ཁ་སང་ཡེ་ཤུ་བླ་ཆེན་པོབ་མཆོག་གིས་མ་འོངས་པར་ཡེ་ཤུའི་ཆོས་དཔོན་གྱི་གོ་གནས་དང་ཝེེ་ཌི་ཀན་གྱི་དཔལ་འབྱོར་སྲིད་བྱུས་སོགས་ལ་བཅོས་བསྒྱུར་གཏོང་དགོས་པའི་གསལ་བསྒྲགས་སྤེལ་འདུག
ཁ་སང་ཡེ་ཤུ་བླ་ཆེན་པོབ་ཧྥན་སེ་སི་(Francis)གཙོས་པའི་ཡེ་ཤུ་ཆོས་དཔོན་ ༨ ལས་གྲུབ་པའི་ལྷན་ཚོགས་ཀྱིས་གྲོས་མོལ་བརྒྱུད་དེ། མ་འོངས་པར་ཡེ་ཤུ་ཆོས་ལུགས་ཀྱི་ལམ་སྲོལ་བཅོས་བསྒྱུར་གནང་ཕྱོགས་སྐོར་གྱི་ཤོག་ལྷེ་ ༨༥ ཡོད་པའི་ཡིག་ཆ་ཞིག་གསལ་བསྒྲགས་བྱས་ཡོད་འདུག དེ་ནི་པོབ་གྱིས་ཡེ་ཤུའི་བླ་ཆེན་གྱི་གོ་གནས་བཞེས་རྗེས་ཡེ་ཤུ་ཆོས་ལུགས་དང་འབྲེལ་བའི་ཐོག་གསལ་བསྒྲགས་སྤེལ་བ་ཐོག་མ་དེ་ཆགས་ཡོད་འདུག
གསལ་བསྒྲགས་དེའི་ནང་དོན་ཚན་ཧ་ཅང་མང་པོ་ཞིག་འཁོད་ཡོད་པ་ལས། བླ་ཆེན་པོབ་མཆོག་གིས་ཡེ་ཤུའི་ཆོས་ལུགས་ཀྱི་དབུ་ཁྲིད་གོ་གནས་ཐོག་བཅོས་བསྒྱུར་བཏང་སྟེ་དབང་ཆ་བགོ་འགྲེམ་ལམ་ལུགས་ཤིག་ལག་བསྟར་བྱེད་རྒྱུ་དང༌། ཡེ་ཤུའི་ཆོས་ཁང་ཁག་གིས་སྤྱི་ཚོགས་ཀྱི་གནས་སྟངས་ཤེས་པའི་ཐོག་ནས་མི་མང་གི་དཀའ་ངལ་སེལ་དགོས་པ། ཁ་ཆེ་གཙོ་བོར་གྱུར་བའི་འཛམ་གླིང་སྟེང་གི་ཆོས་ལུགས་ཁག་ལ་གུས་བརྩི་དང་འཆམ་མཐུན། དེ་བཞིན་ཡེ་ཤུ་ཆོས་ལུགས་ཀྱི་གདན་ས་རོམ་ཝཻ་ཌི་ཀན་གྱི་དཔལ་འབྱོར་སྲིད་བྱུས་ལ་འགྱུར་བ་གཏོང་དགོས་པ། ཡེ་ཤུའི་ཆོས་ཁང་ཁག་ནས་བཙན་གཡེམ་དོན་རྐྱེན་འབྱུང་བཞིན་པ་ཁག་ལ་འགོག་སྲུང་ནན་མོ་བྱས་ཏེ་ཡེ་ཤུའི་སྡོམ་ཁྲིམས་སྤུས་གཙང་ཡོང་ཐབས་བཟོ་དགོས་པ་སོགས་དང་། གཞན། དེང་རབས་མ་རྩ་རིང་ལུགས་ལ་སྐྱོན་བརྗོད་དང་སྦྲགས་འཛམ་གླིང་དབུ་ཁྲིད་ཚོས་ཉམ་ཐག་གི་དཀའ་ངལ་དང་དབུལ་ཕྱུག་དབྱེ་བ། དེ་བཞིན་སྨན་བཅོས་ལྟ་སྐྱོང་དང་ཤེས་ཡོན། ལས་ཀའི་ཐོབ་ཐང་སོགས་མཐུན་རྐྱེན་གང་མང་བསྐྲུན་དགོས་སྐོར་སོགས་བཀོད་ཡོད་འདུག
བླ་ཆེན་མཆོག་གི་ཐེངས་འདིའི་བཅོས་བསྒྱུར་སྐོར་ལ། ཡེ་ཤུ་ལྟ་བ་གུ་ཡངས་ཅན་དང་ཆབ་སྲིད་དབྱེ་ཞིབ་པ་མང་པོ་ཞིག་གིས་བསྔགས་བརྗོད་ཆེན་པོ་བྱེད་ཀྱི་ཡོད་པ་དང་། བཅོས་བསྒྱུར་དེ་ནི་གནམ་ས་གོ་འབྱེད་ཀྱི་བཅོས་བསྒྱུར་ཞིག་ཡིན་པ་མ་ཟད། ཆབ་སྲིད་ལྟ་གྲུབ་ཀྱིས་ལྷད་ཞུགས་མེད་པའི་སྤྱི་ཕན་ལམ་ལུགས་ཤིག་ཡིན་ཚུལ་བརྗོད་ཡོད་པ་དང་། ཝཻ་ཌི་ཀན་གྱི་ཉིན་ཐོ་ཞེས་པའི་ཕྱག་དེབ་རྩོམ་མཁན་སྐུ་ཞབས་ཇོན་ཐ་ཝུ་སེ་(John Thavis )ལགས་ཀྱིས་ཀྱང “ང་ཚོའི་ཆོས་རྒྱུད་ལམ་ལུགས་ལ་འགྱུར་བ་ཤུགས་ཆེན་ཞིག་གཏོང་དགོས་ཀྱི་འདུག འགྱུར་བ་དེ་པོབ་མཆོག་གིས་གཏོང་འཆར་ཡོད་པར་དགའ་བསུ་ཡོད་’’ཅེས་བརྗོད་འདུག ཡང་ཁག་ཅིག་གིས་ཐེངས་འདིའི་བཅོས་བསྒྱུར་ནང་བུད་མེད་བླ་དཔོན་བྱེད་ཕྱོགས་དང་སྐྱེ་འགོ་འགོག་ཐབས། དེ་བཞིན་རྟགས་མཚུངས་འཁྲིག་སྤྱོད་སོགས་ལ་འགྱུར་བ་གང་ཡང་བཏང་མེད་པའི་བསམ་ཚུལ་རྗོད་མཁན་ཡང་འབྱུང་བཞིན་ཡོད་འདུག
ཡེ་ཤུ་བླ་ཆེན་པོབ་མཆོག་ནི་ ༡༩༣༦ ལོར་ཨར་ཇེན་ཊེ་ནའི་ནང་སྐུ་འཁྲུངས་ཤིང་། ད་ལོའི་ཕྱི་ཟླ་ ༣ པའི་ནང་དེ་སྔའི་ཡེ་ཤུ་བླ་ཆེན་པོབ་བྷེ་ནེ་ཌེཀ་(Benedick)མཆོག་དགོངས་པ་ཞུས་རྗེས་ཁོང་ཡེ་ཤུ་བླ་ཆེན་ཁྲི་ཐོག་ ༢༦༦ པར་བསྐོ་བཞག་གནང་ཡོད་ཅིང་། འདི་ནི་ལོ་ངོ་ ༡༣༠༠ རྗེས་ཡུ་རོབ་ཕྱི་ལོགས་ནས་བསྐོས་པའི་པོབ་ཐོག་མ་དེ་ཆགས་ཡོད་འདུག