མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྷ་ས་གྲོང་ཁྱེར་ཉེན་རྟོག་ཁང་ཉེས་དོན་ཚན་རིག་ལག་རྩལ་གསལ་འབྱེད་ཡིག་ཆ་འདི་ཡིན་ཟེར།

བོད་ཀྱི་དུས་བབ།
༢༠༡༤/༠༨/༢༡
Share on FacebookShare on TwitterShare on EmailShare on Whatsapp

༢༠༠༨ ལོའི་བོད་ནང་གི་ཞི་རྒོལ་སྐབས་རྒྱ་གཞུང་གིས་ལྷ་ས་གྲོང་ཁྱེར་ནང་དམར་གསོད་བཏང་བའི་ཕུང་བོར་ལྷ་ས་གྲོང་ཁྱེར་ཉེན་རྟོག་ཁང་ཉེས་དོན་ཚན་རིག་ལག་རྩལ་ཞིབ་འཇུག་ཁང་གི་ཞིབ་དཔྱད་འགན་འཛིན་ལིས་ཝིན་ཀྲུན་དང་ཁྲིམས་ལུགས་སྨན་པ་ཝང་ཀྲི་ཞའེ་གཉིས་ཀྱིས་ཞིབ་འཇུག་བྱས་པའི་ནང་ཁུལ་གྱི་གསང་བའི་ཡིག་ཆ་རག་ཡོད་ཟེར།

དེ་རིང་སྔ་དྲོར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ ༢༠༠༨ ལོའི་བོད་ནང་གི་ས་བྱི་ཞི་རྒོལ་ཆེན་མོའི་སྐབས། ལྷ་ས་གྲོང་ཁྱེར་ནང་བོད་མིའི་འོས་ལངས་སྐབས་རྒྱ་གཞུང་གིས་དྲག་གནོན་བྱས་ཏེ་བོད་མི་མང་པོ་དམར་གསོད་བཏང་བའི་ཕུང་བོར། ༢༠༠༨ ཟླ་ ༣ ཚེས་ ༢༡ ཉིན་ལྷ་ས་གྲོང་ཁྱེར་ཉེན་རྟོག་ཁང་ཉེས་དོན་ཚན་རིག་ལག་རྩལ་ཞིབ་འཇུག་ཁང་གི་ཞིབ་དཔྱད་འགན་འཛིན་དང་ཁྲིམས་ལུགས་སྨན་པ་ལིས་ཝིན་ཀྲུན་དང་། འགན་འཛིན་གཞོན་པ་ཁྲིམས་ལུགས་སྨན་པ་ཝང་ཀྲི་ཞའེ་གཉིས་ཀྱིས་ཞིབ་འཇུག་བྱས་པའི་༼ལྷ་ས་གྲོང་ཁྱེར་ཉེན་རྟོག་ཁང་ཉེས་དོན་ཚན་རིག་ལག་རྩལ་གསལ་འབྱེད་ཡིག་ཆ།༽ཞེས་པའི་ནང་ཁུལ་གྱི་གསང་བའི་ཡིག་ཆ་ལག་སོན་བྱུང་བའི་གནས་ཚུལ། སྐབས་དེར་རྒྱ་གཞུང་གིས་ ‘ལྷ་སའི་རྡུང་གཅོག་འཕྲོག་བསྲེག་གི་དྲག་ཟིང’ ཟེར་བའི་གནས་ཚུལ་དྲིལ་བསྒྲགས་བྱས་པའི་ནང་དོན་དང་ཞིབ་བསྡུར་གྱིས་ཁྱབ་བསྒྲགས་བྱས་པ་འདིར་ཧྲིལ་བོ་བཀོད་ཡོད།

༢༠༠༨ ལོའི་ལྷ་སའི་ཞི་རྒོལ་སྐབས་རྒྱ་གཞུང་མེ་མདའ་བརྒྱབས་ཏེ་བོད་མི་མང་པོ་དམར་གསོད་བྱས་ཡོད་པའི་དཔང་རྟགས།

ཉེ་སྔོན་འདི་ག་ལྟེ་གནས་ཁང་ལ་ ༢༠༠༨ ལོའི་ཞི་རྒོལ་སྐབས། ལྷ་ས་གྲོང་ཁྱེར་ཞི་ཧྲན་རོ་ཁང་ནང་བཞག་ཡོད་པའི་འདས་པོ་མི་སྐོར་ཅིག་གི་ཐོ་གཞུང་དང་། སྐབས་དེར་རྐྱེན་འདས་ཕྱིན་པའི་བོད་མི་བཞིའི་ཕུང་པོ་ལ། ལྷ་ས་གྲོང་ཁྱེར་ཉེན་རྟོག་ཁང་ཉེས་དོན་ཚན་རིག་ལག་རྩལ་ཞིབ་འཇུག་ཁང་གི་ཞིབ་དཔྱད་འགན་འཛིན་དང་ཁྲིམས་ལུགས་སྨན་པ་ལིས་ཝིན་ཀྲན་(李文展li wan zhan)དང་། འགན་འཛིན་དང་ཁྲིམས་ལུགས་སྨན་པ་ཝང་ཀྲི་ཞའེ་(王志学wang zhi xue)གཉིས་ཀྱིས། ཕྱི་ལོ་ ༢༠༠༨ ལོའི་ཕྱི་ཟླ་ ༣ ཚེས་ ༢༡ ཉིན་ཞིབ་དཔྱད་བྱས་པའི་༼ལྷ་ས་གྲོང་ཁྱེར་ཉེན་རྟོག་ཁང་ཉེས་དོན་ཚན་རིག་ལག་རྩལ་གསལ་འབྱེད་ཡིག་ཆ༽ཞེས་པའི་ནང་ཁུལ་གནང་བའི་ཡིག་ཆ་བཅས་ལག་སོན་བྱུང་བའི་ནང་། ལྷ་ས་གྲོང་ཁྱེར་དུ་བོད་མིའི་ཞི་རྒོལ་སྐབས་རྒྱ་དམག་གིས་གསོད་རྨས་རང་བཞིན་ཅན་གྱི་མཚོན་ཆ་སྤྱད་དེ། ཞི་རྒོལ་བྱུང་ཡུལ་ས་ཆ་སོ་སོར་བོད་མི་མང་པོ་དམར་གསོད་བཏང་ཡོད་པའི་དཔང་རྟགས་གསལ་བོ་ཡོད་པ་རེད།

གཅིག གསོད་རྨས་རང་བཞིན་ཅན་གྱི་མཚོན་ཆ་སྤྱད་མེད་ཅེས་པ་རྫུན་རེད།

༢༠༠༨ ལོར་བོད་ཀྱི་རྒྱལ་ས་ལྷ་ས་རུ་མང་ཚོགས་རང་བཞིན་གྱི་བོད་མིའི་ཡར་ལངས་ཞི་རྒོལ་ བྱུང་རྗེས། ས་གནས་བོད་རིགས་མང་ཚོགས་ཀྱིས་ཕྱི་ཕྱོགས་ཀྱི་གསར་ལམ་ཁག་ཏུ། སྐབས་དེར་རྒྱ་གཞུང་དམག་མི་དང་དྲག་ཆས་ཉེན་རྟོག་པས་མེ་མདའ་དང་། ཁྲབ་ལྡན་འཁོར་ལོ་སོགས་སྤྱད་དེ་བོད་མི་ཞི་རྒོལ་བར་དྲག་གནོན་བྱས་ཐོག བོད་མི་ཧ་ཅང་མང་པོ་དམར་གསོད་བཏང་བའི་སྐོར་ཕྱིར་བསྒྲགས་ཡོད་ལ། དེ་བཞིན། ཕྱི་ཟླ་ ༣ ཚེས་ ༢༨ ཉིན་རྒྱ་གཞུང་གིས་གོ་སྒྲིག་འོག་ཕྱི་རྒྱལ་གྱི་གཞུང་ཚབ་དང་གསར་འགོད་པ་ཁག་ཅིག་ལྷ་ལྡན་གཙུག་ལག་ཁང་དུ་རྟོགས་ཞིབ་སྐོར་བསྐྱོད་སྐབས། གྲྭ་བཙུན་ཉི་ཤུ་ལྷག་གིས་ཕྱི་རྒྱལ་འཐུས་ཚབ་མི་སྣ་དེ་དག་གི་མདུན་སར་ངུ་འབོད་བྱེད་བཞིན་སྐབས་དེའི་དངོས་མཐོང་གནས་ཚུལ་རྣམས་ཕྱིར་བསྒྲགས་ཡོད་པ་ལྟར། དེ་དུས་དགེ་འདུན་པ་ཞིག་གིས་རྒྱ་གཞུང་དམག་མིས་མེ་མདའ་བརྒྱབས་ཏེ་བོད་མི་བསད་པའི་རོ་དངོས་སུ་མཐོང་བའི་སྐོར་ནན་གྱིས་བརྗོད་ཡོད།

ཡིན་ནའང་། ༢༠༠༨ ཕྱི་ཟླ་ ༣ ཚེས་ ༡༧ ཉིན། པེ་ཅིན་དུ་རྒྱ་ནག་གཞུང་འབྲེལ་གྱི་གསར་འགོད་གསལ་བསྒྲགས་ཐོག སྐབས་དེའི་བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བྱམས་པ་ཕུན་ཚོགས་ཀྱིས། ༼ཐེངས་འདིའི་གཏོར་བཤིག་ལས་འགུལ་ཐག་གཅོད་བརྒྱུད་རིམ་ཁྲོད། ཉེན་རྟོག་དང་དྲག་ཆས་ཉེན་རྟོག་པས་གསོད་རྨས་རང་བཞིན་ཅན་གྱི་མཚོན་ཆའི་རིགས་ བེད་སྤྱོད་བྱས་མེད། ༽༼རྩ་བ་ཉིད་ནས་མེ་མདའ་བརྒྱབ་མེད།༽ཅེས་བརྗོད་ཡོད་པ་མ་ཟད། རྒྱ་གཞུང་ཕྱི་འབྲེལ་མགྲིན་ཚབ་ཆིན་ཀཱང་(秦刚qin gang)དང་། རྒྱ་གཞུང་དབུས་ཉེན་རྟོག་སྡེ་ཁག་གི་མགྲིན་ཚབ་པ་ཏན་ཧའེ་མཱེན་(定慧敏ding hui min)སོགས་རྒྱ་གཞུང་དཔོན་རིགས་དག་གིས་སྔ་རྗེས་སུ། ལྷ་སའི་ཞི་རྒོལ་གནད་དོན་ཐག་གཅོད་སྐབས་གསོད་རྨས་རང་བཞིན་ལྡན་པའི་མཚོན་ཆའི་རིགས་བྱེད་སྤྱོད་བྱས་མེད་པར། བཟོད་སྒོམ་ཆེན་པོ་དང་བཟང་སྤྱོད་ལྡན་པའི་སྒོ་ནས་དོན་རྐྱེན་ཐག་གཅོད་བྱས་ཡོད་སྐོར། རྒྱལ་སྤྱིའི་གསར་ལམ་ཁག་ཏུ་བསྐྱར་ནན་ཡང་མནན་གྱིས་བརྗོད་ཡོད་པ་རེད།

འདི་ག་ལྟེ་གནས་ཁང་ལ་འབྱོར་སོན་བྱུང་བའི་གོང་གསལ་ཡིག་ཆ་དག་ནི། ༢༠༠༨ ལོའི་བོད་མིའི་ཡར་ལངས་ཞི་རྒོལ་ལ་རྒྱ་གཞུང་དམག་མི་དང་ཉེན་རྟོག་པས་དམར་གསོད་ དྲག་གནོན་རྗེས། རོ་ཁང་གཅིག་ནང་བཞག་ཡོད་པའི་འདས་པོ་ཁག་ཅིག་གི་མིང་གཞུང་དང་ཤི་རྐྱེན་གནས་ཚུལ་ཞིབ་བཤེར་ཐད་ཀྱི་རྒྱ་གཞུང་ནང་ཁུལ་གསང་བའི་ཡིག་ཆ་ཡིན་ལ། ཡིག་ཆའི་ནང་དུ་སྐབས་དེར་ཞཱིས་ཧྲན་རོ་ཁང་གཅིག་པུའི་ནང་ཡོད་པའི་ཕུང་པོ་ ༢༢ ཀྱི་ཐོ་གཞུང་དང་། ཉེན་རྟོག་པས་ཤི་རྐྱེན་ཐད་ཚན་རྩལ་དཔྱད་ཞིབ་བྱས་པའི་ཕུང་པོ་ ༤ བཅས་ཁྱོན་བསྡོམས་ཕུང་པོ་ ༢༦ ཡོད་པའི་ཁྲོད་ནས། མེ་མདས་དམར་གསོད་ཐེབས་པའི་ཕུང་པོ་ ༡༥ ཡོད་པ་རེད། དེ་དག་ལས་མིང་དང་རིགས་རུས་གསལ་འབྱེད་མ་ཐུབ་པའི་ཕུང་པོ་ ༤ ཡོད་པ་ཕུད། གཞན་ཚང་མ་བོད་རིགས་རྐྱང་ཡིན་པ་གསལ་འདུག

དེར་མ་ཟད། ཐོ་གཞུང་ནང་གསལ་བའི་མེ་དམའི་འོག་འདས་གྲོངས་ཕྱིན་པའི་བོད་མི་དེ་དག་ལ། དྲག་གནོན་དམར་གསོད་བྱས་པའི་དུས་ཚོད་དང་དོན་རྐྱེན་བྱུང་ཡུལ། ཕུང་པོ་རྙེད་སོན་བྱུང་བའི་དུས་དང་ཡུལ་བཅས་ལ་དཔྱད་ཚེ། དེ་དག་འདས་གྲོངས་ཀྱི་དུས་ཚོད་ནི་ཕལ་ཆེ་བ་ཕྱི་ཟླ་ ༣ ཚེས་ ༡༤ ཉིན་ལ་ཁེལ་ཡོད་པ་མ་ཟད། ས་གནས་ཀྱི་ཆ་ནས་ཀླུ་སྒུག་སྲང་ལམ་ ༢ པའི་ལམ་མདོ་དང་། ར་མོ་ཆེ་གཙུག་ལག་ཁང་གི་ཉེ་འགྲམ། ཅིང་ཕིན་མགྲོན་ཁང་ཆེན་མོའི་ཉེ་འཁྲིས། རྭ་མོ་ཆེ་གཙུག་ལག་ཁང་མཁར་གྲོང་ཁུལ་འཛུགས་སྐྲུན་སྒྲིག་བཀོད་ལས་གྲྭའི་ཡན་ལག་བཟོ་གྲྭ་ལྔ་པ། བར་སྐོར་གླིང་ཨ་ནེའི་མཚམས་ཁང་སྒོ་བསྟེན་སྨན་ཁང་། བསྟན་རྒྱས་གླིང་གི་ཉེ་འདབས། དགའ་ལྡན་ཁང་གསར། པེ་ཅིང་དཀྱིལ་ལམ་སེར་ཁང་གསོལ་མགྲོན་ཁང་ཆེན་མོའི་མདུན་ངོས་ལམ་གཞུང་བཅས་ཡིན་འདུག

གོང་གསལ་རྒྱ་གཞུང་རང་གི་ནང་ཁུལ་གསང་བའི་ཡིག་ཆ་ཁག་ལས་གསལ་བའི་དོན་དངོས་གནས་ཚུལ་ འདི་དག་ལས། རྒྱ་གཞུང་གིས་དེ་སྔོན་རྒྱལ་སྤྱིའི་གསར་ལམ་ཁག་ཏུ། ༢༠༠༨ ལོའི་ལྷ་སའི་ཞི་རྒོལ་སྐབས་གསོད་རྨས་རང་བཞིན་ཅན་གྱི་མཚོན་སྤྱད་དེ་བོད་མི་ཞི་རྒོལ་བར་དྲག་གནོན་དམར་གསོད་བྱས་མེད་སྐོར་བསྒྲགས་པ་དེ་ནི། རྒྱལ་སྤྱིའི་སྤྱི་ཚོགས་ལ་མགོ་སྐོར་བསླུ་འཁྲིད་བྱས་པའི་རྫུན་གཏམ་ཉག་གཅིག་ ཡིན་པ་གསལ་འདོན་བྱས་ཡོད་པ་མ་ཟད། ལྷ་ས་གྲོང་ཁྱེར་ཉེན་རྟོག་ཁང་གིས་བོད་མི་བཞིའི་ཤི་རྐྱེན་ཐད། འདས་པོའི་ཕུང་པོར་ཚན་རྩལ་གྱིས་ཉེས་དོན་གསལ་འབྱེད་བྱས་པའི་ཡིག་ཆའི་གྲུབ་དོན་ ནི། བོད་རིགས་སྐྱེས་པ་ཞིག་གི་ཕུང་པོའི་སྟེང་དུ་མདེའུ་ཡི་རྨ་ཤུལ་ ༡༧ དང་། བོད་རིགས་བུད་མེད་གཉིས་ཕུང་པོའི་སྟེང་དུ་སོ་སོར་མདེའུ་ཡི་རྨ་ཤུལ་ ༡༥ དང་ ༨ བཅས་ཡོད་པ་མ་ཟད། མདེའུ་ཡི་རྨ་ཤུལ་རྣམས་སྙིང་ཁ་དང་ལུང་གཞུང་། རྐང་པ་སོགས་ལུས་པོའི་སྟོད་སྨད་གང་སར་ཕོག་ཡོད་པ་བཅས་ལ་དཔྱད་ན། རྒྱ་དམག་གིས་དྲག་གནོན་སྐབས་བོད་མི་མང་ཚོགས་ཐོག་བཀོལ་པའི་མེ་མདའ་ནི་སྤྱིར་བཏང་གི་མེ་མདའ་མ་ཡིན་པར། སྦག་སྦག་མེ་མདའ་ཡིན་པའི་སྣང་ཚུལ་གསལ་བོར་མངོན་ཡོད་པ་རེད།

གཉིས། དམར་གསོད་ཐེབས་པའི་བོད་མིའི་མཚན་ལོག་སྤྱོད་རྫུན་སྒྲོག་བྱས་འདུག

༢༠༠༨ ལོའི་ཕྱི་ཟླ་ ༤ ཚེས་ ༡ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༡༦ སྟེང་། རྒྱ་གཞུང་དབུས་ཉེན་རྟོག་སྡེ་ཁག་གིས་ལྷ་སའི་ཞི་རྒོལ་དོན་རྐྱེན་དང་འབྲེལ་བའི་ གསར་འགོད་གསལ་བསྒྲགས་སྐབས། ཉེན་རྟོག་སྡེ་ཁག་ལས་ཁུངས་ཀྱི་འགན་འཛིན་གཞོན་པ་བུའུ་ཧི་ཕིན་(武和平wu he ping)གྱིས། ༼ ༣་༡༤ ལྷ་སའི་དོན་རྐྱེན༽ སྐབས་ཚོང་ཁང་མེར་བསྲེགས་གཏོང་མཁན་བོད་མི་དོགས་ཡོད་ཉེས་ཅན་པ་འགའ་འཇུ་བཟུང་དང་། མེར་བསྲེགས་ཐེབས་ཏེ་རྐྱེན་འདས་ཕྱིན་པའི་མི་ ༡༢ ཀྱི་མིང་གཞུང་ཕྱིར་བསྒྲགས་དང་འབྲེལ། ལྷ་སའི་དོན་རྐྱེན་སྐབས་གཞན་པའི་ཉེས་མེད་མང་ཚོགས་ ༦ རྐྱེན་ལམ་དུ་བཏང་ཡོད་དང་། དེ་དག་ནི་ཟི་ཁྲོན་ཆུང་ལའེ་གྲོང་ཁྱེར་ནས་ཡིན་པའི་རང་ལོ་ ༦༠ ཅན་གྱི་རྒྱ་རིགས་སྐྱེས་པ་ཧི་ཅན་ཧྲུའུ་(何建书 he jian shu ) དང་། ལྷ་ས་གྲོང་ཁྱེར་ནས་ཡིན་པའི་རང་ལོ་ ༣༠ ཅན་གྱི་བོད་རིགས་སྐྱེས་པ་ལྷག་པ་ཚེ་རིང་། ལྷ་ས་འདམ་གཞུང་རྫོང་ནས་ཡིན་པའི་རང་ལོ་ ༢༤ ཅན་གྱི་བོད་རིགས་སྐྱེས་པ་དབང་འདས་དར་རྒྱས། ཀན་སུའུ་ཡུང་ཏིན་རྫོང་ནས་ཡིན་པའི་རང་ལོ་ ༣༠ ཅན་གྱི་རྒྱ་རིགས་སྐྱེས་པ་ཀའོ་མའོ(高某 gao mou)། གཞན་པའི་མིང་དང་རིགས་རུས་སོགས་ཤེས་རྟོགས་མ་ཐུབ་པའི་སྐྱེས་པ་གཉིས་བཅས་ཡིན་པ་ཡོངས་བསྒྲགས་བྱས་ཡོད།

ཡིན་ནའང་། འདི་ག་ལྟེ་གནས་ཁང་ལ་འབྱོར་བའི་རྒྱ་གཞུང་གི་གསང་བའི་ཐོ་གཞུང་དེའི་ནང་། བོད་རིགས་ལྷག་པ་ཚེ་རིང་ལགས་ཀྱི་ཤི་རྐྱེན་ནི་མེ་མདའ་ཕོག་པ་དང་། དོན་རྐྱེན་བྱུང་བའི་དུས་ཚེས་དང་ས་གནས་ནི་ ༢༠༠༨ ལོའི་ཕྱི་ཟླ་ ༣ ཚེས་ ༡༤ ཉིན་ཀླུ་སྒུག་སྲང་ལམ་ ༢ པའི་ལམ་མདོ་ཡིན་པ། ཕུང་པོ་རྙེད་སོན་བྱུང་བའི་ཚེས་དུས་དང་ས་གནས་ནི། ཕྱི་ཚེས་ ༡༧ ཉིན་གྱི་ཆུ་ཚོད་ ༡༧ སྟེང་དུ་ཀླུ་སྒུག་སྲང་ལམ་ ༢ པའི་ཨང་རྟགས་ ༡༡ པའི་ནང་གསེས་དང་པོ་སྟེ་རང་ཁྱིམ་ནས་རྙེད་པ། དེ་བཞིན། དབང་འདུས་དར་རྒྱས་ལགས་ཀྱི་ཤི་རྐྱེན་ཡང་མེ་མདའ་ཕོག་པ་ཡིན་ལ། དོན་རྐྱེན་བྱུང་བའི་ཚེས་དུས་དང་ས་གནས་ནི། ༢༠༠༨ ཕྱི་ཟླ་ ༣ ཚེས་ ༡༤ ཉིན་ཡིན་པ་དང་ས་གནས་གསལ་ཁ་མེད་པ། ཕུང་པོ་རྙེད་སོན་བྱུང་བའི་ཚེས་དུས་དང་ས་གནས་ནི། ཕྱི་ཚེས་ ༡༦ ཉིན་གྱི་ཆུ་ཚོད་ ༡༢ དང་སྐར་མ་ ༡༠ སྟེང་ར་མོ་ཆེ་མཁར་གྲོང་ཁུལ་བཟོ་བསྐྲུན་སྒྲིག་བཀོད་ལས་གྲྭའི་ཡན་ལག་བཟོ་གྲྭ་ ལྔ་པའི་ནང་ནས་རྙེད་པ། གཞན་པའི་མིང་དང་རིགས་རུས་མི་གསལ་བའི་སྐྱེས་པ་ ༢ ཀྱང་མེ་མདས་དམར་གསོད་ཐེབས་པ་ཞིག་ཡིན་པ་གསལ་བོར་བཀོད་འདུག

གོང་གི་གནས་ཚུལ་འདི་ལས་ལྷ་སའི་ཞི་རྒོལ་སྐབས། རྒྱ་དམག་མིས་མེ་དམའ་བརྒྱབས་ཏེ་ཉེས་མེད་བོད་རིགས་མང་པོ་དམར་གསོད་བཏང་རྗེས། དོན་དངོས་གནས་ཚུལ་རྣམས་འགེབས་སྲུང་བྱས་ཡོད་པ་མ་ཟད། རྒྱལ་སྤྱིའི་སྒང་གླེང་ཕྱོགས་བསྒྱུར་ཐབས་སུ་ནག་ཉེས་རྣམས་བོད་མི་ཞི་རྒོལ་བ་ ཚོར་གཡོགས་ཐབས་བྱས་ཏེ། རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་རྒྱ་གཞུང་གིས་གནས་ཚུལ་རྫུན་བཟོ་བྱས་པ་ཞིག་ཡིན་ པ་གསལ་འདོན་བྱས་ཡོད། སྐབས་དེར་རྒྱ་གཞུང་བརྙན་འཕྲིན་དང་བརྒྱུད་ལམ་ཁག་ནས། བོད་མིའི་གཏོར་རྒོལ་བྱས་པ་ཡིན་སྐོར་དྲིལ་བསྒྲགས་ཀྱི་བརྙན་རིས་དང་པར་རིས་དེ་ དག་ཐད། རྒྱལ་སྤྱིའི་དབྱེ་ཞིབ་པ་མང་པོས་དེ་ནི་རྒྱ་གཞུང་གིས་སྔ་ས་ནས་གོ་སྒྲིག་ཐོག་ ཆེད་དམིགས་ཕབ་ལེན་བྱས་པ་ཞིག་ཡིན་པར་དུས་ཐོག་དོགས་སློང་བྱས་ཡོད་པ་ལྟར། ལྷ་སའི་ཞི་རྒོལ་ཐད་རྒྱ་གཞུང་གིས་དྲིལ་བསྒྲགས་བརྙན་རིས་དེ་དག་ནི། རྒྱ་གཞུང་གིས་འཛམ་གླིང་མི་མང་ལ་མགོ་སྐོར་བསླུ་བྲིད་གཏོང་ཆེད། རྩ་འཛུགས་དང་དམིགས་ཡུལ། འཆར་གཞི་ཡོད་པའི་སྒོ་ནས་ཕབ་ལེན་འཁྲབ་སྟོན་བྱས་པ་ཞིག་ཡིན་པར་སྔར་བའི་དོགས་གཞི་ཆེན་པོ་སྐྱེས་དགོས་པ་ཞིག་ཆགས་ཡོད།

གསུམ། ཉུང་མཐར་བོད་མི་བརྒྱ་ལྷག་དམར་གསོད་བཏང་པའི་དཔང་རྟགས།

བོད་ཀྱི་རྒྱལ་ས་ལྷ་ས་རུ་བོད་མིའི་མང་ཚོགས་རང་བཞིན་གྱི་ཞི་རྒོལ་ཡར་ལངས་ལ་རྒྱ་དམག་གིས་དམར་གསོད་དྲག་གནོན་བྱས་རྗེས། རྒྱ་གཞུང་གིས་རྒྱལ་ཁབ་ཕྱི་ནང་གི་གསར་འགྱུར་བརྒྱུད་ལམ་ཁག་ཏུ། དོན་རྐྱེན་ཁྲོད་མང་ཚོགས་ ༣༨༢ དང་། ཉེན་རྟོག་པ་དང་དྲག་ཆས་དམག་མི་ ༢༤༢ བཅས་ལ་རྨས་སྐྱོན་ཕོག་ཡོད་པ་དང་། དེ་དག་ནི་ཁྲིམས་འགལ་དྲག་སྤྱོད་སྤེལ་མཁན་བོད་མི་ཁ་བྲལ་བ་ཚོས་བཟོས་པ་ཡིན་སྐོར་དྲིལ་བསྒྲགས་བྱས་ཙམ་ལས། སྐབས་དེའི་དྲག་གནོན་སྐབས་བོད་མི་ཞི་རྒོལ་གནང་མཁན་ག་ཚོད་ཅིག་དམར་གསོད་ཐེབས་ཡོད་མེད་སྐོར་ལ་ད་ལྟའི་བར་དུ་ཞིབ་ཕྲའི་གསལ་ཁ་གང་ཡང་བཏོན་མེད།

༢༠༠༨ ལོའི་ཕྱི་ཟླ་ ༣ ཚེས་ ༢༨ ཉིན་གྱི་སྔ་དྲོ། རྒྱ་གཞུང་གི་བཀོད་སྒྲིག་འོག་རྒྱལ་ཁབ་ཁག་ཅིག་གི་གཞུང་ཚབ་དང་གསར་འགོད་པ་རྣམས་ ལྷ་སར་རྟོགས་ཞིབ་སྐོར་བསྐྱོད་སྐབས། ལྷ་སའི་གཙུག་ལག་ཁང་དུ་དགེ་འདུན་པ་སྐོར་ཅིག་གིས། ༼རྒྱ་གཞུང་གི་དྲིལ་བསྒྲགས་དེ་དག་རྫུན་མ་ཡིན་པ་དང་། རྒྱ་གཞུང་གི་དམག་མི་དང་ཉེན་རྟོག་པས་བོད་མི་ ༡༠༠ ལྷག་དམར་གསོད་དང་། བོད་མི་ ༡༠༠༠ ལྷག་འཇུ་བཟུང་བྱས་སོང་། ༽ ཅེས་མིག་ནས་མཆི་མ་འདོན་བཞིན་བརྗོད་ཡོད། ཡིན་ནའང་། ཉིན་དེའི་ཕྱི་དྲོ་སྐབས་དེའི་བོད་རང་སྐྱོང་ལྗོངས་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ པདྨ་འཕྲིན་ལས་ཀྱིས་གསར་འགོད་ལྷན་ཚོགས་ཐོག གོང་གསལ་གནད་དོན་དང་འབྲེལ་བའི་ཐད་ཧོང་ཀོང་ཧྥིན་ཧོང་བརྙན་འཕྲིན་གྱི་གསར་ འགོད་པའི་དྲི་བར་ལན་འདེབས་སྐབས། ༼ངས་འགན་ཁུར་བའི་སྒོ་ནས་ཁྱོད་ལ་གསལ་བརྗོད་བྱེད། ད་ལྟའི་བར་དུ་ཁྲིམས་འགལ་པ་མི་ ༣ མ་གཏོགས་འདས་གྲོངས་ཕྱིན་མེད། དེའི་ཁྲོད་ཁ་ཁེར་འཇུ་བཟུང་བརྒྱུད་རིམ་ཁྲོད་ཐོག་ཁང་ནས་མར་མཆོངས་རྗེས། སྨན་ཁང་དུ་བསྐྱལ་མཐར་འདས་གྲོངས་ཕྱིན་པ་རེད། ཁྲིམས་འགལ་པ་འགའ་ཤས་ལ་རྨས་སྐྱོན་ཕོག་ཡོད། དགེ་འདུན་པ་དེ་ཚོའི་སྐད་ཆ་ནི་རྩ་བ་ཉིད་ནས་བདེན་པ་མ་རེད། ༽ཅེས་ནན་བརྗོད་བྱས་ཡོད།

འདི་ག་ལྟེ་གནས་ཁང་ལ་ལག་སོན་བྱུང་བའི་མི་འདས་པོ་བཞིའི་ཕུང་པོ་ལ། ཚན་རྩལ་གྱི་སྒོ་ནས་ཉེས་དོན་གསལ་འབྱེད་བྱས་པའི་ལྷ་ས་གྲོང་ཁྱེར་ཉེན་རྟོག་ཁང་ གི་ནང་ཁུལ་གསང་བའི་ཡིག་ཆ་དེའི་ཨང་རྟགས་ནི། ༢༠༠༨ ལོའི་ལྷ་ས་གྲོང་ཁྱེར་ཉེན་རྟོག་ཁང་གི་ཉེས་དོན་ཐད་ཚན་རྩལ་གྱིས་གསལ་འབྱེད་ཡི་ གེ་ཆ་ཨང་ ༩༢ པ་དང་། ཨང་ ༩༣ པ། ཨང་ ༩༤ པ། ཨང་ ༡༠༡ བཅས་ཡིན་པ་རེད། ཡིག་ཆའི་སྟེང་གི་ཨང་རྟགས་ཀྱི་གོ་རིམ་དང་གྲངས་ཀར་དཔྱད་ཞིབ་བྱས་ན། ལྷ་སའི་གཙུག་ལག་ཁང་གི་དགེ་འདུན་པ་དག་གིས་བརྗོད་པ་གསལ་ལྟར། ལྷ་སའི་ཞི་རྒོལ་སྐབས་ཉུང་མཐར་བོད་མི་ ༡༠༡ ལྷག་དམར་གསོད་བཏང་ཡོད་པ་གསལ་བོར་རྟོགས་ཐུབ།

དེ་བཞིན། ཕྱི་ལོ་ ༢༠༠༩ ཟླ་ ༣ ཚེས་ ༢༠ ཉིན། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ། སྐབས་དེའི་དྲིལ་བསྒྲགས་དྲུང་ཆེ་ཐུབ་བསྟན་འཕེལ་ལགས་ཀྱིས་གསར་འགོད་ལྷན་ཚོགས་ ཐོག་བསྒྲགས་པ་ལྟར་ན། ༢༠༠༨ ཕྱི་ཟླ་ ༣ ནས་ ༢༠༠༩ ཕྱི་ཟླ་ ༡ ཚེས་ ༣༡ བར་བོད་ནང་རྒྱ་གཞུང་གི་ཉེས་རྡུང་འོག བོད་མི་ ༢༢༠ ལྷག་ཙམ་འདས་གྲོངས་དང་། མི་ ༡༢༩༤ ལྷག་ཙམ་ལ་རྨས་སྐྱོན། མི་ ༥༦༠༠ ལྷག་འཛིན་བཟུང་བྱས་ཡོད་པ་མ་ཟད། ༢༡༩ ལྷག་ཙམ་གར་སོང་ཆར་མེད་གྱུར་ཡོད་པ་རེད།

བཞི། འཇུ་བཟུང་སྔོག་བཤེར་ཀྱི་སྐབས་སུའང་བོད་མི་དམར་གསོད་བཏང་འདུག

༢༠༡༡ ལོའི་ཕྱི་ཟླ་ ༡༢ ཚེས་ ༡༢ ཉིན། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱིས། ༢༠༠༨ ལོའི་ཕྱི་ཟླ་ ༣ པའི་ཟླ་མཇུག་ཙམ་ལ་ལྷ་ས་གྲོང་ཁྱེར་ཁུལ་དོག་སྡེ་ཤང་དུ། རྒྱ་གཞུང་གིས་བོད་མི་ཁྱིམ་ཚང་རེ་རེ་བཞིན་བསྔོགས་ནས་མི་འཇུ་བཟུང་བྱེད་བཞིན་ པའི་བརྙས་རིས་དུམ་བུ་ཞིག་བོད་ནང་ནས་ལག་སོན་བྱུང་བ་ལྟར་ཕྱིར་བསྒྲགས་ཡོད་ལ། བརྙན་རིས་དེའི་ནང་ལྷ་ས་གྲོང་ཁྱེར་དྲག་ཆས་ཉེན་རྟོག་དམག་མི་དང་། ཉེན་རྟོག་རུ་ཆེན། སྤྱི་བདེ་ཉེན་རྟོག་པ། དམིགས་བསལ་དྲག་ཆས་ཉེན་རྟོག་པ། མཐའ་མཚམས་སྲུང་དམག་སོགས་ཚན་པ་ཁག་ལྔ་ཙམ་གྱིས་གྲུབ་པའི་དམག་དཔུང་གིས། ལག་ཏུ་མེ་དམའ་དང་ལག་ལྕགས། གློག་རྒྱུགས་སོགས་མཚོན་ཆ་ཐོགས་ཤིང་། ཉེན་རྟོག་པར་མྱུལ་ཞིབ་རོགས་འདེགས་བྱེད་སྤྱད་ཀྱི་ཁྱི་མང་པོ་ཁྲིད་ནས། ཁྱིམ་ཚང་རེ་རེ་བཞིན་བསྔོགས་བཤེར་གྱིས་བོད་མི་མང་པོར་གཅར་རྡུང་འཇུ་བཟུང་ བྱེད་བཞིན་པའི་སྣང་བརྙན་གསལ་རྗེན་དུ་བསྟན་ཡོད།

དེ་བཞིན། ཉེ་ཆར་འདི་གར་ལག་སོན་བྱུང་བའི་ལྷ་ས་གྲོང་ཁྱེར་ཉེན་རྟོག་ཁང་གིས། བོད་བཞིའི་ཕུང་པོར་ཞིབ་དཔྱད་བྱས་པའི་གསལ་འབྱེད་ཡིག་ཆའི་ཁྲོད་ནས། ༢༠༠༨ ལོའི་ཕྱི་ཟླ་ ༣ ཚེས་ ༡༦ ཉིན་གྱི་ཆུ་ཚོད་ ༢༠ ཡས་མས་སུ། ལྷ་ས་གྲོང་ཁྱེར་དོག་སྡེ་ཤང་སྡེ་བ་གཉིས་པའི་རི་ཁུག་ཏུ། གཟུགས་པོའི་རིང་ཚད་ལ་རྨིད་ ༡་ ༧ ཅན་གྱི་བོད་རིགས་སྐྱེས་པ་ཞིག་གི་དཔྱི་མགོ་གཡོན་པའི་སྟེང་མེ་མདས་བརྒྱབས་ཏེ། མདེའུ་རྒྱུ་ཞབས་སུ་འཛུལ་ནས་འདས་གྲོངས་ཕྱིན་ཡོད་པ་གསལ་འདོན་བྱས་འདུག

གོང་གསལ་གནས་ཚུལ་དེ་གཉིས་གཤིབ་བསྡུར་གྱིས་དཔྱད་ཞིབ་བྱས་ན། རྒྱ་གཞུང་དམག་གིས་ལྷ་སར་བོད་མིའི་ཞི་རྒོལ་ལ་དྲག་གནོན་སྐབས་སུ་མེད་མདའ་ བརྒྱབས་ཏེ་བོད་མི་དམར་གསོད་བཏང་བ་ཁོ་ན་ཙམ་མ་ཡིན་པར། དེའི་རྗེས་སུ་དོག་སྡེ་ཤང་དུ་རྒྱ་གཞུང་དམག་མིས་ཁྱིམ་ཚང་རྣམས་བསྔོགས་བཤེར་ ཀྱིས་བོད་མི་འཇུ་བཟུང་སྐབས་སུའང་། མེ་མདའ་བརྒྱབས་ཏེ་བོད་མི་དམར་གསོད་བཏང་ཡོད་པ་དཔང་བསྐྱེད་གསལ་བོ་བྱས་འདུག

ལྔ། རྒྱ་གཞུང་གིས་དམར་གསོད་ནག་ཉེས་ལ་གཡོལ་ཐབས་བྱེད་ཀྱིན་ཡོད།

༢༠༠༨ ལོར་རྒྱ་གཞུང་གི་ད་ལྟའི་བོད་ས་བཅད་བགོས་ལྟར་བྱས་ན། བོད་རང་སྐྱོང་ལྗོངས་དང་མཚོ་སྔོན་ཞིང་ཆེན། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ། རྔ་པ་བོད་རིགས་རང་སྐྱོང་ཁུལ་སོགས་བོད་ས་སྟོད་སྨད་བར་གསུམ་ཡོངས་སུ། རྒྱ་གཞུང་གི་མི་སེར་སྤེལ་བའི་དྲག་གནོན་དབང་སྒྱུར་ཀྱི་སྲིད་ཇུས་ལ་ཞི་བའི་ངོ་ རྒོལ་ཡར་ལངས་བྱུང་རྗེས། རྒྱ་གཞུང་གིས་དམག་དཔུང་དང་དྲག་ཆས་ཉེན་རྟོག་པ། དམིགས་བསལ་དྲག་ཆས་རུ་ཁག ཉེན་རྟོག་པ་སོགས་ཕོན་ཆེན་པོ་བཀོད་མངགས་བྱས་ཐོག བོད་ཀྱི་རྒྱལ་ས་ལྷ་ས་གྲོང་ཁྱེར་གཙོས། རྔ་པ་དང་དཀར་མཛེས། བླ་བྲང་། བྲག་མགོ གསེར་རྟ་སོགས་བོད་ཀྱི་ས་ཁུལ་ཁག་མང་པོའི་ནང་མང་ཚོགས་ཐོག་མེ་དམའ་བརྒྱབས་ཏེ་ དམར་གསོད་དྲག་གནོན་བྱས་ཡོད་པ་རེད། འདི་ག་ལྟེ་གནས་ཁང་གིས་༢༠༠༨ ལོའི་ལོ་འཁོར་སྙན་ཐོའི་ནང་བཀོད་ཡོད་པ་ལྟར། ༢༠༠༨ ལོའི་ཞི་རྒོལ་སྐབས་ཉུང་མཐར་བོད་མི་ ༡༢༠ དམར་གསོད་དང་། བོད་མི་ ༦༥༠༠ ལྷག་འཇུ་བཟུང་། ༡༩༠ ལྷག་ལ་བཙོན་འཇུག་ཁྲིམས་ཐག་ཡོད་པ་རེད།

རྒྱ་གཞུང་གིས་ ༢༠༠༨ ལོར་བོད་མི་དྲག་གནོན་དམར་གསོད་བྱས་པའི་གནས་ཚུལ་རྣམས་སྦོས་སྐུང་བྱས་ཏེ་དོན་ དངོས་ཁས་ལེན་བྱེད་ཀྱིན་མེད་པ་མ་ཟད། སྐབས་དེའི་སྲིན་བློན་ཝུན་ཇ་པའོ་ཡིས་༼ཏཱ་ལའི་རུ་ཚོགས་ཀྱིས་རྩ་འཛུགས་དང་ དམིགས་ཡུལ་ལྡན་པའི་སྒོ་ནས། འཆར་གཞི་ཞིབ་མོ་བཏང་སྟེ་ཟིང་སློང་བྱས་པ་ཞིག་ཡིན་པར། ང་ཚོར་དོན་དངོས་བདེན་དཔང་འདིང་ངེས་ཡོད།༽ཅེས་བརྗོད་དེ། དངོས་ཡོད་གནས་ཚུལ་རྫུན་བཟོ་དང་།ལྐོག་ཇུས་འཁྲབ་སྟོན་གྱི་དྲིལ་བསྒྲགས་སྣ་ ཚོགས་སྤྱད་ནས། རྒྱ་གཞུང་རང་ཉིད་ཀྱི་ནག་ཉེས་ཡོད་ཚད་༧གོང་ས་མཆོག་དང་བཙན་བྱོལ་བོད་མིའི་ སྒྲིག་འཛུགས། དེ་བཞིན། བོད་ཀྱི་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་མཁན་གྱི་རྒྱལ་ཁབ་དང་ཚོགས་སྡེ་ ཚང་སྟེང་ལ་འགེལ་ཐབས་བྱས་ཡོད། ཡིན་ནའང་། ད་ལྟའི་བར་དུ་རྒྱ་གཞུང་གིས་རྒྱལ་སྤྱིའི་སྒང་དཔང་བསྐྱེད་གང་ཡང་བྱེད་ཐུབ་མེད།

རྒྱ་གཞུང་གིས་འཛམ་གླིང་མི་དམངས་ལ་མགོ་སྐོར་བསླུ་འཁྲིད་བྱ་ཐབས་དང་། རྒྱལ་སྤྱིའི་གནོན་ཤུགས་ལས་གཡོལ་ཐབས། རྒྱལ་སྤྱིའི་སྒང་བོད་དོན་འཐབ་རྩོད་ལ་ལྡོག་ཕྱོགས་ཀྱི་གླེང་ཕྱོགས་བཟོ་ཐབས་བཅས་ལ་དམིགས་ཏེ། རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་བོད་ནང་ཆོས་ལུགས་དད་མོས་རང་དབང་དང་། བསམ་བློ་རང་དབང་། གཏམ་བརྗོད་རང་དབང་། འདུ་འཛོམས་རང་དབང་གིས་མཚོན་པའི་འགྲོ་བ་མིའི་ཐོབ་ཐང་ཡོད་ཚུལ་དང་། རྒྱ་ནག་དམར་ཤོག་གཞུང་གིས་བོད་མིར་རོགས་རམ་ཞབས་འདེགས་འབའ་ཞིག་སྒྲུབ་ཀྱིན་ཡོད་སྐོར་དྲིལ་བསྒྲགས་སྣ་ཚོགས་ལ་བརྟེན་ནས།

དོན་དངོས་ཐོག་བོད་ནང་སྤེལ་བཞིན་པའི་མི་སེར་སྤེལ་བའི་དྲག་གནོན་དབང་བསྒྱུར་གྱི་སྲིད་ཇུས་རྣམས་སྦོས་གསང་བྱེད་བཞིན་ཡོད། ཐེངས་འདིའི་རྒྱ་གཞུང་རང་ཉིད་ཀྱི་ནང་ཁུལ་གསང་བའི་ཡིག་ཆ་དག་གིས་དཔང་བསྐྱེད་ར་སྤྲོད་བྱས་པའི་གནས་ཚུལ་འདི་དག་ལས། ད་ལྟའི་བར་དུ་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་རྒྱ་གཞུང་གིས་དྲིལ་བསྒྲགས་བྱེད་པ་དེ་དག་ནི། ཁྲམ་ལས་དང་ཧམ་བཤད་། བསླུ་བྲིད་འབའ་ཞིག་ཡིན་པ་དེ་རྒྱ་གཞུང་རང་ཉིད་ཀྱིས་སོ་སོ་གསལ་རྗེན་དུ་ཕུད་ཡོད།

དྲུག་པ། འདི་གར་ལག་སོན་བྱུང་བའི་ཡིག་ཆའི་ནང་གསལ་བའི་མེ་མདས་དམར་གསོད་བཏང་བའི་མི་ ༡༥ གནས་ཚུལ་རགས་བསྡུས།

༡༽བོད་མི་ལྷག་པ་ཚེ་རིང་། ཕོ། ལོ་ ༣༢ ། ལས་རིགས་ཁ་ལོ་བ། སྐྱེས་ཡུལ་ལྷ་ས་གྲོང་ཁྱེར། གྱོད་དོན་བྱུང་བའི་དུས་དང་གནས་ནི་ ༢༠༠༨ ལོའི་ཟླ་ ༣ ཚེས་ ༡༤ ཉིན་ཀླུ་སྒུག་སྲང་ལམ་ ༢ པའི་ལམ་མདོ། ཕུང་པོ་རྙེད་པའི་དུས་དང་གནས་ནི། ༢༠༠༨ ལོའི་ཟླ་ ༣ ཚེས་ ༡༧ ཉིན་གྱི་ཆུ་ཚོད་༡༧ སྟེང་དུ། ཀླུ་སྒུག་སྲང་ལམ་ ༢ པ་ཨང་རྟགས་ ༡༡ ནང་གསེང་ ༡ པོ་སྟེ་འདས་པོའི་རང་ཁྱིམ་ནས་རྙེད།

༢༽བོད་མི་བདེ་འབྱུང་། ཕོ། ལོ་ ༤༡ ། སྐྱེས་ཡུལ་སྙེ་མོ་རྫོང་ཕུ་གསུམ་ཤང་ཚན་ཁག་བདུན་པ། གྱོད་དོན་བྱུང་བའི་དུས་དང་གནས་ནི་ ༢༠༠༨ ལོའི་ཟླ་ ༣ ཚེས་ ༡༧ ཉིན་ས་གནས་གསལ་ཁ་གསལ་མེད་པ། ཕུང་པོ་རྙེད་པའི་དུས་དང་གནས་ནི་ ༢༠༠༨ ལོའི་ཟླ་ ༣ ཚེས་ ༡༧ ཉིན་གྱི་ཆུ་ཚོད་ ༡༢ སྟེང་། ཀླུ་སྒུག་གྲོང་སྡེ་འཐུས་མི་ལྷན་ཁང་སྲང་ལམ་ ༦ པའི་ཨང་རྟགས་ ༤ པའི་ནང་གསེས་ ༡ པོ་སྟེ་འདས་པོའི་རང་ཁྱིམ་ནས་རྙེད།

༣༽བོད་མི་བསྟན་འཛིན་སྒྲོལ་དཀར། མོ། ལོ་ ༢༠ ། སྐྱེས་ཡུལ་ལྷ་ས་གྲོང་ཁྱེར། གྱོད་དོན་བྱུང་བའི་དུས་དང་གནས་ནི་ ༢༠༠༨ ལོའི་ཟླ་ ༣ ཚེས་ ༡༤ ཉིན་པེ་ཅིང་དཀྱིལ་ལམ་སེར་ཁང་མགྲོན་ཁང་ཆེན་མོའི་མདུན་ཕྱོགས་ལམ་གཞུང་། ཕུང་པོ་རྙེད་སོན་བྱུང་བའི་དུས་དང་གནས་ནི་ ༢༠༠༨ ལོའི་ཟླ་ ༣ ཚེས་ ༡༨ མཚན་མོའི་ཆུ་ཚོད་ ༡༢ དང་སྐར་མ་ ༣༠ སྟེང་། བར་སྐོར་བསྟན་རྒྱས་གླིང་སྒོ་རྟགས་ཨང་ ༩ པ་སྟེ་འདས་པོའི་རང་ཁྱིམ་ནས་རྙེད།

༤༽ བོད་མི་སྤེན་ཕྲུག ཕོ། ལོ་ ༢༠ ཡས་མས། སྐྱེས་ཡུལ་ལྷུན་གྲུབ་རྫོང་ཚོང་འདུས་ཤང་རྒྱབ་རག་གྲོང་། གྱོད་དོན་བྱུང་བའི་དུས་དང་གནས་ནི་ ༢༠༠༨ ལོའི་ཟླ་ ༣ ཚེས་ ༡༤ ཉིན་ས་གནས་གསལ་ཁ་མི་འདུག ཕུང་པོ་རྙེད་སོན་བྱུང་བའི་དུས་དང་གནས་ནི་ ༢༠༠༨ ལོའི་ཟླ་ ༣ ཚེས་ ༡༦ ཉིན་ཆུ་ཚོད་ ༢༣ སྐར་མ་ ༤༠ སྟེང་། དགའ་ལྡན་ཁང་གསར་སྲང་ལམ་ ༡ པོའི་ནང་གསེང་ཨང་རྟགས་ ༡༠ པའི་སྒོ་རའི་ནང་ནས་རྙེད།

༥ ༽བོད་མི་བཀྲ་ཤིས་ཚེ་རིང་། ཕོ། ལོ་ ༤༤ ། སྐྱེས་ཡུལ་ཟི་ཁྲོན་ཞིང་ཆེན་འབའ་ཐང་རྫོང་བྱ་ཁྱུང་གྲོང་སོན་ལོན་ནང་གྲོང་ཚོ། གྱོད་དོན་བྱུང་ཡུལ་གྱི་དུས་དང་གནས་ནི་ ༢༠༠༨ ལོའི་ཟླ་ ༣ ཚེས་ ༡༤ ཉིན་ར་མོ་ཆེ་གཙུག་ལག་ཁང་གི་ཉེ་འགྲམ། ཕུང་པོ་རྙེད་སོན་བྱུང་བའི་དུས་དང་གནས་ནི་ ༢༠༠༨ ལོའི་ཟླ་ ༣ ཚེས་ ༡༨ ཉིན་གྱི་ཆུ་ཚོད་ ༡༤ སྟེང་དུ་ལྷ་ས་གྲོང་ཁྱེར་རྒྱ་མཚོ་གྲོང་སྡེ་འཐུས་མི་ལྷན་ཁང་རུ་ཁག་དང་པོའི་སྒོ་རྟགས་ ༤༣ པ་ནང་ནས་རྙེད།

༦ ༽ བོད་མི་དབང་འདུས་དར་རྒྱས། ཕོ། ལོ་ ༢༤ ཡས་མས། ལས་རིགས་རླངས་འཁོར་ཁ་ལོ་བ། སྐྱེས་ཡུལ་ལྷ་ས་གྲོང་ཁྱེར་གདམ་གཞུང་རྫོང་སྙིང་གྲོང་ཤང་ཚན་ཁག་གསུམ་པ། གྱོད་དོན་བྱུང་ཡུལ་གྱི་དུས་དང་གནས་ནི་ ༢༠༠༨ ལོའི་ཟླ་ ༣ ཚེས་ ༡༤ ཉིན་ས་གནས་གསལ་བོ་མི་འདུག ཕུང་པོ་རྙེད་སོན་བྱུང་བའི་དུས་དང་གནས་ནི་ ༢༠༠༨ ལོའི་ཟླ་ ༣ ཚེས་ ༡༦ ཉིན་གྱི་ཆུ་ཚོད་ ༡༢ དང་སྐར་མ་ ༡༠ སྟེང་དུ། རྭ་མོ་ཆེ་གཙུག་ལག་ཁང་མཁར་གྲོང་ཁུལ་འཛུགས་བསྐྲུན་སྒྲིག་བཀོད་ལས་གྲྭའི་ཡན་ལག་ བཟོ་གྲྭ་ལྔ་པའི་ནང་ནས་རྙེད།

༧ ༽ མིང་དང་སྐྱེས་ཡུལ་མི་གསལ་ཞིང་གཟུགས་པོའི་རིང་ཚད་ལ་རྨིད་ ༡་༧ ཅན་གྱི་བོད་རིགས་སྐྱེས་པ་ཞིག གྱོད་དོན་བྱུང་ཡུལ་གྱི་དུས་དང་གནས་གསལ་བོ་མེད་པ། ཕུང་པོ་རྙེད་སོན་བྱུང་བའི་དུས་དང་གནས་ནི་ ༢༠༠༨ ལོའི་ཟླ་ ༣ ཚེས་ ༡༦ ཉིན་གྱི་ཆུ་ཚོད་ ༢༠ ཡས་མས་སྟེང་དུ། ལྷ་ས་གྲོང་ཁྱེར་དོག་སྡེ་ཤང་སྡེ་བ་གཉིས་པའི་རི་ཁུག་ནས་རྙེད།

༨ ༽ མིང་དང་སྐྱེས་ཡུལ་མི་གསལ་ཞིང་གཟུགས་པོའི་རིང་ཚད་ལ་རྨིད་ ༡་༥ ཅན་གྱི་བོད་རིགས་བུད་མེད་ཅིག གྱོད་དོན་བྱུང་ཡུལ་གྱི་དུས་དང་གནས་གསལ་བོ་མི་འདུག ཕུང་པོ་རྙེད་སོན་བྱུང་བའི་དུས་དང་གནས་ནི་ ༢༠༠༨ ལོའི་ཟླ་ ༣ ཚེས་ ༡༤ ཉིན་གྱི་ཕྱི་དྲོར་ལྷ་ས་གྲོང་ཁྱེར་ཅིན་ཕིན་གསོལ་མགྲོན་ཁང་ཆེན་མོའི་ཉེ་འགྲམ་ ནས་རྙེད།

༩ ༽ མིང་དང་སྐྱེས་ཡུལ་མི་གསལ་ཞིང་གཟུགས་པོའི་རིང་ཚད་ལ་རྨིད་ ༡་༥༤ ཅན་གྱི་བོད་རིགས་བུད་མེད་ཅིག གྱོད་དོན་བྱུང་ཡུལ་གྱི་དུས་དང་གནས་གསལ་བོ་མི་འདུག ཕུང་ཕོ་རྙེད་སོན་བྱུང་བའི་དུས་དང་གནས་ནི་ ༢༠༠༨ ལོའི་ཟླ་ ༣ ཚེས་ ༡༤ ཉིན་གྱི་ཕྱི་དྲོར་ལྷ་ས་གྲོང་ཁྱེར་ཅིན་ཕིན་གསོལ་མགྲོན་ཁང་ཆེན་མོའི་ཉེ་འགྲམ་ ནས་རྙེད།

༡༨ ༽ མིང་དང་སྐྱེས་ཡུལ་མི་གསལ་ཞིང་གཟུགས་པོའི་རིང་ཚད་ལ་རྨིད་ ༡་༨༤ ཅན་གྱི་བོད་རིགས་སྐྱེས་པ་ཞིག གྱོད་དོན་བྱུང་ཡུལ་གྱི་དུས་དང་གནས་གསལ་བོ་མི་འདུག ཕུང་པོ་རྙེད་སོན་བྱུང་བའི་དུས་དང་གནས་ནི་ ༢༠༠༨ ལོའི་ཟླ་ ༣ ཚེས་ ༡༤ ཉིན་གྱི་ཕྱི་དྲོར་ལྷ་ས་གྲོང་ཁྱེར་ཅིན་ཕིན་གསོལ་མགྲོན་ཁང་ཆེན་མོའི་ཉེ་འགྲམ་ ནས་རྙེད།

༡༡༽ མིང་དང་མི་རིགས། སྐྱེས་ཡུལ་སོགས་གང་ཡང་གསལ་བོ་མེད་པའི་སྐྱེས་པ་ཞིག གྱོད་དོན་བྱུང་ཡུལ་གྱི་དུས་དང་གནས་ནི་ ༢༠༠༨ ལོའི་ཟླ་ ༣ ཚེས་ ༡༤ ཉིན་ར་མ་ཆེ་གཙུག་ལག་ཁང་ཅིན་ཕིན་གསོལ་མགྲོན་ཁང་ཆེན་མོ། ཕུང་པོ་རྙེད་སོན་བྱུང་བའི་དུས་དང་གནས་ནི་ ༢༠༠༨ ལོའི་ཟླ་ ༣ ཚེས་ ༡༤ ཉིན་ར་མ་ཆེ་གཙུག་ལག་ཁང་ཅིན་ཕིན་གསོལ་མགྲོན་ཁང་ཆེན་མོའི་ཉེ་འགྲམ་ནས་རྙེད།

༡༢༽ མིང་དང་མི་རིགས། སྐྱེས་ཡུལ་སོགས་གང་ཡང་གསལ་བོ་མེད་པའི་བུད་མེད་ཅིག གྱོད་དོན་བྱུང་ཡུལ་གྱི་དུས་དང་གནས་ནི་ ༢༠༠༨ ལོའི་ཟླ་ ༣ ཚེས་ ༡༤ ཉིན་ར་མ་ཆེ་གཙུག་ལག་ཁང་ཅིན་ཕིན་གསོལ་མགྲོན་ཁང་ཆེན་མོ། ཕུང་པོ་རྙེད་སོན་བྱུང་བའི་དུས་དང་གནས་ནི་ ༢༠༠༨ ལོའི་ཟླ་ ༣ ཚེས་ ༡༤ ཉིན་ར་མ་ཆེ་གཙུག་ལག་ཁང་ཅིན་ཕིན་གསོལ་མགྲོན་ཁང་ཆེན་མོའི་ཉེ་འགྲམ་ནས་རྙེད།

༡༣༽ མིང་དང་མི་རིགས། སྐྱེས་ཡུལ་སོགས་གང་ཡང་གསལ་བོ་མེད་པའི་སྐྱེས་པ་ཞིག གྱོད་དོན་བྱུང་ཡུལ་གྱི་དུས་དང་གནས་གསལ་བོ་མི་འདུག ཕུང་པོ་རྙེད་སོན་བྱུང་བའི་དུས་དང་གནས་ནི་ ༢༠༠༨ ལོའི་ཟླ་ ༣ ཚེས་ ༡༦ ཉིན་གཙུག་ལག་ཁང་ཉེ་འགྲམ་ནས་རྙེད།

༡༤ ༽ མིང་དང་མི་རིགས། སྐྱེས་ཡུལ་སོགས་གང་ཡང་གསལ་བོ་མེད་པའི་བུད་མེད་ཅིག གྱོད་དོན་བྱུང་ཡུལ་གྱི་དུས་དང་གནས་ནི་ ༢༠༠༨ ལོའི་ཟླ་ ༣ ཚེས་ ༡༤ ཉིན་ར་མ་ཆེ་གཙུག་ལག་ཁང་ཅིན་ཕིན་གསོལ་མགྲོན་ཁང་ཆེན་མོ། ཕུང་པོ་རྙེད་སོན་བྱུང་བའི་དུས་དང་གནས་ནི་ ༢༠༠༨ ལོའི་ཟླ་ ༣ ཚེས་ ༡༤ ཉིན་ར་མ་ཆེ་གཙུག་ལག་ཁང་ཅིན་ཕིན་གསོལ་མགྲོན་ཁང་ཆེན་མོའི་ཉེ་འགྲམ་ནས་རྙེད།

༡༥ ༽ མིང་དང་སྐྱེས་ཡུལ་གསལ་བོ་མེད་པའི་བོད་རིགས་བུད་མེད་ཅིག གྱོད་དོན་བྱུང་ཡུལ་གྱི་དུས་དང་གནས་ནི་ ༢༠༠༨ ལོའི་ཟླ་ ༣ ཚེས་ ༡༤ ཉིན་ས་གནས་གསལ་བོ་མི་འདུག ཕུང་པོ་རྙེད་སོན་བྱུང་བའི་དུས་དང་གནས་ནི་ ༢༠༠༨ ལོའི་ཟླ་ ༣ ཚེས་ ༡༦ ཉིན་གྱི་ཆུ་ཚོད་ ༡༤ སྟེང་དུ་བར་སྐོར་ཨ་ནེའི་མཚམས་ཁང་སྒོ་བསྟེན་སྨན་ཁང་ནས་རྙེད།

བདུན། འདི་ག་ལྟེ་གནས་ཁང་ལ་འབྱོར་བའི་བོད་མི་བཞིའི་ཕུང་པོར་རྒྱ་གཞུང་ཉེན་རྟོག་པས་ཞིབ་འཇུག་བྱས་པའི་དཔྱད་འབྲས།

༼འདས་པོའི་ཕུང་པོ་དང་པོ། ༽

ལྷ་ས་གྲོང་ཁྱེར་ཉེན་རྟོག་ཁང་གི་ཉེས་དོན་ཚན་རྩལ་གསལ་འབྱེད་ཡིག་ཆ། (གསང་བ།)

༢༠༠༨ ལོའི་ལྷ་ས་ཉེན་རྟོག་ཁང་གི་ཉེས་དོན་ཚན་རྩལ་གསལ་བྱེད་ཡི་གེ་ཨང་ ༠༩༢ པ།

ཞིབ་དཔྱད་སྙན་སེང་ཞུ་མཁན་ལས་ཁུངས། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཁང་ ༡༡༠ བཀོད་འདོམས་ལྟེ་གནས།

ཞིབ་དཔྱད་སྙན་སེང་ཞུས་པའི་དུས་ཚོད། ༢༠༠༨ ལོའི་ཟླ་ ༣ ཚེས་ ༢༠ ཉིན་ཆུ་ཚོད་ ༡༠ དང་སྐར་མ་ ༣༠ ཐོག

འདས་པོ། མིང་མི་གསལ། ཕོ། བོད་རིགས། གནས་ཚུལ་གཞན་མི་གསལ།

ཞིབ་དཔྱད་བྱས་པའི་དུས་ཚོད། ༢༠༠༨ ལོའི་ཟླ་ ༣ ཚེས་ ༢༠ ཉིན་གྱི་ཆུ་ཚོད་ ༡༢ སྟེང་།

ཞིབ་དཔྱད་ས་གནས། བོད་ལྗོངས་ལྷ་ས་གྲོང་ཁྱེར་ཞིས་ཧྲན་(ནུབ་རི་)རོ་ཁང་།

སྔོན་གླེང་།

༢༠༠༨ ལོའི་ཟླ་ ༣ ཚེས་ ༡༤ ཉིན་གྱི་ཕྱི་དྲོར། ལྷ་ས་གྲོང་ཁྱེར་ཅིན་ཕིན་གསོལ་མགྲོན་ཁང་ཆེན་མོའི་ཉེ་འགྲམ་དུ་སྐྱེས་པ་གཅིག་འདས་གྲོངས་ཕྱིན།

ཞིབ་དཔྱད་དམིགས་ཡུལ།

ཕུང་པོ་ལ་ཞིབ་བཤེར་གསལ་འབྱེད་བྱ་དགོས་པའི་རེ་བ་བཏོན་པ་ལྟར། ཞིབ་བཤེར་མཇུག་འབྲས་གཞིར་བཞུང་གསལ་འབྱེད་ཡིག་ཆ་འདི་བཏོན་པ་ཡིན།

ཞིབ་བཤེར་གནས་ཚུལ།

ལུས་སྟོད་དུ་སྟོད་གོས་ནག་པོ་དང་བལ་གོས་དམར་པོ། ཚི་ལེན་ཁམ་ཁྲ། ཤ་འབྱར་སྔོ་ཕྲ་བཅས་གྱོན་པ། ལུས་སྨད་དུ་སྐྱ་མདོག་གི་ནུབ་ཕྱོགས་གླིང་རྫིའི་དོར་མ་དང་། ནང་འཇམ་སྔོ་སྐྱ། གསང་རས་དཀར་པོ་བཅས་གྱོན་པ། རྐང་མགོར་མདོག་དཀར་དམར་ཁྲ་བོའི་འགྲུལ་ལྷམ་གྱོན་པ། གཟུགས་པོའི་རིང་ཚད་རྨིད་ ༡་༨༤ འདུག གཟུགས་པོའི་འཚར་ལོངས་རྒྱུན་ལྡན་དང་འཚོ་བཅུད་སྤྱིར་བཏང་རེད། འདས་པོའི་དཔུང་པ་གཡས་པའི་རྒྱབ་ནས་རྐེད་པ་གཡས་པའི་བར་དང་། གཡས་ཕྱོགས་ཀྱི་རྐང་པ་བཅས་ཀྱི་གནས་སུ་སྒོར་དབྱིབས་ཅན་གྱི་རྨ་ཤུལ་ ༡༧ ཡོད་པ་དང་། རྨ་ཤུལ་གི་ཚིངས་ཐིག་ལ་ལིའི་རྨིད་ ༠་༧ ནས ༡ བར་འདུག རྨ་ཤུལ་དེ་དག་ནི་མདེའུ་རྨ་ཤུལ་དང་མཚུངས་པ་མ་ཟད། རྨ་ཁར་དུད་དྲེག་ཆགས་འདུག མདེའུ་ཕལ་ཆེ་བས་བྲང་ཁོག་ཏུ་རྨས་སྐྱོན་བཟོས་འདུག ལུས་ཀྱི་ཆ་གཞན་པར་རྒྱུན་ལྡན་མིན་པའི་གནས་ཚུལ་མི་འདུག

དབྱེ་ཞིབ་གསལ་བཤད།

གཅིག ཕུང་པོའི་གནས་སྟངས་ལ་གཞིགས་ན་ཤི་བའི་དུས་ཚོད་ནི་ཞིབ་དཔྱད་མ་བྱས་སྔོན་གྱི་ ཉིན་དྲུག་གི་སྔ་རྗེས་ཙམ་ཡིན་པས་དཔྱད་ཞིབ་སྙན་སེང་བྱས་པའི་དུས་ཚོད་དང་མཐུན་ གྱི་འདུག

གཉིས། འདས་པོར་རྨས་སྐྱོན་ཕོག་གནས་གཙོ་བོ་ནི་ལུས་པོའི་གཡས་ཕྱོགས་ཡིན་པ་དང་། རྨ་ཁར་དབྱེ་ཞིབ་བྱས་ན་མདེའུ་ཕོག་པའི་ཁྱད་ཆོས་དང་མཐུན་གྱི་འདུག

གསུམ། འདས་པོའི་ལུས་པོའི་གཡས་ཕྱོགས་སུ་མེ་མདའ་ཕོག་རྗེས། མདེའུ་བྲང་ཁོག་ཏུ་འཛུལ་ནས་འདས་གྲོངས་ཕྱིན་འདུག དེར་བརྟེན་ཤི་རྐྱེན་གཙོ་བོ་ནི་མེ་མདའ་ཕོག་པ་རེད།

སྡོམ་ཚིག

འདས་པོ་(མིང་མི་གསལ་བའི་སྐྱེས་པ)དེ་མེ་མདའ་ཕོག་ནས་ཤི་བ་རེད།

༼འདས་པོའི་ཕུང་པོ་གཉིས་པ། ༽

ལྷ་ས་གྲོང་ཁྱེར་ཉེན་རྟོག་ཁང་གི་ཉེས་དོན་ཚན་རྩལ་གསལ་འབྱེད་ཡིག་ཆ། (གསང་བ།)

༢༠༠༨ ལོའི་ལྷ་ས་ཉེན་རྟོག་ཁང་གི་ཉེས་དོན་ཚན་རྩལ་གསལ་བྱེད་ཡི་གེ་ཨང་ ༠༩༣ པ།

ཞིབ་དཔྱད་སྙན་སེང་ཞུ་མཁན་ལས་ཁུངས། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཁང་ ༡༡༠ བཀོད་འདོམས་ལྟེ་གནས།

ཞིབ་དཔྱད་སྙན་སེང་ཞུས་པའི་དུས་ཚོད། ༢༠༠༨ ལོའི་ཟླ་ ༣ ཚེས་ ༢༠ ཉིན་ཆུ་ཚོད་ ༡༠ དང་སྐར་མ་ ༣༠ ཐོག

འདས་པོ། མིང་མི་གསལ། མོ། བོད་རིགས། གནས་ཚུལ་གཞན་མི་གསལ།

ཞིབ་དཔྱད་བྱས་པའི་དུས་ཚོད། ༢༠༠༨ ལོའི་ཟླ་ ༣ ཚེས་ ༢༠ ཉིན་གྱི་ཆུ་ཚོད་ ༡༢ སྟེང་།

ཞིབ་དཔྱད་ས་གནས། བོད་ལྗོངས་ལྷ་ས་གྲོང་ཁྱེར་ཞིས་ཧྲན་(ནུབ་རི་)རོ་ཁང་།

སྔོན་གླེང་།

༢༠༠༨ ལོའི་ཟླ་ ༣ ཚེས་ ༡༤ ཉིན་གྱི་ཕྱི་དྲོར། ལྷ་ས་གྲོང་ཁྱེར་ཅིན་ཕིན་གསོལ་མགྲོན་ཁང་ཆེན་མོའི་ཉེ་འགྲམ་ནས་བུད་མེད་གཅིག་འདས་གྲོངས་ཕྱིན།

ཞིབ་དཔྱད་དམིགས་ཡུལ།

ཕུང་པོ་ལ་ཞིབ་བཤེར་གསལ་འབྱེད་བྱ་དགོས་པའི་རེ་བ་བཏོན་པ་ལྟར། ཞིབ་བཤེར་མཇུག་འབྲས་གཞིར་བཟུང་གསལ་འབྱེད་ཡིག་ཆ་འདི་བཏོན་པ་ཡིན།

ཞིབ་བཤེར་གནས་ཚུལ།

འདས་པོའི་ལུས་སྟོད་དུ་སྟོད་གོས་ལྗང་སེར་དང་ཤ་འབྱར་གློ་སྐྱ། ནུ་ཁེབས་སེར་པོ་བཅས་གྱོན་པ། ལུས་སྨད་དུ་ནུབ་ཕྱོགས་གླིང་རྫིའི་དོར་མ་སྔོ་སྐྱ་དང་། རྐང་མགོར་འགྲུལ་ལྷམ་ནག་པོ་གྱོན་པ། གཟུགས་པོའི་རིང་ཚད་རྨིད་ ༡་༥ འདུག གཟུགས་པོའི་འཚར་ལོངས་རྒྱུན་ལྡན་དང་འཚོ་བཅུད་སྤྱིར་བཏང་རེད།

འདས་པོའི་དཔུང་པ་གཡོན་པའི་རྒྱབ་འོག་དང་། ནུ་མ་གཡོན་པའི་མགོ་དང་ནང་ལོག གཡོན་ཕྱོགས་བྲང་གཞུང་། ཨོང་ཤ་གཡོན་པའི་འོག་ངོས། ལག་ངར་གཡོན་པའི་ཕྱི་ལོགས། མཚན་མའི་ཁ་བཅས་སུ་སྒོར་དབྱིབས་ཅན་གྱི་རྨ་ཤུལ་ ༨ འདུག རྨ་ཤུལ་རྣམས་མདེའུ་རྨ་ཤུལ་དང་མཚུངས་ལ་རྨ་ཁར་དུད་དྲེག་འདུག ལུས་ཀྱི་ཆ་གཞན་པར་རྒྱུན་ལྡན་མིན་པའི་རྗེས་ཤུལ་གང་ཡང་མི་འདུག

དབྱེ་ཞིབ་གསལ་བཤད།

གཅིག ཕུང་པོའི་གནས་སྟངས་ལ་གཞིགས་ན་ཤི་བའི་དུས་ཚོད་ནི་ཞིབ་དཔྱད་མ་བྱས་སྔོན་གྱི་ ཉིན་དྲུག་གི་སྔ་རྗེས་ཙམ་ཡིན་པས་དཔྱད་ཞིབ་སྙན་སེང་བྱས་པའི་དུས་ཚོད་དང་མཐུན་ གྱི་འདུག

གཉིས། འདས་པོར་རྨས་སྐྱོན་ཕོག་གནས་གཙོ་བོ་ནི་ལུས་པོའི་མདུན་ཕྱོགས་ཡིན་པ་དང་། རྨ་ཁར་དབྱེ་ཞིབ་བྱས་ན་མདེའུ་ཕོག་པའི་ཁྱད་ཆོས་དང་མཐུན་གྱི་འདུག

གསུམ། འདས་པོའི་ལུས་གཞུང་དུ་མེ་མདའ་ཕོག་རྗེས། མདེའུ་བྲང་ཁོག་ཏུ་འཛུལ་ནས་དོན་སྣོད་ལ་རྨས་སྐྱོན་བཟོས་ནས་འདས་གྲོངས་ཕྱིན་འདུག དེར་བརྟེན་ཤི་རྐྱེན་གཙོ་བོ་ནི་མེ་མདའ་ཕོག་པ་རེད།

སྡོམ་ཚིག

འདས་པོ་(མིང་མི་གསལ་བའི་བུད་མེད)དེ་མེ་མདའ་ཕོག་ནས་ཤི་བ་རེད།

༼འདས་པོའི་ཕུང་པོ་གསུམ་པ། ༽

ལྷ་ས་གྲོང་ཁྱེར་ཉེན་རྟོག་ཁང་གི་ཉེས་དོན་ཚན་རྩལ་གསལ་འབྱེད་ཡིག་ཆ། (གསང་བ།)

༢༠༠༨ ལོའི་ལྷ་ས་ཉེན་རྟོག་ཁང་གི་ཉེས་དོན་ཚན་རྩལ་གསལ་བྱེད་ཡི་གེ་ཨང་ ༠༩༤ པ།

ཞིབ་དཔྱད་སྙན་སེང་ཞུ་མཁན་ལས་ཁུངས། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཁང་ ༡༡༠ བཀོད་འདོམས་ལྟེ་གནས།

ཞིབ་དཔྱད་སྙན་སེང་ཞུས་པའི་དུས་ཚོད། ༢༠༠༨ ལོའི་ཟླ་ ༣ ཚེས་ ༢༠ ཉིན་ཆུ་ཚོད་ ༡༠ དང་སྐར་མ་ ༣༠ ཐོག

འདས་པོ། མིང་མི་གསལ། མོ། བོད་རིགས། གནས་ཚུལ་གཞན་མི་གསལ།

ཞིབ་དཔྱད་བྱས་པའི་དུས་ཚོད། ༢༠༠༨ ལོའི་ཟླ་ ༣ ཚེས་ ༢༠ ཉིན་གྱི་ཆུ་ཚོད་ ༡༢ སྟེང་།

ཞིབ་དཔྱད་ས་གནས། བོད་ལྗོངས་ལྷ་ས་གྲོང་ཁྱེར་ཞིས་ཧྲན་(ནུབ་རི་)རོ་ཁང་།

སྔོན་གླེང་།

༢༠༠༨ ལོའི་ཟླ་ ༣ ཚེས་ ༡༤ ཉིན་གྱི་ཕྱི་དྲོར། ལྷ་ས་གྲོང་ཁྱེར་ཅིན་ཕིན་གསོལ་མགྲོན་ཁང་ཆེན་མོའི་ཉེ་འགྲམ་ནས་བུད་མེད་གཅིག་འདས་གྲོངས་ཕྱིན།

ཞིབ་དཔྱད་དམིགས་ཡུལ།

ཕུང་པོ་ལ་ཞིབ་བཤེར་གསལ་འབྱེད་བྱ་དགོས་པའི་རེ་བ་བཏོན་པ་ལྟར། ཞིབ་བཤེར་མཇུག་འབྲས་གཞིར་བཟུང་གསལ་འབྱེད་ཡིག་ཆ་འདི་བཏོན་པ་ཡིན།

ཞིབ་བཤེར་གནས་ཚུལ།

འདས་པོའི་ལུས་སྟོད་དུ་སྟོད་གོས་དཀར་ཁྲ་དང་། ནང་འཇམ་ཁམ་ཁྲ། ཤ་འབྱར་དམར་པོ། ནུ་ཁེབས་ནག་པོ། ལུས་སྨད་དུ་ནུབ་ཕྱོགས་གླིང་རྫིའི་དོར་མ་སྔོན་པོ་དང་། བལ་སྣམ་དམར་ཁྲ། རྐང་མགོར་འགྲུལ་ལྷམ་དཀར་པོ་བཅས་གྱོན་འདུག གཟུགས་པོའི་རིང་ཚད་རྨིད་ ༡་༥༤ འདུག འཚར་ལོངས་རྒྱུན་ལྡན་དང་འཚོ་བཅུད་སྤྱིར་བཏང་རེད།

འདས་པོའི་ནུ་མ་གཡས་པའི་འོག་དང་གྲོད་ཁོག་གཡས་པའི་བར་དུ་རྨ་ཤུལ་སྒོར་སྒོར་ ༦ དང་། དཔྱི་རུས་གཡས་པའི་མདུན་ངོས་སུ་རྨ་ཤུལ་སྒོར་སྒོར་ ༣ ། བརླ་གཡོན་པའི་དཀྱིལ་ཕྱོགས་སུ་རྨ་ཤུལ་སྒོར་སྒོར་ ༤ ། བརླ་གཡས་པའི་སྟེང་འོག་ཕྱོགས་གཉིས་སུ་རྨ་ཤུལ་སྒོར་སྒོར་ ༢ བཅས་ཁྱོན་བསྡོམས་རྨ་ཁུལ་སྒོར་སྒོར་ ༡༥ ཡོད་པ་དང་། རྨ་ཤུལ་རྣམས་མདེའུ་རྨ་ཤུལ་དང་མཚུངས་ལ་རྨ་ཁར་དུད་དྲེག་འདུག ལུས་ཀྱི་ཆ་གཞན་པར་རྒྱུན་ལྡན་མིན་པའི་རྗེས་ཤུལ་གང་ཡང་མི་འདུག

དབྱེ་ཞིབ་གསལ་བཤད།

གཅིག ཕུང་པོའི་གནས་སྟངས་ལ་གཞིགས་ན་ཤི་བའི་དུས་ཚོད་ནི་ཞིབ་དཔྱད་མ་བྱས་སྔོན་གྱི་ ཉིན་དྲུག་གི་སྔ་རྗེས་ཙམ་ཡིན་པས་དཔྱད་ཞིབ་སྙན་སེང་བྱས་པའི་དུས་ཚོད་དང་མཐུན་ གྱི་འདུག

གཉིས། འདས་པོར་རྨས་སྐྱོན་ཕོག་གནས་གཙོ་བོ་ནི་ལུས་པོའི་མདུན་ཕྱོགས་དང་རྐང་པ་གཉིས་ཡིན་པ་དང་། རྨ་ཁར་དབྱེ་ཞིབ་བྱས་ན་མདེའུ་ཕོག་པའི་ཁྱད་ཆས་དང་མཐུན་གྱི་འདུག

གསུམ། འདས་པོའི་ལུས་གཞུང་དུ་མེ་མདའ་ཕོག་རྗེས། མདེའུ་བྲང་ཁོག་ཏུ་འཛུལ་ནས་དོན་སྣོད་ལ་རྨས་སྐྱོན་བཟོས་ནས་འདས་གྲོངས་ཕྱིན་འདུག དེར་བརྟེན་ཤི་རྐྱེན་གཙོ་བོ་ནི་མེ་མདའ་ཕོག་པ་རེད།

སྡོམ་ཚིག

འདས་པོ་(མིང་མི་གསལ་བའི་བུད་མེད)དེ་མེ་མདའ་ཕོག་ནས་ཤི་བ་རེད།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 4

  1. Phuntsok says:
    ལོ་ 11 སྔོན།

    ང་ལ་རེ་བ་ཆུང་ཆུང་ཞིག་ཞུ་ཡག་ཡོད། གནས་ཚུལ་གལ་ཆེན་པོ་འདི་མང་ཚོགས་ཀྱིས་གདོང་དེབ་དང་སྐར་འཕྲིན་སོགས་ཀྱི་ནང་དུ་གང་བྱུང་བརྒྱུད་འགོད་བེད་སྤྱོད་མ་གནང་རོགས། དངོས་གནས་བྱས་ན་འདི་འགྲོ་བ་མིའི་ཐོབ་ཐང་ཚང་གིས་གསར་འགོད་གསལ་བསྒྲགས་བྱས་ན་འགྲིག་གི་ཡོད་མ་རེད། བོད་གཞུང་བཀའ་ཤག་དང་དྲིལ་བསྒྲགས་ལས་ཁུངས་གང་རུང་ཞིག་གིས་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་གཏུག་བཤེར་ཁྱབ་བསྒྲགས་གནང་དགོས་རེད། འདི་ང་རང་གི་རེ་བ་ཡིན།

    Reply
  2. གླིང་འདུན། says:
    ལོ་ 11 སྔོན།

    འདི་ཧ་ཅང་ཡིག་ཆ་རྩ་ཆེན་པོ་ཞིག་རེད། ཡིན་ནའང་ང་ཡིག་ཆ་འདི་ལ་དོགས་པ་མང་པོ་ཞིག་སླེབས་སོང་། གསར་འགོད་པ་ཚོས་ཡིག་ཆ་འདིའི་ཁུངས་ལ་གཏན་གཏན་བརྩད་གཅོད་བྱེད་རྒྱུ་ཞིག་འདུག

    Reply
  3. ཁྱམས་འཇུགས་ says:
    ལོ་ 11 སྔོན།

    དེའ་ལོ་མཇུག་དུས་དབང་ཡོང་མཁན་ལྷ་སྡོད་རྒན་རྒོང་བཟའ་གཉིས་ཐུགས་སོང་པར། ད་ལོ་བོད་མི་རྒྱ་མིས་བསད་སོང་འདི་ནས་ཁྱོད་བརྒྱ་ཡས་མས་བཤད་ཀྱི་འདུག་དེའི་རྩ་བ་ཉིད་ནས་མི་ཚད་ཕྱི་ཕྱོགས་སུ་གནས་ཚུལ་ཕྲན་བུ་དེ་ཡང་བོད་པ་ལས་བྱེད་ཅིག་གིས་དེ་འདྲ ་མི་སྤྱོད་འདས་པའི་བྱ་སྤྱོད་རྩོད་པ་རྒྱབ་ཡུན་རིང གསང་པ་ཕྱི་ཤོར་ཡིན་ཚུལ་

    Reply
  4. ཁྱམས་འཇུགས་ says:
    ལོ་ 11 སྔོན།

    2008་ལོར་ལྷ་ཁུལ་བོད་པའི་གྲོང་མི་ཕལ་ཆེར་རྩ་རྫོགས་བྱས་ཏེ་བསད་ཡོད་ཚུལ་འདུག་ལོ་ང་ལང་བལ་ཡུལ་སོང་པའི་ལོ་འདིའི་ལོ་མགོར་ལྷ་སར་ཡོད་པའི་ཕ་ཡུལ་ཅིག་པའི་བུད་མེད་ནམ་རྒྱུན་གུང་ཕྲན་ཏང་ལ་དགའ་ཞེ་ཚད་བྱེད་མཁན་ཞིག་ཡོད་པར་མོ་ཐུགས་སོང་པར་མོས་བོད་པ་ནི་ཚང་མ་རྒྱ་མིས་བསད་ཟེར་གྱི་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese