མཚོ་སྔོན་རེབ་གོང་ཕྱོགས་སུ་ད་ལོའི་ལོ་གསར་ལ་སྤྲོ་སྐྱིད་མེད་པར་བོད་བསྟན་སྲིད་ཆེད་ཚེ་སྲོག་ཕུལ་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམ་པར་མྱ་ངན་མཆོད་འབུལ་གནང་ཡོད་འདུག
ཧོར་ཟླ་ ༡ ཚེས་ ༡ ཉིན་ནི་ཨ་མདོའི་ལོ་གསར་ཚེས་གཅིག་ཏུ་ཁེལ་ཡོད་པ་ལྟར། ལོ་ལྟར་ཉིན་དེར་ཤོག་སྦག་སྒྲོན་པ་དང་མི་ཚང་མས་རྒྱན་ཆས་སྤྲས་ཏེ་ཕན་ཚུན་ལ་ལོ་གསར་འཚམས་འདྲི་བྱེད་པའི་ལུགས་སྲོལ་ཡོད་ཀྱང་། ད་ལོ་ཨ་མདོའི་ལུང་པ་མང་ཆེ་བས་ལོ་གསར་གཏོང་གི་མེད་པ་དང་། ལྷག་པར་དུ་རེབ་གོང་རོང་བོ་དགོན་ཆེན་གཙོས་ས་གནས་དགོན་སྡེ་ཁག་དང་མི་མང་ཚོས་དགོན་པའི་འདུ་ཁང་དང་། སོ་སོའི་མཆོད་སྒྲོམ་ནང་༧གོང་ས་མཆོག་དང་། རང་ལུས་མེར་བསྲེགས་གནང་མཁན་རྒྱལ་གཅེས་པ་དག་གི་སྐུ་པར་རེ་སྒྲིག་གཤོམ་ཏེ། རྒན་པ་ཚོས་མྱོང་གནས་སྲུང་བ་དང་མ་ཎི་གསོག་སྒྲུབ་བྱེད་པ། གཞོན་པ་ཚོས་དགོན་པ་ཁག་ལ་མཆོད་མཇལ་དུ་ཕྱིན་ཏེ་བོད་དོན་ལ་ཚེ་སྲོག་བཏང་ཟིན་པ་དག་ལ་སྨོན་ལམ་མཆོད་འབུལ་གནང་བ་སོགས་ཆོས་ཕྱོགས་ཀྱི་ཆོ་ག་རེ་བྱེད་པ་ལས། ལོ་གསར་གྱི་རྣམ་པ་གཞན་གང་ཡང་མེད་པར་ཁུ་སིམ་མེར་གནས་ཡོད་པ་དང་།
ལོ་གསར་མ་ཐོན་སྔོན་ནས་རྒྱ་གཞུང་གིས་ལོ་གསར་སྐབས་རྒྱས་སྤྲོས་ཆེན་པོ་བྱེད་དགོས་ཚུལ་ཤུགས་ཆེན་བསྒྲགས་ཡོད་པ་དང་། ས་གནས་སྲིད་གཞུང་གིས་ལོ་གསར་མ་ཐོན་སྔོན་ནས་རྨ་ལྷོ་རེབ་གོང་རོང་བོ་གྲོང་རྡལ་དུ་ཡོད་པའི་ཁུལ་དང་རྫོང་སྲིད་གཞུང་གི་སྒོ་ཁ་དང་གཞུང་ལམ་ཁག སུམ་མདོ། མི་ཚོགས་མང་པོ་འཛོམས་སར་འབྲུག་མགོ་ཅན་གྱི་རྒྱ་སྒོ་ཆེན་པོ་སོགས་བཟོས་ཏེ། ལོ་གསར་གྲ་རྒྱས་པོ་གཏོང་གི་ཡོད་པས་རྣམ་པ་བསྟན་ཡོད་ནའང་། མི་མང་ཀྱིས་ངོས་ནས་རྒྱ་གཞུང་གིས་དམ་བསྒྲགས་པ་ལ་མ་བརྟེན་པར་ལོ་གསར་ཀྱི་ཟས་གོས་དང་ཅ་དངོས་རིགས་ཉོ་འཚོང་བྱས་མེད་པ་དང་། བོད་ཀྱི་ཚོང་པ་ཁག་གིས་ཀྱང་ལོ་གསར་ཀྱི་ཤོག་སྦག་དང་ལོ་གསར་ཀྱི་ཅ་དངོས་རིགས་ཚོང་འགྲེམས་བྱས་མི་འདུག
དེ་སྔོན་ལོ་གསར་བསླེབ་ལ་ཉེ་སྐབས་རེབ་གོང་ས་ཁུལ་སྲིད་གཞུང་གིས་མི་སྣ་ཆེད་འཛུགས་ཀྱིས་རེབ་གོང་རོང་བོ་དགོན་ཆེན་ནང་གི་སྐོར་ལམ་དང་གྲྭ་ཤག་ཁག་གི་སྒོ་འགྲམ། རེབ་གོང་སྲང་ལམ་སོགས་སུ་མི་སྣ་ལྔ་རེར་ངོ་སྤྲོད་བྱང་བུ་སྐེ་ལ་བཏགས་ཏེ་རྐུན་མ་ཡོད་མེད་ལ་ལྟ་རྟོགས་བྱེད་ཀྱི་ཡོད་ཟེར་ནས་ཉིན་མཚན་གཉིས་ཀར་སྐོར་གཡེང་གིས་དམ་དྲག་ཤུགས་ཆེན་བྱེད་ཀྱི་ཡོད་འདུག
གཞན། རྒྱ་གཞུང་གིས་ལོ་གསར་གནམ་གང་ཉིན་ས་གནས་བརྙན་འཕྲིན་ཁང་དུ་རེབ་གོང་མདོ་བ་ཞང་གི་འཕགས་པ་ལགས་སུ་རྨ་ལྷོ་ཁུལ་འབྲིང་རིམ་མི་མང་ཁྲིམས་ཁང་གིས་མི་བསད་པ་དང་རྒྱལ་ཁབ་ཁ་བྲལ་ལ་ངན་སྐུལ་བྱས་པའི་ཉེས་མིང་འོག་ལོ་ ༡༣ གྱི་ཁྲིམས་ཐག་བཅད་སྐོར་ཡང་ནས་ཡང་དུ་རྒྱང་བསྲིངས་བྱས་དེ་ས་གནས་ཡུལ་མི་ཀྱིས་སེམས་ལ་ན་ཟུག་དང་སྡུག་བསྔལ་ཆེན་པོ་ཆེན་པོ་བཟོས་ཡོད་སྐོར་བརྗོད་བྱུང་།