མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིར་དཔེ་བླངས་ཏེ་རྒྱ་ནག་གིས་མི་ཐོག་གཉིས་པའི་མི་རིགས་སྲིད་ཇུས་སྤེལ་བཞིན་འདུག

བོད་ཀྱི་དུས་བབ།
༢༠༡༣/༠༣/༠༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་དམར་གཞུང་གིས་བོད་ནང་ལ་བཙན་འཛུལ་དབང་སྒྱུར་བྱས་ཏེ་ལོ་ ༦༠ འཁོར་བའི་རིང་། བོད་གཙོས་གྲངས་ཉུང་མི་རིགས་ཐོག་འཛིན་པའི་དབང་སྒྱུར་སྲིད་ཇུས་ལ་འགྱུར་བ་གང་དག་ཕྱིན་ཡོད་མེད་ཐད། གསར་འགོད་པ་ཟུར་པ་མང་ར་བ་གདུགས་དཀར་འབུམ་ལགས་སུ་བཅར་འདྲི་བྱས་ཡོད།

དྲི་བ།  སྐུ་ཉིད་ཀྱིས་ལོ་མང་རིང་གསར་འགོད་པའི་ལས་ཀ་གཉེར་མྱོང་ཡོད་པ་རེད། སྔོན་ཆད་དང་བསྡུར་ན་རྒྱལ་སྤྱིའི་གསར་ལམ་ཁག་གིས་བོད་དོན་ཐོག་དོ་སྣང་གནང་སྟངས་ག་འདྲ་འདུག 

ལན། ནུབ་ཕྱོགས་རྒྱལ་ཁབ་ཁག་གི་གསར་འགྱུར་བརྒྱུད་ལམ་ཁག་གིས་བོད་དོན་ཐོག་དོ་སྣང་གནང་སྟངས་ཐད། དེ་སྔ་གཅིག་མཚུངས་ཡིན་པ་ལས་སྡུག་ཏུ་ཕྱིན་སོང་བའི་ཚོར་བ་བྱུང་མ་སོང་།  དཔེ་བཞག་ན། སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་སྲིད་འགན་བཞེས་པའི་སྐོར་ནས།  ནུབ་ཕྱོགས་ཡུལ་གྲུ་ཁག་གི་གསར་འགྱུར་བརྒྱུད་ལམ་ཁག་གིས་དོ་སྣང་ཆེན་པོས་གནས་ཚུལ་འགོད་སྟངས་དང་།  བོད་རྒྱའི་གནད་དོན་ཐད་གཟུ་བོར་གནས་པའི་ཐོག་ནས་ངོས་འཛིན་གནང་སྟངས་གང་ཅིའི་ཐད་ཡག་པོ་བྱུང་ཡོད་པ་རེད།  དེ་བཞིན།  ༢༠༠༨ ལོའི་ཞི་རྒོལ་ཆེན་མོ་དང་དེའི་རྗེས་ཀྱི་རང་ལུས་མེར་བསྲེགས་སོགས་ཀྱི་བརྒྱུད་རིམ་ཁྲོད་དུའང་། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ནས་དོ་སྣང་དང་ཁྱབ་བསྒྲགས་ཤུགས་ཆེན་པོ་བྱུང་ཡོད་པ་མ་ཟད།  རྒྱ་ནག་དམར་གཞུང་གི་དམ་དྲག་བཀག་སྡོམ་བྱས་མིན་ལ་མ་ལྟོས་བར།  ནུབ་ཕྱོགས་ཡུལ་གྲུ་ཁག་དང་ཀོ་རུ་ཡ། ཉི་ཧོང་སོགས་ཀྱི་གསར་འགོད་པ་རྣམས་ཀྱིས་ཐབས་ཤེས་འདྲ་མིན་སྤྱད་དེ་བོད་ནང་འཛུལ་ཐབས་ཏེ། རང་ལུས་མེར་བསྲེགས་ཀྱི་དངོས་ཡོད་གནས་སྟངས་སྐོར་རྒྱུས་ལོན་ཐོག་གནས་ཚུལ་སྤེལ་ཡོད་པ་རེད། རྒྱལ་སྤྱིའི་གསར་ལམ་ཁག་གིས་དོ་སྣང་ཤུགས་ཆེན་པོ་གནང་མེད་སྐོར་རྗོད་མཁན་ཡོང་གི་ཡོད་ཀྱང་དེ་རིགས་མ་བརྟག་མ་དཔྱད་པའི་སྐད་ཆ་རེད།   

དྲི་བ། བཙན་བྱོལ་གཞུང་གི་ལངས་ཕྱོགས་དང་གནས་སྟངས་ལ་འགྱུར་བ་རིམ་པར་ཕྱིན་ཡོད་པ་རེད། ཁྱེད་ཀྱིས་བལྟས་ན་དེང་སྐབས་རྒྱལ་སྤྱིའི་སྒང་བོད་ཀྱི་གནད་དོན་དེ་ཚད་ག་འདྲ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། 

ལན།  བཙན་བྱོལ་བོད་གཞུང་གིས་དབུ་མའི་ལམ་གྱི་སྲིད་བྱུས་གཏན་འབེབས་བྱས་པའི་རྗེས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་ཀྱི་གནས་བབ་ལ་ངོས་འཛིན་བྱེད་སྟངས་ལའང་འགྱུར་བ་ཏོག་ཙམ་ཕྱིན་ཡོད་པ་རེད་བསམ། ལྷག་པར་དུ་ ༢༠༠༨ ལོར་སྐུ་ཚབ་ཚོགས་པའི་ངོས་ནས་རྒྱ་གཞུང་དང་གྲོས་མོལ་སྐབས།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སྒྲོམ་གཞིའི་ནང་མིང་དོན་མཚུངས་པའི་རང་སྐྱོང་ཚད་ལྡན་ཞིག་རག་ཐབས་ཀྱི་ཡི་གེ་སྤྲད་ཡོད་པ་རེད། དེའི་ཡར་སྔོན་ལ་དབྱིན་གཞུང་གི་ངོས་ནས་བོད་དེ་རང་བཙན་གྱི་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་བྱས་ཡོད་པ་རེད། ཡིན་ནའང་། ༢༠༠༨ ཕྱི་ཟླ་ ༩ ཚེས་ ༢༩ ཉིན་དབྱིན་གཞུང་གིས་བོད་ཀྱི་གནད་དོན་ཐད་འཛམ་གླིང་ལ་གསལ་བསྒྲགས་ཤིག་སྤེལ་ཏེ། བོད་རང་བཙན་རྒྱལ་ཁབ་ཅིག་ལ་ངོས་འཛིན་བྱེད་བཞིན་པ་དེ་དུས་རབས་རྙིང་པའི་ནང་གི་དབྱིན་གཞུང་གི་ཕྱི་སྲིད་ལངས་ཕྱོགས་ཡིན་ལ། དུས་རབས་ཉེར་གཅིག་པའི་ནང་དབྱིན་གཞུང་གིས་ཕྱི་སྲིད་ཐོག་བོད་དེ་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པར་ངོས་འཛིན་བྱེད་ཀྱིི་ཡོད་སྐོར་བརྗོད་ཡོད་པ་རེད། སྐད་ཆ་དེ་ཐོག་མར་ཝ་རྗེ་བྷ་ཡེ་རྒྱ་གར་གྱི་སྲིད་འཛིན་སྐབས་རྒྱ་ནག་ལ་སོང་སྟེ་བཤད་པ་རེད། ཡིན་ནའང་། དེ་དུས་རྒྱ་ནག་དང་རྒྱ་གར་གཉིས་བར་བོད་ཀྱི་ས་མཚམས་སྐོར་བཤད་ཡོད་པ་མ་རེད། དེ་ནི་འགྱུར་བ་ཆེན་པོ་ཞིག་ལ་མཐོང་གི་ཡོད། ད་སྐབས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཁ་གསལ་བོ་མ་ཡིན་པའི་ཐོག་ནས། བོད་དོན་ནི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཞིག་ལ་ངོས་འཛིན་བྱས་ཏེ། ཆོས་དད་རང་དབང་དང་སྐད་ཡིག་རང་དབང་བཅས་ཀྱི་སྒང་ནས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་ཀྱིན་ཡོད་པ་རེད།

དྲི་བ།  བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ངོས་ནས་མ་འོངས་པར་རྒྱལ་སྤྱིའི་སྡིངས་ཆའི་སྒང་གོ་སྐབས་དམ་འཛིན་དང་ཤུགས་རྒྱག་དགོས་པའི་ཕྱོགས་གང་དག་མཐོང་གི་འདུག

ལན།  རྒྱ་གར་གཞུང་དང་རྒྱལ་སྤྱིའི་སྡིངས་ཆའི་སྒང་ནས་མ་འོངས་པར་བོད་དོན་མ་བརླགས་པ་ཞིག་ཡོང་རྒྱུར། ཕྱི་རྒྱལ་ཡུལ་གྲུ་ཁག་ལ་ཕྱི་འབྲེལ་འཛུགས་དགོས་པ་དེ་གལ་ཆེན་པོ་རེད། ད་ལོ་རྒྱ་གར་གཞུང་ལ་ཞུ་གཏུག་ལས་འགུལ་སྤེལ་བ་དེ་ང་རང་ངོས་ནས་ཧ་ཅང་གལ་ཆེན་པོར་མཐོང་སོང་། རྒྱལ་སྤྱིའི་སྒང་ནས་བོད་ཀྱི་འཐབ་རྩོད་གནས་ས་རྒྱ་གར་ཡིན་སྟབས། ༸གོང་ས་མཆོག་གཙོས་སྐུའི་གཅེན་པོ་རྒྱལ་ལོ་དོན་འགྲུབ་དང་། ཟམ་གདོང་རིན་པོ་ཆེ། རྒྱལ་རི་རིན་པོ་ཆེ། བཀའ་ཟུར་བསྟན་པ་ཚེ་རིང་ལ་སོགས་རྒྱ་གར་གྱི་དབུ་ཁྲིད་རྒན་རབས་པར་འབྲེལ་བ་ཡོད་མཁན་གྱི་བོད་མི་རྒན་རབས་སྲིད་དོན་པ་རྣམ་པའི་ངོས་ནས།  བཙན་བྱོལ་ནང་གི་མི་རབས་གསར་བ་རྣམས་རྒྱ་གར་གཞུང་གི་མགོ་ཁྲིད་དང་སྲིད་དོན་མི་སྣ་ཚོར་ཕན་ཚུན་འབྲེལ་བ་བཟོ་ཐུབ་པ་ཡིན་ན་ཡག་པོ་ཡོང་གི་རེད་བསམ།  འབྱུང་འགྱུར་རྒྱ་གར་གྱི་སྲིད་དོན་པ་དང་བཙན་བྱོལ་བོད་མིའི་མི་རབས་གསར་བའི་འབྲེལ་བ་རིང་དུ་ཕྱིན་པ་ཡིན་ན། མ་འོངས་པར་དཀའ་ངལ་ཆེན་པོ་ཞིག་འཕྲད་ངེས་རེད། དེ་བཞིན། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་རྒྱལ་ཁབ་ཁག་གི་རྒྱལ་ས་དང་དྷ་རམ་ས་ལའི་བར་འབྲེལ་བ་འཛུགས་རྒྱུ་ཡིན་གསུངས་ཡོད་པ་ལྟར། རྒྱལ་སྤྱིའི་སྡིངས་ཆའི་སྒང་རྐང་པ་འཇོག་པའི་སྐབས་སུའང་། བོད་མིའི་མགོ་ཁྲིད་ཀྱི་རྣམ་པའི་ཐོག་ནས་འགྲོ་དགོས་རྒྱུ་དེ་གལ་ཆེན་པོ་རེད།

            དྲི་བ། བཙན་བྱོལ་བོད་མིའི་མི་ཐོག་གསར་བའི་ངོས་ནས།  མ་འོངས་པར་རྒྱ་གཞུང་དང་ཐད་ཀར་འབྲེལ་མོལ་གནང་ཐུབ་མིན་ཐད་ཁྱེད་ལ་གཟིགས་ཚུལ་ག་རེ་ཡོད།

ལན།  སྤྱིར་ད་ལྟའི་ཆར་བརྒྱུད་ལམ་ཏན་ཏན་ཡོད་རྒྱུ་རེད། ཡིན་ནའང་། འདིའི་ཐད་ཏོག་ཙམ་སེམས་འཚབ་ཡོང་གི་འདུག  སྔོན་ཆད་རྒྱལ་ལོ་དོན་འགྲུབ་ཡོད་པའི་སྐབས་ལ་བོད་རྒྱ་ཞི་མོལ་ལས་དོན་ཐད།  གཅིག་ནས་བོད་ནང་དུ་པཎ་ཆེན་རིན་པོ་ཆེ་དང་། ང་ཕོད་ངག་དབང་འཇིགས་མེད། ཕུན་ཚོགས་དབང་རྒྱལ། གཡང་ལིང་རྡོ་རྗེ་སོགས་བོད་མི་རྒན་གྲས་ཁག་ཅིག་ཡོད་པ་རེད། དེའི་ཐོག་རྒྱ་ནག་གཞུང་དང་ཐད་ཀར་འབྲེལ་བ་འཛུགས་རྒྱུ་དང་སྐད་ཆ་བཤད་དགོས་གང་བྱུང་ཡང་།  རྒྱལ་ལོ་དོན་འགྲུབ་ལགས་ཀྱི་ངོས་ནས་ཐད་འཐེན་ཐོག་མེད་པར་སྒྲུབ་ཐུབ་ཀྱིན་ཡོད་པ་རེད། ཁོང་གི་ནུས་པ་ལ་བརྟེན་ནས་བོད་རྒྱའི་བར་ཐད་ཀར་འབྲེལ་བ་རིམ་པར་བྱུང་ཐུབ་ཡོད།  ད་ལྟའི་མགོ་ཁྲིད་གསར་བ་དང་མི་ཐོག་གསར་བ་ཚོའི་ནང་། རྒྱལ་ལོ་དོན་འགྲུབ་ལྟ་བུའི་ཐད་ཀར་རྒྱ་ནག་གཞུང་གི་སྒོ་རྡུང་ཐུབ་མཁན་གྱི་མི་ཞིག་ང་ཚོས་གསོ་སྐྱོང་བྱེད་ཐུབ་ཡོད་པ་མ་རེད། དེའི་ཐད་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་སྤྱི་ཚོགས་ཀྱིས་ཐུགས་བསམ་བཞེས་དགོས་ཀྱི་འདུག སྔར་ལོ་རྒྱ་ནང་ནས་ཡའེ་ཧྲོ་ཝུན་ཟེར་བ་ཞིག་གིས་༸གོང་ས་མཆོག་མཇལ་ཁ་ཞུས་ཏེ།  ཞི་ཅིན་ཕེན་གྱིས་ཕུལ་བའི་ཡི་གེ་ཞིག་༸གོང་ས་མཆོག་ལ་ཕུལ་བའི་སྐོར་ཞིག་བརྒྱུད་ལམ་ཐོག་ཐོན་སོང་། དེ་བདེན་པ་ཡིན་ན་རྒྱ་གཞུང་གིས་ཚུར་ང་ཚོར་འབྲེལ་བ་བྱ་འདོད་ཀྱི་རྣམ་པ་ཞིག་མངོན་ཡོང་གི་ཡོད་པ་རེད། ཡིན་ནའང་། ང་ཚོའི་ངོས་ནས་རྒྱ་གཞུང་མཐོ་རིམ་དཔོན་རིགས་དང་ཐད་ཀར་འབྲེལ་གཏུག་བྱེད་ཐུབ་ཀྱི་མེད་པ་དེ་མཚོན་ཡོད་པ་རེད། 

            དྲི་བ།  རྒྱ་ནག་དམངས་གཙོར་མ་ཕྱིན་པའི་སྔོན་ལ་བོད་དོན་སེལ་ཐུབ་མིན་ཐད་བསམ་ཚུལ་འདྲ་མིན་ཡོང་གི་ཡོད་པའི་ཐད་དགོངས་ཚུལ་གང་འདྲ་ཡོད། 

ལན། ད་ལྟའི་རྒྱ་ནག་དམར་པོའི་གཞུང་འདིའི་འོག་ནས་བོད་དོན་སེལ་ཐབས་ཆེད། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་དབུ་མའི་ལམ་གྱི་སྲིད་བྱུས་བཟུང་ཡོད་པ་རེད། དེར་མ་ཟད་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་དང་། དེའི་གསལ་བཤད་ཡི་གེ་བཅས་སྔ་ཕྱིར་རྒྱ་གཞུང་ལ་སྤྲད་ཚར་བ་རེད། ད་ལྟའི་ཆར་གནད་དོན་སེལ་ཐུབ་མིན་དེ་བོད་མིའི་ཕྱོགས་ན་མེད་པར་རྒྱ་གཞུང་གི་ལག་ན་ཡོད།  རྒྱ་གཞུང་གི་ཐོག་ནས་འགྱུར་བ་ག་རེ་གཏོང་མིན་ལ་རག་ལས་ཡོད་པ་རེད་མ་གཏོགས།  ང་ཚོའི་ཕྱོགས་ནས་དམིགས་བསལ་ལས་རྒྱུ་གང་ཡང་ཡོད་པ་མ་རེད། ཡིན་ནའང་། རྒྱ་གཞུང་གིས་བོད་རྒྱ་ཞི་མོལ་གྱི་སྒོ་འབྱེད་ཀྱི་མེད་པ་མ་ཟད།  བོད་ནང་གི་རང་ལུས་མེར་བསྲེགས་ཐད་དྲག་གནོན་བྱ་རྒྱུར་ཆེད་དུ་དམིགས་ཏེ། ཉེ་སྔོན་རྒྱ་གཞུང་དབུས་ཁྲིམས་ཞིབ་ཁང་དང་མི་དམངས་ཞིབ་དཔྱོད་ཁང་། དབུས་སྤྱི་བདེ་ལྷན་ཁང་བཅས་ཀྱིས་ཡིག་ཆ་ཞིག་བཀྲམས་ཏེ། བོད་མི་མང་པོ་འཇུ་བཟུང་ཁྲིམས་ཐག་གཅོད་བཞིན་པ་དང་།  མི་རིགས་གཅིག་གྱུར་གྱི་ངོ་བོ་བཟོ་ཐབས་བྱེད་ཀྱི་ཡོད་པ་སོགས་ལ་བལྟས་ན།  རྒྱ་ནག་དམར་གཞུང་རང་སྟེང་ནས་བོད་ཀྱི་གནད་དོན་དེ་ཐག་གཅོད་བྱེད་འདོད་ཡོད་མེད་ཐེ་ཚོམ་རེད།

            དྲི་བ། རྒྱ་ནག་དམར་གཞུང་རྒྱལ་ཁབ་གསར་ཏུ་བཙུགས་པ་ནས་ད་ལྟའི་བར།  བོད་གཙོས་གྲངས་ཉུང་མི་རིགས་ཐོག་འཛིན་པའི་སྲིད་ཇུས་ལ་འགྱུར་བ་གང་འདྲ་ཕྱིན་ཡོད་དམ། 

ལན།  རྒྱ་གཞུང་གིས་མི་རིགས་གནད་དོན་ཐད་འཛིན་པའི་སྲིད་ཇུས་རིགས་གཉིས་སུ་འགེར་གྱི་ཡོད།  དེ་ལ་ཁོ་ཚོའི་ངོས་ནས་མི་ཐོག་དང་པོའི་མི་རིགས་སྲིད་ཇུས་དང་། མི་ཐོག་གཉིས་པའི་མི་རིགས་སྲིད་ཇུས་ཞེས་རྗོད་ཀྱི་ཡོད། ༡༩༥༤ ལོར་རྒྱ་གཞུང་གིས་མི་ཐོག་དང་པོའི་མི་རིགས་སྲིད་ཇུས་གཏན་འབེབས་བྱས་སྐབས། ཨུ་རུ་སུ་དམར་པོའི་གཞུང་ནས་ཆེད་མཁས་པ་གདན་ཞུ་བྱས་ཏེ་སློབ་སྟོན་གནང་བཅུག་ཡོད། ད་ལྟ་རྒྱ་ནག་གི་རྩ་ཁྲིམས་ནང་ཡོད་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ཚང་མར་སོ་སོའི་སྐད་དང་ཡི་གེ་བཀོལ་སྤྱོད་དང་སྲུང་སྐྱོབ་ཀྱི་ཐོབ་ཐང་འདྲ་མཉམ་ཡོད་ཅེས་པ་དེ་རེད། སྐབས་དེར་སོ་སོར་སྐད་ཡིག་ཡོད་པའི་བོད་སོག་ཡུ་གུར་གསུམ་ཕུད་པའི་གྲངས་ཉུང་མི་རིགས་ཁག་ ༡༦ ལ་རྒྱ་ནག་དམར་གཞུང་གི་ངོས་ནས་ཡི་གེ་གསར་དུ་བཟོས་པ་རེད། ད་སྐབས་མི་ཐོག་གཉིས་པའི་མི་རིགས་སྲིད་ཇུས་ཏེ་སྤེལ་བཞིན་ཡོད། དེ་ནི་ཨ་རིའི་གཞུང་གིས་མི་རིགས་ནག་པོ་དང་། ས་གནས་གདོལ་མའི་ཨེན་ཌེ་ཡཱ་ན་མི་རིགས་ལ་དབང་སྒྱུར་གྱིས་ཇི་ལྟར་རྩ་མེད་བྱས་ཡོད་མེད་ཀྱི་ཉམས་མྱོང་ལ་དཔེ་ལྟ་བྱས་པའི་ཐོག་ནས། མི་རིགས་ཀྱི་གནད་དོན་དེ་ཆབ་སྲིད་ཀྱི་ངོ་བོ་མ་ཡིན་པར་བསྒྱུར་ཏེ།  བོད་གཙོས་ཡུ་གུར་དང་སོག་རིགས་རྣམས་མི་རིགས་ (Nationality) ཀྱི་ངོ་བོ་ནས་རིགས་རྒྱུད་ཚོ་ཁག་(Ethnic)གི་ངོ་བོར་བསྒྱུར་ཐབས་དང་།  རྒྱ་ཁབ་གཅིག་དང་རྒྱ་རིགས་ཆེན་པོ་(ཀྲུང་ཧྭ་མི་རིགས)གཅིག་གི་འདུ་ཤེས་ལ་བསྐྲུན་རྒྱུ་དེ་ཡིན་ལ། དེ་ནི་མ་འོངས་པར་རྒྱ་ནག་རྒྱལ་ཁབ་ཀྱི་གཅིག་གྱུར་དང་བརྟན་བརླིང་ཡོང་ཐབས་ལ་ངོས་འཛིན་བྱེད་བཞིན་ཡོད་པ་རེད། 

            དྲི་བ། མི་ཐོག་གཉིས་པའི་མི་རིགས་སྲིད་ཟེར་བ་དེའི་རྒྱབ་ལྗོངས་དང་བྱུང་སྟངས་བྱུང་ལུགས་ག་འདྲ་རེད།

ལན། ཅཱང་ཙེ་མཱེན་གྱི་སྐབས་སུ་ ༡༩༩༥ ལོའི་བོད་དོན་བཞུགས་མོལ་ཚོགས་འདུ་ཐེངས་བཞི་ཐོག  དེ་སྔའི་མི་རིགས་རང་སྐྱོང་གི་སྲིད་ཇུས་ལ་འགྱུར་ལྡོག་ཤུགས་ཆེན་པོ་བྱུང་ཡོད་པ་རེད། དེའི་རྗེས་ལ་མི་རབས་གཉིས་པའི་མི་རིགས་སྲིད་ཇུས་ཀྱི་བསམ་ཚུལ་དེ་བྱུང་བ་རེད། བསམ་ཚུལ་དེ་ཐོག་མར་འདོན་མཁན་ནི་ཧུའུ་ཨན་ཀཱང་དང་ཧུའུ་ལིན་ཧི། མཱ་རོང་། མཱ་ལིས་བཞི་རེད།  ཁོ་ཚོས་མི་རིགས་ཀྱི་གནད་དོན་དེ་ཆབ་སྲིད་ངོ་བོར་མ་འགྱུར་བ་བྱེད་དགོས་པ་དང་། ཕྱིའི་འཛམ་གླིང་གཅིག་གྱུར་གྱི་རྒྱལ་སྤྱིའི་འཁོར་ཕྱོགས་དང་ནང་རྒྱ་ནག་རྒྱལ་ཁབ་བརྟན་བརླིང་གང་ཐད་ནས།  མ་འོངས་པར་རྒྱ་ནག་རྒྱལ་ཁབ་ནི་རྒྱལ་ཁབ་གཅིག་ལ་མི་རིགས་གཅིག་དང་སྐད་ཡིག་གཅིག་གི་ངོ་བོར་འགྱུར་དགོས་པའི་བསམ་འཆར་འདོན་གྱི་ཡོད། ༢༠༠༡ ལོར་མཱ་རོང་གིས་བོད་སོག་ཡུ་གུར་གཙོས་གྲངས་ཉུང་མི་རིགས་རྣམས།  མི་རིགས་(nationalite)ངོ་བོ་ནས་རིགས་རྒྱུད་ཚོ་ཁག་(Ethnic )གི་ངོ་བོར་བསྒྱུར་དགོས་པའི་རྩོམ་ཡིག་སྤེལ་ཏེ་རྒྱའི་སྤྱི་ཚོགས་ནང་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། ༢༠༠༤ ལོར་ཡང་དེའི་སྐོར་གྱི་རྩོམ་ཡིག་ཅིག་སྤེལ་ཏེ།  རྒྱ་གཞུང་གིས་རིག་གཞུང་གི་ཁྱབ་ཁོངས་དང་། དཔལ་འབྱོར་གྱི་ཁྱབ་ཁོངས། སྤྱི་ཚོགས་ཀྱི་ཁྱབ་ཁོངས་གསུམ་གྱི་ཐོག་ནས།  རྒྱལ་ཁབ་གཅིག་གྱུར་དང་མི་རིགས་གཅིག་གྱུར། སྐད་ཡིག་གཅིག་གྱུར་གྱི་སྲིད་ཇུས་སྤེལ་དགོས་པའི་གླེང་སློང་བྱས་པ་རེད། དེའི་ཐད་ཕྱི་ནང་གཉིས་ཀྱི་རྒྱ་རིགས་ཁྲོད་ངོ་རྒོལ་བྱེད་མཁན་དམིགས་བསལ་བྱུང་ཡོད་པ་མ་རེད། རིམ་པའི་བསམ་ཚུལ་དེ་དག་སྲིད་ཇུས་ཀྱི་ངོ་བོར་འགྱུར་ཏེ་ ༢༠༡༠ ལོར་བསླེབས་དུས། སྐབས་དེར་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ལ་བརྟེན་ནས་འཚོ་བ་རོལ་མཁན་ཤེས་ལྡན་པ་སྐོར་ཞིག་གིས་ངོ་རྒོལ་བྱས་ཡོད་ལ།  ལོ་དེའི་ཕྱི་ཟླ་ ༡ ཚེས་ ༥ ཉིན་བོད་དོན་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་ཚོགས་ཡོད་པ་རེད། དེ་ལྟར་ ༢༠༡༢ ལོ་མགོ་བར་དུ་དེའི་སྐོར་ལ་གླེང་སློང་ཤུགས་ཆེན་བྱུང་བ་རེད། ད་ལྟའི་ཆ་ལ་ཕར་ལྟ་དུས་རྒྱ་ནག་དབུས་གཞུང་གིས་གྲངས་ཉུང་མི་རིགས་ཐོག་སྲིད་ཇུས་འཛིན་སྟངས་ཇེ་མཁྲེགས་སུ་འགྲོ་བཞིན་ཡོད་པ་དང་། ཧ་ལམ་འཐབ་ཕྱོགས་གཅིག་གྱུར་ཁང་གིས་ཀྱང་མཱ་རོང་སོགས་ཀྱི་བསམ་ཚུལ་ལག་བསྟར་བྱེད་བཞིན་པའི་རྣམ་པ་ཞིག་མངོན་ཡོང་གི་འདུག  ཡིན་ནའང་། ད་ལྟའི་ཆར་རྒྱ་གཞུང་གི་རྩ་ཁྲིམས་ཁྱབ་ཁོངས་ནང་ངོས་ལེན་བྱས་ཡོད་པ་མ་རེད།  

            དྲི་བ། རྒྱ་གཞུང་གི་མི་རིགས་སྲིད་ཇུས་ཀྱི་འགྱུར་རིམ་དེའི་ཁྲོད།  མི་རིགས་སློབ་གསོའི་ཁྱབ་ཁོངས་ནས་འགྱུར་བ་ཇི་ལྟར་བཏང་ཡོད་པ་རེད།

ལན།  སྲིད་གཞུང་གི་ངོས་ནས་གྲངས་ཉུང་མི་རིགས་ཚོར་སོ་སོའི་སྐད་དང་ཡི་གེ་སློབ་སྦྱོང་བྱེད་སའི་སློབ་གྲྭའི་ཁོར་ཡུག་བསྐྲུན་པ་ཡིན་ན། ཁོ་ཚོས་སློབ་གྲྭ་དེའི་ནང་སློབ་བཞིན་པ་ནི་རྒྱ་ཡིག་མ་ཡིན་པར། མི་རིགས་སོ་སོའི་རིག་གནས་དང་ལར་ཞེན། རྒྱ་ནག་མི་ཐོག་གཉིས་པའི་མི་རིགས་སྲིད་ཇུས་གླེང་མཁན་དེ་ཚོས་མི་རིགས་སློབ་གསོའི་ངོས་ཐད་ནས་ཀྱང་། མི་རིགས་སོ་སོའི་སྙིང་སྟོབས་གསོ་སྐྱོང་བྱེད་སའི་སྡིངས་ཆ་ཆགས་ཀྱི་ཡོད་སྟབས། རྒྱ་ནག་ཆེན་པོའི་ནང་ཚུར་འདྲེས་ཐུབ་ཀྱི་མེད་པ་དང་། དེ་བཞིན་ཁོ་ཚོར་ཡང་ལམ་ཁ་ཆེན་པོ་དང་འཚོ་བའི་མཐུན་རྐྱེན་ཡག་པོ་རག་མི་ཐུབ་པར་བརྟེན།  གྲངས་ཉུང་མི་རིགས་ཀྱི་སློབ་གྲྭ་ཁག་མེད་པ་བཟོ་དགོས་པའི་བསམ་ཚུལ་དང་འཆར་གཞི་ལག་བསྟར་བྱེད་ཀྱིན་ཡོད་པ་རེད། ༡༩༨༩ དང་ ༡༩༩༠ ལོའི་བར་ལ་བོད་ཁུལ་གྱི་རྫོང་རིམ་པའི་བོད་ཡིག་སློབ་འབྲིང་རྣམས་མི་རིགས་སློབ་འབྲིང་དུ་བསྒྱུར་བ་རེད། དེའི་རྗེས་ ༡༩༩༥ ལོར་མི་རིགས་སློབ་གསོའི་སྲིད་ཇུས་ལ་འགྱུར་ལྡོག་ཆེན་པོ་བྱུང་སྟེ། བོད་ཁུལ་གྱི་དགེ་ཐོན་སློབ་གྲྭ་རྣམས་རིམ་པས་མཐོ་འབྲིང་དུ་བསྒྱུར་པ་དང་། རྒྱལ་ཡོངས་གཅིག་གྱུར་གྱིས་རྒྱ་ཡིག་དང་རྒྱའི་སྤྱི་སྐད་རྒྱུགས་ལེན་ལག་བསྟར་བྱས་པ་རེད། ད་སྐབས་གྲངས་ཉུང་མི་རིགས་ཀྱི་སློབ་ཆེན་དག་ཀྱང་མེད་པར་བཟོས་ཏེ།  གྲངས་ཉུང་མི་རིགས་ཀྱི་སློབ་མ་རྣམས་རྒྱ་ནང་གི་ཆིན་ཧྭ་དང་ཧྥུ་ཏཱན། པེ་ཅིན་སློབ་ཆེན་བཅས་ཀྱི་ནང་བཏང་སྟེ་སློབ་སྦྱོང་བྱེད་འཇུག་དགོས་པ་དང་།  སློབ་མ་དེ་དག་སློབ་མཐར་ཕྱིན་རྗེས་རྒྱ་ནག་གཅིག་གྱུར་གྱི་སྟོབས་ཤུགས་ལ་འགྱུར་བཞིན་པ་མ་ཟད།  ཁོ་ཚོར་ཡང་ལས་ཀ་དང་འཚོ་བའི་མཐུན་རྐྱེན་ཕྱོགས་ནས་ཁེ་ཕན་རག་ཐུབ་པའི་སྐོར་རྗོད་ཀྱིན་ཡོད་ལ།  ད་སྐབས་རྒྱ་གཞུང་གིས་སློབ་གསོའི་སྒྲིག་གཞི་གསར་བ་ཞིག་གཏན་འབེབས་བྱེད་བཞིན་ཡོད་པ་དང་། དེའི་ནང་དུ་རྒྱ་ཡིག་མ་གཏོགས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སྦྱོང་དགོས་སྐོར་རྩ་བ་ནས་གླེང་གི་ཡོད་པ་མ་རེད།

            དྲི་བ། རྒྱ་གཞུང་གིས་བོད་སོག་ཡུ་གུར་གསུམ་ཐོག་འཛིན་པའི་སྲིད་ཇུས་ལ་ཁྱད་པར་གང་དག་ཡོད་མེད་དང་། མི་རིགས་འདི་གསུམ་གྱིས་མཉམ་འབྲེལ་ཐོག་རྒྱ་གཞུང་ལ་ཁ་གཏད་གཅོག་དགོས་རྒྱུ་དེ་གལ་ཆེན་པོར་མཐོང་གི་འདུག་གམ།

ལན།  ཐོག་མར་རྒྱ་ནག་གིས་བཙན་འཛུལ་བྱེད་པའི་སྐབས་ལ། གཅིག་ནས་ཕྱི་རྐྱེན་གྱི་ཐོག་ནས་རྒྱ་ནག་གིས་བོད་སོག་ཡུ་གུར་གསུམ་ལ་བཙན་འཛུལ་བྱེད་སྟངས་ཀྱི་ཆ་ནས་མ་འདྲ་བ་དང་། གཉིས་ནས་ནང་རྐྱེན་གྱི་ཐོག་ནས་བོད་སོག་ཡུ་གུར་གསུམ་གྱི་སོ་སོའི་ཁྱད་ཆོས་དང་གྲུབ་ཆའི་ཐད་ནས་མ་འདྲ་བ་ཆགས་ཡོད་སྟབས། རྒྱ་གཞུང་གིས་མི་རིགས་གསུམ་ཆའི་ཐོག་སྲིད་ཇུས་འཛིན་སྟངས་ཐོག་ནས་མ་འདྲ་བ་བྱུང་ཡོད། གང་ལྟར་ད་ལྟའི་གནས་སྟངས་དང་སྔོན་མའི་གནས་སྟངས་གཉིས་བསྡུར་ན་ཧེ་བག་ཆེན་པོ་འདུག  ད་ལྟའི་གནས་སྟངས་ཀྱི་འཕེལ་རིམ་ལ་བལྟས་པ་ཡིན་ན། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ལངས་ཕྱོགས་སོ་སོར་འཛིན་དགོས་པ་ཞིག་ཏུ་མཐོང་གི་ཡོད་སྲིད་ཀྱང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང་མི་སྒེར་ངོས་ནས། ཡུ་གུར་དང་སོག་པོའི་རང་དབང་ཐབ་རྩོད་གནང་མཁན་ཚོགས་སྒེར་མི་མང་བཅས་ལ་འབྲེལ་བྱས་ཏེ། རྒྱ་གཞུང་ལ་ཁ་གཏད་གཅོག་དགོས་པ་གལ་ཆེན་པོར་མཐོང་སོང་། ༢༠༠༧ ལོར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བུ་ཆུང་ཚེ་རིང་དང་། ཡུ་གུར་གྱི་དབུ་ཁྲིད་ལྕམ་རེ་བྷེ་ཡ། སོག་པའི་རང་དབང་འཐབ་རྩོད་པ། ཕྱི་རྒྱལ་ཡུལ་གྲུ་ཁག་གི་རྒྱ་རིགས་དམངས་གཙོ་དོན་གཉེར་བ་སོགས་མཉམ་རུབ་ཐོག་ཚོགས་པ་ཞིག་བཙུགས་ཡོད། གནས་སྟངས་དེས་ཀྱང་ད་ལྟའི་ཆར་མི་རིགས་འདི་གསུམ་མཉམ་འབྲེལ་ཡོང་ཐུབ་ཀྱི་ཡོད་པ་མཚོན་ཡོད་པ་རེད། དེ་བཞིན། རྒྱ་ནག་གི་མི་ཐོག་གཉིས་པའི་མི་རིགས་སྲིད་ཇུས་ཟེར་བའི་ངོས་ནས་ཐད་ནས་ཀྱང་། བོད་སོག་ཡུ་གུར་མི་རིགས་གསུམ་གྱི་གནད་དོན་དེ་གཞི་གཅིག་ལ་བཞག་ཡོང་གི་ཡོད་པ་རེད། དེར་བརྟེན། རྒྱ་ནག་གི་སྲིད་ཇུས་ལངས་ཕྱོགས་ལ་གཞིགས་ཏེ་གནོན་ཤུགས་སྤྲོད་ཕྱོགས་ཐད་བསམ་བློ་གཏོང་དགོས་པ་གལ་ཆེན་པོ་རེད།

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

ཆུ་ཚོད་ ༨ སྔོན་ལ།
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

ཆུ་ཚོད་ ༡༠ སྔོན་ལ།
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢

མཆན། 2

  1. དགྲ་འདུད། says:
    ལོ་ 13 སྔོན།

    ༼བོད་དོན་སེལ་ཐུབ་མིན་དེ་བོད་མིའི་ཕྱོགས་ན་མེད་པར་རྒྱ་གཞུང་གི་ལག་ན་ཡོད། རྒྱ་གཞུང་གི་ཐོག་ནས་འགྱུར་བ་ག་རེ་གཏོང་མིན་ལ་རག་ལས་ཡོད་པ་རེད་མ་གཏོགས། ང་ཚོའི་ཕྱོགས་ནས་དམིགས་བསལ་ལས་རྒྱུ་གང་ཡང་ཡོད་པ་མ་རེད༽ཅེས་པའི་བསམ་ཚུལ་ལ་མོས་མཐུན་རྩ་བ་ནས་མེད། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཀྱང་དེ་དང་རིགས་འདྲ་བ་ཞིག་གསུངས་ཡོད་པ་རེད། དེ་འདྲའི་བསམ་ཚུལ་གྱིས་རྒྱ་གཞུང་ལ་ལྡོག་ཕྱོགས་ནས་སྤོབས་པ་དང་ཡིད་ཆེས་ཀྱི་ཚོར་སྣང་ཞིག་སྟེར་བ་མ་གཏོགས་ཕན་ཐོག་ཡོང་མི་སྲིད། ང་ཚོས་བོད་རྒྱ་གཉིས་ཀྱི་བར་ན་གནས་ཡོད་པའི་རྟེན་འབྱུང་གི་འབྲེལ་བར་དཔྱད་པ་ཞིབ་མོ་ཞིག་བཏང་ན། བཙན་བྱོལ་བོད་པ་ཚོས་ཀྱང་རྒྱ་གཞུང་ལ་འགྱུར་བ་གཏོང་ཐུབ་པའི་ཐབས་ཤེས་ཤིག་ངེས་པར་དུ་རྙེད་སྲིད།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ་་་་་ ད་ལྟ་རྒྱ་ནག་གི་རྩ་ཁྲིམས་ནང་ཡོད་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ཚང་མར་སོ་སོའི་སྐད་དང་ཡི་གེ་བཀོལ་སྤྱོད་དང་སྲུང་སྐྱོབ་ཀྱི་ཐོབ་ཐང་འདྲ་མཉམ་ཡོད་ཅེས་པ་དེ་རེད། སྐབས་དེར་སོ་སོར་སྐད་ཡིག་ཡོད་པའི་བོད་སོག་ཡུ་གུར་གསུམ་ཕུད་པའི་གྲངས་ཉུང་མི་རིགས་ཁག་ ༡༦ ལ་རྒྱ་ནག་དམར་གཞུང་གི་ངོས་ནས་ཡི་གེ་གསར་དུ་བཟོས་པ་རེད། ་་་ཅེས་དང་།
    ་་་་ ད་སྐབས་རྒྱ་གཞུང་གིས་སློབ་གསོའི་སྒྲིག་གཞི་གསར་བ་ཞིག་གཏན་འབེབས་བྱེད་བཞིན་ཡོད་པ་དང་། དེའི་ནང་དུ་རྒྱ་ཡིག་མ་གཏོགས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སྦྱོང་དགོས་སྐོར་རྩ་བ་ནས་གླེང་གི་ཡོད་པ་མ་རེད། ་་་་ཟེར།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese