ཡུའུ་ཁུ་རེན་བར་བརྒལ་སྲིད་གཞུང་གིས་ཨུ་རུ་སུར་ཨ་སྒོར་ཐེར་འབུམ་ ༢།༢ ལྷག་གི་སོལ་རླངས་བུ་ལོན་མ་སྤྲད་ཚེ། སོལ་རླངས་གཏོང་མཚམས་འཇོག་རྒྱུ་ཡིན་ཟེར།
ཁ་སང་ཕྱི་ཚེས་ ༡༠ ཉིན་ཨུ་རུ་སུའི་སྲིད་འཛིན་པུ་ཊིན་གྱིས་ཡུ་རོབ་རྒྱལ་ཁབ་ ༡༨ ཀྱི་མགོ་ཁྲིད་ལ་གཞུང་འབྲེལ་ཐོག་འཕྲིན་ཡིག་ཅིག་བཏང་ཏེ། ཡུའུ་ཁུ་རེན་བར་བརྒལ་སྲིད་གཞུང་གིས་ཨུ་རུ་སུར་ཨ་སྒོར་ཐེར་འབུམ་ ༢།༢ ལྷག་གི་སོལ་རླངས་བུ་ལོན་གང་མགྱོགས་སྤྲོད་དགོས་པ་དང་། གལ་སྲིད། སྤྲོད་མ་ཐུབ་པ་ཡིན་ན་སོལ་རླངས་གཏོང་མཚམས་འཇོག་རྒྱུ་ཡིན་པ་མ་ཟད། ཡུའུ་ཁུ་རེན་བརྒྱུད་དེ་ཡུ་རོབ་རྒྱལ་ཁབ་ཁག་ནང་སོལ་རླངས་མཁོ་གཏོང་གི་དཀའ་ངལ་འཕྲད་སྲིད་པའི་ཉེན་བརྡ་བཏང་ཡོད་འདུག
འདི་ལོའི་ཕྱི་ཟླ་ ༢ ཚེས་ ༢༢ ཉིན་ཡུའུ་ཁུ་རེན་གྲོས་ཚོགས་ཀྱིས་སྲིད་འཛིན་ཡྰ་ཎོ་ཁོ་བེ་ཆི་ (Viktor Yanukovych) ཕྱིར་འབུད་བཏང་བ་དང་། ཡུའུ་ཁུ་རེན་སྲིད་གཞུང་ལ་ཨ་སྒོར་ཐེར་འབུམ་ ༣༥ ལྷག་གི་དཔལ་འབྱོར་ཉམས་ཉེས་བྱུང་རྗེས། ཨུ་རུ་སུ་གཞུང་གི་སྟངས་འཛིན་འོག་ཡོད་པའི་གྷ་ཛི་པུ་རོམ་ (Gazprom) སོལ་རླངས་བཟོ་གྲྭས། ཡུའུ་ཁུ་རེན་བར་བརྒལ་སྲིད་གཞུང་ལ་སོལ་རླངས་གོང་ཚད་ནམ་རྒྱུན་ལས་ལྡབ་གཅིག་ཙམ་སྤར་ཏེ་བུ་ལོན་གྱི་ལམ་ནས་བཙོང་ཡོད་འདུག
ཨུ་རུ་སུའི་སོལ་རླངས་ཐད་ཀྱི་ཐག་གཅོད་ལ་ཨ་རིའི་རྒྱལ་དོན་ལྷན་ཁང་གི་མགྲིན་ཚབ་པ་ལྕམ་ཇེན་པྰ་སྰ་ཀི་ (Jen Psaki) ཡིས། ཨུ་རུ་སུས་སོལ་རླངས་ཀྱི་སྟོབས་ཤུགས་བེད་སྤྱད་དེ་ཡུའུ་ཁུ་རེན་ལ་གནོན་ཤུགས་དང་ཚོད་འཛིན་བྱེད་པར་སྐྱོན་བརྗོད་དང་སྦྲགས། ཨ་རིས་ཡུའུ་ཁུ་རེན་ལ་དཔལ་འབྱོར་དང་སོལ་རླངས་མཁོ་སྤྲོད་བྱ་རྒྱུ་ཡིན་སྐོར་བརྗོད་འདུག
ཁ་སང་ཕྱི་དྲོ་ཨ་རིའི་ཕོ་བྲང་དཀར་པོས། ཉེ་ལམ་ཨུ་རུ་སུས་ཡུའུ་ཁུ་རེན་གྱི་མཐའ་མཚམས་སུ་དམག་དཔུང་དང་འཐབ་འཁྲུག་གནམ་གྲུ། མེ་སྒྱོགས། མཚོན་ཆ་བཅས་འདྲེན་འཇོག་བྱས་པ་མ་ཟད་། ཡུའུ་ཁུ་རེན་ལ་སོལ་རླངས་གཏོང་མཚམས་འཇོག་རྒྱུའི་གནོན་ཤུགས་སྤྲད་ཡོད་སྟབས། ཨ་རིའི་སྲིད་འཛིན་ཨོ་བྷ་མས་འཇར་མན་གྱི་སྲིད་བློན་ལྕམ་ཨན་རྗི་ལྰ་ (Angela Merkel) ལ་ཁ་པར་བཏང་སྟེ། ཨ་རི་དང་ཡུ་རོབ་མཐུན་ཚོགས་གཙོས་མཐུན་ཕྱོགས་རྒྱལ་ཁབ་ཁག་གིས་ཡང་བསྐྱར་ཨུ་རུ་སུར་དཔལ་འབྱོར་ཉེས་ཆད་གཏོང་རྒྱུའི་གྲ་སྒྲིག་བྱེད་དགོས་པའི་སྐོར་ལ་གྲོས་མོལ་བྱས་ཡོད་འདུག
གནད་དོན་དབྱེ་ཞིབ་པ་ཚོས། སྲིད་འཛིན་པུ་ཊིན་གྱིས་ཡུའུ་ཁུ་རེན་ལ་སོལ་རླངས་མཚམས་འཇོག་བྱས་ཏེ་ཨུ་རུ་སུའི་སྟོབས་ཤུགས་ངོམ་གྱི་ཡོད་ཀྱང་། ནུབ་ཕྱོགས་རྒྱལ་ཁབ་ཚོས་ཡུའུ་ཁུ་རེན་གྱི་དཔལ་འབྱོར་དང་དམག་དོན་བཅས་ཀྱི་ཐོག་རོགས་སྐྱོར་བྱེད་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་འདུག
གཟའ་འཁོར་རྗེས་མའི་ནང་སུད་སིའི་གྲོང་ཁྱེར་ཇེ་ནེ་ཝར་ཨ་རི་དང་ཨུ་རུ་སུ། ཡུའུ་ཁུ་རེན། ཡུ་རོབ་མཐུན་ཚོགས་བཅས་ཀྱི་ཕྱི་སྲིད་བློན་ཆེན་ཚོས་ཡུའུ་ཁུ་རེན་གྱི་དཀའ་རྙོག་སེལ་ཐབས་སྐོར་ལ་གྲོས་མོལ་ཚོགས་འདུ་ཞིག་ཚོགས་འཆར་ཡོད་འདུག
གསར་འགོད་པ། ལྷ་སྐྱབས་རྒྱལ།