སྔ་ལོར་ཉི་ཧོང་གི་སྲིད་བློན་ཨ་བྷེ་ཡིས་འཛམ་གླིང་དམག་ཆེན་གཉིས་པའི་ནང་འདས་གྲོངས་སུ་ཕྱིན་པའི་ཉི་ཧོང་དམག་མིའི་དྲན་རྟེན་ལྷ་ཁང་དུ་མཆོད་འབུལ་བྱས་པར་རྒྱ་ནག་གིས་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་ཅིང་། ཁ་སང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་ནན་ཅིན་དམར་གསོད་ཆེན་མོར་འདས་མཆོད་ཀྱི་མཛད་སྒོ་ཞིག་བསྡུས་ཏེ་གཏམ་བཤད་སྤེལ་འདུག
ཁ་སང་ཕྱི་ཟླ་ ༡༢ ཚེས་ ༡༣ ཉིན། རྒྱ་ནག་ནན་ཅིན་གྲོང་ཁྱེར་དུ། ‘ནན་ཅིན་དམར་གསོད་ཆེན་མོ’ ་དྲན་གསོའི་འདས་མཆོད་སྒྲུབ་པའི་མཛད་སྒོ་ཞིག་ཚོགས་ཡོད་ཅིང་། དེ་ནི་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་ཉི་ཧོང་གོང་དམག་གིས་ནན་ཅིན་སོགས་རྒྱ་ནག་བྱང་ཤར་ཁུལ་དུ་བཙན་འཛུལ་བྱས་སྐབས་རྐྱེན་ལམ་དུ་ཕྱིན་པའི་དམག་དམངས་ལ་རྒྱལ་ཡོངས་རང་བཞིན་གྱི་མྱ་ངན་འདས་མཆོད་བྱས་པ་ཞིག་ཡིན་ཞིང་། འདས་མཆོད་མཛད་སྒོའི་སྟེང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་མཉམ་ཞུགས་བྱས་ཏེ། ང་ཚོས་ནན་ཅིན་དམར་གསོད་ཆེན་མོའི་ཁྲོད་ཀྱི་འདས་པོ་ཚོར་རྒྱལ་ཡོངས་འདས་མཆོད་བྱས་པ་ནི། བྱམས་སེམས་ཅན་གྱི་མི་རྣམས་ཀྱིས་ཞི་བདེ་ལ་རེ་སྙེག་བྱེད་པར་འབོད་སྐུལ་གཏོང་ཆེད་ཡིན་པ་ལས་མུ་མཐུད་འཁོན་སེམས་འཆང་བའི་ཆེད་དུ་མིན། ཀྲུང་གོ་དང་ཉི་ཧོང་རྒྱལ་ཁབ་གཉིས་ཀྱི་མི་དམངས་མི་རབས་བར་ནས་མི་རབས་བར་མཛའ་མཐུན་དང་། ལོ་རྒྱུས་མིག་དཔེར་བལྟས་ཏེ་ཞི་བདེ་ལ་བྱས་རྗེས་འབུལ་འོས། ལོ་རྒྱུས་བརྗེད་ཚེ་ངོ་ལོག་པ་ཡིན་ལ། ནག་ཉེས་ཁས་མ་བླངས་ཚེ་ནག་ཉེས་བསགས་པ་ཡིན་ཏེ། བཙན་འཛུལ་དམག་འཁྲུག་གི་ལོ་རྒྱུས་སྣང་མེད་དུ་འཇོག་འདོད་པའི་རྣམ་འགྱུར་དང་། བཙན་འཛུལ་དམག་འཁྲུག་གི་ངོ་བོ་ཡག་པོར་སྒྱུར་འདོད་ཀྱི་གཏམ་སྤྱོད་ཅི་ཙམ་བྱས་ཀྱང་ཆོག བཤད་སྟངས་ཅི་འདྲ་ཡག་ཀྱང་རུང་། དེ་དག་ཡོངས་རྫོགས་ཀྱིས་མི་རིགས་ཀྱི་ཞི་བདེ་དང་དྲང་བདེན་ལ་སྔར་ལས་ལྷག་གི་གནོད་བསྐྱལ་བ་ཡིན། ནོར་འཁྲུལ་གྱི་གཏམ་སྤྱོད་དེ་དག་ལ་ཞི་བདེ་དང་དྲང་བདེན་ལ་དགའ་བའི་མི་རྣམས་ཀྱིས་ངེས་པར་དུ་དོགས་ཟོན་དང་མཐའ་གཅིག་ཏུ་ངོ་རྒོལ་བྱེད་དགོས། ཞེས་སོགས་ཀྱི་གཏམ་བཤད་སྤེལ་འདུག
ལོ་འགའི་གོང་ནས་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་མཚོ་གླིང་ཁག་ཅིག་ཐོག་རྒྱ་ནག་དང་ཉི་ཧོང་བར་རྩོད་གླེང་བྱུང་བ་དང་བསྟུན་ཏེ། ༢༠༡༣ ལོའི་ཟླ་ ༡༢ ཚེས་ ༢༦ ཉིན། ཉི་ཧོང་གི་སྲིད་བློན་ཤིང་ཛོ་ཨ་བྷེ་ཉི་ཧོང་རྒྱལ་ས་ཊྲོཀ་ཡོ་ནང་ཡོད་པའི་འཛམ་གླིང་དམག་ཆེན་གཉིས་པའི་ཁྲོད་རྐྱེན་འདས་སུ་སོང་བའི་ཉི་ཧོང་གི་དམག་མིའི་དྲན་རྟེན་ལྷ་ཁང་ Yasukuni Shrine ཞེས་པར་མཆོད་འབུལ་དུ་བསྐྱོད་པར། རྒྱ་ནག་གཙོས་པའི་ཐེ་ཝན་དང་ཀོ་རུ་ཡ། ཨ་རི་སོགས་ཀྱིས་ཉི་ཧོང་གིས་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་ཀྱི་ནག་ཉེས་ལ་དགོངས་སེལ་ཞུ་རྒྱུའི་ཚབ་ཏུ་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་མི་མང་དམར་གསོད་གཏོང་མཁན་ཚོར་གུས་འདུད་ཡི་རངས་བྱས་པ་དེ་ནི་ལོ་རྒྱུས་ཀྱི་རྨ་ཁར་སླར་ཡང་ཚ་བྱུག་པ་དང་གཅིག་མཚུངས་ཡིན་ཚུལ་སྐྱོན་བརྗོད་བྱས་ཡོད། དེ་བཞིན་ད་ལོའི་ཕྱི་ཟླ་ ༡༠ པའི་ནང་སླར་ཡང་ཉི་ཧོང་གི་གྲོས་ཚོགས་འཐུས་མི་ ༡༠༠ ལྷག་ལྷ་ཁང་དེར་མཆོད་འབུལ་དུ་སྐྱོད་སྐབས། སྲིད་བློན་ཨ་བྷེ་དངོས་སུ་མཉམ་ཞུགས་བྱས་མེད་ཀྱང་མཆོད་རྫས་བསྐུར་ཏེ་མྱ་ངན་ཞུས་པར་སླར་ཡང་རྒྱ་ནག་དང་ཀོ་རི་ཡས་སྐྱོན་བརྗོད་ཆེན་པོ་བྱས་ཡོད།
རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བར། ཐེངས་འདིའི་རྒྱ་ནག་ནན་ཅིན་གྱི་འདས་མཆོད་དེ་ནི། ཉི་ཧོང་དམག་གིས་ ༡༩༣༧ ཟླ་ ༡༢ ཚེས་ ༡༣ ཉིན་ནས་བཟུང་ནན་ཅིན་ལ་བཙན་འཛུལ་བྱས་ཏེ་ཟླ་གཅིག་ལྷག་རིང་དམག་མི་འབུམ་གསུམ་ ༣༠༠༠༠༠ ལྷག་རྐྱེན་ལམ་དུ་བཏང་སྟེ་ལོ་རྒྱུས་དེབ་ཐེར་ནང་ཆེས་མུན་ནག་གི་ཤོག་ལྷེ་ཞིག་བསྐྲུན་ཡོད་ཚུལ་དང་། ད་ལོའི་ཕྱི་ཟླ་ ༢ ཚེས་ ༢༧ ཉིན་རྒྱ་ནག་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའིི་རྒྱུན་ཨུད་ལྷན་ཚོགས་སྟེང་གྲོས་ཆོད་བཞག་སྟེ། ལོ་ལྟར་ཕྱི་ཟླ་ ༡༢ ཚེས་ ༡༣ ཉིན་ནི་ནན་ཅིན་དམར་གསོད་ཆེན་མོར་རྒྱལ་ཁབ་ཐུན་མོང་གིས་འདས་མཆོད་སྒྲུབ་པའི་ཉིན་མོར་གཏན་འབེབས་བྱས་པ་ཞིག་ཡིན་སྐོར་སོགས་འཁོད་འདུག
ཐེངས་འདིར་རྒྱལ་སྤྱིའི་གསར་འགོད་པ་ཚོས་དོ་སྣང་བྱུང་བར། ནན་ཅིན་དམར་གསོད་ཆེན་མོའི་དྲན་རྟེན་གླིང་ཁའི་རྡོ་རིང་སྟེང་མི་ ༣༠༠༠༠༠ ལྷག་གི་ཚེ་སྲོག་འཕྲོག་ཞེས་འཁོད་ཡོད་ཀྱང་། གླིང་ཁའི་ལྷོ་ངོས་ཀྱི་མཁར་སྟེང་དུ་མིང་ཐོ་འཁོད་ཡོད་པའི་ནང་དམག་མི་ ༡༠༥༠༥ ཙམ་གྱི་མང་བྱང་ལས་མེད་སྐོར་བརྗོད་འདུག ཨ་རིའི་རྩོམ་པ་པོ་ Brandon Sanderson ལགས་ཀྱིས་འཛམ་གླིང་དམག་ཆེན་གཉིས་པའི་སྐོར་ལ་ཞིབ་འཇུག་བྱས་པའི་ནང་། “ཉི་ཧོང་དམག་མིས་ ༡༩༣༧ ཟླ་ ༡༢ པའི་ཚེས་ ༡༣ ཉིན་ནས་བཟུང་བདུན་ཕྲག་བདུན་རིང་། ནན་ཅིན་དུ་རྒྱན་ནག་གི་མི་མང་དང་དམག་མི་ ༣༠༠༠༠ ལྷག་སྡེབ་གསོད་བྱས་ཡོད་ཅིང་། གྲོང་ཁྱེར་མང་པོར་བཅོམ་སྲེག་དང་། བུད་མེད་ ༢༠༠༠༠ ནས་ ༨༠༠༠༠ བར་བཙན་གཡེམ་བཏང་བ་དང་དམག་མིའི་གཡོག་པོར་བཙན་འཁྲིད་བྱས་ཡོད། དམག་འཁྲུག་ཞི་འཇགས་རྗེས་ཞིབ་འཇུག་བྱས་སྐབས་ཞི་བའི་མི་མང་དང་དམག་མི། བཙོན་པ་བཅས་ཁྱོན་མི་ ༢༠༠༠༠༠ ཙམ་རྐྱེན་ལམ་དུ་སོང་ཡོད་པའི་མཇུག་འབྲས་ཐོན་ཡོད།” ཅེས་འཁོད་འདུག
རྒྱ་ཕྱོགས་ནས་བསྒྲགས་པའི་ནན་ཅིན་གཡུལ་འཁྲུག་ཁྲོད་རྐྱེན་འདས་སུ་སོང་བའི་གྲངས་ཀ་དེ་ཉི་ཧོང་ཕྱོགས་ནས་ཁས་ལེན་བྱེད་ཀྱི་མེད་པ་མ་ཟད། རྒྱལ་སྤྱིའི་ཁྲིམས་དོན་ལྷན་ཁང་ཁག་ཅིག་གིས་ཞིབ་འཇུག་བྱས་པའི་གྲུབ་དོན་ལའང་སྐབས་དེར་རྐྱེན་འདས་སུ་སོང་བའི་མི་གྲངས་འབུམ་གཉིས་ལས་བརྒལ་མེད། མཚན་ཉིད་རིག་པ་བ་དང་ལོ་རྒྱུས་སྨྲ་བ་ Frank Smitha ལགས་ཀྱིས་རྩོམ་སྒྲིག་བྱས་པའི་ ‘Japan’s war against China and the soviet Union’ ཞེས་པའི་སྟེང་། རྒྱ་ནག་གི་ཕྱོགས་ནས་ཉི་ཧོང་དམག་མིས་ ༡༩༣༧ ཟླ་ ༡༢ ཚེས་ ༡༣ ཉིན་ནས་བཟུང་བདུན་ཕྲག་དྲུག་རིང་ནན་ཅིན་དུ་ཞི་བའི་མི་མང་དང་དམག་མི་ ༣༠༠༠༠༠ ལྷག་རྐྱེན་འདས་སུ་བཏང་ཡོད་ཚུལ་རྗོད་ཀྱི་ཡོད་ཀྱང་། ཨ་རིའི་རྩོམ་པ་པོ་ Iris Chang ལགས་ཀྱིས་སྐབས་དེར་མི་ ༢༦༠༠༠༠ རྐྱེན་འདས་སུ་སོང་ཡོད་ཅེས་བརྗོད་ཡོད་ལ། ཨ་རིའི་གསར་འགོད་པ་དང་རྩོམ་པ་པོ་ Jonathan Spence ལགས་ཀྱིས་ཀྱང་དམག་མི་དང་མི་སེར་ ༤༢༠༠༠ ཙམ་རྐྱེན་འདས་དང་། བུད་མེད་ ༢༠༠༠༠ ཙམ་ལ་བཙན་གཡེམ་ཐེབས་ཡོད། ཅེས་བརྗོད་འདུག
ཐེངས་འདིའི་འདས་མཆོད་སྟེང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་གཏམ་བཤད་སྤེལ་དོན། དེ་རིང་ང་ཚོས་འདི་ནས་ནན་ཅིན་དམར་གསོད་ཆེན་མོའི་ཁྲོད་འདས་གྲོངས་སུ་སོང་བ་ཚོར་རྒྱལ་ཁབ་ཐུན་མོང་གིས་འདས་མཆོད་སྒྲུབ་པའི་མཛད་སྒོ་བསྡུས་ཏེ། འཇར་པན་བཙན་འཛུལ་བས་དམར་གསོད་བཏང་བའི་ཉེས་མེད་འདས་པོ་དེ་དག་ལ། ཀྲུང་གོའི་མི་དམངས་ཀྱིས་རྒྱལ་ཁབ་ཀྱི་ཆེད་དུ་ཚེ་སྲོག་ཕུལ་བའི་གསར་བརྗེ་སྔོན་གཤེགས་དཔའ་བོ་དང་མི་རིགས་ཀྱི་དཔའ་བོར་དྲན་གསོ་བྱས་ཏེ། ཀྲུང་གོའི་མི་དམངས་བློ་བརྟན་འགྱུར་མེད་ཀྱིས་འཕེལ་རྒྱས་བགྲོད་ལམ་དུ་སྐྱོད་པའི་བླ་མེད་ཕུགས་འདུན་མཚོན་པར་བྱས་ཡོད་ལ། ཀྲུང་གོའི་མི་དམངས་ཀྱིས་ལོ་རྒྱུས་སེམས་ལ་དམ་པོར་འཛིན་པ་དང་འདས་སོང་མི་བརྗེད་པ། ཞི་བདེ་ལ་གཅེས་སྤྲས་བྱེད་པ། མ་འོངས་གསར་གཏོད་བྱེད་པ་བཅས་ཀྱི་ལངས་ཕྱོགས་བརྟན་པོ་འཛམ་གླིང་མི་མང་ལ་བསྒྲགས་པ་ཡིན། ཞེས་དང་བརྗོ་འདུག
འཇར་པན་བཙན་འཛུལ་བས་བསླངས་པའི་ནན་ཅིན་དམར་གསོད་ཆེན་མོ་དེས་འཛམ་གླིང་ཡ་ང་བར་བྱས་པ་དང་། སྙིང་རྗེ་ཡོད་པའི་མི་རྣམས་ཡ་ང་བར་བྱས། འཛམ་གླིང་འཁྲུག་ཆེན་གཉིས་པར་རྒྱལ་ཁ་ཐོབ་རྗེས། ཡོན་ཏུང་རྒྱལ་སྤྱིའི་དམག་དོན་ཁྲིམས་ཁང་དང་ཀྲུང་གོ་དམག་འཁྲུག་ཉེས་ཅན་ཁྲིམས་གཅོད་དམག་དོན་ཁྲིམས་ཁང་བཅས་ཀྱིས་གྱོད་དོན་དེར་རྟོག་ཞིབ་བྱས་ཏེ་ངོས་འཛིན་གཅིག་གྱུར་ཐོག ཀྲུང་གོའི་མི་དམངས་ཀྱི་ཟུངས་ཁྲག་གིས་སྦགས་པའི་འཇར་པན་གྱི་ ཉེས་ཅན་པ་སྐོར་ཞིག་ལ་ཁྲིམས་ཆད་ཕོག་པ་བསྒྲགས་ཡོད་སྟབས། ལོ་རྒྱུས་ནི་དུས་ཀྱི་འཕེལ་འགྱུར་དང་བསྟུན་ནས་འགྱུར་མི་སྲིད་ལ། དོན་དངོས་ཀྱང་ཁ་ཡག་རྫུན་བཟོ་ལ་བརྟེན་ནས་ཡལ་མི་སྲིད། ཅེས་སོགས་བརྗོད་འདུག
ཞི་ཡིས་མུ་མཐུད་དུ་བརྗོད་དོན། ང་ཚོས་འཇར་པན་བཙན་འཛུལ་དམག་འཁྲུག་ཁྲོད་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླ་རྣམས་དང་། ཕྱིའི་བཙན་འཛུལ་ལ་འགོག་རྒོལ་བྱས་ཏེ་རང་སྲོག་བློས་བཏང་བའི་སྤུན་ཟླ་ཡོངས་ལ། ད་ལྟའི་ཀྲུང་གོ་ནི་མི་མང་གི་ཞི་བདེའི་འཚོ་བར་སྲུང་སྐྱོབ་བྱེད་པའི་ནུས་སྟོབས་ཡོད་པའི་རླབས་ཆེན་གྱི་རྒྱལ་ཁབ་ཅིག་ཡིན་ལ། ཀྲུང་ཧྭ་མི་རིགས་ཀྱིས་གཞན་གྱི་བཙན་འཛུལ་དང་གཉའ་གནོན་མྱོང་བའི་དུས་རབས་ཡོངས་སུ་མཇུག་རྫོགས་ཏེ། ཀྲུང་གོ་མི་མང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་བརྒྱུད་དེ་དམིགས་འབེན་མངོན་འགྱུར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་འབད་བརྩོན་བྱེད་བཞིན་ཡོད། ཅེས་སོགས་བརྗོད་འདུག
ཐེངས་འདིའི་འདས་མཆོད་མཛད་སྒོར་རྒྱ་ནག་གི་དམག་མི་དང་ལས་རིགས་འདྲ་མིན་གྱི་འཐུས་མི་ཆིག་ཁྲི་ལྷག་དང་། ནན་ཅིན་གཡུལ་འཁྲུག་ཁྲོད་ཞུགས་མྱོང་མཁན་གྱི་རྒན་འཁོགས། དེ་བཞིན། རྒྱ་ནག་གི་མཐུན་ཕྱོགས་རྒྱལ་ཁབ་ཁག་གི་གཞུང་ཚབ་སོགས་མཉམ་ཞུགས་བྱས་ཡོད་འདུག མྱ་ངན་དངོས་གཞིིའི་སྐབས་རྒྱ་ནག་གི་མཁའ་དམག་གིས་ཉེན་བརྡ་བཏང་བ་དང་མཉམ་དུ་ནན་ཅིན་གྲོང་ཁྱེར་ཡོངས་ཀྱི་རླངས་འཁོར་དང་མེ་འཁོར། གྲུ་གཟིངས་བཅས་ཀྱིས་དུས་གཅིག་ཏུ་དུང་བརྡ་བརྒྱབ་སྟེ་སྐར་མ་གཅིག་རིང་མྱ་ངན་བྱས་ཡོད་འདུག
ལོ་རྒྱུས་ཡིག་ཚགས་ལྟར་ན། ༡༩༣༡ ཟླ་ ༩ པའི་ནང་ཉི་ཧོང་གིས་ནན་ཅིན་དང་ཧྲང་ཧེ་སོགས་རྒྱ་ནག་བྱང་ཤར་གྱི་གྲོང་འཁྱེར་ཁག་ཏུ་བཙན་འཛུལ་བྱས་ཤིང་། ༡༩༣༦ ལོར་གོ་མིན་ཏང་དང་གུང་ཁྲན་ཏང་མཉམ་འབྲེལ་གྱིས་ཉི་ཧོང་ལ་དམག་འཐབ་བྱ་རྒྱུའི་གྲོས་མཐུན་བྱུང་སྟེ། ཡན་ཨན་དུ་ཡོད་པའི་དམར་ཤོག་ཚོགས་པའི་སྲིད་གཞུང་དེ་གོ་མིན་ཏང་གི་ཡན་ལག་ལས་ཁུངས་སུ་མིང་བསྒྱུར་བྱས་པ་མ་ཟད། དམར་དམག་ཁྲི་ ༨ ཡོད་པ་དེའང་གོ་མིན་ཏང་གི་དམག་སྡེ་ཨང་བརྒྱད་པར་མིང་བསྒྱུར་བྱས་ཏེ། ༡༩༣༧ ཟླ་ ༧ ཚེས་ ༥ ཉིན་ནས་དམག་འཁྲུག་དངོས་སུ་མགོ་འཛུགས་བྱས་ཡོད།
དམག་འཁྲུག་དེའི་ཁྲོད་རྒྱ་ནག་དང་ཉི་ཧོང་གི་དམག་མི་དང་། ནན་ཅིན་གྱི་ཉེས་མེད་མི་སེར་བཅས་མི་འབུམ་གཉིས་ལ་ཉེ་པའི་ཚེ་སྲོག་ཤོར་ཡོད་པ་མ་ཟད། དོན་རྐྱེན་དེ་བརྒྱུད་ནས་འཛམ་གླིང་དམག་ཆེན་གཉིས་པ་མེ་བཞིན་འབར། ཅང་ཅེ་ཧྲིས་མགོ་ཁྲིད་དེ་ ༡༩༣༦ ནས་ ༡༩༤༤ ལོའི་བར་གོ་གུང་མཉམ་འབྲེལ་གྱིས་ ‘རི་འགོག་དམག་འཁྲུག’ བརྒྱབ་པའི་གོ་སྐབས་དང་བསྟུན་ཏེ། མའོ་ཙེ་ཏུང་གིས་གོ་མིན་ཏང་ལ་ཡིད་ཆེས་མེད་པའི་ཐོག་ནས་དམར་དམག་རྒྱ་སྐྱེད་དང་རྟེན་གཞི་གསར་འཛུགས་བྱས་ཡོད་ཅིང་། ཕྱི་དགྲར་ཁ་གཏད་གཅོག་བཞིན་གོ་གུང་ནང་འཁྲུག་ཐེངས་མང་བྱུང་ཡོད་པ་དང་། ༡༩༤༥ ལོའི་ཟླ་ ༨ ཚེས་ ༦ ཉིན་ཨ་རིས་ཉི་ཧོང་གི་ཧི་རོ་ཞི་མར་རྡུལ་ཕྲན་མཚོན་ཆ་གཡུགས་པ་དང་། ཚེས་ ༨ ཉིན་ཨུ་རུ་སུས་ཀྱང་རྒྱ་ནག་ལ་རྒྱབ་རོགས་ལྟ་བུར་ཉི་ཧོང་ལ་དམག་རྒྱག་རྒྱུ་གསལ་བསྒྲགས་བྱས་སྟབས་ཉི་ཧོང་ཕམ་ཉེས་སུ་སོང་སྟེ། ཟླ་དེའི་ཚེས་ ༡༥ ཉིན་ཉི་ཧོང་གིས་མགོ་བཏགས་ཞུས་ཏེ་འཛམ་གླིང་དམག་ཆེན་གཉིས་པ་མཇུག་བསྒྲིལ་ཡོད་འདུག
དུས་བབ་ཚང་གི་རྩོམ་སྒྲིག་པ་ཆེན་མོ་དོན་གྲུབ་བཀྲ་ཤིས་ཀྱིས་བྲིས་པའི་སྒང་གི་གསར་འགྱུར་དང་འོག་གི་མཆན་བུ་གཉིས་ཀ་ཧ་ཅང་ཡག་པོ་འདུག མཆན་རྒྱག་མཁན་ནང་དུ་བརྗོད་གཞིའི་ཐོག་གཏིང་ཟབ་མོའི་དཔྱད་པ་གཏོང་མཁན་མི་འདུག མཐའ་མ་དེར་དོན་བཀྲའི་འོག་གི་མཆན་དེ་བོད་ནང་གི་བོད་མི་གཞོན་སྐྱེས་ཚོས་ཀློག་དགོས་པ་དེ་རེད་འདུག་པས་བརྒྱུད་འགོད་ཆོག་པ་བྱོས།
ནན་ཅིན་དམར་གསོད་ཆེན་མོའི་མཆོད་འབུལ་ཉིན་མོ་དེར་རྒྱ་དམར་གྱི་སྲིད་འཛིན་ཞི་ཅིང་ཕིང་གིས་གཏམ་བཤད་དེ་སྐད་གྲགས་ཆེན་པོ་ཆགས་འདུག ཁོས་སྐད་ཆའི་ནང་འདི་འདྲ་ཞིག་ཀྱང་ལབ་འདུག ((གནའ་ནས་བཟུང་ཞི་བདེ་ནི་མིའི་རིགས་ཀྱི་རེ་སྒུག་ཡིན། ཞི་བདེ་ནི་ཉི་འོད་དང་འདྲ་བར་དྲོད་ཁོལ་འཛོམས་ཤིང་། སྦྲང་ཆར་དང་མཚུངས་པར་བརླན་བཤེར་ལྡན། ཉི་འོད་དང་དྲོད་ཁོལ་ཡོད་ན། སྐྱེ་དངོས་མཐའ་དག་གཞི་ནས་སྐྱེ་འཕེལ་ཐུབ་པ་དང་། ཞི་བདེ་དང་བརྟན་འཇགས་ཡོད་ན། གཞི་ནས་མིའི་རིགས་ཀྱིས་རང་གི་ཕུགས་བསམ་སྔར་ལས་ལྷག་པར་མངོན་འགྱུར་བྱེད་ཐུབ། ལོ་རྒྱུས་ཀྱིས་ང་ཚོར་ཞི་བདེ་ནི་བརྩོན་ལེན་བྱེད་དགོས་པ་ཞིག་དང་སྲུང་སྐྱོབ་བྱེད་དགོས་པ་ཞིག་ཡིན་པ་ར་སྤྲོད་བྱས་ཡོད། མི་ཐམས་ཅད་ཀྱིས་ཞི་བདེ་ལ་གཅེས་སྤྲས་དང་སྲུང་སྐྱོབ་བྱེད་པ་དང་། དམག་འཁྲུག་གི་ཡ་ང་བའི་བསླབ་བྱ་ཡིད་ལ་བཟུང་ན། ད་གཟོད་ཞི་བདེ་ལ་རེ་བ་ཡོད།)) འདི་ལྟ་བུའི་ཁ་གཡང་སོགས་སྒྲོག་འདུག།
ཉི་འོངས་དང་། རྒྱ་ནག་གཉིས་ཀས། མཐུན་ལམ་ཡར་རྒྱས་འོངས་བའི་སྨོན་ལམ་ཡོད།
དོན་གྲུབ་བཀྲ་ཤིས་ཀྱི་ཞབས་མཆན་རིང་པོ་དེ་རྩོམ་ཡིག་ཡིན་པ་འདྲ་བོ། གསར་འགྱུར་ཡིན་པ་འདྲ་བོ། རང་རྣམ་ཡིན་པ་འདྲ་བོ། རྟོགས་སྒྲུང་ཡིན་པ་འདྲ་བོ། སྙན་ངག་ཡིན་པ་འདྲ་བོ་རིང་པོ་རིང་པོ་ཞིག་བྲིས་འདུག གང་ལྟར་སྙན་པོ་ཞེ་དྲག་འདུག་ནང་དོན་ཡང་གཏིང་ཟབ་པོ་འདུག བོད་ནང་གི་དྲ་རྒྱའི་ཐོག་ལ་བསྐུར་ན་ཁ་ཡོད་ལག་ཡོད་ཀྱིས་གསམ་གཞིག་གཏོང་དགོས་པ་ཡོང་ངེས་རེད།
དྲ་གྲོགས་ཀརྨ་ལགས་ཀྱི་རེ་བ་ལྟར་ཟུར་མཆན་ཙམ་གྱི་ནང་དུ་འཇོག་པ་ལས་དྲ་རྒྱ་ཞིག་གི་ཐོག་ལ་སྤེལ་ན་ཧ་ཅང་ཡག་པོ་འདུག་ལགས་
དོན་གྲུབ་བཀྲ་ཤིས་མཆོག་གིས་འོག་ཏུ་མཆན་ཞིག་བཏབས་ཡོད་པ་དེ་དུས་བབ་ཀྱི་རྩོམ་ཡིག་འགོད་ས་དེར་བཀོད་ན་དགེ་མཚན་ཆེན་པོ་ཡོང་ས་རེད། རེ་སྐུལ་ཞུ་བཟིན་ཡོད།
དྲ་གྲོགས་མང་པོ་ཞིག་ཕེབས་ནས་བསམ་ཚུལ་གསུངས་པར་དགའ་བསུ་ཞུ། མང་པོ་ཞིག་གིས་གསར་འགྱུར་ཡག་པོ་བྲིས་འདུག་རབས་རྗོད་ཀྱིན་འདུག དེར་ཡང་ཐུགས་རྗེ་ཆེ་ཞུ།
ཁི་ཉིན་ཚེས་ ༡༣ གཟའ་སྤེན་པ་གཉིས་པ་དང་ ༡༤ ཉིན་ཉི་མའི་གུང་གསེང་རེད། ནང་ནས་ལྷོད་ལྷོད་བྱས་ཏེ་དེབ་རེར་བལྟས་ནས་བསྡད་པ་ཡིན། ཉིན་རྒྱབ་བརྙན་འཕྲིན་སྒོ་བྱས་སྐབས་ BBC སྟེང་ནན་ཅིན་དོན་རྐྱེན་སྐོར་འཁྱུག་ཙམ་བསྟན་སོང་། དེ་དུས་དོ་སྣང་དམིགས་བསལ་གང་ཡང་བྱུང་མ་སོང་། ཕྱི་དྲོའི་ཆུ་ཚོད་ ༦ ཙམ་ལ་བཟའ་ཉོག་དང་ལྷན་དུ་དགོང་ཟས་ཟ་ཞོར་དུ་བརྙན་འཕྲིན་ལ་བལྟས་པ་ཡིན། སྐབས་དེར་རྒྱ་ནག་གི་བརྙན་འཕྲིན་ཚན་པ་ཚང་མས་ “ནན་ཅིན་དམར་གསོད་ཆེན་མོ” ཞེས་པ་དེ་ཧ་ཅང་དོ་དོ་ཏན་ཏན་དང་གོ་རིམ་ལྡན་པའི་ཐོག་ནས་གཏོང་གི་འདུག དེས་ང་ལ་བསམ་གཞིག་ཅིག་དང་། ལོ་རྒྱུས་མང་པོ་ཞིག་ཕྱིར་དྲན་བྱེད་བཅུག་སོང་ལ། ཉི་ཧོང་དང་རྒྱ་ནག་གིས་རྣམ་འགྱུར་སྟོན་རེས་བྱེད་སྟངས་འདི་ལ་གད་མོ་ཞིག་ཤོར་སོང་།
དེའི་ཕྱི་ཉིན་གཟའ་ཉི་མ་རེད། ཞོགས་པར་ལས་ཀ་དང་འབྲེལ་ནས་དྲ་ཐོག་ལ་སྐོར་ཉུལ་ཞིག་བྱས་པ་ཡིན། རྒྱལ་སྤྱིའི་གསར་ལམ་ཆེ་ཁག་རེ་ཟུང་གིས་ཀྱང་ཁ་སང་ནན་ཅིན་གྱི་འདས་མཆོད་དེ་བཀོད་འདུག དེའི་ཐོག་བསམ་ཚུལ་བཤད་མཁན་རེ་ཟུང་གིས། རྒྱ་ནག་གིས་ག་དུས་ཡིན་ཡང་ཕྱི་དགྲ་ཞིག་གླགས་འཁེལ་གྱི་མེད་སྐབས། ལམ་སང་མང་ཚོགས་སྐུལ་སློང་བྱས་ཏེ་ཕ་རོལ་ལ་ཉེས་འཛུགས་འདྲ་མིན་བྱས་པ་བརྒྱུད་ནས་མང་ཚོགས་ལག་སྣེར་གཏོང་གི་རེད། སྔོན་ཆད་ ༡༩༢༨ ཡས་མས་ལ་རྒྱ་ནག་ཧྲང་ཧེ་དང་ནན་ཅིན། ཀུང་ཀྲུག་སོགས་སུ་ཉི་ཧོང་དང་ཨ་རི། འཇར་མན་སོགས་དང་རྙོག་ཟིང་བྱུང་སྐབས་མང་ཚོགས་དང་སློབ་ཕྲུག་སྐུལ་སློང་བྱས་ཏེ། དོན་མེད་དུ་མང་ཚོགས་དཀྱུས་མ་མང་པོ་ཤི་རྨས་ཐེབས་ཡོད། ཉེ་ལམ་ཞི་བདེ་རྒྱ་མཚོའི་གླིང་ཕྲན་འགའི་ཐད་རྩོད་ཉོག་བྱུང་སྐབས་ཀྱང་རྒྱ་ནག་གཞུང་གིས་མང་ཚོགས་ལ་ངན་སྐུལ་བྱས་ཏེ། པེ་ཅིན་སོགས་སུ་ཉི་ཧོང་གི་བཟོ་གྲྭ་དང་རླངས་འཁོར་གཏོར་བཅོམ་ཐེབས་ཡོད། ད་རེས་ཀྱང་རྒྱ་ནག་གིས་ཞི་བདེའི་མིང་ཐོག་ནས་རྒྱ་མི་རིགས་ལ་རྒྱལ་ཁབ་དང་ཧྭན་མི་རིགས་ཀྱི་ཞེན་ཁོག་བསླངས་ཏེ། རྒྱལ་སྤྱིར་བརྡབ་གསིག་མེད་པའི་ཐོག་ནས་ཉི་ཧོང་ལ་འཁོན་ལན་སློག་གི་འཇུག་རྩིས་རེད། ཅེས་སོགས་བརྗོད་འདུག གནས་ཚུལ་དེ་དག་གིས་དེད་དེ་ནན་ཅིན་དམར་གསོད་ཆེན་མོའི་བྱུང་རིམ་རྒྱབ་མདུན་སྐོར་གྱི་གསར་འགྱུར་འདི་སྤེལ་བ་ཡིན།
ངས་གསར་འགྱུར་དེ་འབྲི་སྐབས། དེབ་དང་དྲ་ཚིགས་སོགས་ལས་རྒྱུ་ཆ་འཚོལ་བཞིན་འཚོལ་བཞིན། སོ་སོའི་བྱིས་པའི་དུས་ཀྱི་གནས་ཚུལ་མང་པོ་ཞིག་མདང་ནུབ་བརྙན་ཡོལ་ངོས་འདས་མཆོད་ལྟར་རེ་རེ་བཞིན་དྲན་སོང་། ངས་ཀྱང་ཆུང་དུས་རི་པིན་ཀུའེ་ཙི་(འཇར་པན་འདྲེ་དམག 日本鬼子 )དང་། མེ་གོ་དགྲ་བོ། (美国敌人)གོ་མིན་ཏང་ལོག་སྤྱོད་པ་(共民党反动着)མང་པོ་བསད་མྱོང་ལ། ཀྲུང་གོ་མེ་གོའི་དམག་འཁྲུག་ལའང་ཐེངས་མང་ཞུགས་མྱོང་། ང་རང་གཙོ་བྱས་པའི་བྱིས་པ་བཙན་པོ་དག་ཀྲུང་གོའི་པཱ་ལུའུ་ཅུ་(བཅིངས་འགྲོལ་དམག)ཡིན་ལ། བྱིས་པ་གཉོམ་ཆུང་དག་མེ་གོ་དགྲ་བོ་དང་། མགོའི་སྐྲ་དང་ལུས་ཀྱི་ལྭ་ཡག་པོ་མེད་མཁན་དག་རི་པིན་ཀུའེ་ཙི་དང་གོ་མིན་ཏང་གི་ལོག་སྤྱོད་རེད། རྩེད་མོའི་དམག་འཁྲུག་དེའི་ཁྲོད་ནས་ཁོ་ཚོས་མགོ་ལྕག་འགྲམ་ལྕག་མང་པོ་བཟེད་དགོས་པ་མ་ཟད། གདོང་དང་ལུས་ངག་གིས་ཧ་ཅང་ཐ་ཤལ་དང་གཉོམ་ཆུང་གི་ཉམས་སྟོན་དགོས་པ་དང་། ཤི་ཁུལ་རྨས་ཁུལ་དང་། ས་རུ་འགྲིལ་ཁུལ་སོགས་ཀྱང་ཡང་ཡང་བྱེད་དགོས།
ང་ཆུང་ཆུང་སྐབས་ངའི་ཕ་ཡུལ་དུ་རླངས་འཁོར་ལམ་ཁ་མེད་ལ་དགུན་ཁ་བསླེབས་ན་གློག་ཀྱང་ཆད་འགྲོ། ལོ་རེའི་དགུན་ཁ་སླེབས་ན་ཐེངས་གཅིག་གཉིས་རེར་ཏཱན་ཡེན་(གློག་བརྙན 电 影)ལྟ་རྒྱུའི་གོ་སྐབས་ཡོད། (དབྱར་ཁ་མི་ཚང་མར་ཁོམ་ལོང་མེད།) དེ་ནི་ང་ཚོ་བྱིས་པ་དག་ལ་ལོ་གསར་ལས་ཀྱང་སྤྲོ་བ་ཆེ་བ་དང་ཀ་ར་བུ་རམ་ལས་ཀྱང་རོ་མངར་ལྡན། ངའི་ཨ་མ་ལགས་དང་ང་ཚོའི་གྲོང་པའི་བུད་མེད་རྣམས་ཏཱན་ཡེན་གྱི་ཅ་ལག་དང་། ཧྥ་ཏུན་ཅི་(གློག་འདོན་འཕྲུལ་ཆས།发动机)སོགས་ལེན་དུ་འགྲོ་དགོས། ཆུ་ཚོད་གཉིས་གསུམ་སར་ལེན་དུ་འགྲོ་དགོས་ཤིང་། ཁོང་ཚོས་འཕྲུལ་ཆས་དེ་དག་བརྒྱབ་ལ་འཁུར་ནས་ཆུ་ཚོད་གཉིས་གསུམ་གྱི་ལམ་ཁ་བརྒྱུད་ནས་ཕྱི་དྲོར་ང་ཚོའི་སྡེ་བར་སླེབ་ཀྱི་ཡོད། ཏཱན་ཡེན་ཐེངས་གཅིག་བསྟན་ན་གླ་ཆར་རྒྱུ་ནོར་སྟེར་དགོས་པ་དང་། མཚམས་རེར་ཁྱིམ་ཚང་རེ་ནས་ཤིང་སྡོང་སྟེར་དགོས།
དེ་རིང་དགོང་མོ་ཏཱན་ཡེན་ལྟ་རྒྱུ་ཡོད་ན་ཉིན་དཀར་ཕྱུགས་རྫིའི་ཉི་མ་ལོ་ལས་རིང་ཡང་སེམས་པའི་ནང་དུ་དྲོད་དང་འོད་ཀྱིས་ཁེངས་ཡོད། ཕྱི་དྲོ་དགོང་ཆུ་འཐུང་རྗེས་ང་ཚོའི་སྡེ་བའི་ལཱེའང་ཀྲིན་(སྡེ་བའི་སྤྱི་ཁང་།粮站)ཆེན་པོ་ཞིག་ཡོད་པ་དེའི་ནང་ནས་ཏཱན་ཡེན་སྟོན་པ་དང་། སྐབས་དེར་བྱིས་པ་སྣབས་ལུག་ཚོས་པགས་རྩག་དྲོན་པོ་གྱོན་པ་དང་། ནམ་རྒྱུན་གླིང་སྒྲུང་ལ་ཉན་སྡོད་མཁན་རྒན་འཁོགས་ཚོས་ཀྱང་གདན་མཐུག་པོ་རེ་མཆན་ལ་བཙིར་ནས་ཏཱན་ཡེན་ལྟ་རུ་འགྲོ། སྔོན་ཆད་ཕ་མ་ཚོའི་རིང་ལ་ཤཱང་དང་རྫོང་ཐོག་ལ་མ་སོང་ན་ཀྲུང་གོ་མེ་གོར་ལྟ་རྒྱུ་མེད་པ་དང་། མཚམས་རེར་རྒྱལ་ཁབ་ཀྱིས་ཆེད་དུ་རི་པིན་ཀུའེ་ཙི་ལ་ལྟ་རུ་འཇུག་གི་ཡོད་རབས་ཀྱང་འདུག དེ་ལྟར་དགུན་འཁྱག་བ་མོའི་ཁྲོད་ནས་ཆུ་ཚོད་གསུམ་བཞི་རེར་ཏཱན་ཡེན་ལྟ་བ་དང་། མཚམས་རེར་མི་མང་དྲགས་ན་ལཱེའང་ཀྲིན་ནང་མི་ཤོང་བར། ཕྱི་ལོགས་སུ་ཟོག་རྭ་ཆེན་པོ་ཞིག་ཡོད་པ་དེའི་རྩིག་ངོས་ལ་རས་གཞི་བརྒྱངས་ཏེ། མི་ཚང་མ་ཟོག་རྭའི་ནང་བསྡད་ནས་ཏཱན་ཡེན་ལྟ་དགོས། འདི་དཀའ་ངལ་ཆུང་ཆུང་རེད། ཚང་མའི་སེམས་འཁུར་ཆེ་ཤོས་ཏཱན་ཡེན་འཕྲུལ་ཆས་དང་ཧྥ་ཏུན་ཅི་ལ་ཆག་སྐྱོན་ཤོར་ཨེ་ཡོང་བསམ་པ་དེ་རེད།
དེའི་ཕྱིར་ཉིན་ནས་བཟུང་ང་ཚོ་བྱིས་པ་ཚོར་སླར་ཡང་ཀྲུང་གོ་མེ་གོ་དང་རི་པིན་ཀུའེ་ཙིའི་འཁྲབ་གཞུང་གསར་པ་གསར་རྐྱང་ཞིག་རེག་ཡོད་པ་རེད། ད་དུང་བྱིས་པ་བཙན་པོ་དབང་ཅན་དག་ལ། ལིན་ཙི་ཤུ་དང་། ཐེན་ཙི་མིན། ཁྲིན་ཊིན་སོགས་ཀྲུང་གོའི་ལོ་རྒྱུས་མི་སྣ་དག་གི་མིང་དང་། བྱིས་པ་གཉོམ་ཆུང་དག་ལ་ཀཱིང་པཱེན་རྐུབ་ཆེ་དང་། ཕཱ་ཐོ། ཧྲིན་ཐེ་ངོ་ལུག་སོགས་རི་པིན་དང་མེ་ཀོའི་དམག་དཔོན་ནུས་མེད་ཐ་ཤལ་དག་གི་མིང་བཏགས་ཡོད། དགོད་བྲོ་བ་ཞིག་ལ། བློ་བཟང་མེ་ཀཱོ་ཟེར་བ་སོགས་བྱིས་པ་འགའ་རེར་མིང་དེ་གཏན་འཇགས་སུ་ཐོག་ནས་ད་ལྟའང་མཚང་མིང་ལ་དེ་ལྟར་འབོད། རྔམ་མཐུག་ཅིང་གཏིང་ནག་པའི་བག་ཆགས་སྐྱུར་མོ་དེ་ང་གཅིག་པུ་མ་རེད། ཀྲུང་གོའི་མི་དམངས་དུང་ཕྱུར་བཅུ་གསུམ་གྱི་བརྒྱུད་ན་རིམ་པ་མི་འདྲ་བའི་ཐོག་ཤོག་བུར་སྣུམ་གྱིས་ཟིན་པ་ལྟར་ཤ་གསེང་རུས་གསེང་དུ་འཐིམ་ཡོད།
དཀའ་ཚེགས་ཆེ་བའི་དམག་འཁྲུག་དེ་དག་ཁྲོད། བྱིས་པ་ལ་ལར་ཁ་ཁྲག་སྣ་ཁྲག་བཞུར་བ་དང་གྱོན་པ་རལ་པ། ཐལ་བ་དང་འདམ་ཉོག་ནང་གཡུག་པ་སོགས་བྱས་ཏེ་རི་པིན་ཀུའེ་ཙི་དང་མེ་གོའི་དགྲ་བོ་རྣམས་ཕམ་པར་རྒྱག་དགོས་ལ། ཀྲུང་ཀོའི་པཱ་ལུག་ཅོན་ལ་རྒྱལ་ཁ་འཐོབ་དགོས། གཡུལ་འཁྲུག་དེའི་ཁྲོད་ནས་འགྱིག་ཅཱི་རིལ་དང་། རྩེད་ཆས་ཡག་པོ་འགའ་རེ་ཚེགས་མེད་དུ་རེག་ཐུབ། དེ་དག་ཁ་ཤས་ཀྲུང་གོས་རྒྱལ་ཁའི་ཁྲོད་ནས་བཙན་འཕྲོག་བྱས་པ་རེད་ལ། ཁ་ཤས་རི་པིན་ཀུའེ་ཙི་དང་མེ་གོ་འཁྲབ་མཁན་བྱིས་པ་གཉོམ་ཆུང་ཚོས་ངོ་སྲུང་ཆེད་རྔན་པར་སྤྲད་པ་རེད།
ང་རང་ལོ་བཅུ་དང་བཅོ་ལྔར་སོན་སྐབས་ང་དང་ངའི་རྩེད་རོགས་རྣམས་ཀྱང་ལུས་སེམས་གཉིས་ཀ་འཚར་ལོངས་བྱུང་ཞིང་། སྐབས་དེ་དུས་ཁྱིམ་མཚེས་གྲོང་སྡེ་གཞན་ལ་སོང་ན་ཏཱན་ཡིན་དབྱར་དགུན་གཉིས་ཀར་ལྟ་རྒྱུ་རེག དུས་དེར་རི་པིན་ཀུའེ་ཙི་དང་མེ་གོ་དགྲ་བོ། གོ་མིན་ཏང་ལོག་སྤྱོད་སོགས་ཀྱང་ཕྲན་བུ་ཉུང་དུ་ཕྱིན་འདུག ཏཱན་ཡེན་ལྟ་བྱེད་འཕྲུལ་ཆས་ཀྱང་ཡར་རྒྱས་ཕྱིན་ཏེ་ལའུ་ཞཱེང་(录像)ཟེར་བའི་སྒམ་ཆུང་ནག་པོ་མདུན་ངོས་ཤེལ་ཡོལ་ཅན་ཞིག་དར་སོང་། དེའི་ནང་བྱང་ལ་ཐོ་གང་དང་། ཟུར་ལ་སོར་བཞི་ལྔ་ཅན་གྱི་འཁོར་ཐག་ཅིག་འཇོག་གི་འདུག སྐབས་དེའི་ལའུ་ཞཱེང་ནང་དོན་ཡང་སྣ་ཇེ་མང་ལ་སོང་སྟེ་འཁྲབ་ཚན་ཅན་རིང་པོ་དེ་འདྲ་གཅིག་རྗེས་གཉིས་མཐུད་དུ་ཐོན་སོང་།
ཕྱི་དྲོར་ཟོག་ལུག་ལྷས་ལ་བཅུག་རྗེས་གྲོང་པའི་བྱིས་པ་མང་པོ་མཉམ་དུ་བར་ཐག་ཅུང་རིང་བའི་ལུང་མདོར་གྲོང་སྡེ་གཞན་ཞིག་ཡོད་པ་དེར་ལའུ་ཞཱེང་ལྟ་རུ་འགྲོ་བཞིན་ཡོད། མར་འགྲོ་སྐབས་ཆུ་ཚོད་གཅིག་ལྷག་དང་། ཡར་ལོག་སྐབས་ཧ་ལམ་ཆུ་ཚོད་གཉིས་འགོར་གྱིན་ཡོད། ཤིང་ནགས་དང་བྲག་རོང་ཆུ་འདམ་སོགས་བརྒྱུད་ནས་འགྲོ་དགོས་ཤིང་། མཚམས་རེར་ལའུ་ཞཱེང་བལྟས་ཚར་ནས་མཚན་གུང་ཕྱིར་ལོག་སྐབས་ཆར་བ་འབབ་པ་དང་ཆུ་ལོག་རྒྱུག་པ་སོགས་ཀྱི་ཉེན་ཁ་ཡང་ཡོད། གནམ་གཤིས་ཡག་ན་ལམ་བར་ནས་གཉིད་ཐུན་རེ་རྒྱག་བཞིན་ཡོང་གི་ཡོད་ལ། མཚམས་རེར་བུ་མོ་ཚོར་པྲ་ཚེག་བྱས་ཏེ་རུམ་ལ་ལག་པ་བརྒྱབ་ནས་ནུ་མར་རེག་པ་དང་། མར་མནན་ཏེ་ཁའི་ནང་དུ་མཆིལ་མ་ལྡུག་པ་སོགས་བྱས་ཏེ། རྩེད་ཞོར་དགོད་ཞོར་དུ་ཡོང་ན་ལམ་ཐག་ཐུང་དྲགས་པའི་སྣང་བ་སྟེར་མོད། ནང་དུ་སླེབས་རྗེས་ཆུ་ཚོད་གཉིས་གསུམ་ལས་གཉིད་ལོང་མེད་པར་ནམ་ཁ་གསལ་འགྲོ་ཞིང་། གཉིད་དྭངས་མེད་ཀྱང་ཨུ་ཚུགས་ཀྱིས་ཡར་ལངས་ཏེ་ལས་ཀ་དང་ཕྱུགས་རྫིར་འགྲོ་དགོས། སྐབས་དེ་ཤད་ཅིག་ནས་ང་རང་སློབ་སྦྱོང་གི་ལམ་བུར་སྐྱོད་མགོ་བཙུགས་པ་ཡིན།
སྲན་མ་སོ་ཡིས་མ་ཆོད་པར་ཡོས་ལ་ལྡིང་ཞེས་པའི་དཔེར་ལྟར། དུས་ཀྱི་འགྱུར་གྲོས་ཀྱི་དབང་གིས་དམིགས་འབེན་ལ་གྲུབ་འབྲས་ཆེན་པོ་མ་ཐོན་པ་དང་། མི་ཚང་མར་རང་དོན་རང་གཅེས་དང་རང་དབང་རང་ལུགས་ཀྱི་འདུ་ཤེས་ཤུགས་ཇེ་ཆེར་སོང་བ་དང་བསྟུན་ཏེ། རི་པིན་དང་མེ་གོ་ཕམ་པར་རྒྱག་རྒྱུ་མཚམས་བཞག་སྟེ། བོད་དང་ཡུ་གུར་སོགས་གྲངས་ཉུང་མི་རིགས་ཁག་དང་། བོད་བརྒྱུད་ནང་བསྟན་དང་རྒྱ་བརྒྱུད་ཏའོ་ལུགས་སོགས་ཆོས་ལུགས་ཁག་ཅིག དེ་བཞིན་སྤྱི་ཚོགས་རྙིང་པ་(旧 社会)ཟེར་བ་སོགས་ལ་དགོད་བྲོ་བ་དང་མཚར་སྣང་ཅན་གྱི་སྒྱུ་རྩལ་མཐོན་ཐབས་ཀྱི་ལམ་ནས་གཏམ་རྒྱུད་དང་། སྒྲུང་རིང་ཐུང་སྣ་ཚོགས་བཟོས་ཏེ། མི་རིགས་དེ་དག་དང་ཆོས་ལུགས་དེ་དག་གི་གཡོ་སྒྱུ་ཁྲམ་གསུམ་དང་། རྨོངས་དད་གླེན་ལྐུག མ་རབས་ཐ་ཤལ། འཆལ་སྤྱོད། ཉེས་གསོག་གི་སྣང་བརྙན་ཡ་མ་བརླ་མང་པོ་བཞེངས་སྐྲུན་བྱས་ཏེ། དེ་དག་སུན་འབྱིན་དགག་རྒྱག་དང་། དམའ་འབེབས་ཐེར་འདོན་སོགས་ཀྱི་ལམ་ནས་ཧྭན་མི་རིགས་ཆེན་པོའི་ཟིལ་ཤུགས་ངོམ་པ་དང་ལྷ་མེད་དངོས་གཙོ་རྩོད་སྒྲུབ་སྨྲ་བའི་ལྟ་བ་ཁྱབ་སྤེལ་བྱེད་མགོ་ཚིགས་སོང་།
དེ་དུས་ང་ཚོ་ཡར་རྒྱུག་མར་རྒྱུག་དང་ས་ལྡིང་གནམ་ལྡིང་བྱས་ཏེ་རི་པིན་ཀུའེ་ཙི་དང་མེ་གོའི་དགྲ་བོ་གསོད་རྒྱུ་མེད། གཅིག་ནས་ལའུ་ཞཱེང་གི་ནང་དོན་དེ་རིགས་ཇེ་ཉུང་དུ་སོང་ཡོད་ལ། གཉིས་ནས་ང་ཚོའི་རྩེད་རོགས་ཚང་མ་ནར་སོན་ཏེ་ས་མཆོང་གནམ་མཆོང་བྱེད་རྒྱུར་ངོ་ཚ་བ་དང་བཟོ་ལྟ་དོད་རྒྱུ་ཧ་གོ་ཡོད། ཡིན་ནའང་ཟོག་རྫི་ལུག་རྩི་རི་མགོར་འཛོམས། ཞིང་བ་ཆུ་འདྲེན་ལམ་ཁར་ཐུག་སྟེ། མདང་ནུབ་ལའུ་ཞཱེང་ནང་<<ལྷ་སྲིན་སྡེ་བརྒྱད།>>ནང་གི་ཆོ་ཧྥིན་ལ་དཔའ་རྩལ་ཆེ་ཚུལ་དང་ལྷ་ལྡན་ཆོས་འཁོར་གླིང་ནས་ཡོང་བའི་ཅཱིག་མའོ་ཊི་ལ་མཐུ་རྩལ་ཞན་སྐོར། <<ཧི་ལན་རི་བོའི་ཁ་བ།>>ནང་གི་རྒྱལ་བོ་ཡཱོན་ཧྭོ་ལ་དཔའ་རྩལ་ཆེ་སྐོར་དང་མདོ་གསུམ་ཇོ་སྲས་ལ་གཡོ་སྒྱུ་འཛོམས་ཚུལ། ཧྲོ་ལེན་དགོན་པའི་ནང་གི་ཧུང་ཧྥེ་ཧྭོང་ལ་དྲག་རྩལ་ཆེ་རབས་དང་། ཏོ་ལུགས་པ་ལཱེ་ཏྭ་ཧོང་གི་སྤྱོད་པ་འཆལ་སྐོར། གནམ་བསྐོས་གོང་མར་བྱང་སེམས་ཆེ་སྐོར་དང་ཞིང་བདག་ཕྱུག་པོར་གདུག་རྩུབ་ཆེ་ལུགས་སོགས་གཅིག་ཁ་གཅིག་གིས་འཕྲོག་ནས་ཉི་མ་གང་ནས་ཤར་ཏེ་གང་ལ་ནུབ་པའང་མ་ཤེས་པར་ལའུ་ཞཱེང་གི་ནང་དོན་དེ་དག་བསྐྱར་ཟློས་ཡང་ཟློས་བྱེད་ཀྱིན་ཡོད།
ང་རང་ལོ་ཉི་ཤུར་སོན་པ་དང་དུས་རབས་ཉེར་གཅིག་བརྡ་འཕྲིན་དུས་རབས་ཀྱང་ལྷན་དུ་སླེབས་སོང་། དེ་སྔའི་ལའུ་ཞཱེང་དག་ཀྱང་སྤུས་ཚད་སྔར་ལས་ཇེ་ལེགས་དང་། འོད་སྡེར་(VCD/CD)ཅན་ལ་འཕེལ་རྒྱས་ཕྱིན་སོང་། གློག་བརྙན་གྱི་ནང་དོན་དང་རྣམ་པ་ཡང་དབྱར་གྱི་ཤྭ་འོད་བརྡོལ་བ་ལྟར་བརྗོད་བྱ་སྣ་ཚོགས་རེད། འོན་ཀྱང་ཀྲུང་གོ་བའི་ཟིལ་ཤུགས་ངོམ་པ་དང་གྲངས་ཉུང་མི་རིགས་དང་ཆོས་ལུགས་ལ་གཏམ་བརྗོད་བཟོ་རྒྱུ་སྔར་ལས་རྒྱ་ཆེ་ཞིང་གཏིང་ཟབ་ལ། ‘ནན་ཅིན་དམར་གསོད་ཆེན་མོ’དང་། ‘རི་འགོག་དམག་འཁྲུག’ ‘མེ་འགོག་ཁྲོ་རོགས’ སོགས་ལོ་རྒྱུས་ཀྱི་དོན་རྐྱེན་དང་ཞེ་འཁོན་གྱི་རྨ་ཁ་དག་ལའང་ཡང་ནས་ཡང་དུ་རེག་རེག་བྱས་ཏེ། རྣམ་པ་གཞན་ཞིག་གི་ལམ་ནས་ཀྲུང་གོའི་མི་མང་གི་སེམས་ངོར་འཇོག་ཐབས་བྱེད།
ད་ལྟ་ང་དང་ངའི་བྱིས་དུས་ཀྱི་རྩེད་རོགས་རྣམས་དང་གཞོན་དུས་ཀྱི་སློབ་གྲོགས་ཚོས་རི་པིན་ཀུའེ་ཙི་མི་གསོད་ལ། མེ་གོ་དགྲ་བོ་དང་གོ་མིན་ཏང་ལོག་སྤྱོད་པར་དམག་འཁྲུག་ཀྱང་མི་རྒྱག སྔོན་ཆད་སོ་སོས་བསམ་མ་ཤེས་པ་དང་། ཀྲུང་གོས་འུར་མགོ་བསླངས་ཏེ་ཤི་རྨས་ཚབས་ཆེན་བཟོས་པར་འགྱོད་བཤགས་དང་། མདོ་གསུམ་ཇོ་སྲས་དང་ཏའོ་ལུགས་རྒན་པོར་འཕྱ་སྨོད་བྱས་པར་གནོང་འགྱོད་སྐྱེ་བཞིན་ཡོད།
ད་ནི་ང་ཚོས་སི་ཁཱོ་ལན་ཌིས་དབྱིན་ཇིའི་བཙན་འཛུལ་འོག་ནས་རང་དབང་བརྩད་པའི་<> དང་། འབར་མའི་མི་མང་གིས་དམངས་གཙོ་བརྩོན་ལེན་བྱས་པའི་<>། རོ་མན་གྱི་གཏུམ་སྤྱོད་ཆེ་བའི་རྒྱལ་བོ་མགོ་རྟིང་བསློགས་པའི་<< Gladiator>>། ཐའེ་ཝན་གྱི་གཉུག་མའི་མི་རིགས་ཚོས་བདག་དབང་འཐབ་རྩོད་བྱས་པ་<< Warriors of the Rainbow: Seediq Bale>>། རྒྱ་གར་གྱིས་རང་དབང་རང་བཙན་ཀྱི་ལས་འགུལ་སྤེལ་བའི་<< Gandhi>>སོགས་ལ་བལྟས་ཏེ། དེ་དག་གི་ཕུག་བསམ་དང་སྙིང་སྟོབས་ལ་སློབ་སྦྱོང་དང་། འདས་པའི་དུས་རབས་ཕྱེད་ལྷག་གི་ཀྲུང་གོའི་གློག་བརྙན་འཁྲབ་གཞུང་དང་འཁྲབ་སྟོན་པ། འཁྲབ་ཁྲིད་པ། འཁྲབ་ཚན་རེ་རེའི་ནང་དོན་དང་རྒྱབ་ལྗོགས་སོགས་ལ་བསྐྱར་དུ་བསམ་གཞིགས་དང་དབྱེ་ཞིབ་བྱ་རྒྱུ་ཡིན། རི་པིན་ཀུའེ་ཙི་ཡི་བདེན་དང་མེ་གོ་དགྲ་བོ་ཡི་ལོ་རྒྱུས་འཚོལ་རྒྱུ་ཡིན། རྒྱལ་སྤྱིའི་ཁྲིམས་ལུགས་དང་མི་ཆོས་ཀུན་སྤྱོད་ཀྱི་ཐོག་ནས་<<ཝུན་ཁྲིན་ཀོང་ཇོ།>> དང་། <<གླིང་སྒྲུང་།>>། <<དར་མདོའི་མཛའ་གཞས།>>། <<བོད་ཀྱི་གསང་སྒྲུང་།>> སོགས་ཀྱི་བདེན་པ་བརྡར་རྒྱུ་ཡིན།
མཚན་གུང་ཆུ་ཚོད་དང་པོ་ཡོལ་སོང་། འབྲི་བཞིན་འབྲི་བཞིན་རྦད་དེ་ཉོག་ཐལ། དགོངས་དག འདི་ནས་འབྲི་མཚམས་འཇོག་རྒྱུ་ཡིན།
རྩོམ་སྒྲིག་པ་དོན་འགྲུབ་བཀྲ་ཤིས་མཆོག་གིས་མུ་མཐུད་དེ་འདི་དང་འདི་ལྟ་བུའི་ཀློག་པ་པོ་ཚོར་བློ་རྒྱ་དང་གནས་ཚུལ་མང་པོ་ཞིག་གཅིག་ཤེས་ཀུན་གྲོལ་ལྟ་བའི་གསར་འགྱུར་རེ་སྤེལ་རྒྱུར་རེ་བ་དང་སྐྱབས་མཇུག་ཞུ་བཞིན་ཡོད། དེ་དང་མཉམ་དུ་དོག་འདྲི་ཞིག་ཡོད་པ་ནི་ “༡༩༣༦ ལོར་གོ་མིན་ཏང་དང་གུང་ཁྲན་ཏང་མཉམ་འབྲེལ་གྱིས་ཉི་ཧོང་ལ་དམག་འཐབ་བྱ་རྒྱུའི་གྲོས་མཐུན་བྱུང་སྟེ། ཡན་ཨན་དུ་ཡོད་པའི་དམར་ཤོག་ཚོགས་པའི་སྲིད་གཞུང་དེ་གོ་མིན་ཏང་གི་ཡན་ལག་ལས་ཁུངས་སུ་མིང་བསྒྱུར་བྱས་པ་མ་ཟད།” ཞེས་གསར་འགྱུར་ནང་འཁོད་འདུག་ན་དོག་འདྲི་ཞུ་དོན་ནུ། ཡོངས་གྲགས་སུ་རྒྱ་ནག་གཞུང་དེ་སྤྱི་ལོ་1949 ཟླ་བ་10 ཚེས་པ་1 ལ་དབུ་བརྙས་པ་ཞེས་པའི་ལོ་རྒྱུས་ཡོད་པ་དེ་དང་འགལ་བ་ཆགས་ཡོད་དོན་གང་ཡིན་ནམ་གསལ་བཤད་ཅིག་གནང་རོགས།
་་་་་་་་་་་ རྒྱ་ནག་གིས་བོད་བཙན་བཟུང་བྱེད་སྐབས་བོད་མི་ས་ཡ་གཅིག་ལྷག་གི་ཚེ་སྲོག་ཤོར་ཡོད་ཟེར་གྱིན་ཡོད་ཀྱང་། བོད་གཞུང་དྲིལ་བསྒྲགས་ལྷན་ཁང་གིས་ཞིབ་འཇུག་སྔ་ཕྱི་མང་པོ་བྱས་ཀྱང་བོད་མི་ཁྲི་གཅིག་གི་མིང་ཐོ་ཡང་རེག་ཡོད་པ་མ་རེད། ་་་་་་་ཟེར།
་་་་་་་་་་་ དམག་འཁྲུག་དེའི་ཁྲོད་རྒྱ་ནག་དང་ཉི་ཧོང་གི་དམག་མི་དང་། ནན་ཅིན་གྱི་ཉེས་མེད་མི་སེར་བཅས་མི་འབུམ་གཉིས་ལ་ཉེ་པའི་ཚེ་སྲོག་ཤོར་ཡོད་པ་མ་ཟད། དོན་རྐྱེན་དེ་བརྒྱུད་ནས་འཛམ་གླིང་དམག་ཆེན་གཉིས་པ་མེ་བཞིན་འབར། ་་་་་་་་་་་་་་་་་་་
་་་་་་་་་་་་་ ཀྲུང་གོ་དང་ཉི་ཧོང་རྒྱལ་ཁབ་གཉིས་ཀྱི་མི་དམངས་མི་རབས་བར་ནས་མི་རབས་བར་མཛའ་མཐུན་དང་། ལོ་རྒྱུས་མིག་དཔེར་བལྟས་ཏེ་ཞི་བདེ་ལ་བྱས་རྗེས་འབུལ་འོས། ལོ་རྒྱུས་བརྗེད་ཚེ་ངོ་ལོག་པ་ཡིན་ལ། ནག་ཉེས་ཁས་མ་བླངས་ཚེ་ནག་ཉེས་བསགས་པ་ཡིན་ཏེ། བཙན་འཛུལ་དམག་འཁྲུག་གི་ལོ་རྒྱུས་སྣང་མེད་དུ་འཇོག་འདོད་པའི་རྣམ་འགྱུར་དང་། བཙན་འཛུལ་དམག་འཁྲུག་གི་ངོ་བོ་ཡག་པོར་སྒྱུར་འདོད་ཀྱི་གཏམ་སྤྱོད་ཅི་ཙམ་བྱས་ཀྱང་ཆོག བཤད་སྟངས་ཅི་འདྲ་ཡག་ཀྱང་རུང་།
དེ་དག་ཡོངས་རྫོགས་ཀྱིས་མི་རིགས་ཀྱི་ཞི་བདེ་དང་དྲང་བདེན་ལ་སྔར་ལས་ལྷག་གི་གནོད་བསྐྱལ་བ་ཡིན། ནོར་འཁྲུལ་གྱི་གཏམ་སྤྱོད་དེ་དག་ལ་ཞི་བདེ་དང་དྲང་བདེན་ལ་དགའ་བའི་མི་རྣམས་ཀྱིས་ངེས་པར་དུ་དོགས་ཟོན་དང་མཐའ་གཅིག་ཏུ་ངོ་རྒོལ་བྱེད་དགོས། ་་་་་་་་་་་་་་་་་་་
གསར་འགྱུར་འདིའི་ཁ་བྱང་གིས་ང་ལ་བསམ་གཞིག་མང་པོ་ཞིག་སྤྲད་སོང་།
ཉེ་ཆར་ཚེས་པ་ ༡༢ ་ཉིན་ཨི་ཀྲ་ལིའི་རྒྱལ་ས་རོམ་དུ་འཛམ་གླིང་གི་ནོ་སྦེལ་ཞི་བདེ་གཟེངས་རྟགས་ཐོབ་མྱོང་མཁན་གྱི་སྐྱེས་ཆེན་དམ་པ་རྣམ་པའི་ཞི་བདེ་ལྷན་ཚོགས་མཇུག་ཏུ་ཁོང་རྣམས་ཐུན་མོང་ནས་གསལ་བསྒྲགས་ཤིག་སྤེལ་འདུག
**དེང་གི་འཛམ་གླིང་བ་སྤྱོད་མང་པོ་ཞིག་གི་ཐོག་ནས་དེ་སྔོན་གྱི་འཛམ་གླིང་གྲང་དམག་ཆེན་མོ་བསྐྱར་སློང་བྱེད་སྲིད་པའི་ཉེན་ཁ་མཐོང་གི་འདུག** ཅེས་བསྒྲགས་གཏམ་སྤེལ་འདུག
ཨི་རུ་སུ་དང་ཨ་རི། ཁ་ཆེ་ལུང་པ་ཁག་གི་རྙོག་དྲ། ཨེ་ཤི་ཡའི་ཛ་དྲག་གི་གནས་ཚུལ་སོགས་ལ་ཁ་རྡུང་བཏང་འདུག
བཙན་བྱོལ་སྤྱི་ཚོགས་ནང་གི་གསར་འགྱུར་གྱི་སྤུས་ཀ་ཞན་པ་དེར་རྒྱུ་མཚན་ཁ་ཤས་ཡོད་པ་རེད། (༡) ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་དང་། ཨ་རིའི་རླུང་འཕྲིན་ཁང་སོགས་ཀྱི་གསར་འགོད་པ་ཚོར་མཚོན་ན་ཚོང་དང་དཔལ་འབྱོར་ལས་འགན་འཁུར་གཞན་ཡོད་པ་མ་རེད། གསར་འགྱུར་ག་ཚོད་གཏོང་ཐུབ་ན་དངུལ་དེ་ཙམ་རེག་གི་ཡོད་པ་ཡིན་དུས་གསར་འགྱུར་གྱི་སྤུས་ཚད་དང་དེའི་རྒྱབ་མདུན་སོགས་ལ་འགན་འཁུར་གྱི་ཡོད་པ་མ་རེད། (༢) བོད་གཞུང་གི་ཚགས་པར་དང་དྲ་རྒྱ་ཁག་གི་གསར་འགོད་པ་ཚོར་མཚོན་ན་སྒྲིག་གཞི་དང་ཁྲལ་འུལ་སྒྲུབ་ཀྱིན་ཡོད་པའི་རྣམ་པ་ཞིག་གི་ཐོག་ལ་ལས་ཀ་བྱེད་ཀྱིན་ཡོད་པ་མ་གཏོགས་ལས་ཀ་དེར་དགའ་མོས་དང་བོད་བསྟན་པ་ཆབ་སྲིད་ཆེད་རང་འཁྲུའི་ལས་འགན་གྱི་འདུ་ཤཻས་ཤིག་གི་ཐོག་ནས་ལ་ཀ་བྱེད་མཁན་ཡོད་པ་མ་རེད། (༣) བོད་ཀྱི་བང་ཆེན་དང་དུས་བབ་གསར་འགོད་པ་ཚོར་མཚོན་ན་དངོས་གནས་དྲང་གནས་སྤྱི་བའི་རྩ་དོན་དང་སྐད་ཡིག་རིག་གཞུང་སོགས་ཀྱི་དོན་དུ་དཀའ་ལས་རྒྱག་མཁན་ཞིག་ཆགས་ཡོད་ཀྱང་བཙན་བྱོལ་ནང་ནས་མཚར་ལོངས་བྱུང་བ་ཚོར་བོད་ཡིག་གི་གནས་ཚད་མེད་པ་དང་རྡ་རམ་ས་ལའི་ལས་ཀ་ལྗིད་ཁོག་ཆེན་པོ་ཡོད་པ་དེ་འདྲའི་ནང་འཛུལ་ཁག་པོ་ཡིན་སྟབས་བོད་ནས་ཡོང་བའི་གསར་འབྱོར་བ་རྐྱང་རྐྱང་གིས་དཀའ་ལས་རྒྱག་གི་ཡོད་པ་སོང་ཙང་། ཁོང་རྣམ་པར་སློབ་སྦྱོང་གི་གནས་ཚད་ཐོ་བོ་ཡོད་ཀྱང་གསར་འགོད་རིག་པའི་ཆེད་ལས་སློབ་སྦྱོང་ཡོད་མཁན་དཀོན་པོ་ཡིན་པ་སོགས་ལ་བརྟེན་ཏེ། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གི་གསར་འགྱུར་བརྒྱུད་ལམ་གྱི་སྤུས་ཚད་ལ་འཕར་མཆོངས་རྒྱག་ཐུབ་ཀྱི་མེད་པའི་གནད་དོན་འདི་དག་རེད་བསམ་གྱི་ཡོད། སྤྱིར་བཏང་གསར་འགོད་པ་དང་གསར་འགྱུར་གྱིས་སྤྱི་ཚོགས་ལ་སྐུལ་སློང་ཆེན་པོ་གཏོང་ཐུབ་པ་མ་ཟད། མི་རིགས་ཤིག་དང་སྤྱི་ཚོགས་ཤིག་གི་བསམ་བློའི་ཁ་ཕྱོགས་སྟོན་པའི་ནུས་པ་ཡང་ཆེན་པོ་ཡོད་པ་རྒྱ་གར་གྱི་བདག་ཉིད་ཆེན་པོ་གཱན་རྡྭི་མཆོག་གིས་གསུང་ཡོད་པ་རེད། ཁོང་རང་ཉིད་ཀྱི་ཐོག་མ་གསར་འགོད་པའི་ལས་ཀར་ཞུགས་པ་དེས་ཁོང་གི་མི་ཚེ་ལ་འགྱུར་བ་དང་སད་རྟོགས་ཆནེ་པོ་བྱུང་སོང་གསུང་ཡོད་པ་དེ་་བཞིན་རེད། མ་འོངས་པར་བོད་པའི་གསར་འགོད་པ་དེ་ཚོས་ཕྱོགས་ཡོངས་ནས་ཡར་རྒྱས་གོང་འཕེལ་དུ་གཏོང་དགོས་པ་དང་སྤྱི་ཚོགས་ལ་དགུལ་དཀྱོག་གཏོང་ཐུབ་པའི་གསར་འགྱུར་གནད་འགག་ཅན་དེ་འདྲའི་ཐོག་ལ་ཤུགས་རྒྱག་རྒྱུར་རེ་སྐུལ་ཞུ་བཞིན་ཡོད་དོ།།
གསར་འགྱུར་འདི་ཁ་སང་བཀླགས་པ་ཡིན། དྲ་ལམ་ཆད་ནས་མཆན་བུ་བཞག་ཐུབ་མ་སོང་།
རང་དབང་ལུང་པའི་གསར་འགོད་པ་ཚོས་གསར་འགྱུར་དམིགས་བསལ་འགོད་མ་ཐུབ་པའི་རྒྱུ་མཚན་གཙོ་བོ་ནི། ཁོང་ཚོ་སྤྱི་ཚོགས་དངོས་ཀྱི་གསར་འགྱུར་ངོ་མ་རྣམས་འཚོལ་སྡུད་མ་ཐུབ་པ་དེ་རེད།
གཅིག་ནས་དེ་ཙམ་གྱི་དཀའ་ཚེགས་བརྒྱབས་པ་ལྟར་གྱི་ཡོང་སྒོ་ལྡང་ངེས་ཞིག་མེད་པས་རེད།
གཉིས་ནས་ཁོང་ཚོ་མང་ཆེ་བ་གསར་འགྱུར་རིག་པའི་ཐོག་ཆེད་ལས་ཀྱི་སློབ་སྦྱོང་མེད་པས། གསར་འགྱུར་དམིགས་བསལ་འགོད་པར་སྤྲོ་སེམས་དང་གདེང་སྤོབས་དེ་ཙམ་མི་འབྱུང་བ་ཡང་ཡིན་སྲིད།
གསུམ་ནས་གསར་འགྱུར་བསྒྲུག་སའི་དཔོན་རིགས་དང་། མི་མང་གི་ཁ་ཡ་དེ་ཙམ་དམིགས་བསལ་ཚོར་ཤུགས་མེད་པས་ཀྱང་རེད།
ཁ་སང་གི་གསར་འགྱུར་འདི་ལེགས་པོ་ཞིག་སྤེལ་འདུག རྒྱུ་མཚན་ནི། གསར་འགོད་པས་ལོ་རྒྱུས་ཡིག་ཆར་ཕྱིར་སློག་གིས་དཀའ་ཚེགས་སྤྱད་པས་དང་།
དམིགས་བསལ་ཉི་རྒྱ་གཉིས་ཀྱི་དཔོན་རིགས་ཀྱིས་ཕན་ཚུན་ལན་འདེབས་གསར་འགོད་གཏམ་བཤད་ཀྱི་ཚིག་འབྲུ་རྣམས་ཧ་ཅང་རྣོ་ངར་དང་། གོ་རྒྱུ་ཡོད་པ་དེས་བཟོས་པ་ཞིག་རེད་བསམས།
འོ་་་་གཡུ་དྲུག་དཀར། ཁྱེད་ཀྱི་དབྱིན་བསྒྲུུར་དེ་ཡག་པོ་བྱུང་འདུག དབྱིན་ཡིག་གི་མ་ཡིག་དེ་ཤན་སྦྱར་བྱུང་ཡོད་ན་དེ་བས་ཀྱང་གསར་འགྱུར་བློ་འཁེལ་ཞིག
ཉི་ཧོང་གི་སྲིད་བློན་ཁོང་ལྷ་ཁང་དེར་མཆོད་འབུལ་དུ་སྐྱོད་དེ་ཕྱིར་ལོགས་སྐབས་རྒྱ་ནག་སོགས་ཀྱིས་སྐྱོན་བརྗོད་བྱས་སྐབས་ཁོས་ལན་འདི་ལྟར་བརྒྱབ་ཡོད། ངས་འཛམ་གླིང་དམག་ཆེན་གཉིས་པའི་ནང་འདས་གྲོངས་སུ་སོང་བའི་དཔའ་བོ་དག་ལ་དྲན་གསོའི་མཆོད་འབུལ་བྱས་པ་དེ། དམག་ཆེན་གཉིས་པར་ཡི་རངས་བྱས་པ་མིན་ལ། དམག་ཆེན་ཁྲོད་མི་གསོད་ཁྲག་སྦྱོར་གྱི་བྱ་སྤྱོད་ལ་སྔགས་བརྗོད་བྱས་པ་དེ་བས་ཀྱང་མིན། ངས་ངའི་རྒྱལ་ཁབ་དང་ངའི་མི་རིགས་ཀྱི་ཆེད་དུ་ཚེ་སྲོག་ཤོར་བའི་དཔའ་བོ་དང་། ངའི་ཤ་ཁྲག་གཅིག་པའི་མེ་པོ་དེ་དག་གིས་མི་ཚེའི་བདེ་སྐྱིད་ལ་རོལ་མ་ཐུབ་པར་དར་མའི་དུས་སུ་ཚེ་སྲོག་ཤོར་བར་མྱ་ངན་དང་གུས་བཀུར་ཞུས་པ་ཡིན། འགྲོ་བ་མི་སུ་འདྲ་ཞིག་ཡིན་ནའང་རང་གི་མེས་པོ་དང་རང་གི་མི་རིགས་འདས་གྲོངས་སུ་ཕྱིན་པ་དག་ལ་གུས་བཀུར་བྱེད་པ་དེ་མིའི་རིགས་ཀྱི་བཟང་སྤྱོད་ཅིག་རེད། དེས་རྒྱལ་ཁབ་སུ་ལའང་འཁོན་སེམས་སློང་གི་མེད་ལ། གུས་བཀུར་མཆོད་འབུལ་དེའི་རྒྱབ་མདུན་དུ་བརྩེ་དུང་དང་ཆོས་སེམས་ཙམ་ལས་ཆབ་སྲིད་དང་དཔལ་འབྱོར་རྒྱལ་ཕམ་གྱི་རྣམ་འགྱུར་གང་ཡང་མེད། གལ་སྲིད་གུས་བཀུར་དེར་འགྲེལ་བཤད་ལོག་པར་རྒྱག་དང་དེའི་རྒྱབ་ལྗོངས་སུ་གནས་ཚུལ་གཞན་ཡོད་པར་འདོད་མཁན་ཞིག་ཡོད་ན། མི་དེ་དག་གི་ཀུན་སློང་རྣམ་དག་མིན་པ་དང་སེམས་ནང་ཞེ་འཁོན་ཆེན་པོ་ཞིག་ཉར་ཡོད་པའི་རྟགས་ཡིན་པ་ལས་དེ་ང་ཚོའི་ཕྱོགས་སུ་འགན་འཁུར་གང་ཡང་མེད་ཅེས་བརྗོད་ཡོད། དབྱིན་ཡིག་ལས་བསྒྱུར་བ་ཡིན།
བོད་ནང་གི་བོད་པའི་གསར་འགོད་པ་ཚོས་རྒྱ་ནག་གཞུང་གི་དྲིལ་བསྒྲགས་ཁག་དང་རྒྱལ་ཁབ་དང་མི་མང་གི་ཡར་རྒྱས་གནས་ཚུལ་ཁག་འགོད་དགོས་པ་དེེར་ཐུགས་ཁག་ཡོད་པ་མ་རེད་རྒྱ་ནག་གཞུང་གི་སྡངས་སྡུག་དང་བཀོད་ཇུས་འོག་ནས་ཕྱག་ལས་གནང་དགོས་པ་རེད། རང་དབང་གི་རྣམ་དཔྱོད་འདོན་ས་ཡོད་པ་མ་རེད། བཙན་བྱོལ་ནང་གི་བོད་པའི་གསར་འགོད་པ་རྣམ་པ་ཚོར་གཞན་གྱི་བཀོལ་ཇུས་དང་སྡིགས་ར་སྐུལ་མཁན་མེད་ནའང་གསར་འགྱུར་འགོད་སྟངས་ཀྱི་ཆ་ནས་ཧ་ཅང་ཐེབ་ཐེབ་རེད་བསམ་གྱི་འདུག ཕན་ཐོགས་ཏུལ་འབྲུ་ཙམ་མེད་པའི་ཚོགས་པ་སྒྲིག་འཛུགས་ཁག་གི་མར་མེ་འཁྲོམ་སྐོར་དང་སློབ་གྲྭ་དང་རིག་གཞུང་བསྟི་གནས་ཁག་གི་མཛད་སྒོ། དེ་ལས་གཞན་ཞིག་ཡོད་པ་ནི་མགོ་བདེ་བོ་དག་གི་ཁ་རྒྱག་པ་བཤད་པ་དག་འགོད་རྐྱང་བྱེད་ཀྱིན་ཡོད་པ་རེད། གོང་དུ་རྩོམ་སྒྲིག་པ་དོན་གྲུབ་བཀྲ་ཤིས་མཆོག་གིས་དཔྱད་ཞིབ་ཀྱི་གསར་འགྱུར་འདི་ལྟ་བུར་མཚོན་ན་བཙན་བྱོལ་སྤྱི་ཚོགས་ཀྱི་གསར་འགོད་པའི་ཁ་ཕྱོགས་ལ་ལམ་སྟོན་དང་སྣེ་འཁྲིད་ཐུབ་པ་མ་ཟད། བོད་ནང་གི་གསར་འགོད་པ་ཚོར་ཡང་མིག་དཔེ་ཟེར་ན་འདྲ་རང་དབང་མང་གཙོའི་སྤྱི་ཚོགས་ནང་གི་རྣམ་དཔྱོད་གུ་ཡངས་དང་བསམ་བློའི་རང་དབང་འོག་གི་གསར་འགོད་པ་ཚོའི་ལྟ་རྒྱ་ཐོས་རྒྱ་དང་གཞུང་མང་སྤྱི་ཚོགས་ཁྱོན་ཡོངས་ཀྱི་གནས་སྟངས་རྟོགས་ཐུབ་པའི་སྒེའུ་ཁུངས་ལྟ་བུ་ཞིག་ཆགས་པ་རེད།
མ་འོངས་པར་ཡང་གསར་འགྱུར་གྱི་གྲངས་ཀ་མང་བ་ལས་མཚམས་ལན་རེར་འདི་ལྟ་བུའི་གསར་འགྱུར་དབྱེ་ཞིབ་གཏིང་ཟབ་བྱས་ཏེ་ཁྱབ་སྤེལ་གཏོང་ཐུབ་ན་ང་ཚོའི་སྤྱི་ཚོགས་ལ་ནུས་པ་གཏན་གཏན་འཐོན་ཐུབ་པ་རེད།
གསར་འགྱུར་འདིས་བློ་བསྐྱེད་གསལ་བོ་ཞིག་བྱིན་སོང་། ངས་ནི་ནམ་རྒྱུན་བོད་པའི་གསར་འགོད་པ་ཚོས་གསར་རྒྱུ་ཆ་འཚོལ་བསྡུ་གནང་ཕྱོགས་དང་དབྱེ་ཞིབ་བྱེད་སྟངས་ལ་སུན་སྣང་སྐྱེ་བཞིན་ཡོད་མོད། དེ་རིང་གི་གསར་འགྱུར་འགོད་སྟངས་དང་ཡིག་ཆ་འཚོལ་བསྡུ་གནང་ཕྱོགས་ཀྱིས་རེ་བ་གསར་བ་ཞིག་བསྣན་སོང་་་ངོ་མ་ཡག་བྱུང་།
འདི་ལྟར་གསར་འགོད་བྱེད་པ་དེ་བོད་ཀྱི་དུས་བབ་ཀྱི་གཟི་བརྗིད་རེད། འདི་དང་འདི་ལྟ་བུར་གཏིང་ཟབ་མོའི་ཐོག་ནས་སྔོག་འདོན་དང་དབྱེ་ཞིབ་བྱས་ཏེ་གསར་འགྱུར་འཁོད་པ་ཡིན་ན། རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་མགྲིན་ཚབ་པ་མཚོན་ཐུབ་པ་གཅིག་དང་། གཉིས་ནས་བོད་རང་གི་རྩ་དོན་དང་སྐད་ཡིག་རིག་གཞུང་དང་བཅས་པར་ནུས་པ་འཐོན་ཐུབ་པའི་ཁྱད་ཆོས་གང་མིན་ཚད་ཆེན་པོ་ཡོད་པ་ཞིག་རེད་བསམ་གྱི་འདུག དེ་བཞིན་ཀློག་པ་པོ་དང་ལྷག་པར་དུ་སྤྱི་ཚོགས་བསམ་བློའི་ཐོ་གནས་སྐུལ་སློང་དང་བསམ་བློ་ཡར་རྐྱེད་ཀྱི་ནུས་པ་ཆེན་པོ་ཐོན་ཐུབ་པ་ཞིག་རེད་བསམ་གྱི་འདུག གསར་འགོད་པར་ཐུགས་རྗེ་གྲངས་མེད་ཡོད། དེང་སྐབས་རྒྱལ་ཁབ་རྒྱལ་ཁབ་བར་ནས་མྱ་ངན་མཛད་སྒོ་དང་མཆོད་འབུལ་རིགས་དང་བོད་པ་ཚོས་རྟེན་བཞུགས་འབུལ་གྱིན་ཡོད་པ་སོགས་ཕྱིའི་རྣམ་པ་ཆོས་བྱེད་ཀྱིན་ཡོད་པའི་ཁུལ་ཡིན་ནའང་ནང་དོན་དངོས་དེ་ཆབ་སྲིད་ཆགས་ཡོད་པ་མ་ཟད་དེང་སྐབས་ཆོས་དང་ལོ་རྒྱུས་ཐོག་གི་འདས་པོ་དམ་པ་སྐད་གྲགས་ཅན་དག་བེད་སྤྱོད་བཏང་སྟེ་ཆབ་སྲིད་འཐབ་རྩོད་བྱེད་པ་དེར་ནུས་པ་ཆེན་པོ་ཡོད་པ་ཞིག་ཆགས་ཡོད་པ་རེད། དཔེ་དེ་བཞིན་དུ་འཇར་པན་དང་རྒྱ་ནག་གིས་ཀྱང་སྔོན་ཆད་རྒྱལ་ཁབ་དང་མི་དམངས་ཀྱི་ཆེད་དུ་ཚེ་སྲོག་བློས་བཏང་ཟིན་པ་དག་གི་ཞབས་རྗེས་བེད་སྤྱོད་བཏང་སྟེ་ཨེ་ཤ་ཡའི་རྣོ་ངར་ཅན་གྱི་ཆབ་སྲིད་འཐབ་རྩོད་ཐོག་བེད་སྤྱོད་བྱེད་ཀྱིན་ཡོད་པ་འདི་བཞིན་རེད།
བཙན་འཛུལ་པའི་ལོ་རྒྱུས་རོགས་རིམ་དང་ཅིང་གྲོལ་གྱི་ངོ་བོ་སྒྱུར་ཐབས་བྱེད་མཁན་ནི་ཞིས་དང་རྒྱ་ནག་མི་རིགས་རིང་ལུགས་པ་རང་ཉིད་རེད།།
རྒྱ་ནག་སྲིད་འཛིན་གྱིས་ཚིག་འཇམ་རྩུབ་གཉིས་ཀ་བེད་སྤྱོད་བཏང་འདུག
(ང་ཚོས་ནན་ཅིན་དམར་གསོད་ཆེན་མོའི་ཁྲོད་ཀྱི་འདས་པོ་ཚོར་རྒྱལ་ཡོངས་འདས་མཆོད་བྱས་པ་ནི། བྱམས་སེམས་ཅན་གྱི་མི་རྣམས་ཀྱིས་ཞི་བདེ་ལ་རེ་སྙེག་བྱེད་པར་འབོད་སྐུལ་གཏོང་ཆེད་ཡིན་པ་ལས་མུ་མཐུད་འཁོན་སེམས་འཆང་བའི་ཆེད་དུ་མིན། ཀྲུང་གོ་དང་ཉི་ཧོང་རྒྱལ་ཁབ་གཉིས་ཀྱི་མི་དམངས་མི་རབས་བར་ནས་མི་རབས་བར་མཛའ་མཐུན་དང་། ལོ་རྒྱུས་མིག་དཔེར་བལྟས་ཏེ་ཞི་བདེ་ལ་བྱས་རྗེས་འབུལ་འོས།)
(ལོ་རྒྱུས་བརྗེད་ཚེ་ངོ་ལོག་པ་ཡིན་ལ། ནག་ཉེས་ཁས་མ་བླངས་ཚེ་ནག་ཉེས་བསགས་པ་ཡིན་ཏེ། བཙན་འཛུལ་དམག་འཁྲུག་གི་ལོ་རྒྱུས་སྣང་མེད་དུ་འཇོག་འདོད་པའི་རྣམ་འགྱུར་དང་། བཙན་འཛུལ་དམག་འཁྲུག་གི་ངོ་བོ་ཡག་པོར་སྒྱུར་འདོད་ཀྱི་གཏམ་སྤྱོད་ཅི་ཙམ་བྱས་ཀྱང་ཆོག བཤད་སྟངས་ཅི་འདྲ་ཡག་ཀྱང་རུང་། དེ་དག་ཡོངས་རྫོགས་ཀྱིས་མི་རིགས་ཀྱི་ཞི་བདེ་དང་དྲང་བདེན་ལ་སྔར་ལས་ལྷག་གི་གནོད་བསྐྱལ་བ་ཡིན། ནོར་འཁྲུལ་གྱི་གཏམ་སྤྱོད་དེ་དག་ལ་ཞི་བདེ་དང་དྲང་བདེན་ལ་དགའ་བའི་མི་རྣམས་ཀྱིས་ངེས་པར་དུ་དོགས་ཟོན་དང་མཐའ་གཅིག་ཏུ་ངོ་རྒོལ་བྱེད་དགོས། )
རྩོམ་སྒྲིག་པ་མཆོག་གིས་ནན་ཅིན་གཡུལ་འཁྲུག་དང་འབྲེལ་ནས་འཛམ་གླིང་དམག་ཆེན་གཉིས་པར་མཇུག་བསྡོམས་ཧ་ཅང་ཁ་གསལ་ཞིག་བསྐྱོན་གནང་འདུག འདི་ལྟ་བུའི་ལོ་རྒྱུས་དོན་རྐྱེན་དང་འབྲེལ་བའི་གསར་འགྱུར་ལྕིད་ཁོག་ཆེན་པོ་སྤེལ་བར་ཀློག་པ་པོ་ཚོར་ཉམས་མྱོང་ཤེས་བྱ་མང་པོ་སྟེར་ཐུབ་པར་ཕན་ཐོག་རྒྱ་ཆེན་པོ་ཡོད་རེད། ང་ཚོའི་སྤྱི་ཚོགས་ནང་གི་གསར་འགྱུར་མང་ཆེ་བ་ཞིག་མཛད་སྒོ་དང་མི་ཁ་བདེ་མགོ་བདེ་རེ་ཟུང་གིས་མང་ཚོགས་ལ་ཚོགས་གཏམ་བཏང་བསྡད་པའི་སྐད་ཆ་རྐྱང་རྐྱང་ལས་མི་ལ་འཕྲལ་ཕུགས་ཀྱི་བློ་སྐྱེད་སྟེར་ཐུབ་པའི་གསར་འགྱུར་འབྲི་སྤེལ་བྱེད་མཁན་ཧ་ཅང་ཉུང་ཉུང་རེད་དེ་ཐུགས་ལ་བཞག་རོགས་གནང་།
དེ་ནས་ང་རང་གིས་ཞུ་འདོད་པ་དེ་རྒྱ་ནག་གི་ཧམ་བཤད་ཕྱོགས་གཅིག་རེད། ཉི་ཧོང་གི་ནག་ཉེས་སྦེད་སྐུང་ཡང་ཕྱོགས་གཞན་པ་དེ་རེད། ཡོངས་གྲགས་ལ་འཛམ་གླིང་དམག་ཆེན་གཉིས་པ་དེ་ཉི་ཧོང་གིས་མགོ་བསླངས་ཏེ་ 1939—1945 བར་ཡིན་ཟེར་ནས་བཤད་སྲོལ་ཡོད་ཀྱང་། དོན་དངོས་ཐོག་ང་ཚོས་ཞིབ་འཇུག་ཡག་པོ་བྱས་པ་ཡིན་ན། ཐོག་མ་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་དམག་འཁྲུག་The Pacific War་ཞེས་པ་དེ་སྤྱི་ལོ་ ༡༩༣༡ ལོ་ནས་མགོ་བཙུགས་ཏེ་སྤྱི་ལོ་ ༡༩༣༧ སྤྱི་ཟླ་ ༡༡ པའི་ཚེས་ ༡༢ ཉིན་རྒྱ་ནག་ཤཱིང་ཧའེ་Shanghai ནས་མགོ་བཙུགས་ཏེ་རིམ་པས་འཇར་དམག་གིས་ སྤྱི་ལོ་༡༩༣༧ ཟླ་ ༡༢ ཚེས་ ༡༣ ཉིན་སོགས་ལ་ནན་ཅིན་དམར་གསོད་ཆེན་མོ་བྱས་པ་དེ་མགོ་བསླངས་པ་རེད། སྐབས་དེར་དམག་མི་དང་མང་ཚོགས་འབུམ་གཉིས་(200000)ལྷག་བསད་པའི་ཕུང་བོ་གྲངས་བཤེར་ཐུབ་ཡོད་པའི་ལོ་རྒྱུས་ཡོད་རེད།
དབྱིན་ཡིག་ནང་གི་དེའི་སྐོར་གྱི་ལོ་རྒྱུས་ After the war, the International Military Tribunal of the Far cited “indicat[ions] that the total number of civilians and prisoners-of-war murdered in Nanking and its immediate vicinity during the first six weeks of the Japanese occupation was over 200,000. That these estimates are not exaggerated is borne out by the fact that burial societies and other organizations counted more than 155,000 bodies which they buried … these figures do not take into account those persons whose bodies were destroyed by burning or by throwing them into the Yangtze River or otherwise disposed of by [the] Japanese.” As well, “According to Japanese Lieutenant colonel Toshio Ohta’s statement, between December 14 and December 18 the Japanese commanding headquarters of Nanjing Port disposed of 100,000 bodies while other troops disposed of 50,000.” (Yin and Young, The Rape of Nanking, pp. 78, 90.) With the sole exception of the Nazi gendercide against Soviet POWs, this was the most concentrated massacre of prisoners-of-war in recorded history. The rapes and rape-murders of women were also of staggering proportions. “Certainly it was one of the greatest mass rapes in world history,” writes Iris Chang. She notes that “it is impossible to determine the exact number of women raped in Nanking. Estimates range from as low as twenty thousand to as high as eighty thousand.” (Chang, The Rape of Nanking, p. 89)
གང་ལྟར་འཛམ་གླིང་དམག་ཆེན་གཉིས་པ་དེ་ཐོག་མ་སྤྱི་ལོ་ ༡༩༣༡ ལོར་ཉི་ཧོང་གིས་རྒྱ་ནག་བྱང་ཤར་ཕྱོགས་ནས་མགོ་བཙུགས་ཏེ་སྤྱི་ལོ་ ༡༩༤༥ ལོའི་བར་བརྒྱབ་ཡོད་པ་ལོ་རྒྱུས་དོན་དངོས་རེད་ལ། དམག་ཆེན་གཉིས་པ་དེའི་ནང་ཉུང་མཐར་མི་ས་ཡ་ ༡༡ ལྷག་གི་ཚེ་སྲོག་ཤོར་ཡོད་པ་དང་། ཨ་རིའི་ཉི་ཧོང་གི་ཧེ་རོ་ཤི་མ་ས་ཆར་རྡུལ་ཕྲན་མཚོན་ཆ་ཕང་བ་བཅས་ལ་བརྟེན་ཏེ། ཁྱོན་བསྡོམས་ཨེ་ཤི་ཡ་ནས་མགོ་བཙུགས་ཏེ་འཛམ་གླིང་ཐོག་གི་རྒྱལ་ཁབ་གྲངས་ ༣༠ ལྷག་ནས་མི་གྲངས་ས་ཡ་ ༡༠༠ ལྷག་ལ་གནོད་མཚེས་ཕོག་ཡོད་པ་སོགས་ད་ལྟ་ཡོངས་གྲགས་ཡིན་པས་དབང་གིས་སྐབས་དེར་ཉི་ཧོང་གཞུང་དམག་གིས་རྒྱ་ནག་ནན་ཅིན་གཙོ་བོ་བྱས་ཏེ་ཤར་བྱང་ས་ཁུལ་གྱི་མང་ཚོགས་གྲངས་ལས་འདས་པ་དམར་གསོད་བྱས་པ་དང་དམག་ཆེན་གཉིས་པའི་བྱེད་གཏེ་གཙོ་བོ་དེ་ཡང་ཉི་ཧོང་ཡིན་པ་སྦེད་གསང་བྱ་ཐུབ་ཡོད་པ་མ་རེད། ལོ་རྒྱུས་ཀྱི་བདེན་པ་ནག་གསུབ་བཏང་བ་ཡིན་ན་ནག་ཉེས་ཀྱི་སྟེང་དུ་ནག་ཉེས་ཐོལ་པ་གསོག་གི་ཡོད་པ་རེད།
རྒྱ་ནག་གིས་བོད་ཐོག་ལ་གནས་ཚུལ་ཚང་མ་གསང་བ་བྱས་ཏེ་བོད་ཞི་བའི་བཅིངས་འགྲོལ་སྐབས་ཁ་བྲལ་ངོ་ལོག་ཟིང་འཁྲུག་སློང་མཁན་སྟོང་ཕྲག་གཅིག་ལྷག་ཙམ་མི་དམངས་བཅིངས་འགྲོལ་དམག་དཔུང་གིས་ཚར་གཅོད་བྱས་ཡོད་ཟེར་གྱིན་ཡོད་པ་རེད། བོད་ཕྱོགས་ནས་འབུམ་ཕྲག་ཁ་ཤས་ཟེར་གྱི་ཡོད་རེད། ནན་ཅིང་གཡུལ་འཁྲུག་ལ་མཚོན་ནས་བཤད་ན་དེ་བཞིན་རེད། སྤྱི་བཏང་འཛམ་གླིང་དམག་ཆེན་གཉིས་པའི་ཁྲོད་རྒྱ་ནག་གི་དམག་མི་དང་མི་མང་ག་ཚད་ཅིག་གི་ཚེ་སྲོག་ཤོར་ཡོད་མེད་ཟེར་ན་འབུམ་གཉིས་གསུམ་ཡིན་སྲིད་པ་རེད། ཡིན་ནའང་རྒྱ་ནག་ཁོ་རང་ཚོས་བཤད་པ་ནང་བཞིན་ཟླ་གཅིག་ལྷག་རིང་ལ་ནན་ཅིང་ནས་དམག་མི་འབུམ་གསུམ་ལྷག་གི་ཤོག་འཕྲོག་སོང་ཟེར་བ་དེ་སྐྱག་རྫུན་རེད། འདི་ལོ་རྒྱུས་མང་པོ་ཞིག་གི་ནང་དུ་གསལ་བོ་ཡོད་པ་རེད། སྤྱིར་བཏང་ད་རེས་ཀྱི་རྒྱ་ནག་གཞུང་གི་བྱེད་སྟངས་དེ་ཆེད་དུ་འཇར་པན་ལ་རྙོག་མ་གཏིང་སློང་བྱེད་ཀྱིན་ཡོད་པ་རང་རེད་བསམ་གྱི་འདུག
རྒྱ་ནག་གི་སྐྱག་རྫུན་ལ་རྫོགས་ཡག་ཡོད་མ་རེད། གང་ལྟར་བཤད་རུང་མ་བཤད་རུང་འཇར་པན་གྱི་རྗེས་སུ་ལུས་འདུག་པ་དེ་རེད།
གསར་འགྱུར་ཧ་ཅང་ཚད་ལྡན་བྲིས་འདུག་པར་སྔགས་བརྗོད་ཞུ་བ་དང་འབྲེལ་ནས་བསམ་ཚུལ་མདོར་ཙམ་གོང་གི་གསར་འགྱུར་འདི་དང་འབྲེལ་ནས་ཞུ་འདོད་བྱུང་སོང་། ང་རང་གི་བསམ་ཚུལ་དེ་གང་ཡིན་ཟེར་ན་བོད་པའི་གནས་ཚུལ་ཞིག་དང་འབྲེལ་བ་ཡོད་པ་ཞིག་ཡིན།
ད་རེས་རྒྱ་ནག་གཞུང་གི་དྲན་རྟེན་མྱ་ངན་ཞུས་པ་དེའི་མིང་བྱང་ངོས་སུ་དམག་མི་ཁྲི་གཅིག་གི་མིང་ཙམ་ལས་མེད་ཀྱང་། སྐབས་དེའི་དམག་འཁྲུག་ཁྲོད་འབུམ་གསུམ་བསད་ཡོད་ཟེར་བ་དེ་བདེན་པ་མིན་པའི་སྒྲུབ་བྱེད་དུ་འགྲོ་དཀའ། དཔེར་ན། ང་ཚོ་བཙན་བྱོལ་བོད་གཞུང་གི་ངོས་ནས་ཀྱང་། རྒྱ་ནག་གིས་བོད་བཙན་བཟུང་བྱེད་སྐབས་བོད་མི་ས་ཡ་གཅིག་ལྷག་གི་ཚེ་སྲོག་ཤོར་ཡོད་ཟེར་གྱིན་ཡོད་ཀྱང་། བོད་གཞུང་དྲིལ་བསྒྲགས་ལྷན་ཁང་གིས་ཞིབ་འཇུག་སྔ་ཕྱི་མང་པོ་བྱས་ཀྱང་བོད་མི་ཁྲི་གཅིག་གི་མིང་ཐོ་ཡང་རེག་ཡོད་པ་མ་རེད། ཡིན་ནའང་ལོ་རྒྱུས་ཀྱི་དོན་རྐྱེན་དེ་ཁྲིམས་ཐོག་ནས་ཁུངས་སྐྱེལ་དགོས་ན་གནས་སྟངས་རྒྱུ་རྐྱེན་འདྲ་མིན་ཞིག་གི་འོག་ནས་ཧ་ཅང་དཀའ་ལས་ཁག་པོ་ཡོང་སྲིད་པ་ཆོས་ཉིད་རེད།