གཟའ་སྤེན་པའི་ཕྱི་དྲོར་ཟི་ཁྲོན་དར་རྩེ་མདོ་ཁུལ་དུ་ས་ཡོམ་ཚད་རིམ་ ༦’༩ ཅན་ཞིག་བརྒྱབ་སྟེ་མི་བཞི་རྐྱེན་ལམ་དུ་ཕྱིན་ཡོད་པ་དང་གཞན་མང་པོ་ཞིག་ལ་རྨས་སྐྱོན་ཕོག་ཡོད་འདུག
རྒྱལ་སྤྱིའི་གསར་ལམ་ཁག་ཅིག་ནང་གནས་ཚུལ་ཐོན་པར། ཟླ་འདིའི་ཚེས་ ༢༢ ཉིན་གྱི་ཕྱི་དྲོར་ཟི་ཁྲོན་དཀར་མཛེས་ཁུལ་དར་རྩེ་མདོ་ཉེ་ཁུལ་དུ་ས་འགུལ་ཚད་རིམ་ ༦’༩ ཅན་ཞིག་བརྒྱབ་སྟེ་མི་ ༤ རྐྱེན་ལམ་དུ་ཕྱིན་ཡོད་པ་དང་། གཞན་མི་མང་པོ་ཞིག་ལ་རྨས་སྐྱོན་དང་མི་འགའ་བར་བརླག་བཅས་བྱུང་ཡོད་འདུག གཞན་ས་གནས་དེ་ཁུལ་གྱི་སློབ་གྲྭ་ཞིག་ལ་ས་འགུལ་གྱི་གནོད་འཚེ་ཆེན་པོ་ཕོག་སྟེ་སློབ་ཕྲུག་ ༤༨ ལ་རྨས་སྐྱོན་བཟོས་ཡོད་འདུག
རྒྱ་ནག་གི་གསར་འགྱུར་ནང་། ཐེངས་འདིའི་ས་འགུལ་གྱི་ཚད་རིམ་ ༦’༣ ཡིན་པ་དང་། ས་འགུལ་བྱུང་ཡུལ་གྱི་ཁང་པ་ ༤༧ ཙམ་ལ་བརྡིབ་སྐྱོན་བྱུང་ཡོད་པ་དང་། གཞན་ཁང་པ་ ༢༦༣༠ ཙམ་ལ་གནོད་སྐྱོན་ཆེན་པོ་ཐེབས་ཏེ། ད་ཆར་རྒྱ་ནག་གི་མྱུར་སྐྱོབ་རུ་ཁག་གིས་ས་གནས་མང་ཚོགས་དང་སློབ་ཕྲུག་ཚོ་བདེ་འཇགས་ཀྱི་ས་གནས་ཤིག་ཏུ་གནས་སྤོ་བྱས་ཏེ། རྨས་མ་ཚོར་སྨན་བཅོས་དང་འཚོ་བའི་མཐུན་རྐྱེན། ཁང་པ་ཞིག་རལ་དུ་འགྱུར་བ་དག་སྔོག་བཤེར་སོགས་བྱེད་བཞིན་ཡོད་སྐོར་འཁོད་འདུག
གཞན། ད་ཆར་མྱུར་སྐྱོབ་ཀྱི་གནས་སྟངས་གང་འདྲ་ཡིན་མིན་དང་། ས་གནས་དེའི་མིང་སོགས་ཞིབ་ཕྲའི་གནས་ཚུལ་གང་འདྲ་ཡིན་མིན་ད་སྔ་རྟོགས་ཐུབ་མ་སོང་།