མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་དཀྱུས་མ་ཞིག་གི་འགན་འཁྱེར་ཐུབ་ཚད་དེ་འཁྱེར་ནས་འགྲོ་བཞིན་ཡོད།

བོད་ཀྱི་དུས་བབ།
༢༠༡༣/༠༢/༢༤
Share on FacebookShare on TwitterShare on EmailShare on Whatsapp

བོད་དོན་ཞི་བའི་འཐབ་རྩོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་སུ། ལོ་སྔོན་མའི་ཞི་བའི་འཐབ་རྩོད་བརྒྱུད་རིམ་ཁྲོད་ཀྱི་གླེང་སློང་སྣ་ཚོགས་དང་། མ་འོངས་པའི་ཞི་བའི་གོམ་བགྲོད་ཐེངས་གཉིས་པ་གནང་ཕྱོགས་ཐད་ནས་བཅར་འདྲི་ཞུས་ཡོད།

            དྲི་བ། ཐོག་མར་ཁྱེད་རང་གི་འཚར་ལོངས་བརྒྱུད་རིམ་རོབ་ཙམ་ངོ་སྤྲོད་གནང་རོགས།

            ལན། སྤྱིར་ང་རང་ངོ་ཤེས་རྒྱུ་དེ་གལ་ཆེན་པོ་མ་རེད། ཡིན་ནའང་། ངའི་ལས་ཀ་འདི་བོད་མི་རིགས་ཀྱི་བདེན་དོན་དང་འབྲེལ་བའི་ལས་ཀ་ཞིག་ཡིན་སྟབས། ལས་མཁན་དེ་ངོ་ཤེས་ན་ལས་ཀའི་ཐད་ཕན་ཐོགས་ཡོད་སྲིད་སྟབས། རང་ཉིད་ངོ་སྤྲོད་རགས་ཙམ་ཞུས་ཆོག  ང་རང་ཕྱི་ལོ་ ༡༩༧༧ ལོར་མདོ་སྨད་བླ་བྲང་བསང་ཁོག་ཏུ་སྐྱེས་ཤིང་།  ཆུང་དུས་རྫོང་སློབ་ཆུང་དུ་ལོ་ ༤ རིང་ཕྱིན་རྗེས་བླ་བྲང་དགོན་པའི་གྲྭ་བ་བྱས་ཏེ་ལོ་འགར་བསྡད་པ་ཡིན། ཕྱི་ལོ་ ༡༩༩༥ ལོར་རྒྱ་གར་ཏུ་འབྱོར་བ་རེད། དེ་ནས་ཕྱི་ལོ་ ༢༠༠༨ བར་གཞན་གྱི་ལག་འོག་ཏུ་མ་བྱན་དང་ནང་གཙང་མ་བཟོ་མཁན་སོགས་གཡོག་ལས་རྐྱང་བྱས་བསྡད་པ་ཡིན། རྗེས་སུ་ཨེ་སི་རལ་གྱི་བུ་མོ་ཞིག་དང་མཉམ་དུ་དགའ་བོ་ཆགས་ཏེ། ཕར་ཕྱིན་ནས་ལོ་ ༣ ལྷག་རིང་བྱིས་པ་གཉིས་ཀྱི་ཨ་ཕ་ཆགས་སོང་། ད་སྐབས་བྱིས་པ་གཉིས་ལས་བུ་མོ་ལོ་གསུམ་དང་བུ་ལོ་གཉིས་རེད། ངའི་ལོ་རྒྱུས་མདོར་བསྡུས་དེ་འདྲ་ཞིག་རེད། 

            དྲི་བ། ཞི་བའི་ལས་འགུལ་འདི་སྤེལ་རྒྱུའི་ཐོག་མིའི་བསམ་འདུན་ཇི་ལྟར་འཁོར་བ་ཡིན།

            ལན། སྤྱིར་མི་དེས་ལས་ཀ་ཅི་ཞིག་བྱེད་ཀྱི་ཡོད་མེད་དེ་མི་མང་གིས་ཤེས་རྒྱུ་གལ་ཆེན་པོ་རེད། ཉེ་སྔོན་ང་རང་བཙོན་ཁང་ནང་ཡོད་དུས། སོ་སོའི་ལོ་ངོ་ཉི་ཤུའི་བསམ་བློའི་བརྒྱུད་རིམ་དང་འབྲེལ་བའི་རྩོམ་ཡིག་ཅིག་བྲིས་ཡོད། ག་ལེར་དྲ་ཐོག་ཏུ་འདོན་དགོས་དྲན་ཡོད། སོ་སོ་མི་རིགས་ཀྱི་འཐབ་རྩོད་ནང་ཞུགས་རྒྱུ་དེ་གློ་བུར་དུ་དྲན་པ་ཞིག་མ་རེད། ཕྱི་ལོ་ ༡༩༩༣ ནས་བཟུང་བྱུང་བ་ཞིག་ཡིན།  དེ་དུས་ང་རང་གྲྭ་བ་རེད། ༡༩༨༩ ལོར་ལྷ་སའི་གཙུག་ལག་ཁང་དུ་རྒྱ་དམག་གིས་བཙན་གནོན་བྱེད་ཀྱིན་པའི་གློག་བརྙན་ཞིག་ལ་ལྟ་རྒྱུ་བྱུང་། སྐབས་དེ་ནས་བཟུང་མ་འོངས་པར་ངས་འདི་བྱེད་དགོས་ཀྱི་འདུག་སྙམ་པའི་དམ་བཅའ་ཞིག་རང་བཞིན་གྱིས་སེམས་ལ་འཁོར་སོང་། དེར་བརྟེན། འདས་པའི་ལོ་ངོ་ཉི་ཤུའི་བརྒྱུད་རིམ་ནང་ཚོར་བ་དང་ཉམས་མྱོང་བསགས་མཐར་ཐག་གཅོད་འདི་བྱས་པ་ཡིན།

            དྲི་བ། ལོ་སྔོན་མར་ཞི་བའི་གོམ་བགྲོད་ཀྱི་བརྒྱུད་རིམ་ཁྲོད། ཁྱེད་རང་ལ་དམིཊ་བསལ་གྱི་དཀའ་ངལ་དང་སེམས་ཚོར་ག་རེ་བྱུང་སོང་། 

            ལན། མི་ཞིག་ཡིན་པའི་ཆ་ནས་དགའ་སྐྱོའི་ཚོར་བ་ཏན་ཏན་ཡོད་པ་རེད། ཡིན་ནའང་། ད་ལྟའི་ཆར་སོ་སོར་དཀའ་ངལ་ཞིག་འཕྲད་སོང་སྙམ་པའི་བསམ་བློ་མི་འདུག ངས་གཞི་ནས་ཞི་བའི་འཐབ་རྩོད་ཀྱི་མགོ་བཙུགས་པ་ཙམ་རེད། བྱིས་པ་ཞིག་ལ་དཔེ་བཞག་ན། ཟླ་དགུ་དང་ཞག་བཅུར་ཁོག་ལ་འཁུར་རྗེས་བཙས་པ་རེད། གཞི་ནས་འཚར་ལོངས་འབྱུང་རྒྱུ་བསྡད་ཡོད། དེ་འདྲ་ཞིག་ལ་སྐྱེས་པའི་སྡུག་བསྔལ་ཅི་འདྲ་ཡིན་མིན་དྲིས་ཚེ། བྱིས་པ་དེས་ཁོ་རང་གི་སྐྱེས་པའི་སྡུག་བསྔལ་བཤད་ཤེས་ཀྱི་མ་རེད། སྤྱིར་བཏང་ང་རང་ལ་སྡུག་བསྔལ་ཡོད་པའི་དབང་དུ་བཏང་ཡང་། སྡུག་བསྔལ་དེ་འདི་འདྲ་ཞིག་རེད་ཅེས་སྤྱི་ཚོགས་སྒང་འགྲེལ་བཤད་རྒྱག་འདོད་མི་འདུག རྒྱུ་མཚན། སོ་སོ་རང་ངོས་ནས་སེམས་ཐག་གཙང་བཅད་བྱས་ཡོད་སྟབས། བྱ་བ་ཅི་ཞིག་མགོ་ཐོག་ཏུ་བབས་ཀྱང་འགན་རང་འཁུར་བྱ་རྒྱུའི་དམ་བཅའ་ཡོད། ཆོད་སེམས་དང་སྤོབས་པ་དེའི་འོག་ནས་ད་སྔ་ལུས་སེམས་གཉིས་ཀར་དཀའ་ངལ་གང་ཡང་མི་འདུག མ་འོངས་པར་དཀའ་ངལ་ཡོང་སྲིད་པ་རེད། ཡིན་ནའང་། མ་འོངས་པའི་དཀའ་ངལ་དེ་དག་ལ་སོ་སོའི་ངོས་ནས་སྔ་ས་ནས་ཚེ་སྲོག་ཡན་ཆད་གཏའ་མར་བཞག་སྟེ་སྒུག་བསྡད་ཡོད།

            དྲི་བ། བལ་ཡུལ་གཞུང་གིས་ཁྱེད་རང་བཙོན་འཇུག་བྱས་དོན། ཁྱེད་ཀྱིས་བལ་གཞུང་གི་དགོས་འདུན་ངོས་ལེན་གནང་མ་ཐུབ་བའི་སྐོར་དེ་བོད་པའི་སྤྱི་ཚོགས་ཁྲོད་གསལ་ཁ་བྱུང་ཡོད་པ་མ་རེད། དེའི་སྐོར་ངོ་སྤྲོད་ཅིག་གནང་རོགས། 

            ལན། གཙོ་བོ་ལག་ཁྱེར་མེད་པར་ཁོ་ཚོའི་རྒྱལ་ཁབ་ནང་འཛུལ་བའི་ཉེས་འཛུགས་འོག་འཛིན་བཟུང་བྱས་པ་རེད། དེ་ནས་རྒྱུ་མཚན་གསུམ་གྱི་ཐོག་ནས་ང་ད་བར་བཙོན་འཇུག་བྱས་པ་རེད། དེ་དག་ནི་དང་པོ། ང་ལ་ཉེས་ཆད་བལ་སྒོར་ཁྲི་ ༥ སྤྲོད་དགོས་ཟེར། སྐབས་དེར་ངས་ཁོང་ཚོར་ཅི་ཞིག་ལ་སྤྲོད་དགོས་ཀྱི་ཡོད་མེད་དྲིས་པ་ཡིན། གཉིས་པ། ཁོ་ཚོས་ངའི་མི་རིགས་ལ་མཐོང་ཆུང་བྱས་པ་རེད།  མི་རིགས་ལ་མཐོང་ཆུང་གི་སྐད་ཆ་དེ་ངས་འཁུར་ཐུབ་མ་སོང་། གསུམ་པ། ད་ནས་བཟུང་ང་ལ་ཞི་བའི་གོམ་བགྲོད་དང་བོད་དོན་ཆེད་ལས་ཀ་ལས་ཆོག་གི་མེད་པའི་ཡི་གེའི་སྟེང་མིང་རྟགས་འགོད་དགོས་ཟེར། དོན་ཚན་དེ་གསུམ་ལས་བོད་དོན་ཞི་བའི་གོམ་བགྲོད་བྱེད་མི་ཆོག་ཟེར་བ་དང་། གཉིས་པ་ང་རང་མི་སྒེར་ལ་མཐོང་ཆུང་བྱས་ན་མི་སྐྱོན་མོད། བལ་གཞུང་གི་ཚད་མཐོའི་ལས་བྱེད་ཅིག་གིས་ངའི་མི་རིགས་ལ་མཐོང་ཆུང་བྱས་པ་དེ་གཉིས་དང་ལེན་བྱེད་ཐུབ་མ་སོང་། དེ་བཞིན། ལག་ཁྱེར་མེད་པའི་ཐད་ཁྲིམས་ཐོག་ནས་བལ་སྒོར་ཁྲི་ ༥ ཡི་ཆད་པ་འབབ་ཀྱི་མེད་སྟབས། ང་རང་ཁྲིམས་ཁང་ནས་ཐེངས་ ༣ ལ་ཁྲིད་དེ་ཐག་གཅོད་བྱེད་གྲབས་ཀྱི་མཚམས་དེར། ལག་ཁྱེར་ཞིབ་བཤེར་ཁང་གིས་ཐག་གཅོད་བྱས་ཟིན། ཁྲིམས་ཁང་གི་ཐག་གཅོད་མིན་ཟེར་བས། ངས་དེ་ངོས་ལེན་བྱས་མེད། ཁོ་ཚོས་ང་ལ་དེ་དག་ངོས་ལེན་མ་བྱས་ན་བཙོན་ཁང་ནང་འགྲོ་དགོས་ཟེར། དེ་ནས་ངས་ལམ་ཁ་དེ་བདམས་པ་ཡིན།

            དྲི་བ། ཁྱེད་རང་བལ་གཞུང་བཙོན་ཁང་ནས་ཆ་རྐྱེན་གང་འདྲ་ཞིག་གི་འོག་ནས་བཙོན་གྲོལ་ཐོབ་པ་ཡིན་ནམ། 

            ལན།  ང་རང་བཙོན་དུ་བཅུག་རྗེས། ཕྱི་ལོགས་ནས་རྒྱལ་སྤྱིའི་ཚོགས་སྡེ་དང་མི་སྒེར་མང་པོས་ང་རང་ཕྱིར་འདོན་རྒྱུར་རོགས་རམ་གནང་ཡོང་དུས། ཉེས་ཆད་ཀྱི་དངུལ་འབོར་ཡང་རིམ་པས་ཡར་འཕར་བ་མ་ཟད།  མུ་མཐུད་ཞི་བའི་གོམ་བགྲོད་བྱེད་མི་ཆོག་པའི་དགོས་འདུན་དེ་ངེས་པར་དུ་ཁས་ལེན་དགོས་ཟེར། ངས་ཆ་རྐྱེན་དེ་ངོས་ལེན་མ་བྱས་པར་ཟླ་བ་མང་པོ་ཕྱིན་འགྲོ་དུས། ཚོགས་པ་མང་ཞིག་ཕྱི་བཤོལ་མི་བྱེད་རང་བྱེད་ཆགས་སོང་བ་རེད། དེའི་རྗེས་ངས་བཙོན་ཁང་ནང་ཞི་བའི་ངག་བཅད་བྱས་པ་ཡིན། མཐའ་མ་དེར་དོན་ལྡན་གཙོས་བལ་ཡུལ་གྱི་མི་སྣ་ལྷག་བསམ་ཅན་མང་པོ་ཞིག་གིས། གལ་སྲིད་ཁྱོད་ཀྱིས་ས་རྟགས་དེ་གཉིས་རྒྱག་མ་དགོས་པར། དངུལ་གྱི་ཉེས་པ་འཁུར་བཞག་པ་ཡིན་ན་ཀློད་གྲོལ་གཏོང་ཐུབ་ཀྱི་འདུག་ཟེར། མཐར་ཁྲིམས་རྩོད་པ་ཁྲིད་ཡོང་སྟེ་དོན་དག་དེ་ཐག་བཅད་པ་རེད། ཐག་གཅོད་དེའི་སྒང་ལ་ངས་ས་རྟགས་བརྒྱབ་པ་ཡིན། དེ་ནས་ལག་ཁྱེར་ཞིབ་བཤེར་ཁང་དུ་ཡོང་དུས། ཡང་བསྐྱར་ཁོ་ཚོས་ང་ལ་ཁྱོད་ཕྱིར་རྒྱ་གར་ལ་འགྲོ་རྒྱུ་ཁས་ལེན་དགོས་ཟེར། དེ་ངས་ཁས་ལེན་བྱས་རྗེས་ཀློད་གྲོལ་བཏང་སོང་།  

            དྲི་བ། བལ་ཡུལ་བཙོན་ཁང་ནང་སྡོད་སྐབས་ཁྱེད་ཀྱིས་ཞི་བའི་ངག་བཅད་གནང་དགོས་དོན་གང་ཡིན་ནམ།

            ལན། དེ་ལ་རྒྱུ་མཚན་གཉིས་ཡོད། འགྲོ་བ་མིའི་ཐོབ་ཐང་གི་སྒང་ནས་བཤད་ན། སྨྲ་བརྗོད་རང་དབང་བཀག་འགོག་བྱས་པ་དང་སྨྲ་བརྗོད་རང་དབང་མ་སྤྲད་པ་དེ་མཚོན་པ་དང་། ཕྱོགས་གཞན་ཞིག་ནས་སོ་སོ་མི་རིགས་ཀྱི་འཐབ་རྩོད་པ་ཞིག་ཡིན་པའི་ངོས་ནས།  བཙོན་ཁང་ནང་བོད་ནང་ཞི་བའི་མེ་ལྕེ་འབར་ཤུགས་ཆེ་རུ་འགྲོ་བཞིན་པའི་གསར་འགྱུར་མཐོང་སྐབས། བཙོན་ཁང་ནང་ལས་དོན་ག་རེ་བསྒྲུབ་ཐུབ་ཀྱི་འདུག་ཟེར་ན། བོད་མི་རིགས་ནི་ཚེ་འདི་ཕྱི་གཉིས་ཀ་ཁས་ལེན་མཁན་ཞིག་ཡིན་པའི་ཆ་ནས། ངས་བཙོན་ཁང་ནང་ངག་བཅད་ལས་འགུལ་སྤེལ་རྒྱུ་དེ་ཐབས་ལམ་ཡག་ཤོས་སུ་མཐོང་སོང་།

            དྲི་བ། ཁྱེད་ཀྱིས་ཞི་བའི་གོམ་བགྲོད་སྐབས་རྒྱ་ནག་གི་རྒྱལ་དར་འཕྱར་བ་དེའི་ཐད་ནས། བོད་པའི་སྤྱི་ཚོགས་ནང་གླེང་སློང་སྣ་ཚོགས་ཤིག་བྱུང་ཡོད་པ་རེད། ཁྱེད་ཀྱིས་སྐར་མ་ལྔ་ཅན་གྱི་དར་ཆ་དེར་ངོས་འཛིན་ཅི་འདྲ་ཞིག་གནང་གི་ཡོད་དམ།

            ལན། རྒྱ་ནག་གི་རྒྱལ་དར་ཟེར་ན་རེད། ངས་དེའི་མིང་ལ་ཀྲུང་གོའི་རྒྱལ་དར་ལས་རྒྱ་ནག་གི་རྒྱལ་དར་རྗོད་ཀྱི་མེད། རྒྱ་ནག་གི་རྒྱལ་དར་ལབ་ན་མི་རིགས་གཅིག་གི་དར་ཆ་ཆགས་འགྲོ་བ་རེད། དེང་སང་དབྱིན་ཡིག་སྒང་ཆཱ་ཨེ་ནཱ་(China)ཟེར་བ་དེ་རྒྱ་ནག་མི་རིགས་གཅིག་པུར་མ་གཏོགས་གོ་ཐུབ་ཀྱི་མེད། རྒྱ་སྐད་སྟེང་ནས་ཀྲུང་གོ་ཞེས་པ་དེས་མི་རིགས་མང་པོ་འདུས་བསྡད་པའི་རྒྱལ་ཁབ་ཅིག་མཚོན་གྱི་ཡོད། དེའི་དར་ཆ་རྒྱ་མི་རིགས་གཅིག་པུར་དབང་བ་ཞིག་མ་རེད། ཡང་མི་རེ་ཟུང་གིས་གུང་ཁྲན་ཏང་གི་དར་ཆ་རེད་ཟེར་གྱི་འདུག ངས་དེའང་ངོས་ལེན་བྱེད་ཀྱི་མེད། ངས་བོད་མི་རིགས་འདི་ལོ་རྒྱུས་སྟེང་རྒྱ་ནག་གི་དར་ཆའི་འོག་རེད་ཟེར་གྱི་མེད་ལ།  བོད་སྔོན་མ་ནས་རྒྱལ་ཁབ་རང་བཙན་མེད་པ་ཞིག་རེད་དེ་བས་ཀྱང་ཟེར་གྱི་མེད། མ་འོངས་པ་ན་དར་ཆ་གཅིག་གི་འོག་ནས།  དབུ་མའི་ལམ་བརྒྱུད་དེ་ཆེས་མཐོའི་རང་སྲིད་རང་སྐྱོང་བྱ་རྒྱུའི་ངོས་ལེན་དང་། ང་བོད་མི་སྒེར་བ་ཞིག་གི་ངོས་ནས་དབུ་མའི་ལམ་ལ་ཡིད་ཆེས་གཙང་མ་ཡོད་པ་ཀྲུང་གོའི་སྲིད་གཞུང་ལ་སྔོན་བརྡ་སྟོན་གྱི་ཡོད།

            དྲི་བ། ཁྱེད་ཀྱིས་རྒྱ་དམར་གྱི་རྒྱལ་དར་དེ་ངྷ་ས་ནས་མ་འཁྱེར་པར་ལྡི་ལི་ནས་འཕྱར་མགོ་བརྩམས་པའི་ཐོག་མི་མང་པོ་ཞིག་གིས་གཞན་གྱི་བརྒྱུད་སྐུལ་བྱས་བར་དོགས་པ་བྱེད་མཁན་ཡོད་པའི་ཐད་གསལ་བཤད་འདྲ་ཡོད་དམ།

            ལན། དེ་ནི་དྲན་མཁན་དང་བཤད་མཁན་ཁོང་ཚོའི་དོགས་པ་རྣམ་རྟོག་རང་རེད། སྤྱིར་དྲན་མཁན་ཚོས་ག་རེ་ཡིན་ཡང་དྲན་ཆོག་གི་རེད་ལ། བཤད་མཁན་དེ་ཚོས་ཀྱང་ག་རེ་ཡིན་ཡང་བཤད་ཆོག་གི་རེད། འོན་ཀྱང་། ད་ལྟའི་དུས་ཚོད་འདིར་བཤད་མཁན་གྱིས་སོ་སོའི་སྐད་ཆར་བདག་པོ་རྒྱག་རྒྱུ་གལ་ཆེན་པོ་རེད། ང་རང་སྒེར་ངོས་ནས་དམིགས་བསལ་ཞུ་རྒྱུ་གང་ཡང་མེད། ང་ལ་སྐྱོན་བརྗོད་བྱས་སོང་བསམ་པའི་སྣང་བ་རྣམ་རྟོག་ཀྱང་མེད། ངས་ཀྲུང་གོའི་རྒྱལ་དར་འཕྱར་རྒྱུའི་གྲ་སྒྲིག་སྔོན་མ་ནས་ཡོད། ཡིན་ནའང་བཞུགས་སྒར་ནས་ཀྲུང་གོའི་རྒྱལ་དར་མ་ཁྱེར་བའི་རྒྱུ་མཚན་ནི། ངའི་ལས་འགུལ་འདི་ལ་བར་ཆད་ཡོང་གི་རེད་བསམ་པ་ཡིན། ངས་སྔོན་མ་ནས་བཤད་ཡོད། ངའི་ལས་འགུལ་འདི་ཞི་བའི་འཐབ་རྩོད་ཡིན།  ཞི་བའི་འཐབ་རྩོད་ནང་རིམ་པ་མང་པོ་ཡོད། ཞི་བའི་གོམ་བགྲོད་དང་ཞི་བའི་ངག་བཅད། ཞི་བའི་ཐོག་ནས་རྩོམ་ཡིག་སྤེལ་རྒྱུ་སོགས་ཡོད། ཞི་བའི་འཐབ་རྩོད་ཀྱི་མདོ་རྩ་དེད་ན་སོ་སོའི་མི་ཚེ་ནང་གི་བློས་གཏོང་དང་དམ་བཅའ་བརྟན་པོ་ཞིག་དགོས་པ་དེ་ཡིན། འདི་ངའི་ཚེ་སྲོག་མཇུག་མ་སྒྲིལ་བར་མུ་མཐུད་གནས་རྒྱུ་རེད། ཀྲུང་གོའི་རྒྱལ་དར་ཁྱེར་མ་ཁྱེར་གྱི་གླེང་གཞི་དེ་ནི། ང་རང་ཉིད་ལ་མཚོན་ན་གནད་འགག་ཆེན་པོ་ཞིག་ལ་མཐོང་གི་མེད། ཞི་བའི་འཐབ་རྩོད་འདི་མགོ་ནས་མཇུག་བར་དུ་བསམ་བློ་གཏོང་མཁན་ང་རང་ཉིད་ཡིན་ལ། མགོ་རྩོམ་མཁན་ཡང་ང་རང་ཉིད་ཡིན། དེ་མི་གཞན་སུ་ལའང་འབྲེལ་བ་མེད། དེའི་ནང་བརྒྱུད་སྐུལ་རིགས་རྩ་བ་ནས་མེད། གཉིས་ནས། ངས་ཀྲུང་གོའི་དར་ཆ་ཁྱེར་བ་ལ་བརྟེན་ནས་ངའི་ཞི་བའི་གོམ་བགྲོད་ནང་། མི་མང་མཉམ་ཞུགས་བྱས་མ་སོང་ཟེར་བའི་སྐད་ཆ་ཞིག་ཡོང་གི་ཡོད་པ་དེ་རྩ་བ་ཉིད་ནས་བདེན་པ་མ་རེད། དཔེར་ན། ངྷ་རམ་ས་ལ་ནས་ཀྲུང་གོའི་རྒྱལ་དར་ཁྱེར་ཡོད་པ་མ་རེད། སྐབས་དེ་དུས་ནས་ངེད་མ་བུ་གསུམ་ལ་ཁ་བཏགས་ཀྱི་ལམ་འཇུག་ཙམ་ལས། གཞན་སུ་ཡང་མཉམ་ཞུགས་བྱས་ཡོད་པ་མ་རེད། དེས་ར་སྤྲོད་བྱེད་ཐུབ་ཀྱི་འདུག  

            དྲི་བ། ཁྱེད་ཀྱིས་ཞི་བའི་གོམ་བགྲོད་སྐབས་རྒྱ་དམར་གྱི་རྒྱལ་དར་འཕྱར་བའི་དབང་གིས། བཙན་བྱོལ་སྤྱི་ཚོགས་ནང་ཁྱེད་ལ་སྐྱོན་བརྗོད་བྱེད་མཁན་བྱུང་པ་དེར་སེམས་ཚོར་ག་རེ་བྱུང་སོང་།

            ལན། སྤྱི་ཚོགས་ཤིག་ཡིན་དུས་བསམ་བློ་དང་ནུས་པ། ཉམས་མྱོང་མ་འདྲ་བ་ཡོད། དེ་བཞིན། མི་སོ་སོར་མི་རིགས་ལ་བཅངས་པའི་བསམ་བློའི་འཛིན་སྟངས་དང་ལྟ་བ་འཁྱེར་སྟངས་མ་འདྲ་བ་ཡོང་ངེས་རེད། ཁོ་ཚོས་རང་མི་རིགས་ལ་བཅངས་པའི་ལྷག་བསམ་ལ་རྨ་མེད་པ་ངས་ཡིད་ཆེས་བྱེད་ཀྱི་ཡོད། “ཤ་ཚ་བའི་ཁ་ན་གཏམ་སྙན་པོ་མེད” ཞེས་པ་དེ་ཡིན་རྒྱུ་རེད། ང་རང་ངོས་ནས་ཚད་མཐོའི་མི་རིགས་འདྲ་མཉམ་གྱི་ལྟ་བ་ཞིག་གི་སྒང་ནས། ༸རྒྱལ་བ་རིན་པོ་ཆེ་མཆོག་གིས་བསྟན་བཞག་པའི་དབུ་མའི་ལམ་ཁ་འདིའི་ནང་འགྲོ་བཞིན་ཡོད། ཁོང་ཚོའི་སྐད་ཆ་དེས་ང་ལ་གནོད་དགོས་པ་དང་འགོག་རྐྱེན་ཐེབས་དགོས་པ་གང་ཡང་ཡོད་པ་མ་རེད་ལ། ངས་ཀྱང་ཁོ་ཚོའི་འབོད་སྐུལ་དེ་དག་ལ་ངོ་རྒོལ་བྱས་བཞག་པ་ཞིག་ནམ་ཡང་དྲན་གྱི་མི་འདུག

            དྲི་བ། བོད་ནང་རང་ལུས་མེར་བསྲེགས་མཚམས་འཇོག་གི་འབོད་སྐུལ་གནང་རྒྱུའི་ཐོབ་ཐང་ཡོད་མེད་ཐད་གླེང་སློང་སྣ་ཚོགས་ཡོང་གི་ཡོད་པ་རེད། ཁྱེད་རང་བོད་དོན་ལས་འགུལ་བ་ཞིག་གི་ངོས་ནས་དགོངས་ཚུལ་གང་ཡོད།

            ལན། ཞི་བའི་མེ་ལྕེ་འབར་སྟངས་དེ་མཚམས་འཇོག་དགོས་མིན་གྱི་སྐད་ཆ་བཤད་པའི་ཐོབ་ཐང་ཡོད་ངས་ཀྱང་བཤད་ཤེས་ཀྱི་མེད། ཡིན་ནའང་། མི་མང་པོ་ཞིག་གིས་བཤད་རྒྱུ་དཀའ་ལས་ཁག་པོ་རེད་ཟེར་ནས་ལས་སླ་བོས་ཕར་གཡུགས་བཞག་ཡོད་པ་རེད། ང་ལ་མཚོན་ན་དེའི་ཐད་ཀྱི་འབོད་སྐུལ་ནི་རང་ཉིད་ཀྱིས་འཐབ་རྩོད་བྱེད་བཞིན་པ་འདི་ཡིན།  བོད་ནང་ཞི་བའི་མེ་ལྕེ་འབར་སྟངས་ཀྱི་རྒྱུ་རྐྱེན་ཆ་ཚང་རྒྱ་གཞུང་གི་དབང་སྒྱུར་དང་བཙན་གནོན་ལ་བརྟེན་ནས་བྱུང་བ་ཡིན་ནའང་། ངས་བསམ་ན་བོད་ནང་གི་དཀའ་ངལ་དེ་འགོག་རྒྱུའི་འགན་དེ། ཀྲུང་གོའི་སྲིད་གཞུང་གཅིག་པུའི་སྒང་གཡུགས་བཞག་ན་དེ་ནི་འགན་མ་འཁུར་བའི་རྟགས་རེད་སྙམ། དམིགས་བསལ་གྱིས་བཙན་བྱོལ་རང་དབང་ལུང་པར་ཡོད་པའི་བོད་མི་ཚང་མར་འགན་ཡོད་པ་རེད། དེ་རིང་འབྱུང་བཞིན་པའི་གནས་ཚུལ་དེ་དག་བོད་པ་མི་རེ་ངོ་རེ་སྡོད་ཡུལ་གྱི་རྒྱལ་ཁབ་ཁག་གི་གཞུང་ཚབ་ལ་ཞུ་གཏུག་ཞུ་ཆོག་གི་རེད། ནམ་རྒྱུན་ཉིན་གཅིག་གཉིས་རིང་སྐད་འབོད་དང་མར་མེ་ཁྲོམ་སྐོར་ཙམ་བྱས་པའི་ཕན་ཆེན་པོ་ཐོགས་རྒྱུ་མ་རེད། ཤི་བོ་རྣམས་ཀྱི་ཁ་ཆེམས་ནི་༸རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་རྒྱུ་དང་། བོད་ལ་རང་དབང་དགོས་པ་དེ་རེད། དེ་ལ་ཕྱི་ནང་གཉིས་ཀྱི་མཐུན་རྐྱེན་ཞིག་འཛོམས་དགོས། ཞི་བའི་མེ་ལྕེ་འབར་མཚམས་འཇོག་ཐུབ་མིན་གྱི་འགན་ཕྱོགས་གཉིས་གར་ཡོད།

            དྲི་བ། ཁྱེད་ཀྱིས་ཞི་བའི་གོམ་བགྲོད་ཐེངས་གཉིས་པ་དེ་བསྐྱར་དུ་གནང་རྒྱུའི་གསལ་བསྒྲགས་སྤེལ་ཟིན་པ་རེད། གོམ་བགྲོད་ཐེངས་གཉིས་པའི་སྐབས་སྔར་དང་མ་འདྲ་བའི་འགྱུར་བ་དེ་འདྲ་སོང་ཡོད་དམ།  

            ལན། ཞི་བའི་འཐབ་རྩོད་ཐོག་འགྱུར་བ་གང་ཡང་ཕྱིན་མེད། ད་རེབ་བལ་ཡུལ་བརྒྱུད་རྒྱུ་མིན། ཐེངས་སྔོན་མར་གོམ་བགྲོད་ནང་ཞུགས་མཁན་ཡོད་ན་ཞུགས་རོགས་ཞེས་ལབ་མེད། ད་ཐེངས་གསལ་བསྒྲགས་ནང་ཚིག་དེ་བཞག་ཡོད། དེའི་རྒྱུ་མཚན་ཐེངས་སྔོན་མར་མི་མང་པོ་ཞིག་གིས་ངས་གསལ་བསྒྲགས་བྱས་མ་སོང་ཟེར་གྱི་འདུག ཡིན་ནའང་གོམ་བགྲོང་ནང་ཞུགས་མཁན་ཚོར་ལོ་ཡི་ཚད་བཀག་བཟོས་ཡོད། ལོ་ ༥༥ མན་དང་ལོ་ ༡༨ ཡན་ནི་འཛམ་གླིང་ཐོག་ལས་ཀ་བྱས་ན་ཁྲིམས་མཐུན་ཆགས་ཡོད། ང་ལ་སྔོན་མ་ཞི་བའི་གོམ་བགྲོད་སྐབས་ཞལ་འདེབས་རག་བསྡད་པ་དེ་དག་གིས་འདང་ཚད་ལ་བེད་སྤྱོད་གཏོང་རྒྱུ་ཡིན། ག་དུས་རྫོགས་ན་སྐབས་མཚམས་སོ་སོར་ཐག་གཅོད་བྱ་རྒྱུ་ཡིན། ལམ་བར་དུ་གང་ཞིག་ནས་བཀག་འགོག་བྱས་ན། ས་དེ་ནས་མ་ཀློད་བར་ཞི་བའི་ཟས་བཅད་དང་ངག་བཅད་བྱ་རྒྱུ་ཡིན། གསལ་བོར་མཁྱེན་དགོས་པ་ཞིག་ལ། ངའི་ཞི་བའི་འཐབ་རྩོད་དང་ཞི་བའི་གོམ་བགྲོད་གཉིས་འདྲ་གི་མ་རེད། ཞི་བའི་འཐབ་རྩོད་ལ་མི་ཚེ་དམ་བཅའ་དང་བློ་གཏོང་གཉིས་ཀ་དགོས་ཀྱི་ཡོད།

            དྲི་བ། གོམ་བགྲོད་སྔ་མའི་སྐབས་རྒྱ་ནག་གི་རྒྱལ་དར་འཕྱར་བའི་ཐད་སྐྱོན་བརྗོད་བྱེད་མཁན་དག་ལ་གསལ་འདེབས་འདྲ་ཞུ་རྒྱུ་ཡོད་དམ།

            ལན། སྤྱིར་བཏང་ང་རང་ངོས་ནས་བོད་མི་རིགས་ཀྱི་ནང་ཁུལ་དུ་ང་ལ་དགྲ་ཡོད་བསམ་པའི་བློ་དེ་ནམ་ཡང་མེད། དེར་བརྟེན་དམིགས་བསལ་ཁོང་ཚོར་སྐད་ཆ་བཤད་རྒྱུ་གང་ཡང་མེད། ཡིན་ནའང་། མ་འོངས་པར་བཤད་མཁན་དེ་ཚོས་སོ་སོའི་ལག་ནས་གང་ལས་པ་དང་ཁ་ནས་གང་བཤད་པ་དེས་སྤྱི་ཚོགས་ཁྲོད་ནུས་པ་ག་རེ་འཐོན་གྱི་ཡོད་མེད་དང་། དེས་བོད་མི་རིགས་ལ་ཞབས་འདེགས་ཅི་ཞིག་ཞུ་ཐུབ་ཀྱིན་ཡོད་མེད། བོད་མི་རིགས་ཀྱི་རྡོག་རྩ་གཅིག་སྒྲིལ་གྱི་དམ་ཚིག་དང་མཐུན་མི་མཐུན་སོགས་ལ། སོ་སོ་རང་ངོས་ནས་བསམ་བློ་ཞིབ་མོ་ཞིག་གཏོང་རྒྱུ་གལ་ཆེན་པོ་རེད། ང་ལ་མུ་མཐུད་དུ་ནག་ཅན་དང་བསྟན་དགྲ་སོགས་ག་རེ་ལབ་ཀྱང་སྐྱོན་མི་འདུག  དེ་འདྲ་ཞིག་གིས་སྐྱོན་སོང་བ་ཡིན་ན། ངས་རང་ཉིད་བོད་མི་ས་ཡ་དྲུག་གི་བུ་ལ་ལངས་རྒྱུ་ཡིན་ཞེས་ནམ་ཡང་ཤོད་ཀྱི་མ་རེད། ངའི་ལུས་ངག་ཡིད་གསུམ་པོ་མ་རྫོགས་པར་དུ་ངས་ལས་ཀ་དེ་མུ་མཐུད་ནས་ལས་རྒྱུ་ཡིན། ང་རང་ཡང་བོད་མི་ས་ཡ་དྲུག་གི་ནང་ནས་བོད་མི་དཀྱུས་མ་གཅིག་ཡིན་སྟབས། བོད་མི་དཀྱུས་མ་ཞིག་གི་འགན་དེ་སོ་སོས་འཁྱེར་ཐུབ་ཚད་ཅིག་ཁུར་ནས་འགྲོ་གི་ཡོད། དེ་ནི་ངའི་འབོད་སྐུལ་ཡིན།

གསར་འགོད་པ། ཚེ་རིང་རྒྱལ།

 

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

ཆུ་ཚོད་ ༧ སྔོན་ལ།
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

ཆུ་ཚོད་ ༨ སྔོན་ལ།
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢

མཆན། 7

  1. ཨ says:
    ལོ་ 13 སྔོན།

    ཁོང་གི་ཞི་བའི་འཐབ་རྩོད་དང་གོམ་བགྲོད་གང་གི་ཕྱོགས་ནས་ཡིན་རུང་། ཀྲུང་གོའི་རྒྱལ་དར་འཕྱར་བའི་ལས་དེ་སྲོག་རྩ་ལྟ་བུ་ཞིག་ག་ལ་ཡིན། འོན་ཀྱང་། དེ་ལ་ཁྱད་ཆོས་དང་རེ་བ་མང་དག་ཅིག་ཡོད་པ་དེ་ནི། ཁོང་ལ་མཚོན་ན་བློས་བཏང་མི་ཐུབ་ས་གཙོ་བོ་ཡིན་རྒྱུ་རེད། གང་ལྟར། ད་ནི་མི་མང་གི་བསམ་ཚུལ་ཐོག་ལ་མ་ལྷུང་རང་ལྷུང་བྱུང་བ་རེད། དེས་ན་ད་ཐེངས་རྒྱལ་དར་དེ་ཕྱར་ཐུབ་རྒྱུ་མ་རེད་འདོད་ཀྱི་ཡོད། མཐའ་དོན། བོད་ཀྱི་ཞི་བའི་འཐབ་རྩོད་པ་ཆེན་པོར་ཞུ་རྒྱུ། ཁྱེད་ཀྱི་ཐུན་མིན་བློ་གཤོགས་དེས་ང་ཚོར་བག་ཆགས་བཞག་ཡོད། བཀའའ་དྲིན་ཆེ། ཁྱེད་རྒྱལ་ལོ།།

    Reply
  2. སྙིང་མིག says:
    ལོ་ 13 སྔོན།

    སྔ་ལོ་གླིང་ཚ་རྡ་ས་ནས་ཐོན་སྐད་ཐོས་སྐབས་སེམས་གཏིང་ནས་ཡིད་སྨོན་བྱས་ཡིན་ལ་བསྔགས་བརྗོད་བྱས་ཡིན། ལམ་ནས་དགྲ་དར་འཁྱེར་བ་ཐོས་སྐབས་འཁང་ར་བྱས་ཡིན་ལ་ཡི་ཆད་ཤོར་སོང་། སྤྱིར་ཁོང་ལ་སྙིང་སྟོབས་ཡོད་པ་ཤེས་ཡོད་ཀྱང་ལང་ཕྱོགས་མི་བརྟན་པའི་མི་བུ་ཞིག་མིན་ནམ་སྙམ་པའི་ཚོར་བ་ཤུགས་ཆེ་བྱུང་། མི་ངན་ཁ་ཤས་ཀྱི་གཡོ་འོག་ནས་དགྲ་བོའི་དར་དམར་འཁྱེར་བ་དེས་གཞོན་ལྷན་དང་དབུ་ལམ་ཚོགས་པའི་བར་ན་ཆིག་སྒྲིལ་མེད་པའི་གནོད་སྐྱོན་མང་པོ་ཐེབས་སོང་ལ་ད་དུང་ཡང་སྡུག་ཏུ་འགྲོ་བའི་ཉེན་ཁ་ཆེ། སྟོབས་ཤུགས་ཀྱི་རྩ་བ་ནི་ཆིག་སྒྲིལ་ཡིན་པ་ཤེས་བཞིན་འདི་ལྟར་གྱི་ལས་འགུལ་སྤེལ་བ་ལས་མ་སྤེལ་ན་བཟང་བར་འཁུམས་སོ། སྔ་ལོ་སྤྱི་འཐུས་ཚོགས་གཙོ་གཙོས་བྱས་ཕལ་མོ་ཆེས་དགྲ་དར་འཁྱེར་བ་ལ་དགག་པ་བྱས་སོང་ལ་དེ་དག་ཀྱང་གནས་ལུགས་ལྡན་པའི་སྐད་ཆ་རེད། གཞིས་ལུས་མི་དམངས་ཀྱི་དགྲ་དར་ཕབ་ནས་མེ་ལ་བསྲེག་བཞིན་པའི་སྐབས་འདི་ནས་དགྲ་དར་འཕྱར་བ་ནི་ཐན་ལྟས་རེད། ཁོང་གིས་དགྲ་དར་འཁྱེར་ཡག་གི་རྒྱུ་མཚན་བཤད་སྐབས་དབུ་ལམ་ལ་རྒྱབ་སྐྱོར་ཡོད་པས་ཡིན་ཟེར། དེ་ནི་གནས་ལུགས་མེད་པའི་སྐད་ཆ་རང་རེད། གལ་དེ་ལྟར་ཡིན་ན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཁང་སྟེང་ན་དགྲ་དར་འཛུགས་དགོས་པའི་ཚད་ལ་བབ་པ་མ་ཡིན་ནམ། འདི་དག་ནི་ཁོ་བོ་གཅིག་པུའི་བསམ་ཚུལ་མ་ཡིན་པར་ཤེས་ལྡན་མི་སྣ་སུམ་ཅུ་ལྷག་ཙམ་དང་ཁ་བརྡ་བྱས་པའི་གཅིག་མཐུན་གྱི་དྲན་ཚུལ་ཡིན།

    Reply
  3. ལྷ་ཐོག་སྤྲིན་ཕུང་། says:
    ལོ་ 13 སྔོན།

    ལས་འགུལ་སྤེལ་བ་ཙམ་གྱི་ངོ་གདོང་ནས། ཡག་པོ་མཐོང་སོང་ཡིན་ནའང་རྒྱ་ནག་གི་དར་ཆ་ཕྱར་བ་དེ་ཐབས་སྡུག་དཔེ་མེད་གཅིག་རེད། བོད་མིའི་ཞབས་འདྲེན་མི་ཆགས་པའི་ངེས་པ་མི་འདུག རྗེས་སུ་ལས་འགུལ་སྤེལ་སྐབས་རྒྱ་ནག་གི་དར་ཆ་ཕྱར་ཡོང་ན་ཁྱོད་རང་དཀའ་སྡུག་གང་བྱུང་ཡང་འདི་ནས་སེམས་ཁུར་རྩ་བ་ནས་མེད་ལ་དོ་སྣང་ཙམ་ཡང་བྱེད་མི་འདོད།

    Reply
  4. མི་རྒོད། says:
    ལོ་ 13 སྔོན།

    ངས་བོད་དོན་འཐབ་རྩོད་ལྷག་བསམ་ལྡན་པའི་གླིང་ཚ་ཁྱེད་ལ་བཀྲིན་བླ་མེད་དུ་ཆེ་ཞུ།། འཐབ་རྩོད་བརྒྱུད་རིམ་གང་འདྲ་ཞིག་སྟེང་གནང་ཡང་བརྒྱབ་སྐྱོར་ཆ་ཚང་ཞུ་རྒྱུ་ཡིན། གང་ལ་ཞེས་ན་དུས་གཉན་ཕྲང་ཅན་འདི་ལྟ་བུ་བྱེས་སུ་བོད་པ་འབུམ་གཅིག་ལྷག་ཙམ་ཡོད་ཀྱང་འཐབ་རྩོད་པ་ནི་ཧ་ཅང་ཉུང་ཉུང་རེད།།།།
    མཐར་གླིང་ཚའི་བོད་ཀྱི་དཔའ་བོ་རྣམ་པར་རྒྱལ་གྱུར་ཅིག།།།
    ཁྱེད་༧ གོང་ས་མཆོག་གསེར་བཞིན་མཇལ་བ་ཧ་ཅང་བཟང་།།
    བདེན་པ་ཉིད་མྱུར་ཏུ་རྒྱལ་གྱུར་ཅིག།།།།།

    Reply
  5. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ་་་་་ ལན། ཞི་བའི་འཐབ་རྩོད་ཐོག་འགྱུར་བ་གང་ཡང་ཕྱིན་མེད། ད་རེབ་བལ་ཡུལ་བརྒྱུད་རྒྱུ་མིན། ཐེངས་སྔོན་མར་གོམ་བགྲོད་ནང་ཞུགས་མཁན་ཡོད་ན་ཞུགས་རོགས་ཞེས་ལབ་མེད། ད་ཐེངས་གསལ་བསྒྲགས་ནང་ཚིག་དེ་བཞག་ཡོད། ་་་་་་ཟེར།

    Reply
  6. ཉི་མ་རྡོ་རྗེ། says:
    ལོ་ 13 སྔོན།

    ཐོག་མ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་འདི་ལྟ་བུའི་ལས་འགུལ་རབ་དང་རིམ་པ་སྤེལ་བར་ཐུགས་རྗེ་བསྔགས་བརྗོད་ཞུ་བ་དང་འབྲེལ་ཏེ་དྲི་བ་ཁ་ཤས་ཤིག་འདོན་དགོས་བྱུང་སོང་།
    1 རྒྱལ་ཁབ་དང་མི་རིགས། མི་སྒེར་སུ་འདྲ་ཞིག་གིས་འཐབ་རྩོད་ལས་འགུལ་སྤེལ་སྐབས་ཞི་དྲག་གཉིས་ཀྱི་ལམ་ཁ་ཡོད་ཡོད་པ་རེད། དེ་ལས་ལོགས་སུ་ཁྱེད་རང་གིས་ཞི་བའི་འཐབ་རྩོད་ཟེར་བའི་མིང་འདོག་ཅིག་གནང་དགོས་པའི་རྒྱུ་མཚན་རྒྱབ་ལྗོངས་གང་འདྲ་ཡོད་དམ།
    2 ཁྱེད་རང་གི་ཞི་བའི་འཐབ་རྩོད་ཟེར་བ་དེར་གཞུང་ལུགས་དང་སྒྲིག་གཞི། ཆ་རྐྱེན་དང་དམིགས་དོན་གང་འདྲ་ཡོད་མེད་ཅིག་གསུང་གནང་རོགས།
    3 ཞི་བའི་འཐབ་རྩོད་ཟེར་བ་དེར་ལས་འགུལ་རིགས་གང་དག་ཡོད་མེད་དང་། ཁྱེད་རང་གིས་གྲ་སྒྲིག་གང་འདྲ་གནང་ཡོད་མེད་ཅིག་གསུང་གནང་རོགས།
    4 ཐེངས་སྔོན་མར་རྒྱ་ནག་གི་རྒྱལ་དར་འཕྱར་སྐབས་གླེང་སློང་མང་པོ་ཞིག་བྱུང་ཚར་བ་རེད། ད་རེས་ཡང་བསྐྱར་རྒྱ་ནག་གི་རྒྱལ་དར་འཕྱར་རྒྱུ་ཡིན་གསུངས་པ་དེའི་དམིགས་དོན་ག་རེ་ཡིན་པ་དང་། ད་རེས་༧གོང་ས་མཆོག་ལ་གཟིམ་ཆུང་མཇལ་ཁ་རེག་ཡོད་པ་རེད། ༧སྐུ་མདུན་གྱིས་ག་རེ་གསུངས་ཡོད་མེད་རྒྱ་ནག་གི་རྒྱལ་དར་འཕྱར་རྒྱུར་ཐུགས་མོས་གནང་གི་ཡོད་མེད་ཅིག་གནང་གནང་རོགས།
    5 མ་གཞི་ཁྱེད་རང་གིས་རྒྱ་ནག་གི་རྒྱལ་དར་འཕྱར་བ་དེ་སོ་སོ་སྒེར་གྱི་ཐག་གཅོད་ཡིན་པ་དང་། དེ་ལ་རྒྱུ་མཚན་མང་པོ་ཡོད་པ་གསུང་གནང་སོང་། དེ་ཡག་པོ་ཞེ་དྲག་རེད། དེ་ནས་མི་གཞན་པ་ཚོས་རྒྱ་ནག་གི་རྒྱལ་དར་འཕྱར་ན་འགྲི་གི་ཡོད་སྐོར་གསུང་མཁན་ཚོས། ཁྱེད་རང་ལ་རྒྱུ་མཚན་རྒྱབ་ལྗོངས་གང་འདྲའི་དབང་གིས་རྒྱ་ནག་གི་རྒྱལ་དར་འཕྱར་ན་ཡག་པོ་ཡོད་ཚུལ་གསུང་གི་འདུག་གམ།
    6 ལོ་སྔོན་མའི་གསུམ་བཅུའི་དུས་དྲན་སྐབས་ནས་བཟུང་བོད་ནང་ལ་གོམ་བགྲོད་མགོ་འཛུགས་གནང་སྟེ་རྒྱ་ནག་གི་རྒྱལ་དར་འཕྱར་བ་རེད། མི་མང་པོ་ཞིག་གིས་དགག་བྱ་གནང་མིན་ལ་མ་ལྟོས་པར་རྒྱ་བལ་ས་མཚམས་བར་སྐུ་ངལ་སྐྱོན་པ་མ་ཟད། བལ་ཡུལ་བཙོན་ཁང་ནས་ལོ་གཅིག་མ་ཟིན་ཙམ་རིང་བཞུགས་པ་རེད། བརྒྱུད་རིམ་འདི་དག་ཁྲོད་སོ་སོས་རྒྱ་ནག་གི་རྒྱལ་དར་བ་དེར་བློ་འགྱུར་དང་འགྱོད་སེམས་སྐྱེས་མྱོང་ངམ།
    7 གལ་སྲིད་ཁྱེད་རང་གིས་མུ་མཐུད་རྒྱ་ནག་གི་རྒྱལ་དར་འཕྱར་ཏེ་ལས་འགུལ་སྤེལ་ཡང་། དེའི་ནང་མཉམ་ཞུགས་གནང་མཁན་རྩ་བ་ནས་མ་བྱུང་ཚེ་ཁྱེད་རིང་གིས་འགྱུར་བ་གཏོང་སྲིད་དམ། ཡང་ན་སྒེར་གཅིག་པུས་མ་འཆི་བར་མུ་མཐུད་རྒྱུའི་དམ་བཅའ་ཡོད་དམ།
    8 ཁྱེད་ཀྱི་ལས་འགུལ་འདི་དང་ལྷག་དོན་དུ་རྒྱ་ནག་གི་རྒྱལ་དར་འཕྱར་བའི་ཐད་བཙན་བྱོལ་བོད་གཞུང་གི་ངོས་ནས་རྣམ་འགྱུར་གང་འདྲ་བསྟན་ཡོད་དམ།
    9 བོད་ནང་ཞི་བའི་གོམ་བགྲོད་མ་ཡིན་པའི་ལས་འགུལ་གཞན་པ་གྲ་སྒྲིག་ཡོད་དམ།
    10 གལ་སྲིད་ཁྱེད་རང་གིས་རྒྱ་ནག་གི་རྒྱལ་དར་འཕྱར་རྒྱུ་ཕྱིར་འཐེན་བྱེད་པ་དང་། ཡང་ན་དེ་སྔའི་སོ་སོའི་དམ་བཅའ་དང་ལྟ་གྲུབ་ལ་འགྱུར་བ་བཏང་ཚེ་འདས་པའི་ལོ་གཅིག་རིང་དཀའ་ལས་བརྒྱབ་པ་དེ་ཆུད་ཟོས་སུ་བཏང་བ་དང་། སྤྱི་ཚོགས་ནང་ནས་ཀྱང་སོ་སོའི་ལྟ་བ་ལངས་ཕྱོགས་དང་དམ་བཅའ་དེར་སྙིང་བོ་དང་རིན་ཐང་མེད་པ་ཞིག་ཏུ་མཐོང་སྲིད་པར་དགོངས་ཀྱི་ཡོད་དམ།
    དྲི་བ་བཅུ་ལ་ལན་འདེབས་ཤིག་གནང་སྐྱོང་ཡོང་བ་ཞུ། ང་རང་སྒེར་ངོས་ནས་རྒྱ་ནག་གི་རྒྱལ་དར་འཕྱར་བར་མོས་མཐུན་དང་དགའ་བསུ་ཞུ་བཞིན་ཡོད། ཐུགས་རྗེ་ཆེ།

    Reply
  7. རྩོམ་སྒྲིག་པ། says:
    ལོ་ 13 སྔོན།

    གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་སྔར་ལོའི་གསུམ་བཅུའི་དུས་དྲན་ཉིན་ཞི་བའི་འཐབ་རྩོད་མགོ་འཛུགས་ཀྱིས་བོད་སྐྱོད་གོམ་བགྲོད་གནང་སྐབས་རྒྱ་ནག་གི་རྒྱལ་དར་འཕྱར་ཡོད་པ་དང་། ད་ལོའི་གསུམ་བཅུའི་དུས་དྲན་ཉིན་སླར་ཡང་རྒྱ་ནག་གི་རྒྱལ་དར་འཕྱར་ཏེ་གོམ་བགྲོད་གནང་རྒྱུ་ཡིན་པའི་གསལ་བསྒྲགས་བསྐྱངས་ཡོད་སྟབས། དུས་བབ་དྲ་བའི་ཟུར་གྱི་༼ བསམ་ཤོག ༽ཚན་པའི་ནང་རྒྱ་ནག་གི་རྒྱལ་དར་འཕྱར་བར་འདོད་པ་ཡོད་མེད་ཐོག བདུན་ཕྲག་གཉིས་རིང་མི་མང་ལ་བསམ་ཚུལ་བསྡུ་རྒྱུ་ཡིན་སྟབས། འདིར་ཕེབས་ནས་ཆ་ཤས་བཞེས་གནང་རོགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese