རྒྱ་ནག་ཐེན་ཧྲི་ཚོང་གཉེར་ཁང་གིས་ཡུ་སྒོར་ས་ཡ་ ༧ བཏང་སྟེ་སི་པིན་ནང་ལས་མི་ ༢༥༠༠ ཡུལ་སྐོར་སྤྲོ་འཆམ་དུ་འཁྲིད་ཀྱི་འདུག
ཁ་སང་ཕྱི་ཚེས་ ༤ ཉིན་རྒྱ་ནག་ཐེན་ཅིན་གྲོང་ཁྱེར་དུ་ཡོད་པའི་ཐེན་ཧྲི་ཚོང་གཉེར་ཁང་གི་ལས་མི་ ༢༥༠༠ འགྲུལ་སྐྱེལ་གནམ་གྲུ་ ༢༠ ཡི་ནང་བསྡད་དེ། སི་པིན་གྱི་རྒྱལ་སྤྱིའི་གནམ་ཐང་(Madrid–Barajas airport)དུ་འབྱོར་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་ ༨ ནས་ ༡༠ ཉིན་བར་སི་པིན་གྱི་གྲོང་ཁྱེར་ཆེན་པོ་བྷར་སི་ལོ་ན་ཡི་ནང་རིག་གཞུང་འཁྲབ་སྟོན་དང་སྤྲོ་ཚོགས་སོགས་སུ་ཞུགས་རྒྱུ་ཡིན་ལ། ཚོང་གཉེར་ཁང་དེས་ན་ནིང་ལོར་ལས་མི་ ༦༤༠༠ དུས་གཅིག་ལ་ཧྥ་རན་སིའི་ནང་ཡུལ་སྐོར་སྤྲོ་འཆམ་དུ་ཁྲིད་ཡོད་འདུག
གསར་འགྱུར་བརྒྱུད་ལམ་ནས་གནས་ཚུལ་སྤེལ་བ་ལྟར་ན། ཚོང་གཉེར་ཁང་དེའི་སྤྱི་གཉེར་བ་ནི་རྒྱ་ནག་གི་ཕྱུག་བདག་ཆེན་མོ་ལི་ཅིན་ཡན་ཡིན་ཞིང་། ཁོས་ཐེངས་འདིའི་ཡུལ་སྐོར་སྤྲོ་འཆམ་ལ་ཁྱོན་ཡུ་སྒོར་ས་ཡ་ ༧ གཏོང་རྒྱུ་ཡིན་པ་དང་། གྲོང་ཁྱེར་བྷར་སི་ལོ་ན་རུ་ལས་མི་ཚོར་མགྲོན་ཁང་ ༡༦༥༠ དང་། འགྲུལ་སྐྱེལ་རླངས་འཁོར་ཆེན་པོ་ ༧༠ གླས་ཚར་ཡོད་པ་མ་ཟད། ལས་མི་ཚོ་(Madrid–Barajas airport)གནམ་ཐང་ནས་བྷར་སི་ལོ་ན་རུ་སྐྱེལ་བར་ཆེད་དུ་མྱུར་སྐྱོད་མེ་འཁོར་ ༤ གླས་ཡོད་འདུག
ཁེ་ལས་གནམ་གྲུའི་འགྲུལ་བཞུད་མགོ་བརྩམས་པ་ནས་བཟུང་རྒྱ་ནག་གི་ཡུལ་སྐོར་བ་མང་པོ་ཕྱིའི་རྒྱལ་ཁབ་ཁག་ཏུ་འགྲོ་བའི་ཚ་རླབས་འཕྱུར་གྱི་ཡོད་པ་དང་། ཨ་རིའི་ནང་ཡོད་པའི་རྒྱ་རིགས་སྐབས་དོན་དཔྱད་ཞིབ་པ་དང་རྩོམ་པ་པོ་ཁྲིན་ཕའོ་ཁུང་གིས། རྒྱ་ནག་ནས་ཡུལ་སྐོར་བ་མང་པོ་ཕྱི་རྒྱལ་ཁག་ཏུ་སོང་སྟེ་མི་གཤིས་ཀུན་སྤྱོད་ཉམས་ཆག་ཏུ་ཕྱིན་པའི་ངན་རྟགས་མང་པོ་སྟོན་གྱི་ཡོད་པའི་སྐོར་ནས་(དགའ་བསུ་མ་ཐོབ་པའི་རྒྱ་ནག་བ།)ཟེར་བའི་དེབ་ཅིག་བརྩམས་ཡོད་པ་དང་། ཁོང་ལ་བརྙན་འཕྲིན་ཁང་ཞིག་གིས་དེའི་སྐོར་ལ་བཅར་འདྲི་བྱེད་སྐབས། རྒྱ་ནག་གི་ཡུལ་སྐོར་བ་ཚོས་གནམ་ཐང་ནས་འཁྲུག་པ་རྒྱག་པ་དང་གང་བྱུང་དུ་གཅིན་སྐྱག་གཏོང་བ། ལོ་རྒྱུས་ལྡན་པའི་འཛུགས་སྐྲུན་རིགས་ཀྱི་ཐོག་ཡི་གེ་སྣ་ཚོགས་འབྲི་བ་དང་གནས་ཆེན་གྱི་ཆུང་རྫིང་ནང་རྐང་པ་འཁྲུ་བ། མི་ཚོགས་ཁྲོད་སྐད་ཅོར་རྒྱག་པ་སོགས་ཀྱི་ཐ་ཤལ་གྱི་སྤྱོད་ངན་རིགས་མང་པོ་སྤེལ་བཞིན་ཡོད་པར་བརྟེན། ཐའེ་ཝན་དང་ཧོང་ཀོང་སོགས་ནས་རྒྱ་ནག་གི་ཡུལ་སྐོར་བ་ཚོར་རྩྭ་འབུ་ཆ་ག་པ་ཟེར་བ་སོགས་ཀྱི་མིང་ངན་བཏགས་ཡོད་པ་དང་། རྒྱ་རིགས་གློག་བརྙན་འཁྲབ་སྟོན་མ་གྲགས་ཅན་པེ་ཡང་གིས་ཀྱང་སྐྱུག་བྲོ་བའི་ཀྲུང་གོ་བ་ཞེས་བྲིས་ཡོད་ལ། དེང་སང་རྒྱ་ནག་ནས་ཡུལ་སྐོར་བ་མང་པོ་ཕྱི་རྒྱལ་ཁག་ཏུ་འགྲོ་བཞིན་ཡོད་པ་དང་བསྟུན། སྐྱུག་བྲོ་བའི་རྒྱ་ནག་གི་མིའི་གཟུགས་བརྙན་དེ་རྒྱ་ནག་ནས་རྒྱལ་སྤྱིའི་སྟེང་ཁྱབ་བཞིན་ཡོད་ལ། རྒྱ་ནག་གི་མི་གཤིས་ཀུན་སྤྱོད་ཀྱི་གནད་དོན་དེ་རྒྱལ་སྤྱིའི་གནད་དོན་ཞིག་ཏུ་གྱུར་ནས་ལྷོ་ཤར་ཨེ་ཤ་ཡའི་ཁུལ་དང་། ཡུ་རོབ། ཨ་རི་སོགས་སུ་གླེང་གཞི་ཞིག་ཏུ་གྱུར་ཡོད་སྐོར་བརྗོད་འདུག
གསར་འགོད་པ། པདྨ་མཚོ།