མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞོན་ནུ་ནང་ཁུལ་མ་འཆམ་པ་དང་དགོངས་པ་དཀྲུག་གཞི་རིཊ་བྱུང་བར་བློ་ཕམ་བྱུང་།

བོད་ཀྱི་དུས་བབ།
༢༠༡༣/༠༨/༡༩
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ལོ་ ༡༩༧༠ ལོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཐོག་མར་འཛུགས་སྐབས་ཀྱི་ཚོགས་གཙོ་དང་པོ་བཀྲེས་མཐོང་བསྟན་འཛིན་དགེ་བྱེད་ལགས་སུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་བྱུང་རིམ་གནས་སྟངས་སྐོར་ལ་བཅར་འདྲི་ཞུས་ཡོད།

དྲི་བ། སྐུ་ཉིད་ ༡༩༧༠ ལོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཐོག་མར་འཛུགས་སྐབས་ཀྱི་ཚོགས་གཙོ་དང་པོ་དེ་གནང་ཡོད་པ་རེད། སྐབས་དེར་དགོས་པ་དམིགས་ཡུལ་གང་འདྲ་ཞིག་གི་འོག་ཏུ་གཞོན་ལྷན་བཙུགས་པ་རེད།

ལན། དྲི་བ་འདི་གལ་ཆེན་པོ་ཞེ་དྲག་རེད། མ་གཞི་ལོ་ ༤༠ ཙམ་གྱི་གོང་གི་གནས་ཚུལ་རེད་དེ། གཞོན་ནུ་ལྷན་ཚོགས་འཛུགས་མཁན་གཙོ་བོ་ངའི་རོགས་པ་ཚོ་རེད། རྒྱ་རི་རིན་པོ་ཆེ་དང་བསྟན་འཛིན་རྣམ་རྒྱལ། སྐུ་ངོ་བསོད་ནམས་སྟོབས་རྒྱལ་ལགས་སོགས་རེད། ཁོང་ཚོ་སྲིད་དོན་ཐོག་དངོས་གནས་དོ་སྣང་ཡོད་པ་དང་། གནད་འགག་མཁྱེན་མཁན་དེ་འདྲ་རེད། སྐུ་འདུན་དང་སྐྱབས་བཅོལ་བོད་མི་ཚོ་བཙན་བྱོལ་ལ་ཕེབས་ཏེ་ ༩ ཙམ་འགྲོ་བཞིན་ཡོད་ཀྱང་། དེང་དུས་དང་མཐུན་པ། བོད་མི་ཚང་མས་ངོས་ལེན་ཡོད་པའི་སྲིད་དོན་སྒྲིག་འཛུགས་འདྲ་ཡོད་པ་མ་རེད། ལྷག་པར་དུ་ལོ་གཞོན་པའི་ནང་སྲིད་དོན་གྱི་གནས་ཚུལ་མཁྱེན་པ་དང་དེ་འདྲའི་ཐོག་ལ་ཤུགས་རྒྱག་སའི་སྡིངས་ཆ་ཞིག་བསྐྲུན་རྒྱུ་ཧ་ཅང་གལ་ཆེན་པོར་མཐོང་སྟེ། གཞོན་ནུ་ལྷན་ཚོགས་འདི་སྲིད་དོན་རང་གི་སྒྲིག་འཛུགས་ཤིག་ལ་དམིགས་ཡུལ་བཟུང་སྟེ་བཙུགས་པ་རེད། འདིའི་ལས་འགན་གཙོ་བོ་དངོས་གནས་དྲང་གནས་ལྷག་བསམ་རྣམ་དག་དང་། ཆོལ་ཁ་ཆོས་ལུགས་དབྱེ་བ་རྩ་བ་ནས་མེད་པར་བོད་སྤྱི་བའི་ལས་དོན་རང་བསྒྲུབ་དགོས་པ་ཞིག་བཟུང་ཡོད་པ་རེད། 

སྐབས་དེར་བསམ་བློའི་ནང་ཤུགས་ཆེན་པོ་ག་རེ་ཡོད་རེད་ཟེར་ན་རྒྱ་མི་ལ་ཁ་གཏད་གཅོག་རྒྱུ་དེ་རེད། གཙོ་བོ་བོད་རང་བཙན་བསྒྲུབ་རྒྱུར་ལས་འགུལ་ག་རེ་བྱ་དགོས་ན་བྱེད་རྒྱུ་དང་རྒྱལ་བ་རིན་པོ་ཆེའི་དགོངས་གཞིའི་ཐོག་ཤར་སྐྱོད་བྱ་རྒྱུ་དེ་རེད། སྐབས་དེར་ང་རང་གི་ཚོར་སྣང་ཤུགས་ཆེན་པོ་ཞིག་ལ། གཞོན་ནུ་བཙུགས་ཏེ་ང་ཚོས་སྐད་ཆ་བཤད་སྟངས་དང་འོས་འདེམས་བྱེད་སྟངས་སོགས་ལས་ཀ་བྱེད་སྟངས་དངོས་གནས་དྲང་གནས་བོད་མིའི་ཚོགས་པ་སྐྱིད་སྡུག་ནང་ལ་ང་ཚོར་དམངས་གཙོའི་འགྲོ་སྟངས་ཤུགས་ཆེན་པོ་དང་ཡག་པོ་ཡོང་གི་འདུག་གྭ་བསམ་པའི་སྤོབས་པ་བྱུང་། ང་རང་ཚོགས་གཙོ་དང་པོ་རེད། རྗེས་ནས་ཚོགས་གཙོ་དང་རྒྱུན་ལས་ལ་ཕེབས་མཁན་ཚོའི་གཟིགས་མཐོང་དང་ལས་འགུལ་རིགས་དངོས་གནས་ང་ཚོ་ལས་ལྷག་པ་དང་རྒྱ་ཆེ་བ་བྱུང་སོང་བསམ་བསྡད་ཡོད།

དྲི་བ། སྐུ་ཉིད་ཀྱིས་གཞོན་ལྷན་སྲིད་དོན་ཚོགས་པའི་ངོ་བོའི་སྟེང་བཙུགས་པ་རེད་གསུངས་སོང་། གཞོན་ནུའི་ཚོགས་གཙོ་རེ་ཟུང་དང་བཙན་བྱོལ་ནང་གི་གནད་ཡོད་མི་སྣ་འགའ་རེས་གཞོན་ནུ་སྲིད་དོན་ཚོགས་པ་མིན་པར་ལས་འགུལ་ཚོགས་པ་ཡིན་སྐོར་བརྗོད་དོན་གང་ཡིན་ནམ། 

ལན། རྗེས་སུ་གཞོན་ལྷན་གྱི་ཐུགས་འགན་བཞེས་མཁན་ཚོས་འགྲེལ་བཤད་ག་རེ་སྐྱོན་ཡོད་མེད་མི་ཤེས། དང་པོ་བཙུགས་པའི་སྐབས་སུ་ངས་སྲིད་དོན་ཚོགས་པ་རང་ཡིན་པ་ལ་ངོས་འཛིན་བྱེད་ཀྱི་ཡོད། ག་རེ་རེད་ཟེར་ན། སྲིད་དོན་ཐོག་ལ་བོད་རིགས་གཞོན་ནུ་ཚོ་ལ་ལྷག་པར་དུ་སློབ་གསོ་གཏོང་རྒྱུ་དེ་གལ་ཆེན་པོ་འདུག དེ་བར་ལམ་ལོ་ ༩ ཙམ་རིང་ལ་བཙན་བྱོལ་དུ་འབྱོར་ནས་འཐུས་ཤོར་འགྲོ་གྲབས་བྱེད་ཀྱི་འདུག ད་བོད་སྤྱི་བའི་དོན་དུ་ལས་ཀ་བསྒྲུབ་རྒྱུ་ཞིག་ཡིན་ན་བྱིངས་ཀྱི་བསམ་བློའི་ནང་ལ་སྲིད་དོན་གྱི་ཐོག་ནས་དམིགས་ཡུལ་འདི་འདྲ་ཞིག་འཛིན་དགོས་རེད་ཅེས་ལམ་སྟོན་ཞིག་བྱ་མ་ཐུབ་པ་ཡིན་ན། ཁག་པོ་ཆགས་ཀྱི་འདུག་ཅེས་བཙུགས་པ་ཞིག་རེད། སྐབས་དེར་ང་རང་ཙམ་མ་ཟད་ཚོགས་མི་རོགས་པ་གཞན་པ་ཚོའི་བསམ་བློའི་ནང་ལའང་སྲིད་དོན་རང་གི་ངོ་བོའི་ཐོག་བཙུགས་པ་རེད་བསམ་གྱི་ཡོད། མ་ཟད་རྗེས་སུ་རྒྱལ་བ་རིན་པོ་ཆེ་རང་གིས་གཞོན་ནུ་ལྷན་ཚོགས་རང་ནང་ལ་ཡང་སྲིད་དོན་ཚོགས་པ་ལྟ་བ་འདྲ་མི་འདྲ་བཙུགས་ན་ཡག་པོ་འདུག་གཱ་ཅེས་བཀའ་སློབ་གནང་པ་རེད། ཐ་ན་གུང་ཁྲན་གྱི་ལྟ་བ་ཡོད་མཁན་དེ་འདྲ་ཡོང་ན་འགྲིག་གི་འདུག་གཱ་ཅེས་བཀའ་སློབ་གནང་ནས་ཚོགས་འདུ་ཞིག་ཀྱང་ཚོགས་པ་རེད། གྲུབ་འབྲས་ཡག་པོ་ཐོན་མ་སོང་། ཡིན་ནའང་། རྗེས་སུ་སྲིད་དོན་ཚོགས་པ་ཡིན་ཡང་གཞུང་དང་མཉམ་དུ་ལས་ཀ་བྱེད་དགོས་དུས་དཀའ་ངལ་འཕྲད་པ་དེ་འདྲ་ཡོང་ཡོད་རྒྱུ་རེད་དྲན་གྱི་འདུག དེའི་ཆ་ནས་སྤྱི་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་སོགས་གཙོ་བོ་བྱས་པའི་རྣམ་པ་འདྲ་བོ་བསྟན་མེད་འགྲོ་དྲན་གིས།

དྲི་བ། གཞོན་ལྷན་སྒྲིག་གཞིའི་དོན་ཚན་དང་པོའི་ནང་༧གོང་ས་མཆོག་གི་བཀའ་བཞིན་བསྒྲུབ་རྒྱུ་ཡིན་ཟེར་བ་ཞིག་དང་། དོན་ཚན་བཞི་བའི་ནང་རང་བཙན་འཐབ་རྩོད་བྱེད་ཀྱི་ཡིན་ཟེར་པ་གཉིས་ཐོག་དགོངས་ཚུལ་གང་འདྲ་ཡོད།

ལན། གཞོན་ལྷན་གྱི་དམིགས་ཡུལ་འགྱུར་བ་གཏོང་མིན་ཐད་མང་ཚོགས་ཀྱི་གྲོས་བསྡུར་ཡག་པོ་བྱས་ཏེ། དམིགས་ཡུལ་ལ་འགྱུར་བ་བཏང་མེད་པ་ཡིན་ནའང་ག་རེ་ཡིན་ན་བྱེད་སྟངས་ཡོད་རེད། དཔེར་ན་རྒྱལ་བ་རིན་པོ་ཆེ་དང་བོད་གཞུང་དབུ་མའི་ལམ་གྱི་སྟེང་ཕེབས་ཀྱི་ཡོད་པ་གསལ་བཤད་གནང་། གཞོན་ནུ་ད་ལྟའི་བར་དང་མུ་མཐུད་རང་བཙན་ཐོག་འགྲོ་རྒྱུ་ཡིན་ལབ་ན། རྩོད་སྟངས་དང་ལས་ཀ་ལས་འགུལ་སྤེལ་སྟངས་མང་པོ་ཡོད་པ་རེད། ཡིན་ཅིག་མིན་ཅིག་གདོང་ཐུག་ཟེར་ན་མི་འདུག མ་མཐུན་པའི་རྣམ་པ་ཤུགས་ཆེན་པོ་དེ་འདྲ་བྱེད་དགོས་པ་མ་རེད། ལྷག་པར་དུ་སྲིད་དོན་ཚོགས་པ་ཞིག་ཡིན་པའི་ཆ་ནས། སྤྱི་བའི་ཐོག་ལ་གང་འདྲ་ཡོང་གི་འདུག སྤྱི་བའི་ཐོག་ལ་ཡག་པོ་ཡོང་གི་ཡོད་ན་ག་རེ་ཡིན་ན་དེ་གཞིར་བཟུང་གིས་འགྲོ་དགོས། དེ་བཞིན། སོ་སོའི་བསམ་བློའི་ནང་དེ་འགྲིག་གི་ཡོད། དེ་བྱེད་ན་མ་གཏོགས་ཡོང་གི་མ་རེད་བསམ་པ་ཡོད་ཀྱང་། སྤྱི་བ་ལ་གནོད་ཀྱི་ཡོད་ན་དེ་ལ་དཔག་པའི་བྱེད་སྟངས་ལ་འགྱུར་བ་གཏོང་དགོས་རེད་དྲན་གྱི་ཡོད།

དྲི་བ། འདས་པའི་ལོ་ ༤༠ ལྷག་རིང་གི་གཞོན་ལྷན་གྱི་ནོར་འཁྲུག་ཆེ་ཤོས་གང་དག་དང་། གཟེངས་སུ་ཐོན་པའི་ལས་དོན་ཟེར་ན་འདྲ་གྲུབ་འབྲས་ཆེ་ཤོས་ག་རེ་མཐོང་གི་ཡོད།

ལན། ཞིབ་ཕྲ་ཞུ་ཤེས་ཀྱི་མི་འདུག་མོད། ངའི་བསམ་པར་ང་ཚོའི་རྗེས་ལ་གཞོན་ནུའི་ཕྱག་ལས་མང་ཆེ་བ་དངོས་གནས་དྲང་གནས་དཔེ་མི་སྲིད་པའི་ཡག་པོ་བྱུང་སོང་བསམ་གྱི་ཡོད་། ལས་དོན་གྲུབ་འབྲས་ཡག་ཐག་ཆོད་ཐོན་པ་ཡིན་ནའང་ངས་གོང་དུ་ཞུས་པ་ལྟར་རེད། བོད་སྤྱི་བའི་ཆེད་དུ་ལས་ཀ་བྱེད་དགོས་དུས་སྤྱི་དོན་ལས་ཀ་མང་པོ་ཡོད་པའི་ནང་ནས་ལྟ་གི་ལྟ་གི་བྱེད་དགོས་པ་རེད། དཔེར་ན། གཞོན་ལྷན་ཚོགས་མི་ཚོས་བསམ་ཚུལ་བཏོན་ནས། གཞོན་ནུའི་ལངས་ཕྱོགས་ལ་འགྱུར་བ་གཏོང་དགོས་པའི་བསམ་ཚུལ་ཤུགས་ཆེན་པོ་བྱུང་པ་ཡིན་ན། དེ་དམངས་གཙོའི་ལམ་ལུགས་ནང་བཞིན་འགྲོ་དགོས་རེད་དྲན་གྱི་འདུག ཡིན་ནའང་ངས་གོང་དུ་ཞུས་པ་དེ་ཡིན། བྱེད་ཕྱོགས་དེ་མཁས་པོ་བྱུང་ཡོད་ན། གཞོན་ནུའི་དམིགས་ཡུལ་རང་འཇག་ཐོག་བོད་སྤྱི་བའི་དོན་ལ་མ་གནོད་པའི་ལས་འགུལ་ཏན་ཏན་སྤེལ་ཐུབ་ངེས་རེད་དྲན་གྱི་ཡོད། ལས་ཀ་ག་རེ་ཡིན་ན་བྱེད་སྟངས་ལ་ཁྱད་པར་ཞེ་དྲག་ཡོད་རེད།

དྲི་བ། སྤྱི་ཚོགས་ནང་གཞོན་ནུའི་ལངས་ཕྱོགས་ཐོག་གླེང་སློང་ཡོང་གི་ཡོད་པ་དེ་ཉེ་ལམ་༧གོང་ས་མཆོག་གིས་ས་ལི་སྒར་དང་སུད་སི་བཅས་སུ་བཀའ་སློབ་གནང་བ་དེ་ལ་བརྟེན་ནས་བྱུང་བ་ཞིག་ལ་ངོས་འཛིན་གནང་གི་ཡོད་པ་དེར་བསམ་ཚུལ་གང་འདྲ་ཡོད།

ལན། ངས་ཆབ་སྲིད་ལ་དོན་སྣང་མ་བྱས་པར་ལོ་མང་པོ་ཕྱིན་ཡོད་སྟབས་ཞིབ་ཕྲ་ཧ་གོ་མ་སོང་། ལྷག་པར་དུ་བར་ལམ་གྱི་གནས་ཚུལ་ལ་དེ་ཙམ་དོ་སྣང་བྱ་རྒྱུ་མ་བྱུང་མོད། ངའི་བསམ་ཚུལ་སྙིང་པོ་དེ་ག་རང་ཡིན། རྒྱལ་བ་རིན་པོ་ཆེ་ཡིས་རང་བཙན་རྩོད་རྒྱུ་ཡོད་མ་རེད་གསུངས་མེད་པཱ། དབུ་མའི་ལམ་གྱི་སྟེང་འགྲོ་དགོས་པའི་སྐོར་ལ་འགྲེལ་བཤད་ཐེངས་མང་པོ་གནང་ཡོད་རེད། ད་རེབ་ཙམ་མ་རེད། གཞོན་ནུའི་རང་བཙན་དམིགས་ཡུལ་ལ་འགྱུར་བ་གཏོང་རྒྱུ་ཡོད་མ་རེད། གཙོ་བོ་བྱེད་སྟངས་མཁས་པོ་མ་བྱུང་པས་རེད་མ་གཏོགས་ཐབས་ཤེས་བྱེད་པ་ཡིན་ན་ལས་འགུལ་རིགས་དགོངས་པ་དཀྲུག་མ་དགོས་པར་བྱེད་ཐབས་ཏན་ཏན་ཡོད་རེད། དེ་མ་བྱུང་པ་ནི་ཏོག་ཙམ་ནོར་བ་རེད་དྲན་བསྡད་ཡོད། གང་ཡིན་ཟེར་ན་བོད་སྤྱི་བའི་དོན་དུ་གནོད་པའི་གནས་ཚུལ་ཞིག་ཆགས་ཀྱི་ཡོད་པ་རེད་མ་གཏོགས་སྐུ་འདུན་ལ་ཐུགས་འགལ་རྩ་བ་ཉིད་ནས་འགྲོ་གི་མ་རེད། སྐུ་མདུན་ལ་མཚན་སྨད་ཞུས་པའི་བཟོ་འདྲ་བོ་དེ་འདྲ་བྱུང་བ་ཡིན་ན་གཞོན་ནུའི་ནུས་ཤུགས་ཆགས་འགྲོ་པ་རེད། དེ་ཧ་ཅང་ཕངས་པོ་རེད་བསམ་གྱི་འདུག ད་ཁ་གཏད་གཅོག་ས་དེར་གཅོག་མ་ཐུབ་པར་ནང་ཁུལ་ནས་མགོ་འཁོར་བསྡད་ན། བར་ལམ་དེ་འདྲ་བོ་ཞིག་ཆགས་སོང་། དཔེ་མི་སྲིད་པའི་ཐབས་སྐྱོ་བོ་རེད།

དྲི་བ། སྐུ་ཉིད་ཀྱིས་གཞོན་ནུའི་ལངས་ཕྱོགས་རང་བཙན་བཟུང་པ་དེ་འགྲིག་བསྡད་པ་དང་བྱེད་སྟངས་ཀྱི་ཆ་ནས་ནོར་ཡོད་པ་ཞིག་གསུངས་པ་དེའི་ནོར་འཁྲུལ་གང་དག་མཐོང་ཡོད་དམ།

ལན། གཞན་ཞུ་ཡ་མི་འདུག་མོད། བར་ལམ་ཞིག་ནས་གཞོན་ནུའི་ནང་ཁུལ་མ་འཆམ་པ་ཞིག་བྱུང་པ་དེ་དཔེ་མི་སྲིད་པའི་བློ་ཕམ་བྱུང་སོང་། དེས་གཞོན་ནུའི་མཐོང་དང་ནུས་པར་སྐྱོན་ཆེན་པོ་བྱས་སོང་བསམ་གྱི་ཡོད། དེ་ལས་སྡུག་པ་ཞིག་ལ་བར་ལམ་ནས་སྐུ་འདུན་གྱི་དགོངས་པར་འགལ་བ་རེད་ཟེར་བ་སོགས་གླེང་སློང་མང་པོ་བྱུང་བ་རེད། དེ་སྤྱི་བའི་ཐོག་ནས་སྐྱོན་ཆེན་པོ་བྱུང་རེད་དྲན་བསྡད་ཡོད། གང་ཡིན་ཟེར་ན། བོད་པའི་ཐོག་ལ་རྒྱལ་བ་རིན་པོ་ཆེ་ལས་ལྷག་པའི་བཀའ་དྲིན་ཆེན་པོ་ཞིག་མེད་དུས། ཁོང་གི་དགོངས་པར་འགལ་རྒྱུ་དང་དགོངས་པ་དཀྲུག་རྒྱུ་ཞིག་བྱས་ན་བོད་སྤྱི་བའི་དོན་ལ་རང་བཞིན་གྱིས་གནོད་ཡོང་གི་རེད། དེར་ངས་འགྲེལ་བཤད་ཞུ་དགོས་པ་མ་རེད། ཆོས་སྲིད་ཕྱོགས་གང་ཐད་ནས་བཀའ་དྲིན་ཆེན་པོ་ཞིག་ཆགས་ཡོད་སྟབས། མི་སྒེར་བ་སུ་གང་གིས་སོ་སོ་ག་ཚོད་བདེན་པ་ཡིན་བསམ་ན་འགྲན་ཐུབ་ཁྱོན་ནས་ཡོད་མ་རེད། དེར་བརྟེན། དེར་མ་འགལ་བ་ཞིག་དང་ལྷག་པར་དུ་ཚོགས་པ་གལ་ཆེན་པོ་ཞིག་ཡིན་དུས་དོ་སྣང་བྱེད་དགོས་རེད།

དྲི་བ། བཙན་བྱོལ་བོད་མིའི་དམངས་གཙོའི་སྤྱི་ཚོགས་ནང་ལ་མཚོན་ན། གཞུང་དང་༧གོང་ས་མཆོག་གི་དགོངས་པ་དང་མཐུན་མིན་གྱི་ལྟ་བ་འཛིན་མཁན་བྱུང་ན་དེས་རྩ་དོན་ཐོག་ཕན་གནོད་གང་འདྲ་འབྱུང་ངམ།

ལན། འདི་གནད་དོན་མང་པོ་ཞིག་ལ་འབྲེལ་བསྡད་ཡོད་སྟབས། ལན་ཏག་ཏག་ཅིག་ཐེབས་མིན་མི་ཤེས། ངའི་བསམ་པར་རང་བཙན་ལངས་ཕྱོགས་འཛིན་མཁན་ཚོས་གཞུང་དང་སྐུ་འདུན་གྱི་དགོངས་པ་དང་མི་མཐུན་པའི་རྣམ་པ་དེ་འདྲ་མ་བསྟན་པར། བོད་རང་བཙན་རྩོད་རྒྱུའི་དམིགས་ཡུལ་འོག་རང་བཙན་ཚོགས་འདུ་སྐོང་པ་དང་། ཞིབ་འཇུག་ཡག་པོ་བྱས་ནས་དཔེ་དེབ་འདོན་པ། རང་བཙན་ཟེར་ན་འདྲ་བོད་དོན་དང་འབྲེལ་བའི་གནས་ཚུལ་འཛམ་གླིང་ནང་དྲིལ་བསྒྲགས་བྱ་རྒྱུ། ལྷག་པར་དུ་རྒྱ་མིར་ཁ་གཏད་གཅོག་རྒྱུ་སོགས་ལ་ཤུགས་རྒྱག་དགོས་པ་རེད། དཔེར་ན་རྒྱ་མིས་བོད་རྒྱ་ཁོངས་ཡིན་སྐོར་བཤད་ཡོང་སྐབས། ཕར་རྒྱུ་མཚན་དྲངས་ཏེ་རྒྱ་མིའི་འཁྱོག་བཤད་དེ་ཚོར་གསལ་བཤད་ཁུངས་སྐྱེལ་སོགས་ཁ་གཏད་གཅོག་རྒྱུར་ཤུགས་ཆེ་ཐག་ཆོད་རྒྱག་རྒྱུ་ཡོད་པ་རེད་སྙམ། ཕྱོགས་གཅིག་ནས་དམངས་གཙོའི་ཐོབ་ཐང་ཐོག་ནས་བསམ་ཚུལ་བཤད་ཆོག་པ་བདེན་པ་རེད་དེ། ང་ཚོའི་གནས་སྟངས་ལ་བསམ་བློ་ཞིག་གཏོང་དགོས་པ་རེད། ལུང་པ་རང་བཙན་ཡིན་པ་དང་དམངས་གཙོའི་ཉམས་མྱོང་ལོ་མང་པོར་བསགས་ཡོད་པ་ཚོ་ནང་བཞིན་ང་ཚོར་དམངས་གཙོའི་ཆ་ལག་ཚང་པ་ཞིག་མེད་དུས། ད་ལྟའི་ང་ཚོའི་དམིགས་བསལ་གནས་སྟངས་འདི་ལ་བསམ་བློ་གཏོང་དགོས་པ་རེད། བོད་པ་བྱིངས་ཀྱི་བསམ་ཚུལ་ཡང་ཧ་ཅང་གལ་ཆེན་པོ་རེད། དམངས་གཙོར་བསམ་བློ་བཏང་བ་ཡིན་ན་བོད་མི་གཅིག་གི་བསམ་བློ་དེའང་ཏན་ཏན་བསམ་བློའི་ནང་ལ་ཁྱེར་ནས་ལས་ཀ་མ་བྱས་པ་ཡིན་ན་འགྲིག་གི་ཡོད་པ་་རེད། གཞོན་ནུ་སྲིད་དོན་སྒྲིག་འཛུགས་རྒྱ་ཆེན་པོ་དང་གལ་ཆེན་པོ་ཞིག་ཡིན་པས་རྒྱལ་བ་རིན་པོ་ཆེའི་དགོངས་པ་དང་འགལ་བའི་གླེང་སློང་ཤུགས་ཆེན་པོ་ཆགས་པ་རེད་མ་གཏོགས་གཞོན་ནུ་ཙམ་མ་རེད། བོད་པའི་ཆོས་ཚོགས་ཡིན་ན་འདྲ། བླ་མ་ཁག་ཡིན་ན་རེད། མི་སྒེར་བ་དེ་འདྲ་ཡིན་ན་རེད། ཤུགས་ལྡན་བསྟེན་མཁན་ཡིན་རེད་སྐུ་འདུན་གྱི་དགོངས་པ་འགལ་བའི་རིགས་ཀྱིས་བོད་བྱིངས་ཀྱི་ནུས་པར་སྐྱོན་བྱེད་ཀྱི་ཡོད་རེད་ཅེས། འཚམ་པོ་མི་འདུག འོས་འཚམ་མ་རེད། ཐབས་སྡུག་པོ་རེད་ཅེས་བཤད་པ་ཡིན།

དྲི་བ། སྐུ་ཉིད་ཀྱིས་རང་བཙན་དང་དབུ་མ་གཉིས་ལས་གང་ཞིག་བོད་པའི་རྩ་དོན་འཐབ་རྩོད་ཐོག་གྲུབ་འབྲས་དང་དགོས་གལ་ཆེ་བར་གཟིགས་ཀྱི་ཡོད་དམ།

ལན། རྩ་བའི་དམིགས་ཡུལ་ག་རེ་འཁྱེར་མིན་མང་ཚོགས་ཀྱིས་ཐག་གཅོད་དགོས་རེད། ད་སོ་སོ་སྒེར་འདྲ་བོ་ཞིག་ལ་ཆ་བཞག་ནས་ཞུས་ན། ད་ལྟའི་ཆར་ང་རང་རྒྱ་མི་ལ་རྩ་བ་ཉིད་ནས་ཡིད་ཆེས་མེད། སྲིད་དོན་ཟེར་བ་དེ་འགྱུར་བ་འགྲོ་སྲིད་པ་ཞིག་རེད། འགྱུར་བ་ཕྱིན་པ་ཡིན་ན་གནས་ཚུལ་ལོགས་ཀ་རེད། གཞན་བར་ལམ་རྒྱ་མིའི་བྱེད་སྟངས་སོགས་ཀྱི་ཆ་ནས་སེམས་ནང་དོགས་པ་ཧ་ཅང་ཆེན་པོ་ཡོད། དཔེར་ན། ང་ལོ་ཁ་ཤས་སྔོན་ནས་སྐུ་སྒེར་ཡིག་ཚང་དུ་ཞབས་ཞུ་སྒྲུབ་སྐབས་རྒྱ་ནག་དང་གྲོས་མོལ་གནང་མཁན་གྱི་ཚོགས་ཆུང་ནང་ཡོད། ཕྱིས་སུ་དགོངས་པ་ཞུས་པ་ཡིན། གང་ཡིན་ཟེར་ན།  ཚོགས་ཆུང་ནང་ནས་བགྲོ་གླེང་ཅི་ཙམ་བྱས་ཀྱང་། ཕར་ཕྱོགས་ནས་བསམ་ཤེས་རྩ་བ་ཉིད་ནས་བྱེད་ཁ་ཉན་གྱི་ཡོད་པ་མ་རེད། ཐབས་སྡུག་པ་ཞིག་ལ་རྒྱལ་བ་རིན་པོ་ཆེས་དངོས་གནས་དྲང་གནས་དགོངས་གཞི་ལྷུག་པོ་ཞེ་དྲགགནང་སྟེ། དབུ་མའི་ལམ་ཐོག་འབད་བརྩོན་དེ་འདྲ་གནང་རེད་དེ། དེ་ལ་དཔག་པའི་ཚུར་བསམ་ཤེས་བྱ་རྒྱུའི་རྣམ་པ་གཅིག་རྐྱང་སྟོན་གྱི་མི་འདུག མ་བསྟན་པའི་སྒང་ད་དུང་ཚུར་མཚན་སྨད་ཞུས། ཁ་རྡུང་བཏང་པ་དེ་འདྲ་བྱེད་ཀྱི་འདུག རྒྱ་མིས་ད་ལྟ་བར་དང་ལྷག་པར་དུ་ལོ་གཉིས་གསུམ་གོང་ང་དགོངས་པ་ཞུ་བའི་སྐབས་ཀྱི་རྣམ་འགྱུར་སྟོན་སྟངས་སོགས་གང་ཅིའི་ཐད་ནས་མགོ་སྐོར་གཏོང་གི་ཡོད་པ་འདྲ་བོ་ཞིག་མ་གཏོགས་མཐོང་གི་མི་འདུག ག་དུས་ཡིན་ན། དཔེར་ན། སྐུ་འདུན་ཕྱི་རྒྱལ་དུ་ཆིབས་བསྒྱུར་གལ་ཆེ་བ་ཞིག་ཡིན་ན་འདྲ། གསུང་ཆོས་གསུང་འཕྲིན། གསུམ་བཅུའི་དུས་དྲན་འདྲ་བོ་འཚོགས་ཁ་ཏག་ཏག་ལ། མགོ་སྐོར་གཏོང་པའི་སྲོལ་འདྲ་བོ་ཞིག་ལ། ད་ང་ཚོས་རྗེས་མ་སྐད་ཆ་བཤད་རྒྱུ་དེའི་སྐོར་ལ་བསྐྱར་དུ་མགོ་འདྲ་བོ་ཞིག་འཛུགས་ཀྱི་ཡིན་དཱ་ཟེར་བ་འདྲ་བོ་དང་། ཡང་མིན་ན། ཁྱེད་རང་ཚོས་ཁ་སང་བཤད་པའི་སྐུ་ཚབ་མི་སྣ་གཅིག་ཁ་སྣོན་བྱེད་ཡ་དེར་བསམ་ཞིབ་བྱ་ངེས་ཡིན་དཱ་ཟེར་བ་འདྲ་བོ་ཞིག་བཤད། དོན་ཐོག་ལ་སྐད་ཆ་ཐེངས་དྲུག་བདུན་མང་པོ་སོང་ཡང་གུ་བཤང་བྱ་རྒྱུའི་རྣམ་པ་གཅིག་ཀྱང་ཐོན་གྱི་མི་འདུག ཕར་ཕྱོགས་ནས་རྦད་དེ་མགོ་སྐོར་གཏོང་གི་ཡོད་པ་ཞིག་མ་གཏོགས། དངོས་གནས་བོད་ཀྱི་གནད་དོན་ཐོག་ལ་བསམ་ཤེས་བྱས་དེ་སེལ་རྒྱུའི་ཐབས་ཤེས་བྱེད་ཀྱི་ཡོད་པའི་རྣམ་པ་ཞིག་ངས་ནི་གཅིག་ཀྱང་མཐོང་མ་སོང་།

དྲི་བ། གལ་སྲིད་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རང་བཙན་ལངས་ཕྱོགས་དེ་དབུ་མར་འགྱུར་བ་གཏོང་དགོས་པ་ཡིན་ན། དེ་ལ་སྔོན་འགྲོ་དང་དངོས་གཞི་གང་འདྲ་ཞིག་གི་ཐོག་ནས་འགྲོ་དགོས་པར་དགོངས་ཀྱི་ཡོད་དམ།

ལན། གལ་སྲིད་འགྱུར་པ་གཏོང་གི་ཡིན་ན་གཏོང་སྟངས་དེ་ཡག་པོ་ཞིག་གི་ཐོག་འགྲོ་ཐུབ་དགོས་རེད། ཚང་མར་གསལ་བཤད་དང་གོ་རྟོགས་ཡག་པོ་སྤེལ། ས་གནས་གང་ས་གང་དུ་བགྲོ་གླེང་ལྷུག་པོ་ཡོང་པ་བྱས། དངོས་གནས་དྲང་གནས་གསལ་བོ་ཞིག་བྱུང་ཐུབ་པ་བྱས་རྗེས་ཐག་བཅད་པ་ཡིན་ན། དེ་དམངས་གཙོའི་འགྲོ་སྟངས་རེད། གལ་སྲིད་རན་པོ་མེད་ན་ཡང་གཞོན་ནུའི་ཚོགས་ཁོངས་ནས་མང་ཚོགས་རང་བཞིན་གྱིས་ཐག་བཅད་པ་ཡིན་ན་དེར་ཆ་འཇོག་དགོས་པ་རེད། ང་སྒེར་ལ་མཚོན་ན་འགྱུར་བ་གཏོང་རྒྱུར་མོས་མཐུན་མེད་མོད། ཐག་གཅོད་དེ་འདྲ་ཞིག་གི་ཐོག་ནས་བྱུང་པ་ཡིན་ན་ཆ་འཇོག་བྱེད་དགོས་པ་རེད། ངས་གོང་ནས་ཞུས་པ་དེ་ཡིན། གཞོན་ལྷན་མང་ཆེ་བ་ལྷག་བསམ་རྣམ་དག་རེད། གནས་ཚུལ་ཆེན་པོ་ཞིག་ལ་ཐུག་སྐབས་བོད་སྤྱི་བའི་བསམ་བློ་ཞིག་ཁུར་ནས་ཕྱིན་པ་ཡིན་ན་དེ་ཡག་པོ་ཞིག་ལ་ངོས་འཛིན་བྱ་དགོས་རེད་དྲན་གྱི་ཡོད།

དྲི་བ། ཉེ་ཆར་གཞོན་ནུའི་ཚོགས་ཆེན་ནས་ས་གནས་ཁག་ཅིག་ཕྱིར་ཐོན་པའི་གནས་བྱུང་ཡོད་པ་མ་རེད། མ་འོངས་པར་དེ་དག་སླར་འགྲིག་འཇགས་ཡོང་ཐབས་གང་འདྲ་གནང་དགོས་པར་མཐོང་གི་ཡོད་དམ།

ལན། གནས་ཚུལ་དེ་བློ་ཕམ་བྱ་ཡུལ་ཞིག་རེད། གཞོན་ནུའི་ནུས་པར་སྐྱོན་ཆེན་པོ་བྱུང་ཡོད་པ་རེད་དྲན་ཡོད། ཐུབ་ཀྱི་ཡོད་མེད་གང་ཤེས་ཏེ། དངོས་གནས་བྱས་ན་རྒྱུན་ལས་གསར་པ་དེ་ཚོས་གང་ཐུབ་ཐུབ་ཀྱིས་སྔོན་མའི་གཞོན་ནུ་ཚང་མ་བསྐྱར་དུ་ཚུར་རུབ་རུབ་བྱ་རྒྱུར་འབད་བརྩོན་གནང་རྒྱུ་དེ་ལས་འགན་ཨང་དང་པོ་རེད་དྲན་གྱི་ཡོད། དེ་ཡང་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་ཚུར་རུབ་རུབ་བྱ་རྒྱུ་ཙམ་མ་ཟད། གཞོན་ལྷན་གྱི་དམིགས་ཡུལ་བོད་སྤྱི་བའི་ལས་དོན་ཡིན་སྟབས། བོད་སྤྱི་བའི་ལས་དོན་ལ་བསམ་བློ་བཏང་སྟེ་གཞོན་ལྷན་ནང་ལ་ཡོད་མཁན་ཚོ་མཐུན་པོ་ཞིག་དང་ཚུར་ནུས་བ་བསྒྲིལ་ཐུབ་པ་ཞིག་ལ་འབད་བརྩོན་བྱེད་མ་ཐུབ་པ་ཡིན་ན། གཞོན་ནུ་ལྷན་ཚོགས་ཀྱི་ལས་འགན་མ་འགྲུབ་པ་འདྲ་བོ་ཆགས་ཀྱི་ཡོད་པ་རེད།

དྲི་བ། སྐུ་ཉིད་གཞོན་ལྷན་ཚོགས་གཙོ་དང་པོ་ཤེས་བྱ་དུས་དེབ་མགོ་འཛུགས་སོགས་ཕྱག་ལས་གལ་ཆེན་མང་པོ་མགོ་འཛུགས་གནང་ཡོད་ཀྱང་། དེང་སྐབས་གྲག་འགུལ་གང་ཡང་མེད་པར་བཞུགས་དོན་ཅི་ཡིན་ནམ།

ལན། བསམ་ཕྱོགས་ལངས་ཕྱོགས་དེ་འདྲ་གང་ཡང་མ་རེད། གཅིག་ནས་ལོ་ཚད་ཀྱིས་རེད། གཉིས་ནས་གསར་པ་དང་འཇོན་མཁན་དེ་ཚོར་གོ་སྐབས་སྤྲོད་དགོས་རེད། ང་སྔོན་མ་གཞོན་ནུའི་ནང་ཡོད་དུས་བསམ་ཚུལ་དེ་ཡོད་ལ། རྗེས་སུ་གཞུང་གི་ལས་ཀ་ནས་དགོངས་པ་ཞུ་སྐབས་ཀྱང་དེ་རང་ཡིན། ཚོགས་པ་ཡིན་ན་འདྲ་གཞུང་ཡིན་ན་འདྲ། གསར་པ་ཤེས་ཡོན་ཡོད་མཁན་དང་འཇོན་ཐང་ཡོད་མཁན་སླེབས་ཡོང་ན་ངེས་པར་དུ་ཁོ་ཚོ་གསོ་སྐྱོང་དང་གོ་སྐབས་སྤྲོད་དགོས་པ་ལས། སོ་སོས་འཇོན་ལ་མ་འཇོན་བྱས་ཏེ་ཨུ་ཚུགས་བརྒྱབ་བསྡད་ན་རྩ་བ་ཉིད་ནས་ཡག་པོ་མ་རེད་དྲན་བསྡད་ཡོད། ང་རང་རྒན་ཡོལ་ལ་ཕྱིན་པ་དང་ལྷན་དུ་འགན་འཛིན་ལྷན་ཚོགས་མང་པོ་ཞིག་གི་ཚོགས་ཁུངས་ནས་ཐོན་པ་ཡིན། དེ་གཞན་པ་ལ་མིག་སྟོན་ཡག་པོ་ཞིག་བྱུང་ན་བསམ་པ་ཡིན། གཞན་ང་ཚོའི་སྤྱི་ཚོགས་ནང་ཅིག་གི་ཚོགས་མི་ཞིག་ཆགས་ཚར་བའི་རྗེས་ལ་གཏོང་ཤེས་ཀྱི་ཡོད་པ་མ་རེད། ངས་ལས་རྒྱུན་རིང་གི་ཚོགས་མི་བྱ་རྒྱུ་དེ་འདྲ་ཞིག་བྱུང་ན་ཡག་པོ་མེད་འགྲོ་བསམ་པ་ཡིན། དཔེར་ན། བཀའ་བློན་ཡིན་ན་འདྲ་ལ་དྲུང་ཆེ་ཡིན་ནའང་འདྲ། དེའི་སྐབས་ཀྱི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་ཡིན་ཡང་། བཀའ་བློན་དང་དྲུང་ཆེ་ཡི་འཁྱོལ་བ་དང་ཕེབས་རོགས་ཞུ་མ་དགོས་པར་གཞན་པ་གསར་བ་བསྐོ་རྒྱུ་དེ་འདྲ་བྱུང་ན་བསམ་པའི་ཁུལ་ཡིན། ངས་སྔོན་མ་ལས་ཀ་མང་པོ་ཞིག་བྱས་པ་དེ་འཇོན་དྲགས་ནས་མ་རེད། སྐབས་དེར་སྤྱི་ཚོགས་ནང་ཤེས་ཡོན་དང་ཉམས་མྱོང་ཅན་དཀོན་སེ་ཡོད་པ་རེད། ལྷག་པར་དུ་ང་རང་ལ་མཚོན་ན་ང་དགུའི་གོང་དུ་རྒྱ་གར་ལ་བསླེབས་ཏེ་སློབ་གྲྭར་ཕྱིན་པ་སོགས་ཏོག་ཙམ་མཐོང་རྒྱ་འདྲ་བོ་ཆེ་བ་ཡོད་པ་རེད། ཡིན་ནའང་དེང་སང་གི་གཞན་སྐྱེས་ཤེས་ཡོན་ཅན་ཚོ་དང་བསྡུར་ནང་ག་གེ་ཤེས་ཀྱི་ཡོད་པ་མ་རེད།

གསར་འགོད་པ། བནྟེ་སྐྱབས།

༼ བོད་ཀྱི་དུས་བབ་ཚགས་པར་ལས་འདིར་བཀོད། ༽

འབྲེལ་ཡོད་གསར་འགྱུར།

The Jacques Marchais Museum of Tibetan Art is home to one of the largest collections of Himalayan artifacts in America.Photo:NYCMayorsOffice
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་འཛམ་གླིང་གི་སྐྱེས་ཆེན་ཁག་ཅིག་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་འགྲེམས་སྟོན་ཞིག་ཞུ་རྒྱུ་ཡིན་འདུག 

ཆུ་ཚོད་ ༢༠ སྔོན་ལ།
Russian President Vladimir Putin shakes hands with his Chinese counterpart Xi Jinping during a welcoming ceremony before their talks at the Kremlin in Moscow, Russia, May 8, 2025. REUTERS/Evgenia Novozhenina
Mobile App

ཞི་ཅིན་ཕིན་དང་པུ་ཊིན་གཉིས་ཀྱིས་དངོས་སུ་ཐུག་འཕྲད་བྱས།

ཆུ་ཚོད་ ༢༡ སྔོན་ལ།
Front Slider

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧
བོད་ཆབ་མདོ་སྟེང་ཆེན་རྫོང་། དྲ་ལམ་གྱི་པར།
Mobile App

ཆུ་གློག་བཀག་པའི་གནས་ཚུལ་དྲ་ལམ་དུ་སྤེལ་བའི་ཉེས་མིང་འོག་བོད་མི་ཞིག་བཀག་ཉར་བྱས།

༢༠༢༥/༠༥/༠༧
བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས་ཀྱིས་འཁྲབ་སྟོན་བྱེད་བཞིན་པའི་ཡུལ་དངོས། ༢༠༢༥།༥།༧
Mobile App

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་འཇར་མན་གྱི་སྲིད་བློན་ཧྥི་རི་ཌི་རི་ཆེ་ལགས་རྣམ་གཉིས། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་བཟོ་བྱས།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་འཇར་མན་གྱི་སྲིད་བློན་ཧྥི་རི་ཌི་རི་ཆི་མཆོག་ལ་འཚམས་འདྲི་མཛད།

༢༠༢༥/༠༥/༠༧

མཆན། 10

  1. སེམས་ཚོར། says:
    ལོ་ 12 སྔོན།

    ༑བདེན་སྐྱོང་ལགས་ཀྱིས་མཆན་ལ་ཐུགས་སྣང་གནང་བར་ཐུགས་རྗེ་ཆེ།

    གསལ་བཤད་ཅིག་ནི། དྲྭ་ཐག་ཁ་ཡིག་ཅེས་པ་དབྱིན་ཡིག་ཐོག་འཁོད་པའི་ཁ་ཡིག་དེ་མཛུབ་གནོན་འཚོལ་ན། དེའི་ནང་ཐོག་མར་གཞོན་ལྷན་ཚོགས་གཙོའི་ངོ་སྤྲོད་བྱེད་པ་དང་། དེ་རྗེས་༧སྐུ་ཚབ་མཆོག་གི་བཀའ་སློབ་དང་། དེའི་རྗེས་ཚོགས་གཙོས་གྲོས་ཆོད་གསར་པ་བཞག་པ་རྣམས་ཀློག་པ་གང་གི་ནང་གཏམ་བཤད་གོ་སྐབས་མ་སྤྲད་པའི་ངོས་ལེན་བྱས་འདུག །

    དྲྭ་རྒྱའི་བརྙན་མཛོད་ནང་དུས་རྒྱུན་འཚོལ་ཞིབ་བྱེད་སྐབས་དྲྭ་ཐག་ཤེས་ཀྱི་ཡོད་ན་དྲྭ་ཐག་བརྒྱུད་འཚོལ་བ་ཡིན་ཡང་། གལ་ཏེ་དྲྭ་ཐག་ཤེས་ཀྱི་མེད་ན་དྲྭ་མཛོད་ཐོག་བཅུག་པའི་ཁ་ཡིག་གང་འཁོད་པ་དེའི་བརྒྱུད་འཚོལ་བས་བརྙན་དཔར་དེ་མངོན་པ་ངེས། གཞོན་ལྷན་གྱིས་ཡུཊུབ་བརྙན་མཛོད་དུ། ཁ་ཡིག་ལ་དབྱིན་ཡིག་ཐོག་ཡོད་པའི་ཁ་ཡིག་དེ་འཁོད་འདུག། དེའི་ནང་གི་ནང་དོན་ཁ་ཡིག་གི་སྒྲ་ཇི་བཞིན་པ་ཙམ་དགོས་ཀྱི་མེད་ལ། དཔེར་ན། སྐབས་དོན་ཁ་ཡིག་དེའི་ནང་ཀུན་༧སྐུ་ཚབ་མཆོག་གི་བཀའ་སློབ་གཅིག་པུ་ཡིན་པའི་དོན་མིན།། བརྙན་དཔར་གསོག་འཇུག་བྱེད་མཁན་དེས་གང་བཀོད་པ་དེ་ནི་ཁ་ཡིག་རེད། འདིར་གཞོན་ལྷན་གྱིས་ཁ་ཡིག་དེ་འདྲ་ཞིག་བཀོད་འདུག་ལགས་སོ།།

    Reply
  2. བདེན་སྐྱོང་། says:
    ལོ་ 12 སྔོན།

    སེམས་ཚོར་ནི་སེམས་ཚོར་རང་རེད། ཅི་ཞིག་བརྗོད་ཀྱི་ཡོད་པ་རེད། མ་གཞི་ནས་རང་གི་ཤེས་རྟོགས་བྱུང་བ་དང་བསམ་ཚུལ་བློ་ངོར་ཤར་བ་ཅེས་བརྗོད་སྟངས་ལ་ལྟས་ན་དེ་འདྲ་རང་ཡིན་གྱི་རེད། གང་ཡིན་ཞེ་ན་བློ་ངོར་ཤར་བ་ལས་དོན་དངོས་མིན་པས་སོ། སེམས་ཚོར་ནས་ “ཁོང་ཚོར་ཚོགས་འདུར་གཏམ་བཤད་གོ་སྐབས་མ་སྤྲད་པར་རྒྱུན་ལས་རྙིང་པ་དེས་གཞོན་ལྷན་གྱི་ལངས་ཕྱོགས་སྔར་གྱི་རང་བཙན་རྩོད་མུས་སུ་ཐག་བཅད་པས།” ཅེས་བརྗོད་འདུག དེ་ནི་སེམས་འཚོར་ནས་དོན་དངོས་མ་ཤེས་པའི་སྐད་ཆ་ཞིག་ཡིན་པས་ཅི་ཁག རྒྱུ་མཚན་ནི་གོང་གི་ཐག་གཅོད་དེ་གཞོན་ནུའི་ཚོགས་བཞུགས་མི་གྲངས་བརྒྱ་ལ་ཉེ་བའི་མང་མོས་ཐག་གཅོད་ཞིག་ཡིན་པ་ལས་སྐབས་ཐོག་དབུས་རྒྱུན་དེ་རྣམས་ལ་དེ་ལྟར་ཐག་གཅོད་པའི་དབང་ཆ་བརྩ་བ་ནས་མེད། མ་ཟད་ཚོགས་ཆེན་སྐབས་ས་གནས་ཁག་བརྒྱད་ཀྱི་ཚོགས་མི་རྣམས་ཚོགས་འདུར་མཉམ་བཞུགས་གནང་དགོས་པ་དང་དགོངས་ཚུལ་སོགས་གང་ཡོད་ཀྱང་གསུངས་ཆོག་པའི་ལམ་བསྟོན་ཐེངས་མང་གཞུང་སྒེར་གཉིས་ནས་ཞུས་ཀྱང་ཉན་འཇོགས་རྩ་བ་ནས་མ་བྱས་པར་མང་མོས་ཐག་གཅོད་ཀྱི་གྲོས་ཆོད་ལ་ངོ་རྒོལ་དང་རང་ལྟ་མཆོག་འཛིན་གྱི་ཐག་གཅོད་དེར་ཨུ་ཚུགས་མཐའ་ལ་བཀར་ཡོད་པ་རེད། བྱེད་སྟངས་འདིར་ནང་ཁུལ་མཐུན་སྒྲིལ་དང་བོད་སྤྱི་པའི་འཐབ་བརྩོད་ལ་ཕན་གནོད་ཇི་ཡོད། རྒྱ་བོད་གཉིས་སུ་ལ་དགོས་པ་དང་སུ་ལ་མི་དགོས་པ་སོགས་ལ་ས་གནས་ཁག་བརྒྱད་ནས་དགོངས་པ་ཆེ་བཞེས་གནང་དགོས་པའི་དུས་ལ་བབས་ཡོད།
    ཡང་སེམས་འཚོར་ནས་ “ལ་དྭགས་དང་བཅས་པའི་གཞིས་ཆགས་ཁག་གི་འཐུས་མི་དེ་རྣམས་སྤྱིར་བཏང་ཚོགས་འདུའི་ལམ་སྲོལ་ལྟར། “ཕྱིར་གོམ་ཐོན་”ཞེས་པ་ཚོགས་འདུར་མ་བསྡད་པར་ཕྱིར་ཐོན་བྱས་འདུག”། ཅེས་ཟེར། ཚོགས་འདུའི་ལམ་སྲོལ་ལྟར་ཟེར་ལྟངས་ལ་ལྟས་ན་བྱེད་སྟངས་དེ་ཚུལ་མཐུན་དང་ཁྲིམས་མཐུན། ཡང་ན་སྒྲིག་གཞི་གང་རུང་ཞིག་དང་མཐུན་པ་ཡིན་མདོག་བརྗོད་འདུག་ཀྱང་ཚོགས་ཐོག་ནས་ཕྱིར་ཐོན་པ་དེ་ནི་དེ་སྒྲིག་ཁྲིམས་གང་ཞིག་དང་མཐུན་ཐབས་མེད་པ་མ་ཟད་དེ་འདྲའི་ལམ་སྲོལ་དེས་རྒྱལ་གཅེས་མི་མང་གི་བློ་ཕམ་དང་གཞིས་ལུས་སྤུན་ཟླའི་སེམས་ ཤུགས་ཆགས་གཞི་ཞིག་ཆགས་ཡོད།
    ཡང་སེམས་འཚོར་ནས་ “ས་གནས་ཁག་བརྒྱད་ཀྱི་ཚོགས་མིར་གཏམ་བཤད་གོ་སྐབས་མ་སྤྲད་པའི་ནོར་འཁྲུལ་ཁས་ལེན་བྱས་པ་ཟམ་གདོང་རིན་པོ་ཆེའི་བཀའ་སློབ་ནང་འདུག་ཟེར།” ག་བ་ག་བ་་དེ་འདྲ་ཞིག་རྩ་བ་ནས་མིན་འདུག བཀའ་སློབ་དེའི་ནང་ས་གནས་ཁག་བརྒྱད་ཀྱི་ནོར་འཁྲུལ་ཁས་ལེན་བྱས་པ་ཞིག་བརྩ་བ་ནས་མིན་འདུག གལ་སྲིད་དེ་ལྟར་ཡོད་དགོས་ན་ཡང་སྐབས་དེའི་དབུས་རྒྱུན་ནམ་ཡང་ན་ཚོགས་ཐོགས་ནས་གསུངས་དགོས་པ་ལས་བཟང་གདོང་རིན་པོ་ཆེས་གསུངས་མི་སྲིད་པ་ཞིག་རེད།
    ད་དུང་སེམས་འཚོར་ནས་ “ས་གནས་བྱེ་བྲག་པ་དེ་ཚོའི་འཐུས་མིའི་གྲངས་ཀྱི་ཆ་ནས་མི་བརྒྱད་དམ་འོས་གྲངས་བརྒྱད་ཙམ་ཡིན་ཡང་། ཁོང་རྣམསའཐུས་མིའི་ངོ་བོར་འོངས་པའི་ས་གནས་མི་འབོར་གྱི་ངོས་ནས་བཙན་བྱོལ་བོད་མིའི་གྲངས་འབོར་མང་པོ་ཞིག་གི་ཚབ་ཡིན་པའི་ས་གནས་འཐུས་མི་ཡིན་པ་དང་། ལྷག་པར་དུ། གཞིས་ཆགས་དེ་ཚོ་ནི་བཙན་བྱོལ་སྤྱི་ཚོགས་ཀྱི་རྨང་གཞི་ལྟ་བུ་གལ་ཆེ་ཤོས་ཡིན་པས། གཞིས་ཆགས་ཀྱི་མི་རྣམས་ལ་ཆེ་མཐོང་དང་དེའི་འཐུས་མི་རྣམས་ལ་དམིགས་བསལ་བརྩི་འཇོག་བྱེད་དགོས་པ་གནད་ཆེ” ཅེས་ཟེེར། བཙན་བྱོལ་བོད་གཞུང་ངམ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་གནད་བབ་ལ་བསམ་ཚེ་ས་གནས་ཀྱི་བོད་མིའི་མི་འབོར་ལ་གཞིགས་དགོས་རྒྱུ་གལ་ཆེ་ཡང་། གཞོན་ནུ་ལྷན་ཚོགས་ཀྱི་ཐག་གཅོད་ནི་གཞོན་ནུའི་ཚོགས་མིས་བྱེད་དགོས་པ་དང་གྲངས་འབོར་ཡང་གཞོན་ནུའི་ཚོགས་མིའི་གྲངས་འབོར་ལ་གཞིགས་དགོས་པ་ལས་སྤྱི་ཡོངས་ཀྱི་མི་འབོར་ལ་གཞི་བཞག་པ་ཞིག་མ་རེད། སྤྱིར་མི་མང་གལ་ཆེན་པོ་ཡིན་རུང་ཚོགས་པ་ཞིག་དང་སྒྲིག་འཛུགས་ཤིག་གི་ཐག་གཅོད་ནི་ཚོགས་པ་དང་སྒྲིག་འཛུགས་དེའི་ཚོགས་མིར་མ་གཏོགས་དབང་ཆ་མེད། དེ་ཡང་གཞོན་ནུའི་ཚོགས་མིའི་གྲངས་འབོར་ལ་གཞིགས་པའི་ཐོབ་ཐང་ཆ་འགོས་བྱས་ཡོད་པ་གསལ་པོ་འདུག

    Reply
  3. གཅན་བཟོད་རྒྱམ། says:
    ལོ་ 12 སྔོན།

    བཀུར་འོས་པའི་སྐུ་ངོ་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱིས་བཀའ་ལན་དྲང་པོ་དང་ཡག་པོ་གནང་འདུག་སྙམ།
    བོད་ཀྱི་གཞོན་ནུ་ལྷན་ཚོགས་འདི་སྔར་ནས་ལྟ་བ་རང་བཙན་ཡིན་པས་དེང་སང་སྒུར་དགོས་གང་ཡང་མཐོང་མ་སོང་། གལ་སྲིད་ལས་འགུལ་སྤེལ་ཕྱོགས་དང་སྐད་ཆ་རེ་ཟུང་མི་འགས་བསམ་གཟས་ནས་དཀྱོག་ལ་འཁྱེར་ནས་༸གོང་ས་མཆོག་གི་ལྷ་དགོངས་དཀྲུགས་པ་དང་དགོངས་བསལ་ཞུ་དགོས་པའི་གནས་སྟངས་ཐབས་སྐྱོ་བ་འདི་བྱུང་བ་དང་།
    དགོངས་བསལ་གཅིག་མཇུག་གཉིས་མཐུད་བྱས་པ་འདི་ལ་བརྟེན་ནས་བོད་མི་དམངས་དཀྱིས་མའི་ནང་དུའང་གཞོན་ནུ་ལྷན་ཚོགས་པ་ལྟ་སྟངས་ངན་པའམ་ཡང་ན་གཞོན་ནུ་ལྷན་ཚོགས་འདི་ནི་དགོས་གལ་མེད་པའི་ཚོགས་པ་ཞིག་དང་། ད་དུང་འགའ་རེས་གཞོན་ལྷན་ནི་༸གོང་ས་མཆོག་གི་དགོངས་པ་དང་འགལ་བའི་ལས་ཀ་བྱེད་མཁན་དང་། རྒྱ་གུང་ཁྲན་གྱི་བྱ་བྱེད་ལས་ཀྱང་སྡིགས་པའི་ལས་ཀ་བྱེད་པའི་སྐོར་ཡིག་ངག་གཉིས་ནས་ཐོན་ཡོང་བ་དེ་ཡིན།
    བཙན་བྱོལ་སྤར་མོ་གང་བོ་འདི་འདི་ལྟར་འཆམ་དང་མ་འཆམ་མ་བྱས་པ་འདི་ནི་རྒྱ་དམར་གཞུང་གིས་བཙན་བྱོལ་བོད་འདི་དཀྲུགས་ཅི་ཐུབ་དང་ནུས་པ་ཉམས་དམེས་སུ་གཏོང་ཅི་ཐུབ་བྱས་བྱས་པའི་འབྲས་བུ་སྨིན་པ་ལྟ་བུར་མཐོང་།
    ལར་ནས་བཀའ་ཟུར་བཀྲས་མཐོང་གིང་གསུངས་པ་ལྟར་ལྟ་བ་དང་ལངས་ཕྱོགས་མཐུན་མ་མཐུན་རྩད་ནས་མི་འདུག་པར་རང་རང་ས་ནས་ལས་འགུལ་ཅུ་ཐུབ་གང་ནུས་ཀྱིས་སྤེལ་ཏེ་བོད་སྤྱི་བའི་དོན་བཟང་ཕན་འབྲས་ལྡན་པ་ཞིག་འབྱུང་བར་འབད་རྒྱུ་དེ་ཁ་ཚ་དགོས་གཏུགས་ཀྱི་གནད་ཅིག་རེད་སྙམ།

    Reply
  4. སེམས་ཚོར། says:
    ལོ་ 12 སྔོན།

    ༑བོད་མི་ཞིག་ཡིན་པའི་ཆ་ནས་ཉེ་ཆར་གྱི་གཞོན་ནུའི་གནས་ཚུལ་དེ་ལ་བལྟས་པས་རང་གིས་ཤེས་རྟོགས་བྱུང་བ་དང་བསམ་ཚུལ་བློ་ངོར་ཤར་བ་གཤམ་གྱི་འདི་རྣམས་ཡིན།

    ལྷོ་ཕྱོགས་གཞིས་ཆགས་ཚང་མ་དང་། སྟེང་གི་ལ་དྭགས་ས་གནས་གཞོན་ལྷན་དང་བཅས་པའི་ས་གནས་གཞོན་ལྷན་བརྒྱད་ཀྱིས་དབུ་མའི་ལམ་ལ་ཤར་སྐྱོད་བྱེད་རྒྱུ་དང་གཞོན་ནུའི་ལངས་ཕྱོགས་དབུ་མའི་ལམ་དུ་ཁ་བསྒྱུར་དགོས་པའི་གྲོས་འཆམ་བྱུང་སྟེ། ཁོང་རྣམས་ཀྱིས་སྐབས་བཅོ་ལྔ་བའི་དབུས་གཞོན་ལྷན་རྒྱུན་ལས་འཕོ་བའི་ཚོགས་ཆེན་དུ་གཞོན་ནུའི་ལངས་ཕྱོགས་ལ་འགྱུར་བ་གཏང་དགོས་པའི་བསམ་འཆར་འདོན་རྒྱུ་བྱས་ཀྱང་། ཁོང་ཚོར་ཚོགས་འདུར་གཏམ་བཤད་གོ་སྐབས་མ་སྤྲད་པར་རྒྱུན་ལས་རྙིང་པ་དེས་གཞོན་ལྷན་གྱི་ལངས་ཕྱོགས་སྔར་གྱི་རང་བཙན་རྩོད་མུས་སུ་ཐག་བཅད་པས། ལ་དྭགས་དང་བཅས་པའི་གཞིས་ཆགས་ཁག་གི་འཐུས་མི་དེ་རྣམས་སྤྱིར་བཏང་ཚོགས་འདུའི་ལམ་སྲོལ་ལྟར། “ཕྱིར་གོམ་ཐོན་”ཞེས་པ་ཚོགས་འདུར་མ་བསྡད་པར་ཕྱིར་ཐོན་བྱས་འདུག །

    ཚོགས་འདུའི་ཉིན་རྗེས་མ་ཞིག་ལ་༧དགའ་ལྡན་ཕོ་བྲང་པའི་༧སྐུ་ཚབ་མཁས་དབང་ཆེན་པོ་ཁྲི་ཟུར་པ་ཟམ་གདོང་རིན་པོ་ཆེ་མཆོག་ཆེད་ཕེབས་ཀྱིས་གསལ་ཁ་ཆེ་ལ་གཟུར་གནས་ཅན་གྱི་གསལ་བཤད་དང་་ལམ་སྟོན་བཀའ་སློབ་སྩལ་བ་དང་། བཀའ་སློབ་ལམ་སྟོན་དེ་ལ་བརྟེན་ནས་དེའི་རྗེས་ཀྱི་ཚོགས་ཐུན་དུ་གཞོན་ལྷན་གྱིས་གྲོས་ཆོད་ལྔ་ཅན་པའི་དགོངས་དག་ཐུགས་བདེན་གྱི་སྨྲེ་ངག་དང་། ས་གནས་ཆེ་ཁག་བརྒྱད་ཀྱི་ཚོགས་མིར་གཏམ་བཤད་གོ་སྐབས་མ་སྤྲད་པའི་ནོར་འཁྲུལ་ཁས་ལེན་བྱས་པའི་གཞོན་ལྷན་རང་གིས་འགྲེམས་སྤེལ་བྱས་པའི་བརྙན་འཕྲིན་དྲྭ་རྒྱའི་ཡུཊུབ་བརྙན་མཛོད་དྲྭ་ཐག་ཁ་ཡིག TYC Samdhong Rinpoche Speech འདིའི་ནང་འདུག །

    ས་གནས་བྱེ་བྲག་པ་དེ་ཚོའི་འཐུས་མིའི་གྲངས་ཀྱི་ཆ་ནས་མི་བརྒྱད་དམ་འོས་གྲངས་བརྒྱད་ཙམ་ཡིན་ཡང་། ཁོང་རྣམསའཐུས་མིའི་ངོ་བོར་འོངས་པའི་ས་གནས་མི་འབོར་གྱི་ངོས་ནས་བཙན་བྱོལ་བོད་མིའི་གྲངས་འབོར་མང་པོ་ཞིག་གི་ཚབ་ཡིན་པའི་ས་གནས་འཐུས་མི་ཡིན་པ་དང་། ལྷག་པར་དུ། གཞིས་ཆགས་དེ་ཚོ་ནི་བཙན་བྱོལ་སྤྱི་ཚོགས་ཀྱི་རྨང་གཞི་ལྟ་བུ་གལ་ཆེ་ཤོས་ཡིན་པས། གཞིས་ཆགས་ཀྱི་མི་རྣམས་ལ་ཆེ་མཐོང་དང་དེའི་འཐུས་མི་རྣམས་ལ་དམིགས་བསལ་བརྩི་འཇོག་བྱེད་དགོས་པ་གནད་ཆེ།

    ད་ལྟའི་གནས་ཚུལ་འདིས་གླེང་གཞི་བྱས་ཏེ་བཙན་བྱོལ་བོད་མི་མང་ཆེ་བ་གནས་སྡོད་བྱེད་པའི་གཞིས་ཆགས་དེ་ཚོར་མི་འབོར་ལ་བལྟོས་པའི་འཐུས་མིའི་བརྒྱ་ཆ་ཆ་བགོས་མང་བ་གང་སྤྱིར་བཏང་“ཇེརིམེནཊར་ལུགས་”ཞེས་པ་ཆབ་སྲིད་ལམ་ལུགས་སུ་ཡོད་པ་དེ་ལྟར་དགོས་པའང་བསམ་བློ་གཏང་དགོས་པར་སེམས། དེ་མིན་ཉེ་ཆར་གྱི་རྙོག་ཕྲ་དེ་ལྟ་བུ་རྗེས་སུའང་འབྱུང་བ་ངེས།། །།

    Reply
  5. མངའ་རིས་འཕྲིན་ལས། says:
    ལོ་ 12 སྔོན།

    གཞོན་ནུ་ནང་མ་མཐུན་ཟེར་བ་དེ་ག་རེ་བྱས་ནས་མ་མཐུན་པ་རེད། ལྟ་བའི་ཆ་ནས་མ་མཐུན་པ་རེད་དམ། ལས་འགུལ་སྤེལ་ཕྱོགས་ཐད་མ་མཐུན་རེད། དེ་ནི་ཆེེད་དུ་གཞོན་ནུ་ནང་ཁུལ་རྙོགས་ཁྲ་བཟོས་བཞག་པ་ལས་རང་བཞིན་གྱི་བྱུང་བ་ཞིག་མིན། དཔེར་ན་བཙན་བྱོལ་སྤྱི་ཚོགས་ནི་རང་དབང་དང་མང་གཙོ་ཡིན་ཟེར་བ་ཙམ་ལས། ཕལ་ཆེ་བ་དད་པ་དང་ཞེན་ཁོག་ཕྱོགས་རིས་རྐྱང་ལས་དོན་གྱི་མང་གཙོ་ཡོད་མིན་ཐེ་ཚོམ་རེད། འདི་ལོ་གཞོན་ནུའི་ཚོགས་ཆེན་ནང་ནས་ཚོགས་ལང་བྱེད་མཁན་ལྷོ་གཞིས་ཁག་ལྔ་གཙོ་བོ་ཡིན་པ་དེས་ག་རེ་མཚོན་ནུས་སམ་ཞེ་ན་ཆོས་ལུགས་དང་། བླ་དཔོན་གྱི་དབང་ཤུགས་བེད་སྤྱོད་ཤུགས་ཆེན་པོ་བྱས་ཡོད་པ་རྟོགས་ནུས། དེས་ན་ད་ནི་བཟུང་དབུ་མ་དང་རང་བཙན་གྱི་ལྟ་གྲུབ་གང་ཡང་མེད་པར་ནུས་མ་མཉམ་སྤུངས་དང་རྡོག་རྩ་གཅིག་སྒྲིལ་བྱས་ཏེ། ཕྱོགས་ཞེན་དང་ཆོས་ལུགས་ཀྱི་གནོན་ཤུགས་རྩ་མེད་གཏོང་རྒྱུ་གལ་ཆེན་པོ་རེད་འདུག།

    Reply
  6. Ngawang Norbu says:
    ལོ་ 12 སྔོན།

    ༄༅། །བཀུར་འོས་སྐུ་ངོ་བཀྲེས་མཐོང་མཆོག་ལ་བཀྲིས་བདེ་ལེགས་ཞུ་བ་དང་ཆབས་ཅིག་རེ་བསྐུལ་ཞིག་ཀྱང་ཞུ་རྒྱུ་ལ། གནའ་བོའི་བོད་ཀྱི་གཏམ་དཔེ་ལྟར། གཞོན་པའི་ཤུགས་ལས་རྒན་པོའི་བྱུས་ཟབ་གསུངས་པ་ལྟར། གཞོན་པའི་ཤེས་ཡོན་ལས་རྒན་པོའི་ཉམ་མྱོང་ཟབ་པར་ཡིད་ཆེས་ཡོད་པས་མུ་མཐུད་ལམ་སྟོན་བཀའ་སློབ་གནང་སྐྱོང་ཡོང་བའི་རེ་བསྐུལ་ཞུ་གི་ཡོད།

    Reply
  7. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    བཀྲས་མཐོང་བསྟན་འཛིན་དགེ་བྱེད་ལགས་དང་། བཀྲས་མཐོང་རཀ་ར་ཐུབ་བསྟན་ཆོས་དར་ལགས་གཉིས་ནི། བཙན་བྱོལ་ནང་ནང་ལ་བཀྲས་མཐོང་མི་བྱས་པ་ཅན་གཉིས་པས་གུས་དུད་ཡོད།

    Reply
  8. ཡར་ཀླུང་པ། says:
    ལོ་ 12 སྔོན།

    བོད་ཀྱི་དུས་བབ་ཚང་གི་གསར་འགྱུར་དང་བཅར་འདྲི་ཁག་ལ་དངོས་གནས་དྲང་གནས་དྲོ་བ་དང་སློབ་སྦྱོང་མང་པོ་ལེན་རྒྱུ་འདུག རྩོམ་སྒྲིག་པ་དང་གསར་འགོད་པ་རྣམ་པ་ལྷན་རྒྱས་ལ་ཐུགས་རྗེ་ཆེ་ཞུ། དེ་ལས་ཀྱང་གལ་ཆེ་ཤོས་ཤིག་ཆོལ་ཁ་ཆོས་ལུགས་དང་ལྟ་གྲུབ་ལངས་ཕྱོགས་སོགས་ཀྱི་ཐད་ནས་དྲང་བདེན་ཕྱོགས་སུ་མ་ལྷུང་བ་གནང་སོང་། ང་ཚོ་ཀློག་པ་པོ་ཚོས་གཞན་མ་ཐུབ་ཀྱང་བསམ་བློའི་ཐོག་ནས་རྒྱབ་སྐྱོར་ཆེན་པོ་ཞུ་བཞིན་ཡོད

    Reply
  9. སྦྲ་ནག says:
    ལོ་ 12 སྔོན།

    བཀྲས་མཐོང་ཡིན་པ་ལས་བཀྲེས་མཐོང་མ་རེད། ཁོང་གིས་གནད་དུ་འཁེལ་ཞིང་དངོས་ཡོད་དང་མཚམས་པའི་བཀའ་སློབ་རླབས་ཆེན་འགའ་གནང་འདུག གུས་བཀུར་ཡོད།

    Reply
  10. ཆུ་ཐིགས་སྔོན་མོ། says:
    ལོ་ 12 སྔོན།

    བཀྲེས་མཐོང་བསྟན་འཛིན་དགེ་བྱེད་ལགས་སུ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ།
    བོད་མི་རིགས་ཀྱི་ཆེད་དུ་ཞབས་ཞུ་རླབས་ཆེན་གནང་འདུག་པར་རྗེས་སུ་ཡི་རང་ཡོད། ང་ཚོ་བཙན་བྱོལ་བ་ཞིག་ལ་མཚོན་ན་རྒས་འཁོགས་དབྱུག་པ་ལ་བརྟེན་མཁན་ཞིག་ཡིན་ནའང་མ་ཤི་བར་དུ་བོད་མི་རིགས་ཀྱི་ཆེད་དུ་འཕག་ཚག་རྒྱག་གི་ཡིན་ཞེས་གསུང་གི་ཡོད་པ་རེད་་་རྒན་ལགས་ཀྱིས་ཆབ་སྲིད་ལ་འབྲེལ་བ་མེད་ཅེས་མི་རིགས་ཀྱི་འཐབ་རྩོད་དེ་རང་དགར་བཞག་ན་ང་ཚོ་བཙལ་བྱོལ་དུ་ཡོང་བའི་དམིགས་འགན་ཆ་ཚང་ཞིག་མ་བསྒྲུབས་པ་ཞིག་མ་རེད་དམ། དེར་བརྟེན་བོད་ཀྱི་འཐབ་རྩོད་དེ་ཡལ་བར་མ་དོར་བར་ང་ཚོ་རྒན་དར་གཞོན་གསུམ་གྱི་ནུས་པ་གཅིག་ཏུ་སྒྲིལ་ནས་འཐབ་རྩོད་གནང་རྒྱུར་ལམ་སྟོན་སོགས་གང་མང་གནང་རྒྱུའི་རེ་བ་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese