༄༅། ། ཕྱི་ལོ་ ༡༩༡༡ དང་ ༡༩༡༢ བར་ལ་བོད་དབུས་གཙང་ཁམས་གསུམ་ནས་རྒྱ་མི་ཕྱིར་འཕུད་བཏང་བའི་ཕྱི་ནང་གི་རྒྱུ་རྐྱེན་ལ་བལྟ་བ།
རང་བཙན་བསྒྲགས་གཏམ་སྤེལ་ནས་ལོ་ ༡༠༠ འཁོར་བའི་ཉིན་མོར་ཕུལ།
(འདིར་ཕྱི་ནང་གི་རྒྱུ་རྐྱེན་ཞེས་པའི་ནང་ནི་བོད་རང་དང་དེ་ལས་གཞན་ལ་ཕྱི་ཞེས་གོ་བའོ)
འཇམ་དབྱངས་སྦྱིན་པ།
ནང་གི་རྒྱུ་རྐྱེན་འཚོལ་བ།
དང་པོ། གོང་ན་སྐབས་དང་དུས་ལ་གཟིགས་ཤེས་པའི་དབུ་ཁྲིད་ཡང་དག་ཅིག་ཡོད་པ་དེ། རྒྱ་དམག་ཕྱིར་ལྡོག་གི་ནང་རྐྱེན་གཙོ་བོ་ཆགས་ཡོད་སྙམ།
དེ་ཡང་རྒྱུ་མཚན་ཡོད་དེ་༸གོང་ས་མཆོག་གིས་ལན་དགུ་ཆད་མཐུད་ཀྱིས་རྒྱ་གཞུང་ལ་བསྟུན་མཁས་བྱས་ཏེ་མེས་པོ་གོང་མའི་རིང་གི་མཆོད་ཡོན་དམ་ལར་བསམ་ཤེས་ཅི་འདྲ་མཛད་ནའང་། མན་ཇུ་གཞུང་གིས་ཇ་ལན་ཆུ་འཇལ་གྱིས་དེ་ལ་བསམ་ཤེས་ཅི་ཡང་མེད་པར་མཐའ་གཅིག་ཏུ་བོད་འདི་ཟ་སེམས་ཀྱི་རྩིས་གཞི་ངན་པ་བཏང་སྟེ། མཐའ་ན་༸གོང་ས་རྒྱལ་བའི་དབང་བོའི་གོ་གནས་དབྱུང་བ་ཡིན་ཟེར་བ་དང་སྐུ་སྲོག་ལ་རྒོལ་བའི་ལས་ཀྱི་སྦྱོར་བ་སྐྱུག་བྲོ་བ་དེ་འདྲའང་དངོས་སུ་བརྩམས་པས་༸གོང་ས་མཆོག་མན་ཇུའི་གཞུང་ལ་ཐུགས་ཁོ་ཐག་ཆད་དོ།། དེ་ནི་མན་ཇུའི་གཞུང་འབྲེལ་མི་སྣ་ལོའོ་རྡོ་ཐལ་ཟེར་བ་ ༡༩༡༠ ལོར་རྡོར་གླིང་དུ་བཅར་ཏེ་འགྱོད་བཤགས་དང་བཅས་ལྷ་སར་གདན་དྲངས་ཀྱང་མ་ཕེབས་པ་དེས་གསལ་བཤད་བྱས་ཡོད། དེ་བཞིན་དབྱིན་ཇི་དང་རུ་སུ་གཉིས་ཀྱིས་ཀྱང་བོད་ལ་དགོས་ངེས་ཀྱི་ཕན་ཐོགས་གང་ཡང་མ་བྱུང་བས་ན། ༸གོང་ས་མཆོག་གི་ཐུགས་དགོངས་ལ་རང་ཡུལ་གྱི་བདེ་སྐྱིད་ཆེད་བོད་མི་རང་ཉིད་ནས་བརྩོན་པ་མ་གནང་ཐུ་མེད་ཀྱི་བདེན་ལུགས་གསར་དུ་འཁྲུངས། དེ་འདྲ་ཡིན་དུས་ཐོག་མར་བོད་ས་ན་ངན་བྱས་ངོ་འཁྱེར་བྱེད་བཞིན་པའི་ཨམ་བན་དང་ལོས་ཅུན་(རྐང་དམག་)སོགས་རྒྱ་མི་རྗེས་འབྲེལ་དང་བཅས་པ་རང་ས་ནས་མཐར་སྐྲོད་གཏང་རྒྱུ་དེ་ནི། བོད་རང་དབང་རང་བཙན་རྨ་མེད་པ་ཞིག་བསྒྲུབ་རྒྱུའི་ཆ་རྐྱེན་ཨང་དང་པོར་གཟིགས་ཡོད་དོ།།
དེ་ལྟར་སྐུ་ཉིད་ཕྱི་ལོགས་ནས་བཞུགས་ཏེ་རྒྱ་ནག་ཏུ་དུས་འགྱུར་ཆེན་མོ་ཡོང་བཞིན་པའི་སྐབས་དང་བསྟུན་ཏེ། གཞུང་སྒེར་གང་ཅིར་ལེགས་ཉེས་བླང་དོར་གསལ་བའི་བཀའ་སློབ་གནོན་བརྗིད་ཅན་རིམ་པར་བསྩལ་བ་ནི་བོད་འབངས་ཡོངས་ཀྱི་མིག་ལྟ་བུ་ཆགས་ཡོད། དེ་ཡང་ཐོག་མར་བཀའ་འབྲེལ་རྩེ་དྲུང་ལྡེ་མ་མཛོད་བརྒྱུད་ཁམས་ཕྱོགས་ཡུལ་དགོན་ཚང་མར་ལམ་སྟོན་སྦུག་ཐམ་བཀའ་ཡིག་བསྩལ་འདུག དེའི་ནང་དེང་སྐབས་༸གོང་མའི་སྲིད་ཀྱང་སྔ་ཁོར་གནས་མིན་མ་རྟོགས་པའི་མཚམས་སུ་གྱར་བས་འགྱངས་གཞི་ཕྲན་བུ་ཡོང་རིགས་མ་གཏོགས་བསྟན་སྲིད་བཞེད་དོན་ལེགས་འགྲུབ་ཡོང་རྒྱུར། ཁམས་བོད་ཀུན་ནས་འཕྲལ་ཕུགས་བདེ་དོན་གང་ཅི་ད་ལྟ་ནས་འཐུས་ཤོར་མེད་པ་ཞིག་ཚང་མས་ཐབས་ཤེས་ཡོད་རྒུ་རྩལ་སྤྲུག་བྱེད་རན་ཞེས། རྒྱ་ནག་སྲིད་འགྱུར་གྱི་སྐབས་དང་བསྟུན་ནས་བོད་བསྟན་སྲིད་ཀྱི་བཞེད་དོན་བསྒྲུབ་དགོས་པ་གསལ་བར་བསྟན་ཡོད།
ཡང་ལྷ་སར་མཁན་དྲུང་བྱམས་པ་བསྟན་དར་དང་རྩིས་དཔོན་ཁྲི་སྨོན་ནོར་བུ་དབང་རྒྱལ་གཉིས་ལ་དམག་དོན་སྤྱི་ཁྱབ་པར་བསྐོ་གཞག་གནང་སྟེ། དབུས་གཙང་ཁམས་གསུམ་ནང་ཡོད་པའི་རྒྱ་དམག་རྣམས་མཐར་བསྐྲོད་གཏོང་དགོས་པའི་བཀའ་ཕབ། རྗེས་ནས་སྤྱན་བསལ་གནམ་གང་ངམ། ཟླ་བཟང་དགྲ་འདུལ་བོད་ལྗོངས་དམག་སྒར་ཡོངས་ཀྱི་སྤྱི་ཁྱབ་ཆེ་བར་བསྐོ་གཞག་མཛད་དེ་ལྷ་སར་ཡོད་པའི་དྲུང་རྩིས་གཉིས་དང་འབྲེལ་བ་བྱས་ནས། རྒྱ་དམག་མཐར་སྐྲོད་དགོས་པའི་བཀའ་མངགས་དང་བཅས་ ༡༩༡༢ ཟླ་ ༣ པའི་ནང་དམག་སྤྱི་ཁོང་ལྷ་སར་འབྱོར། ལྷ་སའི་གནས་ཚུལ་སྐོར་༸རྒྱལ་བ་རིན་པོ་ཆེར་སྙན་གསེང་ཞུ་གི་ཡོད་པ་དང་། ཁོང་གིས་ཐབས་མཁས་པོའི་ཐོག་ནས་མི་མང་ལ་ལམ་སྟོན་གནང་གི་ཡོད། དཔེར་ན། སེ་རར་དམག་རྒྱག་སྐབས་སྦྲ་ཞོལ་ཁམས་པ་ཇ་ཚོང་བ་རྣམས་ཀྱིས་དམིགས་བསལ་བྱས་རྗེས་བཞག་པར་བརྟེན་༸གོང་ས་མཆོག་གིས་སྦུག་དམ་བཀའ་ཡིག་བསྩལ་ཡོད་པ་དང་། དེའི་ནང་ལྷ་ཁུལ་དམག་འཁྲུག་སྔ་ཕྱིར་རང་སྲོག་བློས་བཏང་གིས་ཤེད་ནུས་གང་ཐོན་བགྱིས་པར་སྤྱི་ཚོགས་(བོད་ལྗོངས་ཚོགས་འདུ་ཆེན་མོ)ནས་སྙན་འབྱོར་ལ་བརྟེན་གཟིགས་བཟོས་བདག་རྒྱན་དང་། གསོལ་རས་སྤྲོད་འོས་སོགས་བློ་ཕམ་མི་འབྱུང་བ་དགོས་རྒྱུའི་བཀོད་རྒྱ་སྔོན་སོང་ལྟར་སྤྲད་ཡོད་ཤག་ཀྱང་། ད་དུང་འཕྲོས་བསྡད་རྒྱ་དམག་རྣམས་མཐར་སྐྲོད་ཤུལ་གཙང་འཕྲལ་མྱུར་ཐུབ་པ་དམག་སྒར་ཁག་ལ་བཀོད་རྒྱ་ཟུར་དུ་སོང་དོན་བཞིན་མཇུག་སྐྱོང་གཟེངས་ཐོན་ཐུབ་པའི་ཐབས་བློ་ཟབ་བསྐྱེལ་དགོས་ཞེས་བཀའ་གནང་ངོ་།།
སྤྱིར་རྒྱ་དམག་ཕྱིར་འབུད་ལ་དུས་ཡུན་རིངཙམ་འགོར་སྟབས་དམག་མི་རྣམས་སྒྱིད་ལུག་པ་དང་སེམས་ཞུམ་པ་སོགས་ཀྱང་ཡོང་ངེས་པས་ན། ༸གོང་ས་མཆོག་གིས་བྱས་པ་ཅན་ལ་གཟེངས་བསྟོད་དང་འབྲེལ་མཇུག་སྐྱོང་དགོས་པའི་སྐུལ་བརྡ་གནང་ཡོད། ཐབས་ལ་མཁས་པའི་ཕྱག་ལས་འདི་དང་འདི་འདྲ་བ་དག་ལ་བརྟེན་དམངས་སེམས་གཅིག་ཏུ་ཕྱོགས་ཤིང་། བློ་སྟོབས་སྔར་ལས་རྒྱས་ཏེ་རྒྱ་དམག་ཕྱིར་འབུད་ཀྱི་ལས་ལ་བརྩོན་ཡོད་པ་ནི་ཁོ་ཐག་རེད། དེ་ལྟར་ཁོང་གིས་སྐབས་དང་དུས་ལ་སྦུག་དམ་བཀའ་ཡིག་བསྩལ་ཏེ་རྒྱ་དམག་བོད་དུ་ལྷགས་ན་སྐྱེ་དགུ་ཕན་བདེའི་གཞི་མར་གྱུར་བའི་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཉམས་ཉེས་སུ་འགྲོ་རྒྱུ་ཡིན་ཚུལ་གསུངས་པ་དེས་ཀྱང་ཕན་རླབས་རྒྱ་ཆེན་པོ་བྱུང་བར་འདོད། མདོར་ན། སྐབས་དེར་རྒྱ་མི་ཕྱིར་འབུད་བཏང་བའི་སྟོབས་ཤུགས་ཡོད་ཚད་ཀྱི་མགོ་ཁུངས་ནི་༸གོང་ས་མཆོག་ཡིན་པ་གསལ་པོ་རེད།
གཉིས་པ། བོད་མི་བསམ་ཡོད་ཚང་མས་དེ་ལན་གྱིས་ཕྱར་གྲུ་མཉམ་འདེགས་མི་དམན་པ་བྱས་པ་ནི། རྒྱ་དམག་མཐར་སྐྲོད་ཐུབ་པའི་ནང་རྐྱེན་གཙོ་བོ་གཉིས་པ་ཡིན།
དམག་སྤྱི་དྲུང་རྩིས་གཉིས་དང་སྤྱི་ཁྱབ་དམག་སྤྱི་ཟླ་བཟང་དགྲ་འདུལ་བཅས་༸རྒྱལ་བ་རིན་པོ་ཆེས་ཐད་བསྐོས་གནང་བ་ཡིན་པས། མང་ཚོགས་ནས་བརྩི་མཐོང་ཆེ་ཞིང་ཕྱར་བ་གྲུ་འདེགས་ཚུལ་བཞིན་བྱེད་ཀྱི་ཡོད་པ་སྨོས་མེད་རེད། དེའི་དཔེ་མཚོན་གསལ་ཤོས་གཅིག་ནི། རྒྱ་དམག་ལག་ནས་དམག་སྤྱི་དྲུང་རྩིས་གཉིས་ཀྱི་བཀའ་བཀོད་ལྟར་མེ་མདའ་མང་པོ་མང་ཚོགས་ལ་ཚུར་ཉོ་སྒྲིག་བྱེད་བཅུག་ཡོད་ལ། རང་ཕྱོགས་ནས་ཁ་མ་དན་པ་དང་། རྒྱ་དམག་ལ་ཕར་རོགས་བྱས་པ་དེ་འདྲ་བསྟན་རྒྱས་གླིང་བན་ཚང་ཕུད་པས་ཧ་ལམ་བྱུང་མྱོང་མེད་དོ།། རང་བཙན་བསྒྲགས་གཏམ་མམ་ཆུ་གླང་རྩ་ཚིག་ཆེན་མོ་ལས་ཀྱང་། “བོད་རིགས་སྐྱེ་བོ་མཆོག་དམན་ཚང་མས་ཀྱང་རང་ནུས་གང་ཤར་གྱིས་རྒྱ་དམག་དང་འཐབ་འཛིང་མུ་མཐུད་བྱས་པ་བཅས་ལ་བརྟེན་”ཞེས་གསུངས་པས་ཀྱང་ཤེས་ནུས།
ད་དུང་བློ་སྟོབས་ཅན་གྱི་གཞུང་ཞབས་དཔའ་བོ་སྐོར་ཅིག་རྡོར་གླིང་ནས་ཕྱིར་ཐོན་ཏེ། དང་བླང་གིས་རྒྱ་དམག་ཕྱིར་འབུད་ཀྱི་ཁུར་ཆེན་ཕྲག་ཏུ་བླངས་ནས་ཡོང་ཡོད་པ་དང་། དེ་ལ་རེ་ཞིག་ཕམ་ཉེས་ཕྲན་བུ་བྱུང་བའང་བློན་ཆེན་བཤད་སྒྲ་མཆོག་གིས་རྒྱལ་ཁ་ལེན་པ་ལ་ཕམ་ཁ་ཕྲན་བུ་བྱུང་བ་ཆོས་ཉིད་ཡིན་པས་བློ་ཕམ་དགོས་དོན་མེད་ལ། དེ་ལས་ཁོང་ཚོའི་ལྷག་བསམ་དང་སྙིང་སྟོབས་ཕུལ་དུ་བྱུང་བ་དེ་རླབས་ཆེན་ཡིན་ཚུལ་གྱི་གོ་བསྐོན་བསླབ་བྱ་དཔེ་མེད་ཅིག་གནང་བ་འདིས་ཀྱང་སྐབས་དེའི་བོད་མི་མཆོག་དམན་བར་གྱི་མཐུན་པའི་གསེར་སྐུད་དང་ཆིལ་སྒྲིལ་གྱི་གཟི་དཔང་དེ་གསལ་ལེར་མངོན་པར་བྱས་ཡོད།
གསུམ་པ། དམིགས་བསལ་དམག་སྤྱི་རྣམས་དབང་བཙན་ཞིང་ཐབས་ལ་མཁས་པས་རྒྱ་དམག་ཕྱིར་འབུད་སླད་ནང་གི་རྒྱུ་རྐྱེན་གཙོ་བོ་གསུམ་པ་དེ་ཚང་བསྒྲུབས་ཡོད་སྙམ།
དམག་སྤྱི་སུ་ཡིན་ཡང་༸གོང་ས་མཆོག་གི་བཀའ་སྤྱི་བོའི་གཙུག་ཏུ་བླངས་ནས་ལས་ལ་ཧུར་སྐྱེད་གནང་མཁན་རྐྱང་ཡིན་ལ། དེའི་ཐོག་དམག་སྤྱི་ཟླ་བཟང་དགྲ་འདུལ་དང་བྱམས་པ་བསྟན་དར་སུ་ཡིན་ཡང་མགོ་ལུས་མེད་པར་དགྲ་སྡེ་ཟིལ་གྱིས་གནོན་ཞིང་། རང་སྡེ་ཁྲིམས་ཀྱིས་ནོན་པའི་བརྗིད་ཉམས་ཀྱིས་ཁེངས་ཡོད་པས་ན། སེར་སྐྱ་ཀུན་ལ་མགོ་འདོན་མཇུག་གནོན་གང་ལེགས་ཐུབ་ཀྱི་ཡོད་པ་མ་ཟད་མང་ཚོགས་ནས་ཀྱང་བརྩི་མཐོང་ཆེ་ཞིང་སྤྱི་མོས་ཐུབ་པ་ཞིག་ཡོད་ཚོད་དུ་འདུག དཔེར་ན། ཞབས་པད་ཚ་རོང་ཡབ་སྲས་སོགས་ལ་གླེང་འཇོག་འདྲ་མིན་བྱུང་སྟེ་སྐུ་བཀྲོང་རྗེས་མཐོ་དམན་གང་དུའང་འཁྲུག་ཟིང་ཐལ་ཆེ་བྱུང་རྒྱུ་ལས་ལྡོག་སྟེ། རྒྱ་དམག་ཕྱིར་འབུད་གཏོང་བའི་ཐད་ལ་མང་ཚོགས་རང་བཞིན་གྱི་དོ་སྣང་གསར་བ་དང་ཡིད་གཉིས་ཐེ་ཚོམ་བཅད་དེ་མཐུན་སྒྲིལ་ཟོང་ཁ་གཅིག་ཏུ་སྒྲིལ་བར་དགེ་མཚན་བྱུང་སྣང་བ་ལྟ་བུའོ། དང་ཐོག་དྲུང་རྩིས་གཉིས་ལྷ་སར་ཕེབས་དུས་རྒྱ་དམག་ཆིག་ཁྲི་བདུན་སྟོང་ཞིག་འཛོམས་ཡོད། ཁོང་གཉིས་ཀྱིས་དེ་དག་ལ་ལམ་སེང་མ་འཐབ་པར་ཁོང་ཚོར་སྒྲིག་འཛུགས་ཡག་པོ་མེད་པའི་སྐྱོན་ངོས་བཟུང་སྟེ། མི་མང་པོར་ལྐོག་ནས་མེ་མདའ་དང་མདེའུ་ཉོ་བཅུག སྦྲ་ཞོལ་ཁམས་པ་དང་འབྲེལ་བ་བྱས་ཏེ་རྒྱ་དམག་ལག་ནས་འཕྲུལ་མདའ་ད་རྗས་མདེལ་སོགས་ཀྱང་ཐོབ་འདུག འདི་ལས་གཞུང་ལ་མཚོན་ཆའི་དཀའ་ངལ་ཡོད་པ་གསལ་བོ་རེད། ཡང་ཁ་གཞན་ལ་གཡར་ཏེ་རྩེ་ཕོ་བྲང་དང་ནོར་གླིང་། གཙུག་ལག་ཁང་སོགས་ལ་སེར་དམག་གི་སྲུང་བྱ་ནན་པོ་མཛད་སོགས་ཀྱིས་རྒྱ་དམག་ལ་རྒོལ་བར་རྨང་གཞི་བརྟན་པོ་བཏིང་ཡོད།
བཞི་བ། ༸རྒྱལ་བ་རིན་པོ་ཆེ་མྱུར་དུ་རང་ཡུལ་ལ་གདན་འདྲེན་ཞུ་བར་མང་ཚོགས་རང་བཞིན་གྱི་བསམ་བློ་ཚད་མཐོ་བོ་ཞིག་ཡོད་པ་དེ། རྒྱ་དམག་མཐར་བསྐྲོད་ཐུབ་པའི་ནང་གི་རྒྱུ་རྐྱེན་བཞི་པ་ཆགས་ཡོད་སྙམ།
དེ་ཡང་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་ཏཱ་ལའི་བླ་མ་མཆོག་དབྱིན་ཇིའི་དྲག་པོའི་དོན་གཅོད་ཡོང་སྐབས་མི་ཡུལ་ས་མཐར་ཕེབས་དགོས་བྱུང་སྟེ། མི་ལོ་ལྔ་ཙམ་འདས་རྗེས་ཕྱིར་རང་ཡུལ་དུ་ཞབས་སོར་འཁོད་ནའང་ལོའུ་ཅུན་རྒྱ་དམག་གི་སུན་གཙེར་འོག་སྡོད་ཐབས་རྩ་བ་ནས་མ་བྱུང་སྟབས་ཟླ་གཉིས་ལས་མ་འགོར་བར་ཡང་བསྐྱར་དབང་མེད་དུ་མི་ཡུལ་ས་མཐར་གྱར་དགོས་བྱུང་ཡོད། དེའི་ཐད་<<བོད་ཀྱི་སྲིད་དོན་རྒྱལ་རབས་>>ནང་གློ་བུར་དུ་ཆིབས་སྒྱུར་གནང་དགོས་བྱུང་བ་དེས་བོད་མི་རྣམས་ཀྱི་ཁོག་པའི་སྙིང་བཏོན་པའམ། ལོང་བ་ལོང་འཁྲིད་བྲལ་བ་ལྟ་བུར་ཅི་བྱ་གཏོལ་མེད་ཀྱིས་ནམ་ཞིག་གསེར་ཞལ་མཇལ་ཡོང་སྙམ་པའི་རེ་བ་དང་། གསོལ་འདེབས་སྨོན་འདུན་བྱེད་བཞིན་དུ་གནས་ཡོད་ཚུལ་བྲིས་པ་ལྟར་དོན་ལའང་དེ་འདྲ་ཡིན་པས་བོད་མི་རྣམས་ཀྱི་སེམས་ནང་༸གོང་ས་མཆོག་རང་ཡུལ་དུ་ཕེབས་མ་ཐུབ་པ་དེ། བོད་ནང་རྒྱ་དམག་གིས་དུས་ཟིང་མི་བདེ་བ་བསླངས་པའི་རྐྱེན་གྱིས་ཡིན་པ་གསལ་བོར་ཤེས་པས་ན། ཞེ་ནས་རྒྱ་དམག་ལ་མི་དགའ་བས་ཁོང་ཚོ་དང་མཉམ་ལས་མི་བྱེད་པ་དང་ཁོང་ཚོར་རང་གིས་ཐུབ་ཚོད་ཀྱིས་གྱོང་སྤྲད་པ་སོགས། སྐབས་དེར་གཞུང་མང་གཉིས་གཅིག་ཕན་གཅིག་གྲོགས་ཀྱི་ལམ་ཁ་ཞིག་ལ་གོམ་པ་མདུན་སྤོ་བྱས་ནས་འགྲོ་གི་ཡོད། མང་ཚོགས་ཀྱི་སེམས་ནང་གཞུང་གིས་ལྷོད་ཡང་མེད་པར་གང་མགྱོགས་རྒྱ་མི་ཕྱིར་འབུད་གཏང་སྟེ་༸གོང་ས་མཆོག་གདན་འདྲེན་ཞུ་འདོད་ཀྱི་བྲེལ་འཚུབ་ཅིག་ཡོད་པ་ནི་དམངས་གཞས་འདིས་མཚོན་ཐུབ། སྤྱི་མདའ་གནམ་གང་ཕེབས་བྱུང་།། དཔྱིད་ཉི་རིང་པོ་ཤར་བྱུང་།། དྲི་མེད་ཀུན་ལྡན་འཁྲབ་ནས།། བཞི་སྡེ་སྦྱིན་པར་བཏང་སོང་།། ཞེས་པའོ།།
ལྔ་པ། དམག་འཁྲུག་བྱེད་ས་བོད་ཀྱི་ས་ཆ་ཡིན་པ་དེའང་རང་བཞིན་གྱིས་རྒྱ་དམག་ཕམ་ཉེས་ཤོར་བའི་རྐྱེན་གཅིག་ལ་བགྲང་ཆོག་པ་ཡིན།
རྒྱ་དང་མན་ཇི་ཕལ་མོ་ཆེ་གསར་འབྱོར་དམག་མི་ཡིན་པས་དུས་བཞིའི་གནམ་གཤིས་དང་ས་ཆུ་འཕྲོད་མིན་གྱི་དཀའ་ངལ་དང་། ཡང་སྡོད་གནས་དང་འཚོ་བའི་ཐད་ཀྱི་དཀའ་ངལ་སོགས་མང་པོ་ཞིག་ལ་བོད་མི་ལས་ལྷག་པས་གདོང་ལེན་བྱེད་དགོས་པ་ཆགས་ཡོད། རྒྱ་དམག་ལ་དམག་ཕོགས་བཅད་པའི་དཀའ་ངལ་ཆེ་ཤོས་སྤྲད་པ་དེའང་བོད་མིར་རང་ས་རང་ལ་རྒྱུས་ཡོད་དང་ཡུལ་མིའི་རྒྱབ་སྐྱོར་བཅས་གང་ཅིའི་མཐུན་རྐྱེན་ཚང་ཡོད་པས། ལྷ་ས་གྲོང་ཁྱེར་གྱི་ལམ་ཆེན་ཁག་ཚང་མ་བོད་དམག་གིས་བཟུང་སྟེ་ས་བབ་ཀྱི་ཆ་ནས་རྒྱ་དམག་ལ་ཕམ་ཁ་སྤྲད་ཡོད་པ་རེད།
ཕྱིའི་རྒྱུ་རྐྱེན་འཚོལ་བ།
༡༽ རྒྱ་དམག་ཕྱིར་འབུད་བཏང་བའི་ཕྱིའི་རྒྱུ་རྐྱེན་གཙོ་བོ་ནི་མན་ཇུའི་གཞུང་མགོ་རྟིང་སློག་པའི་སྐབས་དང་འཁེལ་ཏེ། རྒྱ་ནག་ཁུལ་གྱི་ཞིང་ཆེན་གཅིག་ཀྱང་མ་ལུས་པར་དུས་ཟིང་ཁོལ་བཞིན་ཡོད་པ་དེ་ལ་ཐུག་ཡོད། རྒྱ་ནག་ལ་འགྱུར་ལྡོག་བྱུང་བ་དེ་ལས་ལྷ་སྡོད་རྒྱ་དམག་ལ་རྒྱབ་རྟེན་དམག་ཕོགས་དང་དམག་དཔུང་གི་རེ་བ་ཡོངས་སུ་བྲལ་གཤིས་མཐའ་མར་མགོ་འདོགས་དགོས་པའི་ཚད་ལ་སླེབས་ཡོད་པ་གསལ་པོ་རེད། ༢༽ གཉིས་ནས་རྒྱ་ནག་མན་ཇུ་འཐོར་ཁར་༸གོང་ས་མཆོག་གི་དབུ་གནས་དབྱུང་བ་དེའང་རྐྱེན་གཙོ་བོ་ཞིག་ཆགས་ཡོད་སྙམ།
གནས་ཚུལ་དེ་ལྷ་ས་ནས་གོ་ཐོས་བྱུང་སྟེ་རྩ་ཚིག་སྦྱར་འགྲེམས་བྱས་པར་བོད་མི་སེེར་སྐྱ་མི་དམངས་རྣམས་ཀྱིས་རྒྱ་མིར་མཐུན་འབྲེལ་ཡོངས་སུ་བཅད་དེ། རྩ་ཚིག་ལ་དྲི་ངན་བཙོག་པ་བྱུགས་པ་སོགས་དངོས་ཤུགས་བརྒྱུད་གསུམ་ནས་ངོ་རྒོལ་དང་། མི་འདོད་པའི་རྣམ་འགྱུར་ཤུགས་ཆེར་བསྟན་ཡོད་པས་ཀྱང་བོད་རྒྱ་དབར་གྱི་འགལ་བ་གསལ་འདོད་བྱས་ཡོད། དེ་བཞིན་རྒྱ་མིར་རྟ་ཁལ་དང་ཅ་ལག་ཙ་ཙིག་གི་འབྲེལ་བ་ཡང་མ་བྱས་པར་བརྟེན་མཐའ་མར་འུ་ཐུག་སྟེ་དབུ་གནས་སླར་གསོ་བྱེད་རྒྱུ་ཡིན་ཞེས་ཟེར་དགོས་ཐུག་ཡོད་པ་རེད། དེ་སྔོན་ལྷ་སྡོད་རྒྱ་དམག་གི་ཚུལ་མིན་བྱ་སྤྱོད་སྤེལ་པ་དང་པོ་ནི་ལྷ་ལྡན་དུ་ཡོང་སྟེ་དོན་མེད་མི་བསད་པ་དང་༸གོང་ས་མཆོག་རྗེས་འདེད་བཏང་སོགས་ལས་ངན་མང་དུ་སྤེལ་ཡོད་ལ། བར་དུ་རྣམ་སྲས་གན་མཛོད་སོགས་སུ་སྔོག་གཤེར་དང་ཞོལ་དངུལ་པར་ཁང་དང་མེ་མདའ་བཟོ་བསྐྲུན་ཁང་སོགས་བདག་བཟུང་བྱས་པ། མ་ཟད་བཀའ་བློན་རྣམས་པའི་སྒེར་གཞིས་ནས་དངོས་ནོར་བཅོམ་འཕྲོག་དང་ཁམས་བོད་མི་སེར་རྣམས་ལ་ཤིང་ཁྲལ་དང་རྩྭ་ཁྲལ་སོགས་། འཕྲལ་འཕར་བརྡབ་གསིག་ཤིན་ཏུ་ཆེ་བ་བཟོས་ཡོད་པ་བཅས་སྔ་ཕྱིའི་གནས་ཚུལ་འདི་དག་གིས་བོད་མི་རྣམས་དང་མཐུན་ཐབས་མེད་པ་ཆགས་ཏེ། བོད་མི་རྣམས་ཀྱི་སེམས་སུ་འཁོན་འཛིན་རིམ་བསགས་ཀྱི་གཞི་ཞིག་ཆགས་ཡོད་པ་རེད།
༣༽ གསུམ་ནས་བོད་དུ་ཡོད་པའི་རྒྱ་དམག་ནང་ཁུལ་མ་འཆམ་པ་དེ་ཕྱིའི་རྒྱུ་རྐྱེན་ཆེན་པོ་ཞིག་ཏུ་འདོད། རྒྱ་ནག་ནས་མན་ཇུ་ཉམས་པའི་གནས་ཚུལ་དེའི་རྐྱེན་པས་བོད་དུ་ཡོད་པའི་རྒྱ་དམག་ཕྱོགས་ཁག་མི་འདྲ་བ་དང་། རྒྱ་དང་མན་ཇུ་མི་རིགས་ཀྱི་དབྱེ་འབྱེད་སོགས་ཕན་ཚུན་དབར་ལ་འགལ་བ་བྱུང་སྟེ། ནང་ཁུལ་ཁ་མི་དན་པ་སེ་རར་དམག་རྒྱག་བྱ་རྒྱུའི་གསང་བ་ཕྱི་ལ་ཤོར་བ་ལྟ་བུ་དང་། རྒྱ་དམག་ནང་ལ་འཁྲུག་འཛིང་རྒྱུན་རིང་ཤོར་བས་རྒྱ་དཔོན་ཞེའི་ཀའུ་ལན་དང་དཔོན་རིགས་གཞན་གསུམ། དེ་བཞིན་སྡུའི་ཀྭན་ཞེས་པའི་རྒྱའི་དམག་དཔོན་གཅིག་གི་འོག་བོད་སྐྱེས་རྒྱ་དམག་ཉིས་བརྒྱ་སྐོར་གོ་ལག་དང་བཅས་ཏེ་བོད་ཕྱོགས་ལ་མགོ་བཏགས་ཞུས་པ་སོགས། ནང་ཁུལ་མ་མཐུན་པ་དེས་ཁོང་ཚོའི་ཆིག་སྒྲིལ་གྱི་ནུས་པ་སྲན་ཕུང་ལ་དབྱིག་པས་བརྒྱབ་པ་ལྟར་གང་སར་འཐོར་ཤིག་ཏུ་སོང་ཡོད་དོ།།
སྐབས་དེར་རང་བཙན་གསལ་བསྒྲགས་བྱས་པ་ནས་ད་བར་ལོ་ངོ་༡༠༠འགོར་ཡོད་པས། སྤྱི་ཚོགས་དང་ཁོར་ཡུག་སོགས་ཀྱི་གནས་བབ་གང་ཐད་ནས་ཁྱད་པར་ཆེན་པོ་ཡོད་པ་སྨོས་མེད་ཡིན་ཡང་། རླབས་ཆེ་བའི་ལས་དོན་དེ་ང་ཚོའི་ཕ་མེས་དག་གིས་བྱས་པ་ཡིན་སྟབས། མི་རང་ངོས་ནས་འགན་ཁུར་སྟངས་སོགས་ཕྱོགས་མང་པོ་ཞིག་ནས་ང་ཚོར་ལག་ཆ་ལེན་རྒྱུ་ཡོད་པའང་བཤད་མ་དགོས་པ་ཞིག་ཡིན་ནོ།།