག་མཇལ་བཅར་ཞུས་ནས་༧ཁོང་ལ་ལྷ་དགོངས་དྭངས་བའི་འགྱོད་བཤགས་ཞུས་ནས། ནམ་མཁའ་གཡའ་དག ས་གཞི་རྡུལ་དག་བཟོས་ཟིན་པ་རེད།
    མ་གཞི་གཞོན་ནུ་ལྷན་ཚོགས་ཀྱིས་ངོས་ནས་༧གོང་ས་མཆོག་གིས་བོད་གཞུང་ཕྱིར་བསྡུ་གནང་སོང་ཞེས་པའི་ཚིག་ནམ་ཡང་ཐལ་མྱོང་མེད་ན་ཡང་། གཅིག་ན་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་དངོས་སམ་ཟུར་བ་གང་རུང་རེ་ཟུང་གིས་དེ་ལྟར་བཤད་མྱོང་ཡོད་པ་དང་། གཉིས་ནས་རང་ཅག་ལ་ལྟ་བའི་མིག་དང་ཁོག་པའི་སྙིང་གཅིག་བུ་༧ཁོང་ཉིད་ལས་མེད་སྟབས་༧ཁོང་གི་དགོངས་པ་འཁྲུག་པ་བྱུང་ན་དགོངས་སེལ་ཞུ་དགོས་པ་བརྗོད་དུ་མེད་པའི་འོས་འབབ་ཅིག་ཡིན་སྟབས་༧ཁོང་ལ་དགོངས་སེལ་ཞུས་པ་རེད་སྙམ།
    ཁོ་བོ་ལ་མཚོན་ན་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་ད་སྔོན་བྱས་མྱོང་མེད་ལ་ད་དུང་ཡང་མིན་པས་གང་ཟག་གསུམ་པ་ཞིག་གི་ངོས་ནས་གསལ་བཤད་འདི་འོས་པོ་ཞིག་རེད་སྙམ་ནས་ཞུས་པ་ཡིན།

    Reply
  12. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    རྔ་པ་བརྒྱད་གསུམ་གཅིག་དྲུག་གི་ལྟ་སྤྱོད་ལ་མངོན་པར་བསྟོད་དོ། དེ་དེ་བཞིན་ནོ།

    Reply
  13. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    ནད་མཁྲིས་པའི་སྨན་ལ་ཞིམ་པོ་མེད་ན་ཡང། ཤ་ཚ་བའི་གཏམ་ལ་སྙན་པོ་འདུག་ག

    Reply
  14. གནས་ཚང་། says:
    ལོ་ 14 སྔོན།

    ད་ག་རེ་ལབ་བསམ་གྱི་ཡོད་པ་རེད། མཉམ་མེད་ཤཀྱཱའི་རྒྱལ་བོས་བསྲེག་བཅད་བརྡར་གསུམ་གནང་རུང་གི་བཀས་བཅད་ད་ལྟ་ནས་མེད་པ་བཟོས་སོང་བ་རེད་དམ། དེ་ལྟའི་བློ་ཁོག་ཅན་དེ་སུ་རེད་དམ།

    Reply
  15. དཔའ་ཆེན་དོན་གྲུབ། says:
    ལོ་ 14 སྔོན།

    གསལ་བོ་ཞིག་གོ་མ་སོང་།

    Reply
  16. ཨ་རིག་དགེ་མཐོང་། says:
    ལོ་ 14 སྔོན།

    ཕྱོགས་སུ་མ་ལྷུང་བའི་སེམས་གཏམ་དམར་རྗེན་མ་ཞིག་ཀློག་པ་པོ་དག་གི་སྤྱན་ལམ་དུ་བསྟར་བར་བཀའ་དྲིན་ཆེ་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese