མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དབུ་མའི་ལམ་གྱི་མཐའ་མའི་འབབ་ས་དེ་མི་རིཊ་ས་གནས་རང་སྐྱོང་རེད་ཟེར།

བོད་ཀྱི་དུས་བབ།
༢༠༡༣/༠༤/༡༤
Share on FacebookShare on TwitterShare on EmailShare on Whatsapp

གཟའ་སྤེན་པའི་ཉིན་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེས་མང་ཚོཊ་ལ་ལམ་དབུ་མའི་སྲིད་བྱུས་ཐོག་བཀའ་སློབ་བསྩལ་ཏེ། དབུ་མའི་ལམ་གྱི་མཐའ་མའི་འབབ་ས་མི་རིཊ་ས་གནས་རང་སྐྱོང་དང་། གལ་སྲིད་རྒྱ་ནག་རྩ་ཁྲིམས་ལ་འགྱུར་བ་ཐེབས་ཚེ་དབུ་མའི་ལམ་གྱི་གཞི་རྩ་གསར་པ་ཆཊ་རྒྱུ་ཡིན་སྐོར་གསུངས། 

དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་གོ་སྒྲིག་འོག ཁ་སང་ཕྱི་ཚེས་ ༡༣ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༣།༣༠ ཐོག་ངྷ་ས་མེག་གྷན་ཉིན་སློབ་ཚོགས་ཁང་དུ། བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་གཏམ་བཤད་དང་མཇུག་ཏུ་མང་ཚོགས་ལ་དྲི་བ་དྲིས་ལན་བཅས་གནང་ཡོད་ཅིང་། ཚོགས་འདུ་དེར་བཀའ་ཟུར་དང་སྤྱི་འཐུས། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ། ངྷ་སའི་སེར་སྐྱ་མང་ཚོགས་བཅས་ཁྱོན་མི་ ༡༠༠ ལྷག་འདུ་འཛོམས་བྱུང་འདུག

ཚོགས་འདུའི་ཐོག་མར་དབུ་མའི་ལམ་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་སྤྱི་ཟུར་ཡོན་ཏན་རྒྱ་མཚོ་ལགས་ཀྱིས། དབུ་མའི་ལམ་ནི་༸གོང་ས་མཆོག་གི་དགོངས་གཞི་དང་བོད་གཞུང་དམངས་གཉིས་ཀྱིས་གཏན་ལ་ཕབ་པའི་ཡང་དག་གི་སྲིད་བྱུས་ཤིག་ཡིན་པ་དང་། ད་ཆར་ལས་འགུལ་ཁང་དེས་ས་གནས་ཁག་ ༢༨ ནང་འབྲེལ་མཐུད་པ་གསར་འཛུགས་ཐོག་རྒྱ་བལ་གཞིས་ཆགས་ཁག་ ༣༢ གཙོས་དགོན་སྡེ་དང་སློབ་གྲྭ་ཁག་ཏུ་དབུ་མའི་ལམ་གྱི་ཟབ་སྦྱོང་དང་། རྒྱ་རིགས་མང་ཚོགས་གཙོས་ཕྱི་རྒྱལ་མི་རིགས་ཚོར་སྐབས་བསྟུན་གྱིས་ཡིག་ངག་གཉིས་ཐོག་ནས་གསལ་བཤད་གནང་བཞིན་ཡོད་པ། སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོཊ་ཀྱི་གྲོས་ཚོཊ་ཚོཊ་དུས་ལྔ་པའི་ཐོག་བཀུར་འོས་སྤྱི་འཐུས་ཤིག་གིས། ༸གོང་ས་མཆོག་གིས་བཀའ་རྩོམ་ཁག་རེ་རེ་བཞིན་ལུང་འདྲེན་ཐོག་བདེན་པ་མིན་པའི་འགྲེལ་བཤད་ལོག་པར་བརྒྱབ་སྟེ།༸གོང་ས་མཆོག་གི་ཐུགས་དགོངས་ངོ་མ་བོད་རང་བཙན་ཡིན་ཚུལ་བརྗོད་པ་དེར་བོད་རིཊ་མང་ཚོགས་རྣམས་བློ་ཕམ་ཆེན་པོ་བྱུང་ཡོད་སྐོར་ངོ་སྤྲོད་གནང་སོང་།

ཚོགས་ཐོག་ཏུ་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས། ལམ་དབུ་མའི་སྲིད་བྱུས་ཀྱི་བྱུང་རིམ་དང་དེའི་ངོ་བོ་སྐོར་མང་ཚོགས་ལ་ངོ་སྤྲོད་དང་འབྲེལ། གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ནི་ཉིན་མ་གཅིག་ནང་བྱུང་བའི་གནས་ཚུལ་ཞིག་དང་གང་ཟག་གཅིག་གིས་ཐག་གཅོད་བྱས་པའི་གནས་ཚུལ་ཙམ་མིན་པར། འདས་པའི་མི་ལོ་ ༤༠ རིང་༸གོང་ས་མཆོག་གིས་ལམ་སྟོན་འོག་གཞིས་བྱེས་བོད་རིགས་མང་ཚོགས་ཀྱིས། མང་གཙོའི་བརྒྱུད་རིམ་དང་མཐུན་པར་གྲོས་བསྡུར་རིམ་པར་གནང་སྟེ་མཐའ་ཐག་གཅོད་གནང་བ་ཞིག་དང་། དབུ་མའི་ལམ་གྱི་སྲིད་བྱུས་དེར་མི་དམངས་བརྒྱ་ཆ་ ༦༤ ལྷག་གིས་རྒྱབ་སྐྱོེར་ཐོབ་པའི་ཐོག་སྤྱི་འཐུས་ལྷན་ཚོགས་ནང་སྤྱི་མོས་གྲོས་ཆོད། ༢༠༠༨ ལོའི་བོད་ནང་ཛ་དྲག་གནས་ཚུལ་ལ་གཞིཊ་ཏེ་དམིགས་བསལ་ཚོགས་ཆེན་སྐབས་ཚོཊ་ཞུཊ་པ་མང་ཆེ་བས་ལམ་དབུ་མའི་སྲིད་བྱུས་རྒྱུན་འཁྱོངས་གནང་རྒྱུར་རྒྱབ་སྐྱོར། ༢༠༡༠ ལོར་སྤྱི་འཐུས་གྲོས་ཚོགས་ནང་ཡང་སླར་ལམ་སྤྱི་མོས་གྲོས་ཆོད་བཅས་བྱུང་ཡོད་ཅིང་། དེའི་ཐོག་བོད་མིའི་སྒྲིག་འཛུགས་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་དེའི་ཐོག་བགྲོ་གླེང་གོ་སྒྲིག་གནང་བཞིན་པ་བཅས་ཀྱིས། ད་ཆར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ལམ་དབུ་མའི་སྲིད་བྱུས་ཐོག་གོ་རྟོགས་མེད་མཁན་ཧ་ལམ་མེད་པའི་ངོས་འཛིན་གནང་བཞིན་ཡོད་སྟབས། སྲིད་བྱུས་བསྐྱར་ཟློས་ལ་དགོས་པ་གང་ཡང་མཐོང་གི་མེད་ཅིང་། དེང་སྐབས་འགན་ཁུར་མེད་པའི་མི་ཁ་ཤས་ཀྱིས་བརྒྱུད་ལམ་ཁག་ཏུ་དབུ་མའི་ལམ་གྱི་སྲིད་བྱུས་༸གོང་ས་མཆོག་སྐུ་སྒེར་གྱི་དབང་ཤུགས་འོག་ཐག་བཅད་པའི་སྲིད་བྱུས་ཤིག་ཡིན་ཚུལ་བཤད་པ་དེ་ཏག་ཏག་བསྡད་མེད་སྐོར་གསུངས་སོང་།

བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་མུ་མཐུད་དུ། དབུ་མའི་ལམ་གྱི་སྲིད་བྱུས་ནི་༸གོང་ས་མཆོག་གིས་ཆབ་སྲིད་ཐུགས་འགན་བཞེས་སྐབས་ནས་ཐུགས་ལ་ཡོད་པ་ཞིག་དང་། ཐུགས་ལ་ཡོད་པ་བཞིན་ཕྱག་ལེན་བསྟར་དགོས་པའི་གནས་བབ་བྱུང་བསྡད་པ་ཞིག་ཡིན་ཞིང་། ༡༩༥༩ ལོའི་བྱུང་རྐྱེན་རྗེས་༸གོང་ས་མཆོག་གི་དགོངས་གཞི་གང་ཡོད་པ་སྐབས་དེའི་སྤྱི་ཚོགས་ཀྱི་བསམ་ཚུལ་དང་། བོད་ནང་གི་མང་ཚོགས་ཀྱི་ཞེད་སྣང་གནས་སྟངས་འོག་ཐབས་ལམ་གསར་པ་ཞིག་གི་ཐོག་དམིགས་ཡུལ་གསར་པ་ཞིག་མི་འཛིན་ཐབས་མེད་དུ་གྱུར་ཡོད་ཀྱང་། གནས་སྟངས་དེ་རྒྱུན་རིང་པོར་འགྲོ་ཐུབ་ཀྱི་མེད་པ་༸གོང་ས་མཆོག་གིས་སྔ་ས་ནས་ཐུགས་སུ་དགོངས་ཡོད་ཅིང་། བཙན་བྱོལ་གཞུང་གི་ཡོངས་གྲགས་སྲིད་བྱུས་ནང་རང་བཙན་བསྐྱར་གསོ་གནང་བཞིན་པའི་སྐབས་དང་། དབུ་མའི་ལམ་གྱི་སྲིད་བྱུས་གསལ་བསྒྲགས་མ་གནང་བའི་སྐབས། ༸གོང་ས་མཆོག་གིས་བཀའ་རྩོམ་གནང་བའི་བདེན་ཚིག་སྨོན་ལམ་སོཊ་ཀྱི་ནང་། རང་དབང་མ་གཏོགས་རང་བཙན་ཟེར་བའི་ཚིག་དེ་ཆེད་དུ་གཉེར་ནས་བེད་སྤྱོད་གནང་མེད་པ་དང་། སྡེབ་སྦྱོར་གྱི་དབང་དུ་བྱས་ན་ཚིགས་བཅད་ཀྱི་སྐབས་རང་དབང་དང་རང་བཙན་ཞེས་པ་དེ་ཚིག་གཉིས་ཆཊ་ཡོད་ཀྱང་ཚིགས་བཅད་བཟོ་སྐབས་མ་འགྲིག་པ་གང་ཡང་མེད་ཁར། རང་དབང་ཡོད་ས་དེར་རང་བཙན་ཞེས་པའི་ཚིག་དེ་སྦྱར་ཡང་ཚིགས་བཅད་ཀྱི་སྡེབ་སྦྱོར་ཐོག་ཉམས་པ་མེད་ཅིང་། ལྷག་པར་དུ་དབུ་མའི་ལམ་གྱི་ཐོག་ཕེབས་དགོས་བྱུང་བ་དེའང་མ་འོངས་སྔོན་གཟིགས་སུ་ངོས་འཛིན་གནང་བཞིན་པར་མ་ཟད། གནས་སྟངས་ལ་གཞིགས་པའི་ཐག་གཅོད་དང་ལྗགས་རྩོམ་གནང་བ་ཁག་གློ་བུར་བ་ཞིག་མིན་པའི་ཡིད་ཆེས་བརྟན་པོ་ཡོད་སྐོར་གསུངས།

ཡང་ཟམ་གདོང་རིན་པོ་མཆོག་གིས་དབུ་མའི་ལམ་གྱི་སྲིད་བྱུས་རྒྱ་ནག་ནས་ཁ་བྲལ་ཏེ་རྒྱལ་ཁབ་ལོཊ་ཀ་བཟོ་མི་དགོས་པ་དང་། རྒྱ་ནག་ནས་ཁ་བྲལ་དུ་འགྲོ་བ་དེ་མཐའ་གཅིག ད་སྔའི་གནས་བབ་འོག་བསྡད་པ་དེ་མཐའ་གཅིག་ཆགས་ཡོད་པ་བཅས་ནི། དབུ་མའི་ལམ་གྱི་སྲིད་བྱུས་མཐའ་མའི་འབབ་ས་དེ་རྒྱ་ནག་མི་མང་སྤྱི་མཐུན་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སྒྲོམ་གཞིའི་ནང་། བོད་ཆོལ་ཁ་གསུམ་གྱི་བོད་རིགས་ཡོངས་སུ་རྫོགས་པར་འཛིན་སྐྱོང་གཅིག་གི་འོག་མིང་དོན་མཚུངས་བའི་མི་རིགས་ས་གནས་རང་སྐྱོང་འཐོབ་རྒྱུ་དེ་ཡིན་ཞིང་། བོད་རིགས་ཡོངས་རྫོགས་འཛིན་སྐྱོང་གཅིག་གི་འོག་ཚུད་དགོས་པ་དེ་ཟློག་ཏུ་མེད་པའི་ཆ་རྐྱེན་དང་། བོད་མིའི་དམིགས་ཡུལ་བསྒྲུབ་པའི་ཐབས་ལམ་ངེས་པར་དུ་འཚེ་མེད་ཞི་བ་ཁོ་ན་ཡིན་དགོས་ཤིང་། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ནང་མི་རིགས་རང་སྐྱོང་དང་མི་རིགས་ས་གནས་རང་སྐྱོང་གི་ཐོབ་ཐང་སྤྲད་ཡོད་པའི་ཁོངས་སུ། ས་ཁུལ་མེད་པའི་གྲངས་ཉུང་མི་རིགས་ལ་མི་རིགས་རང་སྐྱོང་དང་། ས་ཁུལ་ཡོད་པའི་གྲངས་ཉུང་མི་རིགས་ལ་མི་རིགས་ས་གནས་རང་སྐྱོང་གི་མིང་ཙམ་གྱི་ཐོབ་ཐང་རེ་སྤྲད་ཡོད་ཀྱང་། མིང་ཙམ་གྱི་ཆ་རྐྱེན་དེའི་འོག་བོད་རིགས་རྣམས་དུམ་བུ་ ༡༡ ལ་བགོ་བཤའ་བརྒྱབ་སྟེ། རང་སྐྱོང་ལྗོངས་གཅིག་མ་གཏོགས་བོད་རིགས་གཅིག་ཡིན་པ་དེ་རང་སྐྱོང་ཁུལ་དང་རྫོང་། གྲོང་རྡལ་བཅས་སུ་ཆ་བགོས་ཀྱིས་དབང་སྒྱུར་བྱེད་པའི་སྲིད་བྱུས་ལག་ལེན་བསྟར་གྱི་ཡོད་རུང་། རྒྱ་ནག་རྩ་ཁྲིམས་ཀྱི་ཆ་རྐྱེན་ནང་གྲངས་ཉུང་མི་རིགས་ཡོངས་རྫོགས་ལ་མི་རིགས་ས་གནས་རང་སྐྱོང་གནས་བབ་སྤྲོད་རྒྱུའི་སྐད་ཆ་མ་གཏོགས། གྲངས་ཉུང་མི་རིགས་གཅིག་དུམ་བུ་བགོས་ཏེ་རང་སྐྱོང་སྤྲོད་རྒྱུའི་ཆ་རྐྱེན་དེ་གསལ་མེད་ཀྱང་། ༢༠༠༢ ནས་ ༢༠༡༠ ལོའི་བར་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་དང་༸གོང་ས་མཆོག་བར་འབྲེལ་མོལ་རིམ་པ་ ༩ གནང་མཐར་གསལ་ཁ་དོད་དུ་ཕྱིན་ཡོད་ཅིང་། ལྷག་པར་དུ་ ༢༠༠༨ ལོའི་ཟླ་ ༡༠ ནང་འབྲེལ་མོལ་ཐེངས་བརྒྱད་པའི་སྐབས་སྤྲད་པའི་དོན་ཚན་ ༡༤ ཅན་གྱི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཐོབ་ཐབས་ཀྱི་བསམ་འཆར་ཡིག་ཆ་ནང་ཧ་ཅང་གསལ་པོ་འཁོད་ཡོད་སྐོར་གསུངས།

མཇུག་ཏུ་ཟམ་གདོང་རིན་པོ་ཆེ་མཆོག་གིས། ཆོལ་གསུམ་གཅིག་སྒྲིལ་ནི་བོད་མིའི་དམིགས་ཡུལ་གཙོ་བོ་ཡིན་སྟབས་ཆོལ་གསུམ་ཆིག་སྒྲིལ་གྱི་རང་སྐྱོང་དེས་རྒྱ་གཞུང་ལ་སྙིང་ལ་ཕོག་ཐུག་བཏང་ཡོད་ཅིང་། ལྷག་པར་དུ་རྒྱ་གཞུང་གིས་ཕྱི་རྒྱལ་མི་སྣ་ཁག་ལ་བོད་ཀྱི་ས་ཁྲ་བྲིས་ཏེ་ཏཱ་ལའི་བླ་མས་བོད་ཆེན་པོ་རྩོད་བཞིན་ཡོད་སྐོར་བཤད་ཀྱིན་ཡོད་ཀྱང་། བོད་ཟེར་བ་ནི་བོད་རང་ཡིན་པ་ལས་དེར་བོད་ཆེན་པོ་དང་ཆུང་ཆུང་གི་སྐད་ཆ་གང་ཡང་མེད་པར། བོད་ཆེ་ཆུང་གི་སྐད་ཆ་དེ་རྒྱ་གར་གྱི་འབོད་སྟངས་ཤིག་ཡིན་པའི་ཁར་རྒྱ་གར་གྱིས་རྒྱ་གར་དང་ས་འབྲེལ་ཡིན་པའི་བོད་ཀྱི་ས་ཆར་བོད་དང་། རྒྱ་གར་དང་བར་ཐག་རིང་བའི་བོད་ཀྱི་ས་ཆར་བོད་ཆེན་པོ་ཞེས་ཀྱི་འབོད་བཞིན་ཡོད་པ། འདས་པའི་མི་ལོ་བརྒྱ་ཕྲག་དུ་མའི་རིང་སོག་པོར་ཕྱི་ནང་གི་སྐད་ཆ་ཡོད་པ་བཞིན། དགའ་ལྡན་ཕོ་བྲང་གི་ཁྱབ་ཁོངས་འོག་ཡོད་པའི་བོད་ལ་བོད་ཕྱི་མ་དང་། རྒྱ་འོག་ཏུ་ཡོད་པའི་བོད་ཀྱི་ས་ཆར་བོད་ཕྱི་མ་ཞེས་འབོད་སྲོལ་ཡོད་པ་ཞིག་ལས། རྒྱ་ཡིག་ནང་བོད་ཆེན་པོ་ཞེས་འབོད་བཞིན་པ་དེ་གསར་དུ་བཟོས་པ་ཞིག་ཡིན་ཚུལ། མིང་དོན་མཚུངས་བའི་རང་སྐྱོང་ཡོངས་ཐབས་ཀྱི་བསམ་འཆར་ཡིག་ཆ་རྒྱལ་སྤྱིའི་སྟེང་ཡོངས་གྲགས་ཆགས་རྗེས། རྒྱ་གཞུང་གིས་དངོས་ཡོད་གནས་ཚུལ་ངོས་ལེན་མ་ཐུབ་པའི་སྟབས་ཀྱིས་ཤེས་ཡོན་ཅན་དང་ཉམས་ཞིབ་པའི་ཐོག་ནས། མི་རིགས་ས་གནས་རང་སྐྱོང་གི་ཁེ་ཕན་མེད་པ་བཟོ་དགོས་པའི་རྩོམ་ཡིག་མང་པོ་སྤེལ་ཡོད་ཅིང་། རྩ་ཁྲིམས་ལ་འགྱུར་བ་གཏོང་བ་དང་རྩ་ཁྲིམས་ནང་ཡོད་པའི་གྲངས་ཉུང་མི་རིགས་ཀྱི་ཁེ་ཕན་རྣམས་མེད་པ་བཟོས་ན་ག་ལེར་གྲངས་ཉུང་མི་རིགས་ལ་དཀའ་ངལ་འཕྲད་སྲིད་པ་དང་། གལ་སྲིད་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སྒྲོམ་གཞི་དེ་མེད་པ་ཆགས་ན། ང་ཚོའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་དེའང་གཞི་རྩ་གསར་པ་ཞིག་གི་ཐོག་ནས་བསམ་བློ་གཏོང་དགོས་པ་ཆགས་དགོས་ཚུལ་སོགས་གསུངས་བྱུང་།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

བོད་ནང་གི་ན་གཞོན་གཞས་པ་ཨ་སངས་ལགས། པར་དུས་བབ་ཀྱིས་ཕྱོགས་སྒྲིག་བྱས།
Mobile App

གཞས་པ་ཨ་སངས་ལགས་མུ་མཐུད་བཀག་ཉར་འོག་ཡོད་འདུག

ཆུ་ཚོད་ ༢༢ སྔོན་ལ།
Zhang Youxia (front), newly-elected Vice Chairman of the Central Military Commission of the People's Republic of China, swears an oath with members of the Central Military Commission (L-R) Zhang Shengmin, Liu Zhenli, He Weidong, Li Shangfu, and Miao Hua, after they were elected during the fourth plenary session of the National People's Congress (NPC) at the Great Hall of the People in Beijing. photo credit: Reuter
Mobile App

རྒྱ་ནག་གཞུང་གིས་དམར་ཤོག་དཔོན་རིགས་དགུ་ཕྱིར་ཕུད་བཏང་།

ཆུ་ཚོད་ ༢༣ སྔོན་ལ།
མོན་ཡུལ་འཕགས་བོད་མཛའ་འབྲེལ་ཚོགས་པས་༧གོང་ས་མཆོག་ལ་མནྜལ་བརྟན་གསུམ་འདེགས་འབུལ་ཞུས། ༢༠༢༥།༡༠།༡༨ དུས་བབ་ཀྱི་པར།
Mobile App

མོན་ཡུལ་འཕགས་བོད་མཛའ་འབྲེལ་ཚོགས་པས་༧གོང་ས་མཆོག་ལ་མནྜལ་རྟེན་གསུམ་འདེགས་འབུལ་ཞུས།

༢༠༢༥/༡༠/༡༨
Richard Gere receiving the Human Rights First Visionary Award. Photo: ICT
Mobile App

བོད་དོན་རྒྱབ་སྐྱོར་བ་རེ་ཆར་ཌི་གྷེ་རེ་ལགས་སུ་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་ཐོབ།

༢༠༢༥/༡༠/༡༧
Mobile App

སེར་བྱེས་མཁས་སྙན་གྲྭ་ཚང་གིས་༧སྐུའི་གོ་སྟོན་གྱི་བྱམས་བརྩེའི་ལོ་སྲུང་གཙི་ཞུས།

༢༠༢༥/༡༠/༡༧
Mobile App

བོད་ནང་ཤོག་སྦག་གི་སྒྱུ་རྩལ་འགྲེམས་སྟོན་བྱེད་མཁན་ལ་ཉེས་ཆད་བཅད།

༢༠༢༥/༡༠/༡༦

མཆན། 29

  1. འཇིགས་མེད། says:
    ལོ་ 13 སྔོན།

    དྲ་གྲོགས་རྣམས་ཀྱིས་གསུངས་པར་མོས་མཐུན་ཡོད། ཟམ་གདོང་བླ་མ་བོད་ཀྱི་ལོ་རྒྱུས་ནང་གི་ཉེས་ཅན་པ་ཆགས་ཡོད་རེད་། རྒྱ་ནག་གཞུང་ལ་མིང་དོན་མཚུངས་བའི་རང་སྐྱོང་ཡོངས་ཐབས་ཀྱི་བསམ་འཆར་ཡིག་ཆ་དང་། དེའི་འགྲེལ་བརྗོད་གཉིས་ཕུལ་བ་དེ་ལོ་རྒྱུས་ནང་གི་ནག་ཉེས་ཆེན་པོ་དང་པོ་རེད།
    ད་ལྟའི་ཆར་བོད་རང་བཙན་རྩོད་མཁན་རྣམས་མངོན་ལྐོག་གཉིས་ནས་རྩ་མེད་གཏོང་བཞིན་ཡོད། ཉེ་ཆར་སྤྱི་འཐུས་ནས་ཀརྨ་ཆོས་འཕེལ་ནས་རང་བཙན་གྱི་ལངས་ཕྱོགས་གསལ་སྟོན་བྱས་སྟབས་ཁོས་ཆོ་འཕྲུལ་གི་ལག་པ་དགའ་ལྡན་ཕོ་བྲང་དུ་བསྲིངས་ཏེ་གལ་ཆེའི་གསལ་བསྒྲགས་སྤེལ་ནས་རང་བཙན་རྩོད་མཁན་རྣམས་རྒྱལ་བའི་བཀའ་དང་འགལ་བ་ཡིན་ཚུལ་བཤད་ཡོད།
    ད་དུང་ཁོས། གཡོ་ཐབས་སྣ་ཚོགས་སྤྱད་དེ་༧གོང་ས་མཆོག་སྲིད་སྟེགས་ལས་དབང་མེད་དུ་ཕབས་ནས། བོད་གཞུང་གི་སྒོ་བརྒྱབས་ནས་སྒྲིག་འཛུགས་སུ་བསྒྱུར་བ་དེ་ནག་ཉེས་གཉིས་པ་རེད།
    གོང་ནས་དྲ་གྲོགས་རྣམས་ཀྱིས་གསུང་བ་ནང་བཞིན། ལྷོ་ཕྱོགས་དགའ་ལྡན་དགོན་པར་དགའ་ལྡན་དགོན་པ་གཉིས་པ་ཞིག་གསར་རྒྱག་བྱས་པ་དེ་ཁོའི་བླ་མ་ཁྲི་བྱང་གི་བཀའ་དང་འབྲེལ་བ་ཡོད་པ་དན་དན་རེད།
    བྱས་ཙང་ཁོས་དགེ་ལུགས་སང་ཁག་གཉིས་སུ་བགོས་ཡོད་རེད།
    བྱས་ཙང་ཁོ་བོད་ཀྱི་ལོ་རྒྱུས་ནང་གི་ཉེས་ཅན་པ་ཨང་དང་པོ་དེ་རེད།
    ཡང་ཁོས། དགའ་ལྡན་ཕོ་བྲང་གི་ཁྱབ་ཁོངས་འོག་ཡོད་པའི་བོད་ལ་བོད་ཕྱི་མ་དང་། རྒྱ་འོག་ཏུ་ཡོད་པའི་བོད་ཀྱི་ས་ཆར་བོད་ཕྱི་མ་ཞེས་འབོད་སྲོལ་ཡོད་པ་ཞིག་ལས་ཟེར་བ་དེའི་ཁུངས་ག་པར་ཡོད་མིག་སྟོན་བྱེད་དགོས། དོན་ལ་མདོ་སྟོད་སྨད་གཉིས་བོད་གཞུང་དགའ་ལྡན་ཕོ་བྲང་གི་ཁྱབ་ཁོངས་སུ་མེད་ཟེར་བ་རེད། སྐད་ཆ་འདི་མདོ་སྟོད་སྨད་གཉིས་ཀྱི་མི་མང་གིས་ཐོས་ན་ག་རེ་དགོངས་ཀྱི་རེད་པས། དེ་ལ་ཟམ་གདོང་བླ་མས་ལན་ཞིག་བསྐྱོན་རོགས།

    Reply
  2. བསྟན་འཛིན། says:
    ལོ་ 13 སྔོན།

    རེད།  ཟམ་བླ་རྒན་གྱིས་བོད་ཀྱི་ལོ་རྒྱུས་ཐོག་བཞག་པའི་ནག་ཉེས་བསྐལ་བའི་བར་དུ་འདག་ཐབས་ཡོད་པ་མ་རེད།   ཁོ་ལོ་རྒྱུས་ཀྱི་ཉེས་ཅན་པ་རེད།   གཙོ་བོ་༧གོང་ས་མཆོག་གི་དབུས་བྱེས་སྡོད་བོད་མི་རྣམས་ཀྱིས་མི་ལོ་ཧྲིལ་བོ་ལྔ་བཅུ་ལྷག་གི་རིང་འབད་པའི་འབྲས་བུ་ཡོད་ཚད།   ཡིག་ཉོག་ཞིག་དང་མཉམ་དུ་རྒྱ་ནག་ལ་སྤྲད་ཟིན་པ་རེད།   ད་ནས་བཟུང་བོད་མིའི་ངོ་ནས་བོད་རང་བཙན་ཟེར་བ་ཞིག་རྩོད་རྒྱུ་མེད་པ་ཁོས་བཟོས་ཡོད་པ་རེད།   བྱས་ཙང་བོད་མི་ཞིག་གིས་བོད་རང་བཙན་བརྩད་ན་ཁོའི་སྙིང་ལ་གྲི་བཙུགས་པ་ལྟ་བུའི་ཚོར་སྡུག་ཡོང་གི་ཡོད་སྟབས།   རང་བཙན་རྩོད་མཁན་ཚོ་ཁོའི་དགྲ་བོའི་དངས་མར་བཟུང་ཡོད་རེད།   རྒྱ་ནག་གིས་བོད་བཙན་བཟུང་བྱས་ཏེ་མི་ལོ་ལྔ་བཅུ་ལྷག་འགོར་བའི་རིང་གི་གྱོང་གུད་དང་།   ཟམ་བླ་རྒན་གྱིས་བོད་ཀྱི་སྲིད་དབང་བཟུང་བའི་ལོ་བཅུའི་རིང་གི་གྱོང་གུད་གཉིས་ཀ་བསྡུར་ཐབས་ཡོད་མ་རེད།   རྒྱ་ནག་གིས་བོད་ཀྱི་ཁོར་ཡུག་དང་བདག་དབང་གནས་སྐབས་རིང་བཙན་བཟུང་བྱས་པ་རེད།   ཟམ་བླ་རྒན་གྱིས་བོད་ཀྱི་འདས་མ་ད་གསུམ་རྒྱ་ནག་ལ་སྤྲད་དེ།   ཕྱིན་ཆད་བོད་རྒྱལ་ཁབ་ཟེར་བ་སླར་མི་སྐྱེ་བའི་ཆོས་ཅན་དུ་བཟོས་པ་རེད།   གངས་ཅན་པའི་ཤ་རུས་ལ་གཏོགས་ཚད་ཀྱིས་གནད་དོན་འདི་ངེས་པར་ཤེས་དགོས།   དེ་མིན་ཟམ་བླ་རྒན་གྱིས་དབུ་མའི་ལམ་ལ་འགྲེལ་བཤད་རྒྱག་སྟངས་དང་།   སློབ་ཕྲུག་དང་སློབ་མའི་ཁྱད་པར་ལ་འགྲེལ་བཤད་རྒྱག་སྟངས་དེ་ཚོ་བྱིས་པའི་རྩེད་མོ་ལྟ་བུ་རེད།   སྐྱོན་ཆེན་པོ་མེད་ཀི།  གང་ལྟར་ཟམ་བླ་རྒན་བོད་ཀྱི་ལོ་རྒྱུས་ཀྱི་ཉེས་ཅན་པ་ཞིག་དང་།   བོད་གངས་ཅན་པའི་ལོ་རྒྱུས་ནང་གི་ནག་ཉེས་ཆེ་ཤོས་མི་སྣ་གཙོ་བོ་ཞིག་ཡིན་པ་ཤེས་པར་བྱོས་ཤིག

    Reply
  3. སེམས་དཀར། says:
    ལོ་ 13 སྔོན།

    ཤེས་རབ་འབྱུང་གནས་སོགས་ཀྱིས་གསུང་བ་བདེན་པ་རེད།   ཟམ་གདོང་བླ་མས་རྒྱ་ནག་གི་རྩ་ཁྲིམས་གཞིར་བཟུང་བྱས་ཏེ།   བོད་ཆོལ་ཁ་གསུམ་པོ་རྒྱ་ཁུངས་ཡིན་པ་མ་ཟད།   རྒྱ་ནག་གི་རྩ་ཁྲིམས་འོག་སྡོད་རྒྱུ་ཡིན་པའི་ཡིག་ཆར་མིང་རྟགས་བཀོད་དེ་རྒྱ་ནག་གཞུང་ལ་ཕུལ་ཚར་བ་དེ་བསུབ་ཐབས་མེད་པའི་ལོ་རྒྱུས་ཐོག་གི་ནག་ཉེས་གནམ་སར་མི་ཤོང་བ་ཞིག་རེད།
    གལ་ཏེ་ཉིན་གཅིག་རང་བཙན་རྩོད་རྒྱུའི་གོ་སྐབས་བཆ་ཚང་བྱུང་བ་ཡིན་ན།   དེ་དུས་རྒྱ་ནག་གིས་ཟམ་གདོང་གིས་རྒྱ་ནག་ལ་ཕུལ་བའི་ཡིག་ཆ་དེ་ང་ཚོར་བསྟན་ནས་བོད་རྒྱ་ནག་གི་ཆ་ཤས་རེད་ཅེས་བཤད་ན།   དེ་དུས་ང་ཚོར་ལྐུག་པ་བྱས་ནས་སྡོད་དགོས་རེད།   འདི་མ་འོངས་ལོ་རྒྱུས་ཐོག་བཞག་པའི་ནག་ཉེས་རེད།  
    གལ་ཏེ་དབུ་མའི་ལམ་ཟེར་བ་དེ་༧གོང་ས་མཆོག་གི་ཐུགས་ལ་སྔོན་ཆད་བོད་རང་བཙན་ཡིན་པའི་སྐབས་ནས་ཡོད་ན།   ཅིས་ཕྱིར་རྒྱ་གར་དུ་སླེབས་མ་ཐག་བོད་རྒྱའི་ཆིངས་ཡིག་དོན་ཚན་བཅུ་བདུན་རྩིས་མེད་ཡིན་ཞེས་བསྒྲགས་པ་རེད།   ཆིངས་ཡིག་དོན་ཚན་བཅུ་བདུན་དང་།  ཟམ་གདོང་བླ་མས་རྒྱ་གཞུང་ལ་ཕུལ་བའི་མི་རིགས་ས་གནས་རང་སྐྱོང་གི་གནས་བབ་དང་དེའི་འགྲེལ་བརྗོད་གཉིས་བསྡུར་ན།   ཆིངས་ཡིག་དོན་ཚན་བཅུ་བདུན་བསྡབ་ཉིས་འགྱུར་གྱི་ཡག་པོ་ཡོད་པ་རེད།   དེར་བརྟེན་དེ་དག་ཐམས་ཅད་ཟམ་གདོང་བླ་མས་བོད་ལ་བཞག་པའི་ནག་ཉེས་རེད།   

    Reply
  4. དཔའ་ཆེན་དོན་གྲུབ། says:
    ལོ་ 13 སྔོན།

    མཁས་དབང་ཟམ་གདོང་བ་ལ་བརྩི་བཀུར་ལོས་ཀྱང་ཞུ། ཡིན་ནའང་། ལོ་རྒྱུས་ཀྱི་ཐ་སྙད་དང་མངའ་ཁོངས་ཐད་ལ་ཞེ་དྲག་ཐུགས་ཐག་མ་བཅད་ན་བསམ་གྱི་འདུག མདོ་སྨད་དང་མདོ་སྟོད་ལྟ་བུ་ཁོང་གི་བཞེད་ཕྱོགས་ལ་བཙན་བྱོལ་ལ་འབྱོར་ནས་མ་གཏོགས་གསལ་ཁ་མེད་པ་ལྟ་བུའི་བཀའ་མོལ་གནང་འདུག ག་བ་ག་བ། རྣམ་ཐར་ཁག་ཅིག་ཏུ་ ལྷག་པར་དུ་སིལ་བུ་དང་ས་སྐྱའི་དུས་སྐབས་ཀྱི་རྣམ་ཐར་ཁག་ཏུ་ཐ་སྙད་འདི་དག་ཡོང་བསྡད་པ་ཞིག་རེད། སོང་ཙང་། མཁས་པ་ནོར་ན་འདོམ་གང་ཆགས་ཉེན་མེད་པ་མ་རེད། ལྷག་ཏུ་ཁོང་གིས་མདོ་སྨད་ཟེར་བ་དེ་ཁ་སྐད་ལ་ཁམས་པར་གོ་གི་རེད། མདོ་སྟོད་མདོ་སྨད་དེང་གོ་ལྡོག་པའི་བཤད་ཕྱོགས་ཤིག་ཡོད་རབས་གསུངས་སོང་། གནད་དོན་འདི་རྒྱ་བོད་ཚིག་མཛོད་ཆེན་མོ་ཟེར་བ་ནས་ཡོང་ཡོད། དེ་དུས་ཚིག་མཛོད་འདིའི་རྩོམ་སྒྲིག་པས་བོད་མདོ་ཁམས་ཀྱི་སའི་ཆགས་དབྱིབས་སོགས་ལ་བསམ་ཞིབ་རེ་བྱས་ཏེ་གནའ་གཏམ་ཏུ་བྱས་པའི་གཏམ་རྒྱུད་ཡོད། ལུང་བའི་ཕུ་ལ་སྟོད་དུ་བྱས། མདོ་ལ་སྨད་དུ་བྱས། དེ་ཡང་ཆུ་བོའི་བཞུར་འགྲོས་ལ་བློ་བཏང་ཡོད། ཡང་གཅིག་བཤད་ན། གོ་ཐོས་ལ་རྫ་ཆུ་ཁ་བའི་དམངས་ཁྲོད་ཀྱི་བཤད་རྒྱུན་ནམ་ཁ་དཔེར། མདོ་སྟོད་རྫ་ཆུ་ཁ་བ།། རྐྱང་འབྲོང་རྒྱུ་བའི་ཕ་ས།། ཟེར་བ་ཞིག་འདུག བྱས་ན་མདོ་སྟོད་འདི་དེང་གི་ཨ་མདོའམ་མདོ་སྨད་ལ་གོ་དགོས་པ་རེད་དམ། འདི་ལྟ་བུ་ལྷག་ཏུ་མང་ཡང་ཟམ་གདང་རིན་པོ་ཆེར་བརྡ་འཕྲོད་མིན་ཡང་མི་ཤེས་པས་དྲ་འབུའི་ཁ་ལ་བཞག་ན་གཉིད་དཀྲོག་རོགས་རེད། ལྷག་ཏུ་བཙན་བྱོལ་བས་ཞེན་ཁོག་ལས་ལོ་རྒྱུས་མི་ཤེས།

    Reply
  5. གཟུ་པ། says:
    ལོ་ 13 སྔོན།

    རྒྱ་རྙི་ཟེར་བས་ལན་མི་འདེབས་པར་གང་ཟག་སྒེར་བར་གྱི་ན་ཚ་འདྲ་བཤད་ཀྱི་འདུག་པ་དེ་ནོར་བ་རེད། མགོ་འཚོས་ཀྱི་ཡོད་ན། རེ་རེ་བཞིན་ལན་འདེབས་ཚ་ནན་བྱས་དང་མི་མང་པོས་གཟིགས་བསྡད་ཡོད།

    Reply
  6. གཟུ་དཔང། says:
    ལོ་ 13 སྔོན།

    དོན་མེད་ལ་རྩོད་པར་ཞུགས་ན་བྱབ་ཆུང་གི་རང་རྟགས་ཡིན་པས། ཁྱེད་རྣམས་ནས་རིན་པོ་ཆེ་མཆོག་གི་བཀའ་སློབ་ཀྱི་སྙིང་དོན་དང་འབྲེལ་བ་ཡོད་པའི་བགྲོ་གླེང་ཞིག་གནང་རྒྱུ་ཡོང་མི་སྲིད་པ་གསལ་བོ་རེད་འདུག

    Reply
  7. ཤིང་ལོ། says:
    ལོ་ 13 སྔོན།

    སྐུ་ཞབས་༼རྒྱ་རྙི་༽ལགས། ངས་རང་གི་འདོད་པ་ཙམ་གྱི་ཟུར་མཆན་དོག་ཙམ་སྤེལ་བ་ལས། དགག་འཇོག་གིས་ཁྱོད་ཕམ་ང་རྒྱལ་གྱི་ལམ་དུ་ཞུགས་འདོད་མེད་ལ། དེ་འདྲ་བྱས་ནས་ཟམ་གདོང་གི་ནག་ཉེས་ལ་དག་ཐབས་ཀྱང་མེད། སྔར་ཁྱོད་དང་ང་ལྟ་བུས་མཁས་དབང་ཞིག་གི་མིང་ཁུར་བའི་ཟམ་གདོང་ལྟ་བུ་ལ་རེ་བ་བྱས་པའི་འབྲས་བུ་ད་ལྟ་བོད་ཡོངས་རྫོགས་རྒྱ་འོག་ཏུ་འདུག་རྒྱུའི་ཡིག་འཆལ་རྒྱ་གཞུང་ལ་སྤྲད་ཟིན་པ་དེ་རེད་ལ། དེ་ནི་ཁོའི་ནག་ཉེས་ཆེ་ཤེས་ཡིན་ཏེ། ༼མི་ཉན་པ་ལ་ཁ་ཏ་བྱེད་པ་མཚང་།།༽ཟེར་བའང་ཁྱི་མིང་སེངྒེར་བཏགས་པ་དེས་རྟོགས་འདུག་གམ། ཆབ་སྲིད་ཀྱི་རྨང་གཞི་ཧ་ཅང་མཐུག་པོའི་རྒྱ་གཞུང་གིས་ཟམ་གདོང་གི་བསམ་བློ་མ་རྟོགས་པ་རེད་དམ། ད་དུང་༸གོང་ས་མཆོག་གི་དགོང་གཞི་སྒྱུབ་ཁུལ་གྱིས་རང་ཉིད་བཀའ་ཁྲིའི་མིང་ཙམ་ལ་ཧམ་དེ་བདེན་པའི་ཨུ་ཚུགས་ཀྱི་དམ་ཚིགས་གཡུག་པའི་བྱབས་ཆུང་སུ་རེད་དམ། ཁོ་རང་བཀའ་ཁྲིར་ཐོབ་པར་༸གོང་ས་མཆོག་ཀྱང་ཐུགས་མཉེས་པོ་བྱུང་མེད་ལ། ཁོས་བཤད་པའི་མཐའ་བརྒྱད་བྲལ་མ་བྲལ་གྱི་དབུ་རྫུན་ལ་བོད་ནང་གི་བོད་མི་ཚོའང་ཐུགས་འདོད་ཡེ་ནས་ཁེངས་མེད། དེ་ཡང་ཡིན་ཏེ། སྤྱིར་རྒྱ་ནག་གིས་དབུ་མའི་ལམ་གྱིས་སྲིད་བྱུས་ཁས་ལེན་བཞིན་མེད་དུས། མཐའ་གང་དང་བྲལ་མ་བྲལ་ལ་གད་སྙིགས་ཁོ་ན་ཡིན། དངོས་གནས་བཤད་ན་ཟམ་གདོང་ནི་བཤད་ལ་དགའ་བ་གཅིག་པུ་དང་། ཧམ་པ་དང་རང་མཐོང་ཆེ་བའི་བླ་རྒན་ཞིག་རེད་ཟེར་ན་ཆོག ༈སྐུ་ཞབས་རྒྱ་རྙི་ལགས། ངས་བལྟས་ན། ཆབ་སྲིད་ཟེར་དུས་ཆབས་འབངས་ལ་རན་པའམ་དེའི་ནང་དུ་སྲིད་པའི་མི་རིགས་ཀྱི་བདེ་ལམ་ཞིག་ལ་གོ་དགོས་པ་ཡིན་པས། དགྲ་གཉེན་གང་གིས་ཀྱང་མི་འདོད་པའི་བམ་བཤད་དམ་རྫིགས་བཤད་ལ་སྙིང་བོ་གང་འདུག་གམ། ད་དུང་སྐུ་ཉིད་ནས་ང་ལ་བསླབ་བྱ་མང་བོ་གནང་བར་བཀའ་དྲིན་ཆེ་ལ། དེ་དག་གལ་ཆེ་བར་རྟོགས་ན། རང་ཉིད་ཀྱི་ཐོག་མར་ཕྱག་ལེན་དུ་བསྟར་རྒྱུ་ངའི་རེ་བའང་ཡིན།

    Reply
  8. རྒྱ་རྙི། says:
    ལོ་ 13 སྔོན།

    ཤེས་རབ་འབྱུང་གནས་ཟེར་བ་ལགས། ངས་ཁྱོད་དང་རྩོད་པ་མི་བྱེད་པའི་རྒྱུ་མཚན་གསུམ་ཡོད། ༡༽ སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གི་བཀའ་མོལ་དང་ཐུགས་དགོངས་དབྱེ་ཞིབ་བྱེད་རྒྱུ་ནི་མཁས་པ་རྣམ་དཔྱོད་ཅན། འཕྲད་ཕུགས་རྒྱང་གསུམ་ལ་གོ་ཤེས་ཐུབ་མཁན་དག་གི་འོས་འགན་ཡིན་གྱི་ཁྱོད་ལྟ་བུའི་ཚོར་བ་དང་རྒྱུད་བསྐུལ་ཙམ་ལས་མེད་པའི་གླེན་པ་ཞིག་གི་སྤྱོད་ཡུལ་མ་ཡིན་ནོ།
    ༢༽ དབུ་མ་དང་རང་བཙན་གྱི་སྐད་ཆ་བཤད་པར་ཆབ་སྲིད་ཀྱི་གནད་ལ་འཇུ་ཤེས་པ་དང་། ཆབ་སྲིད་བསྒྲུབ་མྱོང་བ་དང་། བསྒྲུབ་ཕོད་པ། གུ་གཤངས་དང་བསམ་ཤེས་ཅན་གྱི་ལས་ཀ་ཡིན་པ་ལས། ལས་མེད་ཁ་ཤས་དང་། ལོག་བཤད་མཁན་ཁ་ཤས་ཀྱི་བཤད་པའི་གད་སྙིགས་སྒྲུག་ཡོང་སྟེ་ངར་ངར་བརྫིག་བྱས་ན་གད་མོའི་གནས་ལས་མེད་དོ།
    ༣༽ དམ་པ་ལ་སྨོད་པ་ནི་ངན་སོང་གི་རྒྱུའོ་གསུངས་བ་ལྟར་དང་། རྩུབ་མོ་ཚིག་གིས་གཞན་སེམས་དཀྲུགས་འགྱུར་ཞིང་།། བྱང་ཆུབ་སེམས་དཔའི་སྤྱོད་ཚུལ་ཉམས་འགྱུར་བས་གསུང་བ་ལྟར་དྲ་ཐོག་ནས་ཁོང་ཁྲོའི་ངག་འཁྱལ་སྨྲས་བར་དགོས་མེད་ཡིན་པ་མ་ཟད། ལས་ངན་ཚབས་ཆེན་གྱི་རྒྱུ་ཡིན་པས་མི་ཚེ་ལམ་ལྷོང་དང་སྐྱིད་པོ་རེ་ཡོང་བ་དགོས་ན་ཚོར་བ་ལ་འཇུས་ནས་གཞན་གྱི་མི་གཞི་ལ་སྐྱོན་འདོགས་དང་། ངན་སྨོད། ཕྲག་དོག་མ་བྱེད་རོགས།
    མཁས་པས་ལེགས་བཤད་ལས་ཀྱང་རྩུབ་པས་འཇམ་པོ་ཐུབ་པ་མིན།། འཇམ་པོས་འཇམ་པོ་ཐུབ་པ་ཡིན་གསུང་ཡོད་པས་རྗེས་ཕྱོགས་ཀྱི་རང་ཉིད་ཀྱི་འདུན་ལམ་དང་། མཁྱེན་རྒྱ་སོགས་མཁས་དབང་ཟམ་གདོང་ཚང་ནང་བཞིན་སྨོན་ལམ་རྒྱག་རྒྱུ་ནི་ཁྱེད་ལ་ཤ་ཚ་བའི་གཏམ་ཡིན་ནོ།

    Reply
  9. རྒྱ་རྙི། says:
    ལོ་ 13 སྔོན།

    སྐུ་ཞབས་མངའ་རིས་འཕྲིན་ལས་ལགས། བསམ་ཤེས་ཐུབ་པར་བཀའ་དྲིན་ཆེ། ངས་ཁ་སང་འདིར་གླེང་བ་ནི་སྒེར་དང་རྒྱལ་ཕམ་རྩོད་པའི་དོན་དུ་མིན་ལ། རང་བཙན་དང་དབུ་མའི་ལངས་ཕྱོགས་དང་ལྟ་གྲུབ་ཀྱི་ཆེད་དུའང་མིན། དེང་སྐབས་དབུ་མ་ཡིན་ཟེར་མཁན་རེ་ཟུང་གིས་རང་བཙན་རྩོད་མཁན་ཚོ་དགྲ་རུ་ལྟ་བ་དང་། རང་བཙན་ཟེར་མཁན་ཁག་ཅིག་གིས་དབུ་མ་བ་ཚོ་དགྲ་རུ་ལྟ་བཞིན་འདུག
    དེ་ནི་བོད་མི་ནང་ཁུལ་ལ་ཧ་ཅང་གནོད་པས་དབུ་མ་དང་། རང་བཙན་གང་ཡིན་ཡང་མི་རིགས་ཤིག་གི་རྩ་དོན་རྩོད་ཆེད་ཡིན་ན། ཁ་དགྲ་ཕྱོགས་སུ་འཁོར་དགོས་པ་ལས་ནང་ཁུལ་གྱི་ལས་འགུལ་པ་ཚོར་སྐྱོན་འདོགས་བྱས་བསྡད་ན་ངོ་མ་བློ་ཕམ་ཆེ། སྐུ་ཉིད་ལ་ཕོག་ཐུག་འདྲ་སོང་ཡོད་ན་དགོངས་དག་ཞུ། སྐུ་ཉིད་ཀྱི་གྲོགས་པོ་དཔེ་མཛོད་ཉེ་འཁྲིས་ཀྱི་ནག་པོ་ཆེན་པོ་དང་ངེད་ཚོ་གྲོགས་པོ་ཡིན།

    Reply
  10. གཟུར་གནས། says:
    ལོ་ 13 སྔོན།

    བྱབ་ཆུང་གི་རྩོད་པ། མང་ཆེ་བ་དྲ་འབུ་རྐྱང་རྐྱང། ཆོད་ག་རེ་འདུག སྐུར་འདེབས་ཕུང་དཀྲུགས་རྐྱང་རྐྱང་རེད། སྐད་ཆ་འདི་འདྲ་ལ་ཡ་བྱས་ན་ག་བ་ཡོང་གི་རེད།།

    Reply
  11. ཤེས་རབ་འབྱུང་གནས། says:
    ལོ་ 13 སྔོན།

    ཁོ་རེ་ཉོན་དང་རྒྱ་ནག་ཚང་གི་རྒྱ་རྙི།
    ལྟས་ངན་ཟམ་སྟོང་གིས་བཞག་པའི་ལོ་རྒྱུས་ཀྱི་ནག་ཉེས་དེ་དག་རེ་རེ་ནས་ངས་ཁྱོད་ལ་ངོ་སྤྲོད་བྱེད་ཆོག    ལེགས་པར་རབ་ཏུ་མཉན་ཏེ་སེམས་ལ་ཟུངས་ཤིག
    ༡༽ལོ་རྒྱུས་ཐོག་བོད་རང་བཙན་གཙང་མའི་རྒྱལ་ཁབ་ཡིན་བཞིན་ཏུ་ཟམ་སྟོང་གིས་མིན་ཞེས་བསྒྲགས་པ་དང་།
    ༢༽བཀའ་ཁྲི་ལས་ཐོག་པ་ཡིན་སྐབས་ར་ཤི་ཡར་གཏམ་བཤད་ཞིག་བྱེད་སྐབས།   གལ་སྲིད་སངས་རྒྱས་ཀྱི་བསྟན་པ་འཛམ་གླིང་ཐོག་དར་རྒྱས་བྱུང་ན།   བོད་མི་རིགས་རིག་གཞུང་དང་བཅས་པ་རྩ་བརླག་སོང་ན་སྐྱོན་མེད་ཟེར་བ།
    ༣༽ས་ར་མཐོ་སློབ་ཏུ་མི་འཚམ་བཞིན་དུ་བླ་རྒན་ལ་ལེགས་སྐྱེས་གཟེང་རྟགས་སྤྲོད་སྐབས།   ཁོས་ངས་གང་བྱས་པ་དེ་དག་རྩ་བའི་བླ་མ་ཁྲི་བྱང་གི་བཀའ་བསྒྲུབས་པ་ལས།   བོད་མི་རིགས་ལ་བསམ་བློ་བཏང་མྱོང་མེད་ཟེར་བ།
    ༤༽ཁྲི་བྱང་གི་རེ་བ་ལྟར།   དོལ་ཚོགས་ལོགས་སུ་བཀར་ཏེ་ཤར་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་རྩ་འཛུགས་བྱས་ཏེ།   དགེ་ལུགས་པ་ཁག་གཉིས་སུ་བགོས་ནས།  དགའ་ཁྲི་ཟུར་བ་ལུང་རིགས་རྣམ་རྒྱལ་སོགས་དང་ངན་འབྲེལ་བྱས་ཏེ་ཞབས་འདྲེན་ས་སྟེང་ལ་མི་ཤོང་བ་བཞག་དང་འཇོག་བཞིན་ཡོད་པ།
    ༥༽༧རྒྱལ་བའི་དགོངས་གཞི་དབུ་མའི་ལམ་ཁ་ལ་ཁྱེར་ཏེ་བོད་ཆོལ་ཁ་གསུམ་པོ་རིལ་རིལ་བྱས་ནས་རྒྱ་ནག་ལ་བཙོང་ཟིན་པ།
    ༦༽རྒྱ་ནག་གིས་བོད་རང་བཙན་ལ་དོགས་ཟོན་དང་དགག་རྒྱག་བྱེད་པ་དེ་བཞིན་དུ་བོད་མི་ཤེས་ཡོན་ལྷག་བསམ་སྙིང་སྟོབས་ཅན་རྣམས་ཀྱིས།   བོད་རང་བཙན་ཁ་ནས་གླེང་བ་ཙམ་གྱིས་༧རྒྱལ་བའི་བཀའ་དང་འགལ་བར་བརྩིས་ཏེ།   དངོས་ཤུགས་བརྒྱུད་གསུམ་ནས་ཤི་དུར་ཁུང་དུ་སྐྱེལ་བཞིན་ཡོད་པ།
    ༧༽བོད་མི་ཞིག་གིས་བོད་རང་བཙན་གླེང་ཚེ་རྒྱ་ནག་ལས་ཉེན་ཁ་ཆེ་ཚུལ་དང་།   དོལ་ཚོགས་ལས་མ་རུང་བ་ཡིན་ཚུལ་བསྙད་དེ་གླེང་ཕྱོགས་འདྲ་མིན་བཟོས་པ།
    ༨༽ཚིག་ཙམ་ལ་བསྙད་དེ་གཞིས་ལུས་བོད་མི་རྣམས་ལ་བརྙས་བཅོས་དང་མཐོང་ཆུང་བྱས་པ།   དཔེར་ན་སློབ་མ་དང་སློབ་ཕྲུག་གི་ཁྱད་པར་ལ་འགྲེལ་བཤད་སྐྱུག་ལོག་པ་བྱས་པ་ལྟ་བུ།
    ༩༽ཁམས་དང་ཨ་མདོ་གཉིས་ཀ་དགའ་ལྡན་ཕོ་བྲང་གི་ཁྱབ་ཁོངས་སུ་སྔོན་ནས་མེད་ཚུལ་དང་།   དེང་སྐབས་ལྐོག་ལྐོག་སུལ་སུལ་གྱིས།   རྒྱལ་སྤྱིའི་དོལ་ཚོགས་ཟེར་བ་དང་ལྐོག་འབྲེལ་བྱས་ཏེ།   བོད་ཀྱི་ནང་ཆོས་དོལ་ཚོགས་ཀྱི་ལུགས་ལྟར་ངོ་སྤྲོད་བྱས་དང་བྱེད་བཞིན་ཡོད་པ་སོགས་ད་དུང་ཁོས་བཞག་པའི་ལོ་རྒྱུས་ཀྱི་ནག་ཉེས་གྲངས་མེད་པ་ཞིག་ཡོད་མོད།   དགོས་དབང་གིས་གྲངས་ཀ་དགུའི་ཐོག་ནས་མཚམས་བཞག་ཏེ།  བླ་རྒན་བརླ་བཙོང་འདི་དགུ་གཏོར་ཞིག་དང་མཉམ་དུ་དགུ་འཛིང་རྒྱ་ནག་ཚང་གི་གཏོང་ཁུང་དུ་གཡུག་བཞག་ན་དག་དག་རེད།

    Reply
  12. མངའ་རིས་འཕྲིན་ལས། says:
    ལོ་ 13 སྔོན།

    རྒྱ་རྙི་ལགས་སྐུ་ཉིད་ཀྱི་ཕྲན་ལྟ་བུ་ཞིག་ལ་དེ་ཙམ་དོ་སྣང་གནང་བར་ཐུགས་རྗེ་ཆེ། འོན་ཀྱང་སྐུ་ཉིད་ཀྱིས་སྒེར་དོན་མི་གླེང་ཞེས་པའི་མཇུག་དེ་ག་རང་དུ། རང་ཚུགས་མེད་པ། ང་རྒྱལ་ཆེ་བ། ཕྱོགས་ཞེན་ཆེ་བ་བཅས་གསུང་པ་ནི་ཕྲན་ཆབ་སྲིད་ལང་ཕྱོགས་ནི་རང་བཙན་འཐབ་རྩོད་ཐབས་ལམ་ལ་བརྩི་ཞིང་། ཆོལ་གསུམ་ཆིག་སྒྲིལ་མི་རིགས་རང་སྐྱོང་འབྲས་བུ་རུ་འདོད་མཁན་ཞིག་ཡིན་པ་ལས། མཛུབ་མོ་གར་སྟོན་ཤར་བརྩི་ནས་ལང་ཕྱོགས་བརྟན་པོ་མེད་པ་དེ་འདྲ་ཞིག་གཏན་ནས་མི་འདོད། དེ་ནི་ཁོ་བོ་སྒེར་གྱི་ལང་ཕྱོགས་དང་ལྟ་གྲུབ་ཡིན་པ་ལས་ཆོལ་ཁ་དང་ཆོས་ལུགས་ལ་ཁྱབ་དགོས་ཅི་ལ་ཡོད། དེས་ན་སྒེར་གྱི་ལྟ་ཚུལ་ལ་ལེགས་ཉེས་འབྱེད་པ་ནི་ཡི་རང་དང་བསྔགས་བརྗོད་ཡོད་ཀྱང་ཆོས་ལུགས་དང་བླ་ཆེན་རྣམ་པ་མཉམ་གླེང་བྱེད་པ་ནི་སྐུ་ཉིད་ཀྱིས་དགོངས་གཞི་དེའི་རྒྱབ་ལྗོངས་ལ་དཔྱད་རྒྱུ་ལས་གནས་སྐབས་བརྗོད་པར་དཀའ།

    Reply
  13. གསེར་འབྲུག་སྡེར་ལྔ་ says:
    ལོ་ 13 སྔོན།

    ཁྲི་ཟུར་ཚང་འདི་ངས་ཆབ་སྲིད་སྡིང་ཆའི་སྟེང་གི་འཁྲབ་སྟོན་འཁྲབ་མཚམས་བཞག་ཟིན་པ་རེད་དྲན་ཡོད། མ་གཞི་མི་ལོ་བཅུའི་དུས་ཡུན་ནང་ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སྒྲོམ་གཞིའི་ནང་གི་མིང་བྱང་ཙམ་གྱི་གྲངས་ཉུང་མི་རིགས་ས་ཁུལ་ཁག་གི་མི་རིགས་ཀྱི་ཐོབ་ཐང་ཟེར་བ་དང་མི་རིགས་ཀྱི་གནད་དོན་ཟེར་བ་དེ་གཞིར་བཞག་ནས་བོད་ཆོལ་གསུམ་གཅིག་ཏུ་སྒྲིལ་བའི་མིང་དོན་མཚུངས་པའི་རང་སྐྱོང་ཞིག་ཐོབ་ཐབས་སུ། ཀྲུང་ནན་ཧེའེ་ལ་མགོ་འབུལ་ལུས་འབུལ་ཞུས་སོང་ལ་མི་དམངས་རང་བཞིན་གྱི་ལས་འགུལ་སྐད་འབོད་ཚུན་ལ་གྲོས་མོལ་གྱི་འཁོར་ཡུག་བསྐྲུན་ཐབས་ཆེད་སྟངས་འཛིན་ནན་མོ་བྱས་སོང་ཡང་། ཀྲུན་ནན་ཧེའེ་ཡི་ཏང་ཀྲུང་དབྱང་སྲིད་གཞུང་ལ་བོད་ཀྱི་གནད་དོན་བསེལ་རྒྱུའི་འདུན་པ་ཞིག་ནམ་ཡང་མི་འདུག་ལ། ལར་ནས་ཏཱ་ལའི་བླ་མ་དང་ཁོང་དང་ཉེ་བའི་མི་ཁ་ཤས་ཀྱི་གནས་དོན་ཟེར་བ་ལས་བོད་ཀྱི་གནད་དོན་ཟེར་བ་ཞིག་ནམ་ཡང་གླེང་གི་མི་འདུག། དེ་ལྟ་བས་ན་ཀྲུང་ནན་ཧེའེ་དང་མི་ལོ་བཅུའི་རིང་འགྲོགས་འདྲིས་གནང་མྱོང་བའི་ཁྲི་ཟུར་ཚང་ལ་ཆ་རྒྱུས་ཡ་རྒྱུས་ཡོད་ཚོད་ཡིན་། དེས་ན་ཏང་ཀྲུང་དབྱང་སྲིད་གཞུང་ཇི་སྲིད་གནས་པ་དེ་སྲིད་དུ་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་ཞིག་བསྟེར་ས་རེད་མ་རེད་འདི་གནད་དོན་རེད། གལ་ཏེ་ཏང་ཀྲུང་དབྱང་དམར་ཤོག་སྲིད་གཞུང་མགོ་རྔ་ལོག་ནས་ཀྲུང་གོ་དམངས་གཙོའི་ཕྱོགས་སུ་བསྐྱོད་ན་རང་སྐྱོང་གི་གནས་བབས་ནི་མ་བརྩད་ཀྱང་མ་མཐར་ཡང་རག་གི་རེད། ཡང་ཅིག་མིན་ན་ཀྲུང་གོ་ནང་ཁུལ་གསར་རྗེའི་ཡོ་ལངས་དང་མི་དམངས་རང་བཞིན་ངོ་རྒོལ་གྱིས་ཟང་ཟིང་དུ་གྱུར་ནས་སིལ་འཐོར་འགྲོ་མི་སྲིད་པ་མ་རེད་ལ། སྐབས་དེ་དུས་ང་ཚོས་རང་སྐྱོང་བརྩོད་རྒྱུ་ཡིན་ནམ། དེས་ན་དབུ་མའི་ཐབས་ལམ་འདི་ཡང་སྲིད་ཇུས་ཞིག་ཡིན་ན་འགྱུར་མེད་རྟག་བརྟན་ཞིག་ཡིན་རྒྱུ་མ་རེད།

    མ་གཞི་རང་བཙན་བརྩད་ན་ལེན་སྟངས་མི་ཤེས། དབུ་མའི་རང་སྐྱོང་བརྩད་ན་བསྟེར་སྟངས་ཀྱང་མི་ཤེས་འདི་གཉིས་བར་ན་སྐབས་འཚོལ་རིང་ལུགས་པའི་སྲིད་དོན་ཚོང་པའི་ཤོག་ཁག་གིས་ནང་ཁུལ་འཐབ་རྩོད་བྱེད་པའི་འདུ་ཤེས་ཡ་མ་བརླ་ཞིག་ངམ་ངམ་ཤུགས་ཀྱིས་གོ་སྐབས་འཚོལ་བཞིན་པ་འདི་ཡང་བོད་དང་བོད་མི་རིགས་ཀྱི་གདུང་ཞེན་དང་མི་རིགས་ཀྱི་ལྟ་བ། མི་རིགས་ཀྱི་འདུ་ཤེས། མི་རིགས་ཀྱི་ལ་རྒྱ། རྒྱལ་ཞེན་མེད་པའི་འབྲས་རྟགས་ཡང་དག་རེད་ལ་བོད་དང་བོད་མི་རིགས་རྩ་མེད་དུ་བཟོ་རྒྱུའི་ལག་ཆ་ཆེ་ཤོས་ཞིག་ཀྱང་རེད།

    Reply
  14. གནས་ཚང་། says:
    ལོ་ 13 སྔོན།

    ད་རྩོད་པ་མ་རྒྱག་རོགས། གནམ་ས་གོ་འབྱེད་དང་བོད་རིང་ལུགས་སོགས་ཐོན་ཟིན་པས། བོད་ནང་ལམ་ཁ་དེར་ཞུགས་རྒྱུ་ཡིན་པ་ས་རིས་ཐང་གསལ་རེད།

    Reply
  15. རྒྱ་རྙི། says:
    ལོ་ 13 སྔོན།

    སྐུ་ཞབས་ཤིང་ལོ་ལགས། སྐུ་ཉིད་ལ་རྒྱུ་མཚན་གང་ཡང་མི་འདུག མདོར་བསྡུས་ན་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་མ་འགྲིག་ཟེར་བ་ཙམ་རེད། འགྲིག་མེད་ན་རྒྱུ་མཚན་གྱིས་བསྒྲུབ་དགོས་རེད་མ་གཏོགས་ཁྱོད་ལ་མི་འདུག ང་ལའང་མེད་ཟེར་ན་བྱབས་ཆུང་གི་ལས་ཀ་རེད། དེ་བས་དགེ་འདུན་མཐུན་པ་བདེ་བ་ཡིན་ཟེར་བ་ལྟར་ལབ་གླེང་མི་རེག་ན་མ་ཎི་བགྲང་རོགས། དེ་ཡང་ཆོས་པ་ཚོས་བྱེད་ཐབས་ཀྱི་ཆ་ཤས་རེད། ཆོས་རྗེ་འཇིགས་མེད་ཕུན་ཚོགས་རིན་པོ་ཆེ་མཆོག་གིས། གཞན་སེམས་མ་དཀྲུགས། མགོ་འཕང་མ་མཐོ་གསུངས་འདུག་པས་ཐུགས་འཛིན་གནང་རོགས། ལས་ཀ་བྱེད་མཁན་ཚོར་ཁ་མ་གཏོང་རོགས།
    མངའ་རིས་འཕྲིན་ལས་ལགས། སྒེར་དོན་མི་གླེང་ཉེ་ཆར་གློག་ཀླད་ཀྱི་ཟབ་སྦྱོང་ལ་མཉམ་ཞུགས་སྐབས་སྐུ་ཉིད་ནི་མཛེས་མས་གཡོ་འགུལ་མི་ཐེབས་པོའི་མཁས་བཙུན་བཟང་གསུམ་པ་ཞིག་རེད་འདུག
    ད་ཡིན་ན་ལྟ་ཚུལ་ནོར་འདུག ང་རྒྱལ་དང་ཕྱོགས་ཞེན་ཆེ་བ་གང་ཞིག་རང་ཚུགས་མེད་པ་ཞིག་ཀྱང་རེད་འདུག སྒྲུབ་བརྒྱུད་བསྟན་པའི་མངའ་བདག་དཔལ་རྒྱལ་བ་ཀརྨ་པ་མཆོག་གི་༸གོང་ས་ལྷ་མིའི་རྣམ་འདྲེན་པ་སྐུ་ཕྲེང་བཅུ་བཞི་བའི་ཐུགས་སྲས་ལྟ་བུར་གྱུར་ཡོད། གདུལ་བྱའི་མཛད་འཕྲིན་ཉི་མ་བཞིན་གསལ་ཡོད། དེ་ཡི་རྗེས་འཇུག་བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་ན་བུ་སློབ་སྐར་ཚོགས་བཞིན་བཀྲ་ཡོད།
    ཐབས་སྐྱོ་བ་ཞིག་ནི་ཁྱོད་ཚོ་རེ་ཟུང་གིས་ཆབ་སྲིད་ཁ་ལ་བཟུང་སྟེ་གཞན་ལ་དམའ་འབེབས་དང་། མཐོང་ཆུང་། ཟུར་ཟ་སོགས་བྱེད་ཀྱིན་ཡོད་པ་དེ་ཡིན། མདུང་ཁ་ནང་བསྐོར་གྱི་བྱེད་ཐབས་འདི་ནི་ཁྱོད་ཚོས་བོད་རང་བཙན་རྩོད་སྟངས་ཀྱི་ཆ་ཤས་ཤིག་ཡིན་ཚེ་ང་ནམ་ཡང་ཁྱོད་ཚོའི་རྗེས་སུ་མི་འབྲངས་བའི་དམ་བཅའ་འཇོག་ངེས་ཡིན།
    སྐུ་ཞབས་ལགས། འཛུབ་མོ་ནང་ལ་བཀུག་ནས་འདང་རེ་རྒྱོབ་དང་རང་གིས་བསམ་སྟངས་དང་། བཤད་སྟངས། དྲན་སྟངས་ཀྱི་ཐད་མ་འགྲིག་པ་མང་པོ་ཞིག་ཡོད་པ་ཧ་གོ་ངེས་ཡིན།

    Reply
  16. ཤར་ཕྱོགས་ཁུག་རྟ། says:
    ལོ་ 13 སྔོན།

    གོང་དུ་རྒྱ་རྙི་ལགས་ཀྱིས་གསུངས་པ་དེ་ག་རང་རེད། སྤྱིར་ཁོ་བོར་དྲ་འབུ་རྣམས་ལ་ཡ་བྱེད་རྒྱུའི་དུས་ཚོད་མེད་མོད། མ་ཤེས་རྨོངས་པ་དང། ཤེས་བཞིན་ཁྱད་གསོད་བྱེད་པ་འདི་རིགས་དངོས་གནས་བྱས་ན་སྤྱི་པའི་སྡིངས་ཆ་ཆེ་སར་ཡོང་རྒྱུར་བྲེལ་འཚུབ་མ་བྱས་པར། དང་པོར་རང་ངོས་ནས་གང་འཚམས་ཕྱོགས་ཡོངས་ཀྱི་གནས་ཚུལ་ཤེས་རྒྱུར་འབད་བརྩོན་བྱས་རྗེས། མ་ཤེས་པ་ཤེས་འདོད་དང། ཤེས་པ་འཐུས་ཚང་དུ་གཏོང་འདོད། ཤེས་ནས་རིག་པའི་ལམ་ནས་དགག་གཞག་བྱེད་དུ་ཡོང་བ་ཡིན་ན་དེ་ནི་འོས་འཚམས་ཡིན་པས། དེ་ལྟར་གནང་རོགས་ཞུ་འདོད་བྱུང། ངས་གསོག་སློབ་སྐོར་ལ་ཞབས་མཆན་བཏབས་པ་དེ་ཡག་པོ་ཞིག་བཀླགས་ཡོད་ན། ནམ་རྒྱུན་རྒྱ་ནག་གིས་བཙན་བྱོལ་མགོ་ཁྲིད་ནས་སྤྱི་ཚོགས་མི་སྒེར་རེ་རེར་ཅི་ལྟར་སྐྱོན་བརྗོད་བྱེད་ཀྱི་ཡོད་མེད་ལ་དོ་སྣང་བྱས་པ་ཡིན་ན། ལོག་རྟོགས་དེ་འདྲ་འབྱུང་མི་སྲིད་པ་རེད།

    Reply
  17. མངའ་རིས་འཕྲིན་ལས། says:
    ལོ་ 13 སྔོན།

    རྒྱ་རྙི་ལགས་ཁོ་བོ་ནི་ཀརྨ་ཆོས་འཕེལ་ལ་སོགས་པའི་དབང་འོག་ཏུ་འགྲོ་དགོས་པའི་གཞན་དབང་སྟབས་བསྟུན་དགོས་པ་མེད། སོ་སོ་བོད་པ་ཞིིག་ཡིན་པའི་ཆ་ནས་བོད་པའི་བདེན་དོན་ལ་བསམ་ཚུལ་དཔྱད་གླེང་བྱེད་རྒྱུ་ཐོབ་སྟངས་ཡོད་ཚོད་རེད། ༼ ཀརྨ་ཆོས་འཕེལ་གྱི་ལངས་ཕྱོགས་དེར་ཁྱོད་རང་ཐེ་བས་དགེ་སློང་དང་བཀའ་བརྒྱུད་ཚང་གི་བླ་མ་རེ་ཟུང་ཞིག་ལས་འགྲོ་མགོན་བསྟན་པའི་བདག་པོ་དཔལ་རྒྱལ་དབང་ཀརྨ་པ་མཆོག་གི་གཙོ་བོས་སྐྱེས་ཆེན་དམ་པ་དང་། མི་དབང་རྣམ་དཔྱོད་ཅན་རྣམས་ཁོ་བོས་རྗེས་འཇུག་མིན་པར་ངེད་ཀྱིས་ཡིད་ཆེས་བྱེད་བཞིན་ཡོད།༽ཟེར་བ་ནི་མི་ངན་ཁྱོད་དང་ཁྱོད་འདྲ་བས་བསམ་སྤྱོད་ངན་པའི་རང་ཚང་ཕྱིར་བསྟན་པ་ལས། ཁྱོད་བཀའ་བརྒྱུད་པའི་ཆོས་བརྒྱུད་དང་བླ་མ་ལ་དེ་འདྲའི་ལྷག་བསམ་དང་དད་པ་བྱེད་མཁན་ཞིག་ཡིན་མིན་ཤེས་ཀྱི་ཡོད། ལག་ཆ་ཞིག་དགོས་འདུག་བསམ་ན་བེད་སྤྱོད་གཏོང་ཀྱང་ལས་དེ་མིན་ད་བར་བདག་སྤྲོད་བྱས་ཡོད་མེད་མཁྱེན་གསལ་ཡིན།

    Reply
  18. ཤིང་ལོ། says:
    ལོ་ 13 སྔོན།

    སྤྱིར་ན། དབུ་མའི་ལམ་གྱི་སྲིད་བྱུས་འདི་བོད་རྒྱ་གཉིས་ཀྱི་ས་དཀའ་རྙོག་མྱུར་སེལ་ཀྱི་ཐབས་ལམ་ཡག་ཤས་ཤིག་ཏུ་༸གོང་ས་མཆོག་གིས་དགོངས་ཡོད་ལ། སུས་ཀྱང་ཕལ་ཆེར་བསམ་ཡོད། འོན་ཀྱང་། རྒྱ་ནག་གི་ཁ་རྣ་ལ་བརྒྱུད་དུས་འདི་ལྟ་བུའི་ལམ་འགག་ཅིག་ཏུ་སླེབས་སོང་བ་རེད་ལ། དེ་ནི་རྒྱ་ནག་གིས་རང་བཙན་དང་གཅིག་པ་མཐོང་བར་གནད་འགག་ལོས་ཡོད། ཟམ་གདོང་བླ་མས་རྫིགས་ཐག་ཆོད་ཀྱི་ཁ་ཤོམས་མང་པོ་འཐེན་ཡོད་ནའང་། ཉིས་སྟོང་བརྒྱད་ནས་ད་བར་བོད་ནང་གི་གནས་སྟངས་དག་ལ་ཚོད་དཔག་ཙམ་ཡང་བྱེད་ཐུབ་མེད། ཚོད་དཔག་ཙམ་ཡང་བྱེད་མ་ཐུབ་པའི་བོད་མི་རིགས་ཀྱི་བསམ་བློ་དང་གནས་སྟངས་ང་ཚོའི་མེ་ལྕེའི་ཁྲོད་ནས་མ་གཏོགས་མ་རིག་པ་རེད་ལ། དེའི་ཕྱིར་ཁོང་ཚོར་དགོས་པའང་རྒྱ་ནག་གི་འོག་ཏུ་མགོ་སྒུར་བ་ལས་ཤི་ན་བཟང་བར་འདམས་པ་རེད། ༸གོང་ས་མཆོག་གིས། དབུ་མའི་ལམ་གྱི་བརྒྱུད་ལམ་ནས་བོད་རྒྱུའི་དཀའ་རྙོག་མགྱོགས་པོར་སེལ་མ་ཐུབ་ཡིན་ན། འབྱུང་འགྱུར་གྱི་དཀའ་རྙོག་གང་བྱུང་རྒྱ་ནག་གཞུང་གིས་འགན་འཁུར་དགོས་ཚུལ་དང་། བོད་ཀྱི་དོན་གྱི་བདག་པོ་གཞིས་ལུས་རྒྱ་ཆེའི་མི་མང་ཡིན་ཚུལ་སྔ་ས་ནས་གསུངས་ཚར་ཡོད་པས། ད་ནི་ཟམ་གདོང་གི་རྫིགས་གཏམ་ནི་རྒྱ་བོད་གང་ལའང་མི་མཁོ་བའི་བེད་མེད་དུ་གྱུར་ཡོད། ལར་རང་བཙན་ནི་རང་ཁ་གསོ་བྱེད་ཙམ་ཡིན་ན། དབུ་མ་ནི་རང་མགོ་སྐོར་བྱེད་ཡིན་པས་ད་ནི་ང་ཚོར་ཅི་ཡང་མེད་པ་ཡིན། དེ་ནི་མིན་དེ། དགྲ་གཉེན་གང་ལ་ལྟོས་དེ་ང་ཚོ་ཐར་སའི་ལམ་ཁ་ཤིག་ཡོད་ན་ཧབ་ཐོབ་བྱེད་རན་ཡིན་པ་ལས། གང་སྣང་དགྲ་རུ་བཟུང་ནས་གཡུགས་རྐྱང་བྱེད་པ་ནི་གཏན་མིན་ནོ།།

    Reply
  19. རྒྱ་རྙི། says:
    ལོ་ 13 སྔོན།

    མངའ་རིས་འཕྲིན་ལས་ཉིད་ལ་ཐུགས་ཁག་མེད་དོན་ནི་བཀའ་བརྒྱུད་སྤྱི་འཐུས་ཀརྨ་ཆོས་འཕེལ་གྱིས་ལམ་དབུ་མར་ཕྱིར་འཐེན་བྱས་པའི་ཤུགས་རྐྱེན་འོག་ཁྱོད་ཀྱང་ཚུད་ཡོད་པ་རེད། ཡིན་ནའང་། ཀརྨ་ཆོས་འཕེལ་གྱི་ལངས་ཕྱོགས་དེར་ཁྱོད་རང་ཐེ་བས་དགེ་སློང་དང་བཀའ་བརྒྱུད་ཚང་གི་བླ་མ་རེ་ཟུང་ཞིག་ལས་འགྲོ་མགོན་བསྟན་པའི་བདག་པོ་དཔལ་རྒྱལ་དབང་ཀརྨ་པ་མཆོག་གི་གཙོ་བོས་སྐྱེས་ཆེན་དམ་པ་དང་། མི་དབང་རྣམ་དཔྱོད་ཅན་རྣམས་ཁོ་བོས་རྗེས་འཇུག་མིན་པར་ངེད་ཀྱིས་ཡིད་ཆེས་བྱེད་བཞིན་ཡོད།
    སྐབས་དོན་ཞུ་བྱ་གཙོ་བོ་ནི། ཤར་ཕྱོགས་ཁུག་རྟ་མི་སྒེར་དང་ཁྱོད་ཚོས་བར་རྩོད་པ་ག་རེ་ཡོད་ན་གནང་ཆོག་ལ་བཤད་ཆོག་གི་རེད། དབུ་མའི་ལམ་གྱི་མི་མང་ལས་འགུལ་ཁང་ནི་རྒྱལ་ཞེན་དང་སེམས་ཤུགས་ཆེ་བའི་མི་མང་པོ་ཞིག་གིས་གཉིས་སྨན་དབུ་མའི་ལམ་དྲིལ་བསྒྲགས་བྱེད་སའི་ལས་འགུལ་ཁང་ཞིག་ཡིན་པས་ཉ་དང་ཉུང་མ་མཉམ་བསྲེས་མ་གནང་རོགས་ཞེས་ཞུ་བ་ཡིན།
    རང་ཉིད་རང་བཙན་པར་རྒྱབ་སྐྱོར་བ་ཡིན་མདོག་གིས་དབུ་མའི་ལས་འགུལ་ཁང་དང་། དབུ་མའི་ལས་འགུལ་པར་ཁ་བརྡུང་གཏོང་བ་ནི་དོགས་གཞི་ཆེ་བའི་གནས་ཤིག་ཡིན།
    ལྷག་པར་དྲ་རྒྱའི་མཆན་ཞབས་པ་ཁྱོད་དང་། ཤེས་རབ་འབྱུང་གནས་ལགས། སྐུ་ཞབས་ཤིང་ལོ་སོགས་ཁྱོད་ཚོ་ཚང་མ་དགེ་འདུན་པ་དང་གཞུང་ཆེན་ཟབ་མོར་མཐར་ཕྱིན་ཁུལ་བྱེད་མཁན་རྐྱང་རྐྱང་ཡིན་པས་དྲ་འབུ་རུ་བརྫུས་ནས་གཞན་ལ་ཁ་དགྲ་སྣ་དགྲ་བསགས་པ་དེ་དགེ་ཚུལ་སློང་གི་ལས་སུ་རུང་མིན་དང་། གྲྭ་བའི་བྱ་སྤྱོད་ཅིག་ཡིན་མིན་ཡང་དོགས་པ་ཡིན་ལགས།
    གནས་ལུགས་དང་ལྡན་པའི་སྒོ་ནས་སྐྱོན་སེལ་གནང་དང་ལས་སུ་རུང་བ་རེད། དེ་མིན་དབུ་མ་བ་དང་རང་བཙན་པར་གདོང་ཐུག་བྱེད་དུ་འཇུག་པའི་ཀུན་སློང་ནི་དགྲ་དགའ་གཉེན་སྡུག་གི་ལམ་སྟོན་ཞིག་ཡིན་པ་མ་བརྗེད་རོགས།

    Reply
  20. མངའ་རིས་འཕྲིན་ལས། says:
    ལོ་ 13 སྔོན།

    གཟིགས་དང་སྔོན་ཆད་དབུ་མ་ཚང་གིས་གསོ་སྐྱོང་བྱས་པ་བུ་རྒོད་ཁུག་རྟས་འདི་ལྟར་བཤད་དོན་ཅི༼ རྒུད་སྐྱོབ་ཀྱི་དངུལ་དངོས་བགོ་བཤའ་རྒྱག་པ་སོགས་གནད་དོན་ཞིབ་ཕྲ་ཐུག་དུས་ཨ་མདོ་བ་དང་ཁམས་པ་དང། དགེ་ལུགས་པ་མིན་པའི་གྲུབ་མཐའ་གཞན་གྱི་ཆོས་དད་པ་རྣམས་ལ་དྲང་པོ་མིན་པ་དང། འདྲ་མཉམ་མིན་པའི་སྤྱོད་ཚུལ་འཛིན་གྱི་ཡོད་པ་དཔེར་ན། རྟག་པར་དབུས་གཙང་པར་རྒུད་སྐྱོབ་ཀྱི་དངུལ་དངོས་མང་པོ་ཐོབ་པ་(དེ་ལས་དབང་ཤེད་ཡོད་པའི་གོང་རིམ་མི་སྣར་ཐོབ་པ་དེ་བས་མང།)དང། ཁམས་པ་དང་ཨ་མདོ་བ་ལ་ཉུང་ཉུང་ལས་ཐོབ་ཀྱི་མེད་པ་སོགས་མང་པོ་ཡོད། དེས་ན་དབུས་གཙང་བ་དང་ཁམས་པ་དང་ཨ་མདོ་བའི་བར་དང། དགེ་ལུགས་པ་དང་གྲུབ་མཐའ་གཞན་དག་བར་གྱི་སྔར་ཡོད་ཀྱི་འགལ་ཟླ་སྔར་བས་ཆེ་རུ་འགྲོ་གི་ཡོད་པར་མ་ཟད། དེ་ལས་བཀའ་བཀའ་ཤག་ལ་ངོ་རྒོལ་བྱེད་པའི་རླབས་རྒྱུན་ཡང་ཡང་འཕྱུར་གྱི་ཡོད། ༽སྐད་ཆ་འདི་བཀའ་ཤག་སྔོན་མ་ལ་ཡིན་ནམ་ད་ལྟའི་བཀའ་ཤག་ལ་ཡིན། མང་གཙོ་ཀ་བ་གསུམ་གྱིས་དབུ་ཁྲིད་པའི་བཙན་བྱོལ་གཞུང་གི་སྲིད་བྱུས་དང་ལང་ཕྱོགས་ཕྱག་ལས་སོགས་ལམ་དབུ་མ་ཡིན་བཞིན་དུ། དེ་ལས་ལྷག་པ་དབུ་མའི་ལས་འགུལ་ཁང་ཟེར་བ་ཞིག་ཟུར་དུ་བཙུག་ནས་བྱ་བ་འདི་རེད། དབུ་མའི་དྲུང་ཆེ་སོགས་ཆེ་ཆེ་སྙན་སྙན་ལྡན་པའི་མི་བུ་འདིས་ནི་མི་རྗེ་སྲིད་སྐྱོང་བློ་སེང་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་གཞུང་ལ་དུས་རྟག་ཏུ་སྨད་ར་དང་སྐྱོན་བརྗོད་ཁོ་ན་བྱེད་མཁན་ཞིག་རེད། ད་ཆ་ཁོང་གི་ཤེས་རབ་དགའ་ཚལ་སློབ་གྲྭའི་སྐོར་གྱི་མཆན་འདི་ལ་གཟིགས་དང་། འཆར་གཞི་དང་ལང་ཕྱོགས ཐ་ན་ཆོས་ལུགས་ཡན་ཆོད་འགྱུར་ཚར་བ་གསལ་པོ་བསྟན་མིན་འདུག་གམ། ད་ནི་ཤར་ཁུག་ལགས་སྔོན་ཆད་ཕྱག་ལས་རྣམས་མང་ཆེ་བ་ལྟ་བ་རྙིང་ཞེན་གྱི་མི་རེ་ཟུང་གི་ཁ་ལ་ཉན་ནས་དབུ་མའི་མིང་འོག་ནས་གཞིས་བྱེས་མི་མང་སེམས་ཕམ་ཡོང་གཞི་དགྲ་བོའི་ཁྲག་དར་འཕྱར་བ་སོགས་ལ་འགྱོད་པ་དང་བཅས། ཕྱིན་ཆད་རང་གི་རྣམ་དཔྱོད་བེད་སྤྱད་དེ་མི་མང་གི་སྔོན་འདོད་དང་ཡོངས་སུ་མཐུན་པའི་ཆབ་སྲིད་ཀྱི་ལྟ་གྲུབ་ཐོག་ཕེབས་པའི་རེ་བ་ཡོད།

    Reply
  21. རྒྱ་རྙི། says:
    ལོ་ 13 སྔོན།

    ཤེས་རབ་འབྱུང་གནས་ཟེར་བ་སོགས་ཀྱིས་ངེས་དོན་གྱི་མཁས་དབང་ཟམ་གདོང་ཚང་ལ་བླ་རྒན་ཟེར་ཁུལ་གྱིས་སྨོད་པ་ཡིན་ཚུལ་དུ་སྒྲོགས་འདུག་མོད་རྗེ་ཤེས་རབ་རྒྱ་མཚོས། ནགས་ཀྱི་གར་མཁན་འབའ་ལུ་དེ།། ཁྲོས་པས་མཆེ་བ་བརྒྱར་གཙིགས་ཀྱང་།། འཕྲོག་བྱེད་གངས་ཀྱི་རྒྱལ་བོ་ངས།། གངས་རིའི་རྩེ་ནས་བག་ཡངས་བྱེད་ཅེས་པ་ལྟར་ལུང་རིགས་ཀྱིས་གནོད་བྱེད་མེད་པའི་ཀུ་ཅོ་འདོན་པ་ནི་བྱིས་པ་ངུས་པའི་ཀུ་རྒྱང་ཙམ་དུ་ཟད་དོ།
    ཤེས་གནས་འབྱུང་གནས་ཀྱིས་སློབ་དཔོན་ཚང་ལ་དྲི་བ་ཕུལ་འདུག་པར་ཞོར་འཕྲོས་ཀྱིས་རྨོངས་པ་ངས་ཀྱང་ལན་འདེབས་བྱེད་མི་ཐུབ་པ་ཞིག་མིན་པས་རོབ་ཙམ་ཞུས་ན།
    ༡༽ ཟམ་བླ་རྒན་ད་སྨྱོས་ཡོད་པ་འདྲ། ཁོས་བཤད་རྒྱུར། དབུ་མའི་ལམ་གྱི་སྲིད་བྱུས་ནི་༸གོང་ས་མཆོག་གིས་ཆབ་སྲིད་ཐུགས་འགན་བཞེས་སྐབས་ནས་ཐུགས་ལ་ཡོད་པ་ཞིག་དང་། ཐུགས་ལ་ཡོད་པ་བཞིན་ཕྱག་ལེན་བསྟར་དགོས་པའི་གནས་བབ་བྱུང་བསྡད་པ་ཞིག་ཡིན་ཞིང་། ཟེར། དེས་ན་བླ་རྒན་ཁྱོད་ལ་ངས་གཅིག་འདྲི། ༧གོང་ས་མཆོག་གིས་བོད་རྒྱ་འོག་མ་ཤོར་གོང་ནས་བོད་རྒྱ་འོག་སྡོད་འདོད་ཀྱི་ཐུགས་བསམ་བཞེས་ཡོད་དམ།
    ལན། ༸གོང་ས་མཆོག་གིས་ཆོས་སྲིད་ལུགས་གཉིས་ཀྱིས་ཐུགས་འགན་བཞེས་སྐབས་ཀྱི་གོང་ནས་རྒྱ་དམག་བོད་དུ་སླེབས་ཚར་ཡོད་པ་དང་། བོད་གཞུང་མང་ཨ་ཆད་ཨུ་ཐུག་གི་སྐབས་ཤིག་ལ་༸གོང་ས་མཆོག་ལ་རྒྱལ་སྲིད་ཆོས་སྲིད་ཀྱི་འགན་སྤྲད་པ་རེད། སྐབས་དེ་དུས་ནས་རྒྱ་དམག་བོད་ནས་ཕྱིར་འདོན་བྱེད་པའི་དྲག་ཤུགས་ཀྱི་ནུས་པ་མེད་པ་དེ་ཐུན་མོང་ལ་མཐུན་སྣང་གཅིག་གྱུར་ཆགས་ཡོད། དེ་ལས་གཞན་གྱི་གདམ་ག་ཞིག་ཡོད་པ་ནི་ཞི་མོལ་གྱི་གྲོས་མགོ་འདོན་དགོས་པ་དེ་རེད། དེའི་ཕྱིར། ༸གོང་ས་མཆོག་གིས་ཆབ་སྲིད་ཀྱི་ཐུགས་འགན་བཞེས་སྐབས་ནས་དབུ་མའི་ལམ་གྱི་སྲིད་བྱུས་ཁོང་གི་ཐུགས་ལ་ཡོད་ཟེར་ན་སུས་ཀྱང་རྫུན་དུ་སྒྲུབ་མི་ཐུབ་པ་ནི་རྣམ་དཔྱོད་ཀྱིས་དཔོག་ནུས་པ་ཞིག་གོ
    ༢༽ དྲི་བ། དེ་དུས་ནས་དབུ་མའི་ལམ་གྱི་སྲིད་བྱུས་ཐུགས་ལ་ཡོད་ན། ༡༩༧༢ ལོར་དབུ་མའི་ལམ་གྱི་སྲིད་བྱུས་གཏན་འབེབས་གནང་བ་ནང་འགལ་མིན་ནམ།
    ལན། དེ་ནི་ནང་འགལ་གཏན་ནས་མིན། ཕྱི་ལོ་༡༩༧༢་དང་༡༩༧༤་ལོ་སོགས་སུ་དབུ་མའི་ལམ་གྱི་གྲོས་འགོ་བཏོན་པ་ནི་སྔར་ནས་ཐུགས་ལ་གསལ་མྱོང་བའི་ཐབས་ལམ་ཞིག་བཙན་བྱོལ་དུ་སླེབས་ཏེ་གཞུང་དང་མི་མང་ལ་གསལ་འདེབས་ཞུས་པའི་ལས་རིམ་ཞིག་ཡིན། ༸གོང་ས་མཆོག་གིས་དབུ་མའི་ལམ་གྱི་གྲོས་འགོ་བཏོན་པ་ཡིན་གྱི་ཐག་གཅོད་བྱས་པ་ནི་མ་ཡིན་པར་མང་གཙོའི་ལམ་བུར་བརྩི་སྲུང་གིས་མི་མང་དང་འགོ་ཁྲིད་ཀྱི་ངོས་ནས་མཐའ་མའི་ཐག་གཅོད་བྱས་པ་ཞིག་རེད།
    ༣༽ དྲི་བ། དབུ་མའི་ལམ་གྱི་སྲིད་བྱུས་ལ་བྱེས་སྡོད་གཞུང་དམངས་གཉིས་ཀྱིས་མོས་མཐུན་ཡོད་ན། རང་བཙན་རྩོད་མཁན་གཞོན་ནུ་ལྷན་ཚོགས་སོགས་ཚོགས་པ་དང་གང་ཟག་སྒེར་མང་པོ་ཞིག་ཡོད་ཞིག་ཡོ་པ་དེ་ཚོ་གང་དུ་འཇོག་དགོས་སམ། སྤྱི་འཐུས་༤༢ནང་ནས་གཅིག་གིས་དངོས་སུ་དགག་པ་རྒྱག་གིན་ཡོད་རེད། སེམས་ནས་དབུ་མའི་ལམ་ལ་རྒྱབ་སྐྱོར་མེད་མཁན་ག་ཚོད་ཡོད་དམ། དེས་བརྒྱ་ཆའི་ཅི་ཙམ་ཟིན་གྱི་རེད་དམ།
    ལན། དབུ་མའི་ལམ་གྱི་སྲིད་བྱུས་ལ་བྱེས་སྡོད་གཞུང་མང་གཉིས་ཀྱིས་མོས་མཐུན་ཡོད་ཞེས་པ་ནི་དོན་མཐུན་གྱི་གཏམ་ཞིག་རེད། བོད་མིའི་སྒྲིག་འཛུགས་གཞུང་གིས་དབུ་མའི་ལམ་གྱི་སྲིད་བྱུས་འཛིན་པ་ནི་ཤེས་གསལ་ལྟར་ཡིན་ལ། བྱེས་སྡོད་མི་མང་གི་བརྒྱ་ཆའི་དགུ་བཅུ་ལྷག་གིས་དབུ་མའི་ལམ་ལ་རྒྱབ་སྐྱོར་ཡོད་པ་གསལ་པོ་ཡིན་པས་གཞུང་དང་མང་གཉིས་ཞེས་ཁ་གྲངས་མང་ཉུང་གི་ཆ་ནས་ཚིག་སྦྱོར་བདེ་བར་བཟོས་ན་གནོད་སྐྱོན་གང་ཡང་མེད། སྤྱི་འཐུས་ལྷན་ཚོགས་ནང་མང་པོ་ཞིག་གི་སེམས་སུ་རང་བཙན་ཡོད་ཚུལ་ལ་སུས་ཀྱང་ཁ་ཚོམ་གཅོད་དཀའ་བས་དོགས་པ་ཁོང་སློང་མ་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན།
    ༤༽ དྲི་བ། བླ་རྒན་ཁྱོད་མ་འོངས་བོད་ཀྱི་ལོ་རྒྱུས་ཁྲོད་ནག་ཅན་པ་ཆགས་རྒྱུ་ཡིན་པ་མི་ཤེས་སམ།
    ལན། མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་ང་ཚོ་གང་ཟག་ཐ་མལ་བ་ཚོ་ནང་བཞིན་འབྱུང་འགྱུར་གྱི་རང་གི་མཚན་སྙན་དང་ཁེ་ཕན་ལ་རེ་བ་རྒྱག་གིན་མེད་ཐག་ཆོད་ཡིན་མོད། མ་འོངས་པའི་མི་རབས་ནི་རྣམ་དཔྱོད་ཀྱི་ནུས་པ་ལྡན་པ། སློབ་སྦྱོང་གི་གནས་ཚད་ལོངས་བ་ཤ་སྟག་ཡོང་ངེས་པས་དེ་ཚོས་ད་ལྟའི་བོད་ཀྱི་གནས་བབ་དང་ནུས་པ། རྒྱ་ནག་གི་སྟོབས་ཤུགས་དང་དབང་བསྒྱུར། བོད་ནང་གི་ཛ་དྲག་གི་གནས་བབ། རྒྱལ་སྤྱིའི་ཁྱོན་གྱི་རོགས་རམ་དང་རྒྱབ་སྐྱོར་བྱེད་ཕྱོགས་སོགས་ཚང་མར་བལྟས་ཏེ་༸གོང་ས་ཐམས་ཅད་མཁྱེན་པ་ཚང་དང་། མཁས་དབང་ཟམ་གདོང་རིན་པོ་ཆེ་སོགས་ཀྱི་འཕྲད་ཕུགས་རྒྱང་གསུམ་རྟོགས་ནུས་པའི་རྣམ་དཔྱོད་ལ་སྨོན་པ་ཤོར་ངེས་ཅན་ཡིན།

    མངའ་རིས་འཕྲིན་ལས་ཀྱི་དྲི་བ་ལ་ཞོར་དུ་འཕྲོས་དོན།
    དྲི་བ། མཁས་དབང་གཟམ་གདོང་ཚང་གིས༼ དེང་སྐབས་འགན་ཁུར་མེད་པའི་མི་ཁ་ཤས་ཀྱིས་བརྒྱུད་ལམ་ཁག་ཏུ་དབུ་མའི་ལམ་གྱི་སྲིད་བྱུས་༸གོང་ས་མཆོག་སྐུ་སྒེར་གྱི་དབང་ཤུགས་འོག་ཐག་བཅད་པའི་སྲིད་བྱུས་ཤིག་ཡིན་ཚུལ་བཤད་པ་དེ་ཏག་ཏག་བསྡད་མེད༽ཟེར་བ་ནི་ཁྱེད་རང་ཚོས་རྟག་པར་ཁ་ཡར་འགུལ་མར་འགུལ་ཚང་མར་ལམ་དབུ་མ་ནི་༧གོང་ས་༧མཆོག་གིས་མ་འོངས་སྔོན་གཟིགས། ལྷ་བླའི་ལུང་བསྟན། ཡེ་ཤེས་དབྱིངས་དཔྱད་སོགས་བཀར་སྒྲུབ་ཅིང་། དེ་ལས་འགལ་ན་སླར་ཡང་བཙན་བྱོལ་སྤྱི་ཚོགས་ཁྲོད་ནས་ཆོས་དང་ཟང་ཟིང་གི་འབྲེལ་བ་བཅད་རྒྱུའི་བོད་རིགས་ཚོགས་པ་གཞན་ཞིག་བཟོ་རྒྱུ་ཡིན་མདོག་བྱེད་པ་དེ་ཚོ་༧གོང་ས་༧མཆོག་གི་བཀའ་ལ་ལོག་འགྲེལ་དང་། དགོངས་གཞི་ལ་བཟོ་བཅོས་སོགས་མདོར་ན་བོད་མི་རིགས་ལ་གནོད་པ་ལས་ཕན་པའི་བྱ་བ་ཞིག་ཨེ་ཡིན།
    ལན། གཉིས་སྨན་དབུ་མའི་ལམ་ནི་༸གོང་ས་ཐམས་ཅད་མཁྱེན་པས་འཕྲད་ཕུགས་རྒྱང་གསུམ་གྱི་གནས་བབ་ཛ་དྲག་ལ་གཟིགས་ཏེ་དགོངས་ཚུལ་བཏོན་པ་ཞིག་དང་། གཞིས་བྱེས་རྒྱ་ཆེ་མི་མང་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྤྱི་མོས་ཁྲིམས་ཐོག་ནས་གཏན་འབེབས་གནང་བ་ཞིག་ལས་༸གོང་ས་མཆོག་གིས་སྒེར་གཅོད་ཀྱི་ཐག་གཅོད་ཅིག་མིན་པ་སུ་ལའང་གསལ་ཡོད།
    ༸གོང་ས་མཆོག་གི་གཙོས་དབུ་མའི་ལམ་གྱི་སྲིད་བྱུས་འཛིན་མཁན་སུས་ཀྱང་མི་མང་སུ་རུང་དབུ་མའི་ལམ་དུ་འགྲོ་དགོས་པའི་བཙན་བཀའ་བཏང་མྱོང་ཡོད་པ་མ་རེད་ལ་གཏོང་ཤེས་སྟངས་ཀྱང་ཡོད་པ་མ་རེད། རྒྱུ་མཚན་དང་ཁུངས་ལུང་མེད་པའི་སྤྱི་ཚོགས་འགལ་ཟླ་བཟོ་གཞིའི་སྐད་ཆ་བཤད་རྒྱུར་ཚོད་འཛིན་ཐུབ་པའི་འབོད་སྐུལ་ཞུ་རྒྱུ་ཡིན།
    དབུ་མའི་ལམ་ལ་དགག་ཕྱོགས་ནས་ལན་འདེབས་མཁན་ཚོའི་མཆན་ལ་ཞིབ་འཇུག་རེ་གནང་དང་། ནང་ཁུལ་ལ་ཚིག་མཚོན་འདེབས་པ། སྨ་འབེབས་བྱེད་པ། ཁུངས་མེད་ཀྱི་དཀྲོགས་རྐྱེན་བཟོ་བ་སོགས་ཚུལ་དང་མ་མཐུན་པའི་བྱ་སྤྱོད་སྣ་ཚོགས་ཤིག་ཐོན་བཞིན་པ་མངོན་གསལ་ཡིན་པས། འདི་ནི་དོ་བདག་རང་རང་གི་ཀུན་སྤྱོད་ལ་ཁོང་ཁྲོས་བསླད་ཞུགས་པ་ཞིག་ལས་རང་བཙན་གྱི་ལྟ་གྲུབ་འཛིན་མཁན་ཚོས་ཁྱད་ཆོས་ཤིག་ཡིན་པར་ངོས་འཛིན་བྱེད་ཀྱིན་མེད། རྗེས་ཕྱོགས་རང་བཙན་དང་དབུ་མའི་ལྟ་གྲུབ་གླེང་ཆོག་ལ་རྩོད་ཀྱང་ཆོག་མོད། སྡིགས་དམོད་དང་འཛིངས་རེས་ཀྱིས་རང་གི་དེ་ཉིད་ལ་ཞེ་སྡང་དང་ཆགས་ཞེན་གྱི་དྲི་མས་མ་གོས་པ་ཞིག་དགོས་པ་ནི་མི་རིགས་ཀྱི་རྩ་དོན་དང་། ཆིག་བསྒྲིལ་གང་ཅིར་ཕན་པ་ནི་སེམས་ཀྱི་གནད་དུ་ཞོག

    Reply
  22. མངའ་རིས་འཕྲིན་ལས། says:
    ལོ་ 13 སྔོན།

    མཁས་དབང་གཟམ་གདོང་ཚང་གིས༼ དེང་སྐབས་འགན་ཁུར་མེད་པའི་མི་ཁ་ཤས་ཀྱིས་བརྒྱུད་ལམ་ཁག་ཏུ་དབུ་མའི་ལམ་གྱི་སྲིད་བྱུས་༸གོང་ས་མཆོག་སྐུ་སྒེར་གྱི་དབང་ཤུགས་འོག་ཐག་བཅད་པའི་སྲིད་བྱུས་ཤིག་ཡིན་ཚུལ་བཤད་པ་དེ་ཏག་ཏག་བསྡད་མེད༽ཟེར་བ་ནི་ཁྱེད་རང་ཚོས་རྟག་པར་ཁ་ཡར་འགུལ་མར་འགུལ་ཚང་མར་ལམ་དབུ་མ་ནི་༧གོང་ས་༧མཆོག་གིས་མ་འོངས་སྔོན་གཟིགས། ལྷ་བླའི་ལུང་བསྟན། ཡེ་ཤེས་དབྱིངས་དཔྱད་སོགས་བཀར་སྒྲུབ་ཅིང་། དེ་ལས་འགལ་ན་སླར་ཡང་བཙན་བྱོལ་སྤྱི་ཚོགས་ཁྲོད་ནས་ཆོས་དང་ཟང་ཟིང་གི་འབྲེལ་བ་བཅད་རྒྱུའི་བོད་རིགས་ཚོགས་པ་གཞན་ཞིག་བཟོ་རྒྱུ་ཡིན་མདོག་བྱེད་པ་དེ་ཚོ་༧གོང་ས་༧མཆོག་གི་བཀའ་ལ་ལོག་འགྲེལ་དང་། དགོངས་གཞི་ལ་བཟོ་བཅོས་སོགས་མདོར་ན་བོད་མི་རིགས་ལ་གནོད་པ་ལས་ཕན་པའི་བྱ་བ་ཞིག་ཨེ་ཡིན།

    Reply
  23. མངའ་རིས་འཕྲིན་ལས། says:
    ལོ་ 13 སྔོན།

    དབུ་མེད་ལས་འགུལ་གྱི་འགན་འཛིན་གཞོན་པ་ཡོན་རྒྱལ་རྒད པོས་༼སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོཊ་ཀྱི་གྲོས་ཚོཊ་ཚོཊ་དུས་ལྔ་པའི་ཐོག་བཀུར་འོས་སྤྱི་འཐུས་ཤིག་གིས། ༸གོང་ས་མཆོག་གིས་བཀའ་རྩོམ་ཁག་རེ་རེ་བཞིན་ལུང་འདྲེན་ཐོག་བདེན་པ་མིན་པའི་འགྲེལ་བཤད་ལོག་པར་བརྒྱབ་སྟེ།༸གོང་ས་མཆོག་གི་ཐུགས་དགོངས་ངོ་མ་བོད་རང་བཙན་ཡིན་ཚུལ་བརྗོད་པ་དེར་བོད་རིཊ་མང་ཚོགས་རྣམས་བློ་ཕམ་ཆེན་པོ་བྱུང་ཡོད་༽ཟེར་བ་ནི་རྒད་པོ་ཁྱོད་ཀྱི་བོད་རིགས་མང་ཚོགས་ཟེར་ས་དེ་སུ་ཡིན། རྒྱ་གཞུང་གིས་སྔ་ཕྱིར་ཏིང་ཞོའོ་ཧྥིང་གི་རིག་པའི་གཞུང་ལུགས་སྤྱི་ཚོགས་རིང་ལུགས་བསམ་བློའི་སློབ་གསོ་དང་། དབུ་མའི་ཟམ་གདོང་བླ་རྒན་གྱི་དབུ་མའི་རིང་ལུགས་བསམ་བློའི་སློབ་གསོ་གཉིས་ལ་ཁྱད་པར་ག་རི་འདུག སྤྱི་འཐུས་རེ་ཟུང་གི་དགོངས་ཚུལ་གསུངས་པ་ཙམ་གྱིས་མི་མང་བློ་འགྱུར་ཡོང་བསམ་པའི་སེམས་དོགས་ཀྱིས་མི་མང་བཅུ་ཕྲག་ཁ་ཤས་ལ་སླར་ཡང་དབུ་མའི་ཕན་ཡོན་བཤད་པ་དེ་མི་མང་གི་མངོན་འདོད་ངོ་མ་ཡིན་མིན་གསལ་པོ་བསྟན་ཡོད། གལ་སྲིད་དབུ་མའི་ལམ་ནི་ཁྱེད་ཚོས་བཤད་པ་ལྟར། གཞིས་བྱེས་བོད་མི་ཡོངས་ཀྱི་མངོན་འདོད་ཡིན་ཐོག་རྒྱབ་སྐྱོར་དེ་མཚུངས་ཡོད་ཚེ་དེ་འདྲའི་སེམས་ཕྲལ་དགོས་པ་མེད། ད་ལྟ་༧གོང་ས་༧ མཆོག་གི་མཚན་མཉམ་སྒྲགས་ཀྱིས་ལྷག་བསམ་ཅན་གྱི་རང་བཙན་ཐབ་རྩོད་པ་རྣམས་དང་། ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཅན་གྱི་རང་བཙན་ལྟ་གྲུབ་སྨྲ་བ་པོ་རྣམས་ལ་ཟུར་ཟ་དང་། བཤེ་བཤེ་གཏོང་བ་ནི་དབུ་མའི་ལས་འགུལ་ཟེར་བ་དེ་རེད་དམ།
    རང་བཙན་གཙང་མའི་འབོད་སྒྲ་དང་ཐབ་རྩོད་ནི་ཆབ་སྲིད་ཀྱི་ཐབས་ལམ་ཡིན་པ་དང་། རྒྱ་བོད་མཉམ་གནས་ཆོལ་གསུམ་ཆིག་སྒྲིལ་མི་རིགས་རང་སྐྱོང་ནི་བོད་མིར་མཁོ་བའི་འབྲས་བུ་རེད། དེས་ན་ཐབས་ལ་སྨད་ཅིང་འབྲས་བུར་བསྟོད་པ་ནི། ཁ་ལག་ཟ་འདོད་ལ་བཟོ་མི་འདོད་པའི་དཔེ་མ་རེད་དམ།

    Reply
  24. ཤེས་རབ་འབྱུང་གནས། says:
    ལོ་ 13 སྔོན།

    ཟམ་བླ་རྒན་ད་སྨྱོས་ཡོད་པ་འདྲ།  ཁོས་བཤད་རྒྱུར།  དབུ་མའི་ལམ་གྱི་སྲིད་བྱུས་ནི་༸གོང་ས་མཆོག་གིས་ཆབ་སྲིད་ཐུགས་འགན་བཞེས་སྐབས་ནས་ཐུགས་ལ་ཡོད་པ་ཞིག་དང་། ཐུགས་ལ་ཡོད་པ་བཞིན་ཕྱག་ལེན་བསྟར་དགོས་པའི་གནས་བབ་བྱུང་བསྡད་པ་ཞིག་ཡིན་ཞིང་། ཟེར།  དེས་ན་བླ་རྒན་ཁྱོད་ལ་ངས་གཅིག་འདྲི།   ༧གོང་ས་མཆོག་གིས་བོད་རྒྱ་འོག་མ་ཤོར་གོང་ནས་བོད་རྒྱ་འོག་སྡོད་འདོད་ཀྱི་ཐུགས་བསམ་བཞེས་ཡོད་དམ།   
    དེ་དུས་ནས་དབུ་མའི་ལམ་གྱི་སྲིད་བྱུས་ཐུགས་ལ་ཡོད་ན།   ༡༩༧༢ ལོར་དབུ་མའི་ལམ་གྱི་སྲིད་བྱུས་གཏན་འབེབས་གནང་བ་ནང་འགལ་མིན་ནམ།  
    དབུ་མའི་ལམ་གྱི་སྲིད་བྱུས་ལ་བྱེས་སྡོད་གཞུང་དམངས་གཉིས་ཀྱིས་མོས་མཐུན་ཡོད་ན།   རང་བཙན་རྩོད་མཁན་གཞོན་ནུ་ལྷན་ཚོགས་སོགས་ཚོགས་པ་དང་གང་ཟག་སྒེར་མང་པོ་ཞིག་ཡོད་ཞིག་ཡོ་པ་དེ་ཚོ་གང་དུ་འཇོག་དགོས་སམ།  སྤྱི་འཐུས་༤༢ནང་ནས་གཅིག་གིས་དངོས་སུ་དགག་པ་རྒྱག་གིན་ཡོད་རེད།   སེམས་ནས་དབུ་མའི་ལམ་ལ་རྒྱབ་སྐྱོར་མེད་མཁན་ག་ཚོད་ཡོད་དམ།   དེས་བརྒྱ་ཆའི་ཅི་ཙམ་ཟིན་གྱི་རེད་དམ།
    སྔོན་ཆད་ཞིག་ལ་ཟམ་བླ་རྒན་གྱིས།   རང་བཙན་རྩོད་མཁན་ནི་དགྲ་བོ་རྒྱ་ནག་ལས་ཀྱང་ཉེན་ཁ་ཆེ་ཚུལ་དང་།   དོལ་ཚོགས་ལས་ཀྱང་དོགས་ཟོན་དགོས་ཚུལ་ལབ་པ་རེད།  འདི་ལྟར་བོད་ཀྱི་དངོས་ཡོད་ལོ་རྒྱུས་རྩིས་མེད་བཏང་ན།   བླ་རྒན་ཁྱོད་མ་འོངས་བོད་ཀྱི་ལོ་རྒྱུས་ཁྲོད་ནག་ཅན་པ་ཆགས་རྒྱུ་ཡིན་པ་མི་ཤེས་སམ།   

    Reply
  25. ཤིང་ལོ། says:
    ལོ་ 13 སྔོན།

    ཡང་ན། ད་དུང་ཟུངས་ཁྲག་ལག་པས་མཆོད་དེ་རང་བཙན་རྩོད་དགོས་རེད། དབུ་མའི་ལམ་གྱི་སྲིད་བྱུས་བྱུང་བ་ནས་རྒྱ་ནག་གི་འདོད་ཐོག་ཏུ་བརྒྱུགས་པ་ཡིན་ལ། དེ་ནི་ཁོང་ཚོས་ད་སྐབས་ཆ་བགོས་བྱས་པའི་ཞིང་ཆེན་དང་། རང་སྐྱོང་སོགས་དང་མཐུན་གྱི་ཡོད་པར་འགྲེལ་བ་ལས། ང་ཚོའི་འདོད་པ་བཞིན་གྱི་རང་སྐྱོང་སྤྲོད་རྒྱུ་མ་རེད།
    མ་འོངས་པར་རྒྱ་ནག་གིས་ང་ཚོར་སྤྲོད་ན། རང་བཙན་དང་། རང་སྲིྲིྲིྲིད་རང་སྐྱོང་གཉིས་ཀ་སྤྲོད་རྒྱུ་རེད་ལ། མི་སྤྲོད་ན་གང་ཡང་སྤྲོད་རྒྱུ་མ་རེད།

    Reply
  26. ཤིང་ལོ། says:
    ལོ་ 13 སྔོན།

    རྒྱ་ནག་གིས་ཅི་བཤད་ལ་ཉན་ནས་འདུག་རྒྱ་དེ། ཟམ་གདོང་བླ་མས་བཤད་པའི་དབུ་མའི་ལམ་གྱི་བསྐྱར་འགྲེལ་ཡང་འགྲེལ་རེད།
    སྤྱིར་ན་༸གོང་ས་མཆོག་གིས་དབུ་མའི་ལམ་གྱི་དགོངས་ཚུལ་བྱུང་བ་ནས་བཟུང་། བོད་དང་། རྒྱ་ནག ཕྱི་རྒྱལ་ཡུལ་གྲུ་གང་སར་ཕན་ཐོགས་མང་པོ་བྱུང་ཡོད་ནའང་། ད་ཆ་སྲིད་བྱུས་འདིར་རྙིང་དུ་བྱིན་དེ།
    བོད་མི་རིགས་ཀྱིས་ལམ་ཁ་གཞན་ཞིག་འདེམས་ཀྱི་ཡོད། ཟམ་གདོང་བླ་མ་ཁོང་གི་ཕྱག་རྟེན་དང་ལྷན་ཏུ་ཁོང་གི་བཤད་པའང་རྫོགས་རྒྱུ་རེད་རེད་ལ། དེ་དུས་བོད་མི་རིགས་ཀྱིས་ད་དུང་རྒ་ལ་མགོ་སྒུར་ནས་འདུག་དགོས་སམ།

    Reply
  27. འབྲོང་བུ་སོག་ཚ། says:
    ལོ་ 13 སྔོན།

    དབུ་མའི་ལམ་གྱི་མཚན་ཉིད་ཞིག་བཞག་ན། རང་བཙན་ལ་ལོག་པར་ལྟ་ཞིང་། བདག་གཞན་ཐམས་ཅད་གཞན་འོག་ཏུ་དངོས་ཤུག་རྒྱུད་གསུམ་གྱིས་སྒོ་ནས་འཇུག་ཏུ་བཅུག་པ་དེ་དབུ་མའི་ལམ་གྱི་མཚན་ཉིད་ཞེས་ཟེར་ན་འཐད་པ་འདུག་གའི།

    Reply
  28. ཡར་ཀླུང་ལྷ་རྗེ། says:
    ལོ་ 13 སྔོན།

    བཀུར་འོས་ཆོས་སྲིད་ལ་མཁས་དབང་སྐྱབས་རྗེ་ཟམ་གདོང་རིན་པོ་ཆེས་ད་ཆ་བཙན་བྱོལ་དབུ་མའི་ལམ་སྲིད་བྱུས་དེའི་བརྒྱུད་རིམས་དང། དགོས་པ་སོགས་གོ་བརྡའི་ཐོག་དེ་སྔོན་དང་མི་འདྲ་བར་ཁ་གསལ་གསལ་བརྗོད་གནང་བར་བཀའ་དྲིན་ཆེ་། ཡིན་ནའི་གསལ་བརྗོད་དེར་ཕྲན་གྱི་གོ་སྟངས་མི་འདྲ་བ་གཉིས་བྱུང་དེ་ཡང་། ༡། རིན་པོ་ཆེ་ད་ལྟའི་སྲིད་འགན་མེད་པ་གཅིག ༢། གལ་སྲིད་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སྒྲོམ་གཞི་དེ་མེད་པ་ཆགས་ན། ང་ཚོའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་དེའང་གཞི་རྩ་གསར་པ་ཞིག་གི་ཐོག་ནས་བསམ་བློ་གཏོང་དགོས། གསུངས་པར་ད་ལྟའི་འཛིན་སྐྱོང་བཀའ་ཤག་ནས་སྲིད་བྱུས་གསར་པ་འཛིན་དགོས་པའི་བརྡ་མིན་ནམ་སྙམ།

    Reply
  29. བསོད་རྡོ། says:
    ལོ་ 13 སྔོན།

    དབུ་མའི་ལམ་ཚང་གིས་དུས་ཐོག་ཆར་བའི་ལས་འགུལ་ཞིག་གོ་སྒྲིག་གནང་འདུག་ལ། རིན་པོ་ཆེ་མཆོག་གིས་ཀྱང་གནམ་ལྕག་ཐོག་མདའ་ལྟ་བུའི་གསུང་བཤད་གལ་ཆེན་ཞིག་གནང་འདུག དེང་སྐབས་ཕུ་ཐག་མེད་པའི་རང་བཙན་ཟེར་བ་དེའི་རྗེས་ལ་ཧོལ་རྒྱུག་བྱེད་མཁན་མགོ་ཐོམ་བྱེད་མཁན་ཡོང་གི་འདུག་ལ། བོད་རང་བཙན་ཤོད་མཁན་སྐོར་ཞིག་ནི་བོད་སྤྱི་བའི་དོན་ཟུར་ཙམ་ཡང་མེད་པར། སྒེར་གྱི་དོན་དག་སྒྲུབ་བྱེད་དང་ཟ་ཐུང་གི་ཆེད་ཡིན་ལ། དེ་ལས་ཉུང་ཤས་ཤིག་གིས་ནད་རྙིང་སྒེར་འཁོན་ཕྱོགས་འཐེན་ཆེད་རང་བཙན་རྩོད་ཁུལ་བྱེད་ཀྱི་ཡོད། ཡང་རེ་གཉིས་ཤིག་མགོ་གང་ཡང་མ་འཚོས་པར་གླེན་རྟགས་སྟོན་གྱིན་ཡོད་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese