མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཐེ་ཝན་སྲིད་འཛིན་གྱི་བཟོད་གསོལ་བཅུ་བདུན་མ།

བོད་ཀྱི་དུས་བབ།
༢༠༡༦/༠༨/༡༦
Share on FacebookShare on TwitterShare on EmailShare on Whatsapp

མགུར་འབུམ་རྒྱལ་དང་ཚེ་རིང་རྒྱལ་གྱིས་བོད་བསྒྱུར་བྱས།

༼ ཕྱི་ལོ་ ༢༠༡༦ ཟླ་བ་ ༨ པའི་ཚེས་ ༡ ཉིན། ཐེ་ཝན་གྱི་བུད་མེད་སྲིད་འཛིན་ཐོག་མ་ཚའེ་ཡིན་ཝུན་གྱིས་སྲིད་འཛིན་ཕོ་བྲང་དུ་མཛད་སྒོ་གཟབ་རྒྱས་ཤིག་འཚོགས་ཤིང་། སྲིད་འཛིན་གྱི་མཚན་གནས་ཐོག་ཐེ་ཝན་སྲིད་གཞུང་གི་ཚབ་བྱས་ཏེ་ཐེ་ཝན་གདོད་མའི་མི་རིགས་ཀྱིས་འདས་པའི་ལོ་ངོ་ ༤༠༠ ལྷག་གི་རིང་མྱངས་པའི་བཙན་འཛུལ་གཉའ་གནོན་དང་དཀའ་སྡུག་ཐད་བཟོད་གསོལ་ཞུས་པར་མ་ཟད། ཐེ་ཝན་གླིང་ཕྲན་གྱི་བདག་པོ་ངོ་མ་དེ་ཁུལ་དེའི་གདོད་མའི་མི་རིགས་ཡིན་པ་ལས་རྒྱ་རིགས་མིན་པ་གསལ་སྟོན་དང་། མ་འོངས་ལོ་ཟླའི་ནང་སྲིད་གཞུང་གིས་ལྟ་ཞིབ་ཚོགས་ཆུང་ཟུར་འཛུགས་ཀྱིས་གདོད་མའི་མི་རིགས་ཀྱི་ཐོབ་ཐང་ཁག་ཡར་རྒྱས་གཏོང་རྒྱུ་ཁས་ལེན་བྱས། ༽

03

འདིར་ཕེབས་ཀྱི་སྐུ་མགྲོན་ལྷན་རྒྱས། བརྙན་འཕྲིན་འཕྲུལ་ཆས་མདུན་གྱི་གྲོགས་པོ་དང་ལྟད་མོ་བ། རྒྱལ་ཡོངས་སྤུན་ཟླ་མི་མང་ཡོངས་ལ་འཚམས་འདྲི་ཞུ།

ལོ་ངོ་ཉེར་གཉིས་སྔོན་གྱི་དེ་རིང་། ང་ཚོའི་རྩ་ཁྲིམས་ཀྱི་བསྐྱར་བཅོས་སྒྲིག་ཡིག་ནང་དུ “རི་སྤུན་མི་རིགས” ཞེས་པའི་ཚབ་ཏུ་ “གདོད་མའི་མི་རིགས” ཞེས་པ་དངོས་སུ་བཀོད་དེ་མིང་བསྒྱུར་གནང་བ་འདིས། དུས་ཡུན་རིང་པོའི་དབྱེ་འབྱེད་ཀྱི་འབོད་ཚིག་དེ་མེད་པར་བཟོས་པ་མ་ཟད། གདོད་མའི་མི་རིགས་ནི་ཐེ་ཝན་གྱི་ “བདག་པོ་ངོ་མ” ཡིན་པའི་གནས་བབ་སྔར་ལྷག་གསལ་སྟོན་བྱས་ཡོད།

འདི་ལྟ་བུའི་རྨང་གཞིའི་སྟེང་། དེ་རིང་། ང་ཚོ་ངེས་པར་དུ་གོམ་གང་མདུན་སྤོས་བྱས་སྟེ། བདག་གིས་འདིར་སྲིད་གཞུང་གི་ཚབ་བྱས་ནས། གདོད་མའི་མི་རིགས་ཡོངས་ལ་གནོང་འགྱོད་ཞུ་རྒྱུ་དང་། འདས་པའི་ལོ་ངོ་བཞི་བརྒྱའི་ནང་། ཁྱེད་ཅག་གིས་མྱངས་པའི་དཀའ་སྡུག་དང་འདྲ་མཉམ་མིན་པའི་བྱེད་སྟངས་ལ་སྲིད་གཞུང་གི་ཚབ་བྱས་ནས་ཚང་མར་བཟོད་གསོལ་ཞུ་རྒྱུ་ཡིན།

ང་ཚོའི་ཉེ་འཁོར་འཚོ་བའི་ནང་། དུས་དེ་རིང་གི་བར་དུ། ད་དུང་ཡང་མི་ཁ་ཤས་ནས་གདོད་མའི་མི་རིགས་ལ་བཟོད་གསོལ་ཞུ་དགོས་དོན་མི་འདུག་སྙམ་གྱིན་ཡོད་པ་ངས་ཤེས་ཀྱི་ཡོད། འདི་ནི་ངས་དེ་རིང་འདིར་སྲིད་གཞུང་གི་ཚབ་བྱས་ཏེ། བཟོད་གསོལ་ཞུ་དགོས་པའི་རྒྱུ་རྐྱེན་གཙོ་བོ་དེ་ཡིན། འདས་ཟིན་པའི་དྲང་བདེན་མ་ཡིན་པ་དག་འོས་འཚམས་སུ་རློམ་ཞིང་། ཡང་ན་འདས་ཟིན་པའི་མི་རིགས་གཞན་གྱི་དཀའ་སྡུག་ནི་མིའི་རིགས་འཕེལ་རྒྱས་ཁྲོད་ལྡོག་ཏུ་མེད་པའི་འབྲས་བུར་ངོས་འཛིན་བྱེད་བཞིན་འདུག འདི་ནི་ང་དེ་རིང་འདིར་ལངས་ཏེ། བསྒྱུར་བཅོས་དང་ཡོ་བསྲང་བྱ་འདོད་པའི་འདུ་ཤེས་དང་པོ་དེ་ཡིན།

ངས་འདིར་ཆེས་སྤྱིར་བཏང་གི་ཚིག་བརྗོད་ཁ་ཤས་སྤྱད་དེ། གདོད་མའི་མི་རིགས་ལ་ཅིའི་ཕྱིར་བཟོད་གསོལ་ཞུ་དགོས་པའི་རྒྱུ་མཚན་འགྲེལ་བརྗོད་བྱ་རྒྱུ་ཡིན། ཐེ་ཝན་གྱི་ས་ཆ་འདིར། ལོ་ངོ་བཞི་བརྒྱའི་ཡར་སྔོན་ནས་མིའི་རིགས་འཚོ་སྡོད་བྱས་ཡོད་ལ། མི་དེ་དག་ལ་སོ་སོར་དབང་བའི་འཚོ་བ་དང་། སྐད་ཡིག རིག་གཞུང་། གོམས་སྲོལ། འཚོ་བའི་མངའ་ཁོངས་སོགས་ཀྱང་ཡོད། དེའི་རྗེས་སུ། ཁོ་ཚོའི་འདོད་མོས་ལ་མ་ལྟོས་པར། མི་སྐོར་ཞིག་ས་སྒང་འདིར་སླེབས་པ་རེད།

ལོ་རྒྱུས་ཀྱི་འཕེལ་རིམ་ནི་འདི་ལྟ་སྟེ། རྗེས་སུ་ཡོང་བའི་མི་དེ་དག་གིས་སྔར་ནས་འཚོ་སྡོད་གནང་མཁན་དག་གི་ཡོད་ཚད་འཕྲོག་ཅིང་། ཁོང་ཚོ་ཆེས་རྒྱུས་ཡོད་ཀྱི་ས་ཆ་ནས་བཙན་གྱིས་གནས་མེད་ཡུལ་འཁྱར་བ་དང་བས་མཐའ་བར་བསྒྱུར།

མི་རིགས་གཅིག་གི་རྒྱལ་ཁ་ནི། མི་རིགས་གཞན་ཞིག་གི་སྡུག་བསྔལ་སྟེང་དུ་བསྐྲུན་ཡོད་སྲིད་ལ། གལ་སྲིད་ང་ཚོས་སོ་སོ་ནི་བདེན་པ་སྐྱོང་བའི་རྒྱལ་ཁབ་ཅིག་ཏུ་བརྗོད་འདུན་མེད་ན་མ་གཏོགས། ངེས་པར་དུ་ལོ་རྒྱུས་ལ་གཙིགས་ཆེན་དང་དོན་དངོས་གསོང་པོར་བརྗོད་དགོས། དེ་ལས་ཆེས་གལ་ཆེ་བ་ཞིག་ཡོད་པ་ནི། སྲིད་གཞུང་གིས་ངེས་པར་དུ་ལྷག་བསམ་རྣམ་དག་གིས་རང་སྐྱོན་རང་བརྟག་བྱེད་དགོས། འདི་ནི་ང་དེ་རིང་འདིར་ལངས་དགོས་པའི་རྒྱུ་རྐྱེན་ཡང་ཡིན།

དཔེ་དེབ་ཅིག་ཡོད་པ་དེའི་མིང་ལ་ <<ཐེ་ཝན་གྱི་བྱུང་རིམ་ལོ་རྒྱུས>> ཟེར། དེབ་དེའི་གླེང་བརྗོད་ཀྱི་ཚན་པ་དང་པོའི་ནང་ “ཐེ་ཝན་ལ་ལར་ནས་ལོ་རྒྱུས་མེད། ཧོ་ལན་མི་ཡིས་གསར་དུ་རྙེད། ཀྲེང་ཁྲེང་ཀོང་གིས་ལས་སུ་གཉེར། མན་ཇུའི་སྐབས་སུ་འཛིན་སྐྱོང་སྤེལ།” ཞེས་འཁོད་ཡོད།

འདི་ནི་རྒྱ་མི་རིགས་ཀྱི་ལོ་རྒྱུས་ལྟ་ཚུལ་གྱི་དཔེ་མཚོན་ངོ་མ་དེ་རེད། ལོ་ངོ་སྟོང་ཕྲག་ཁ་ཤས་ཡར་སྔོན་ནས་གདོད་མའི་མི་རིགས་དག་ས་སྒང་འདིའི་སྟེང་གནས་ཤིང་། ཁོ་ཚོའི་ཕུན་སུམ་ཚོགས་པའི་རིག་གཞུང་དང་རྣམ་དཔྱོད་དེ་མི་རབས་ནས་མི་རབས་བར་དུ་དར་ཡོད། ཡིན་ནའང་། ང་ཚོའི་ངོས་ནས་མི་རིགས་ཆེན་པོའི་ལྟ་ཕྱོགས་ཐོག་ནས་ལོ་རྒྱུས་འབྲི་བཞིན་ཡོད། དེའི་རྐྱེན་གྱིས་ངས་སྲིད་གཞུང་གི་ཚབ་བྱས་ནས་གདོད་མའི་མི་རིགས་ལ་བཟོད་གསོལ་ཞུ་རྒྱུ་ཡིན།

ཧོ་ལན་དང་ཀྲེང་ཁྲེང་ཀོང་སྲིད་དབང་གིས་ཕིན་ཕུའུ་རིགས་རྒྱུད་དམར་གསོད་དང་དཔལ་འབྱོར་བཤུ་གཞོག མན་ཇུའི་དུས་སྐབས་ཀྱི་ཚབས་ཆེ་བའི་འགལ་ཟླའི་དམར་འཛིང་དང་དྲག་གནོན། ཉི་ཧོང་གིས་དབང་བསྒྱུར་དུས་སྐབས་ཀྱི་གཏིང་ཟབ་ཅིང་ཕྱོགས་ཡོངས་ནས་སྤེལ་བའི་ལིས་ཧྥན་སྲིད་ཇུས། དེ་ནས་དམག་འཁྲུག་རྗེས་ཀྱི་རྒྱ་ནག་མི་སེར་རྒྱལ་ཁབ་གཞུང་གིས་ལག་བསྟར་བྱས་པའི་རི་ཞིང་ཁོད་སྙོམས་སྲིད་ཇུས་སོགས། འདས་པའི་ལོ་ངོ་བཞི་བརྒྱའི་ནང་། ཐེ་ཝན་དུ་རིམ་པ་ལྟར་སླེབས་པའི་སྲིད་དབང་ཚང་མས་དྲག་ཤུགས་ལ་བརྟེན་ཏེ་བཙན་གནོན་དང་ས་ཆ་བཙན་འཕྲོག བཙན་དབང་གིས་གདོད་མའི་མི་རིགས་ཀྱི་ཁེ་དབང་མཐའ་དག་ལ་གནོད་འཚེ་བཏང་ཡོད། དེའི་རྐྱེན་གྱིས་ངས་སྲིད་གཞུང་གི་ཚབ་བྱས་ནས་གདོད་མའི་མི་རིགས་ལ་བཟོད་གསོལ་ཞུ་རྒྱུ་ཡིན།

གདོད་མའི་མི་རིགས་ཀྱིས་སྲོལ་རྒྱུན་གོམས་གཤིས་ལ་བརྟེན་ནས་ཚོ་ཁག་གི་སྒྲིག་སྲོལ་རྒྱུད་འཛིན་དང་། སྲོལ་རྒྱུན་གྱི་རྣམ་དཔྱོད་སྤྱད་དེ་སྐྱེ་ཁམས་གནས་བབས་དོ་མཉམ་བཟོས་ཡོད། ཡིན་ནའང་། དེང་རབས་རྒྱལ་ཁབ་ཀྱི་སྒྲོམ་གཞི་འཛུགས་སྐྲུན་གོ་རིམ་ཁྲོད། གདོད་མའི་མི་རིགས་ཀྱི་རང་ཐག་རང་གཅོད་དང་རང་སྐྱོང་ཐོབ་ཐང་རྣམས་ཤོར་ཞིང་། སྲོལ་རྒྱུན་སྤྱི་ཚོགས་ཀྱི་སྒྲོམ་གཞི་ཐོར་ཞིག་ཏུ་བཏང་། མི་རིགས་ཐུན་མོང་གི་ཁེ་དབང་ཀྱང་ངོས་ལེན་བྱས་མེད། དེའི་རྐྱེན་གྱིས་ངས་སྲིད་གཞུང་གི་ཚབ་བྱས་ནས་གདོད་མའི་མི་རིགས་ལ་བཟོད་གསོལ་ཞུ་རྒྱུ་ཡིན།

མ་གཞི་གདོད་མའི་མི་རིགས་ལ་དང་པོ་ཉིད་ནས་སོ་སོར་ཕ་སྐད་ཡོད་ཀྱང་། རྗེས་སུ་ཉི་ཧོང་གིས་དབང་བསྒྱུར་དུས་སྐབས་ཀྱི་མི་རིགས་གཅིག་བསྒྱུར་དང་རྒྱལ་བྲན་སྲིད་ཇུས། དེ་བཞིན་ ༡༩༤༥ ལོའི་རྗེས་སུ་སྲིད་གཞུང་གིས་གདོད་མའི་མི་རིགས་ཀྱི་ཕ་སྐད་བཀག་འགོག་བྱས་པ་སོགས་ཀྱི་རྐྱེན་པས། གདོད་མའི་མི་རིགས་ཀྱི་ཕ་སྐད་ནི་ཛ་དྲག་གི་གནས་སྟངས་འོག་བསྐྱལ་ཡོད་ལ། དེའི་ཁྲོད་ཕིན་ཕུའུ་རིགས་རྒྱུད་ཀྱི་ཕ་སྐད་ཕལ་མོ་ཆེ་མེད་བརླག་ཏུ་གྱུར་ཡོད། སྲིད་གཞུང་གི་གཞུང་འཛིན་རིམ་པས་གདོད་མའི་མི་རིགས་ཀྱི་སྲོལ་རྒྱུན་རིག་གཞུང་སྲུང་སྐྱོབ་ཐད་དེ་ཙམ་ཧུར་ཐག་བྱས་མེད། དེའི་རྐྱེན་གྱིས་ངས་སྲིད་གཞུང་གི་ཚབ་བྱས་ནས་གདོད་མའི་མི་རིགས་ལ་བཟོད་གསོལ་ཞུ་རྒྱུ་ཡིན།

དེ་སྔོན། སྲིད་གཞུང་གི་ངོས་ནས་ཡཱ་མའེ་རིགས་རྒྱུད་ལ་ཅི་ཡང་ཤེས་སུ་མ་བཅུག་པའི་གནས་སྟངས་འོག ཉིང་རྡུལ་མཚོན་ཆའི་སྙིགས་རོ་དག་ལཱན་ཡུའུ་གླིང་ཕྲན་དུ་སྦས་སྟབས། ཁུལ་དེའི་མང་ཚོགས་ལ་གནོད་འཚེ་ཐེབས་ཡོད། དེའི་རྐྱེན་གྱིས་ངས་སྲིད་གཞུང་གི་ཚབ་བྱས་ནས་ཡཱ་མའེ་རིགས་རྒྱུད་ལ་བཟོད་གསོལ་ཞུ་རྒྱུ་ཡིན།

ཕྱི་མི་ཐེ་ཝན་དུ་འཛུལ་བ་ནས་བཟུང་། ནུབ་རྒྱུད་ས་ཁུལ་གྱི་ཕིན་ཕུའུ་རིགས་རྒྱུད་ལ་གནོད་སྐྱོན་ཐོག་མར་ཕོག་ཞིང་། དབང་བསྒྱུར་བ་རིམ་པའི་ངོས་ནས་ཕིན་ཕུའུ་རིགས་རྒྱུད་ཀྱི་མི་སྒེར་དང་རིགས་རྒྱུད་ཀྱི་མིང་ཐོབ་མེད་པར་བཟོས་ཡོད། དེའི་རྐྱེན་གྱིས་ངས་སྲིད་གཞུང་གི་ཚབ་བྱས་ནས་ཕིན་ཕུའུ་རིགས་རྒྱུད་ལ་བཟོད་གསོལ་ཞུ་རྒྱུ་ཡིན།

དམངས་གཙོའི་འཕོ་འགྱུར་རྗེས། རྒྱལ་ཁབ་ཀྱིས་ “གདོད་མའི་མི་རིགས་ལས་འགུལ” གྱི་རེ་འདུན་ལ་ལན་འདེབས་གནང་ཞིང་། སྲིད་གཞུང་གིས་ལས་དོན་ཁག་ཅིག་སྒྲུབ་རྒྱུ་ཁས་ལེན་དང་འབད་པའང་བྱས་ཡོད། ང་ཚོར་དཔེ་སྟོན་ལེགས་པོ་ཞིག་ཡོད་པ་ནི་ <<གདོད་མའི་མི་རིགས་ཀྱི་གཞི་རྩའི་བཅའ་ཁྲིམས>> བཟོས་པ་དེ་ཡིན། ཡིན་ནའང་། བཅའ་ཁྲིམས་དེར་སྲིད་གཞུང་སྒྲིག་འཛུགས་ཁག་གིས་ཡོངས་ཁྱབ་རྩིས་མཐོང་དེ་ཙམ་བྱས་མེད་ལ། ང་ཚོས་བསྒྲུབས་པ་ཁག་དལ་ཞིང་། ཕྱོགས་ཡོངས་དང་འཐུས་ཚང་མིན་པས། ངས་སྲིད་གཞུང་གི་ཚབ་བྱས་ནས་གདོད་མའི་མི་རིགས་ལ་བཟོད་གསོལ་ཞུ་རྒྱུ་ཡིན།

01ཐེ་ཝན་ནི་ “སྣ་མང་རིག་གཞུང” གི་སྤྱི་ཚོགས་ཤིག་ཡིན་པར་གྲགས་ཀྱང་། གདོད་མའི་མི་རིགས་ཀྱི་བདེ་ཐང་། སློབ་གསོ། དཔལ་འབྱོར་དང་འཚོ་བ། ཆབ་སྲིད་མཉམ་ཞུགས་སོགས་རིམ་པ་མང་པོའི་དམིགས་ཚད་དེ་ད་དུང་ཡང་གདོད་མའི་མི་རིགས་མ་ཡིན་པ་ལས་སྐྱོ་ཞིང་། གདོད་མའི་མི་རིགས་ལ་བཟུང་བའི་མཁྲེགས་འཛིན་གྱི་ལྟ་སྣང་དང་མཐོང་ཆུང་ཁྱད་གསོད་སོགས་ད་དུང་ཡང་གནས་ཡོད་ལ། སྲིད་གཞུང་གིས་བསྒྲུབས་པ་མ་འདང་བའི་རྐྱེན་གྱིས། གདོད་མའི་མི་རིགས་ཀྱིས་མི་རིགས་གཞན་གྱིས་མྱངས་མ་མྱོང་བའི་སྡུག་བསྔལ་དང་ཕམ་ཉེས་ཁུར་ཡོད། དེའི་རྐྱེན་གྱིས་ངས་སྲིད་གཞུང་གི་ཚབ་བྱས་ནས་གདོད་མའི་མི་རིགས་ལ་བཟོད་གསོལ་ཞུ་རྒྱུ་ཡིན།

ང་ཚོས་འབད་བརྩོན་གྱིས་འདང་གི་མེད་པ་མ་ཟད། མི་རབས་རིམ་བརྒྱུད་དུ་སོ་སོའི་འབད་བརྩོན་གྱིས་འདང་གི་མེད་པ་དེ་སྔ་མོ་ནས་ཤེས་རྟོགས་མ་ཐུབ་པར་བརྟེན། ཁྱེད་ཅག་གདོད་མའི་མི་རིགས་ཀྱི་མགོ་ཐོག་གི་དཀའ་སྡུག་རྣམས་དུས་དེ་རིང་གི་བར་དུ་མུ་མཐུད་གནས་ཡོད་པ་རེད། སེམས་གཏིང་ནས་བཟོད་གསོལ་ཞུ།

དེ་རིང་གི་བཟོད་གསོལ་འདི་མ་གཞི་ཡུན་རིང་དུས་འགྱངས་ཐེབས་འདུག འོན་ཀྱང་། འདི་ནི་མགོ་རྩོམ་པའི་གོམ་ཁ་ཞིག་ཡིན། འདས་པའི་ལོ་ངོ་བཞི་བརྒྱའི་རིང་གདོད་མའི་མི་རིགས་རྣམས་ཀྱིས་མྱངས་པའི་དཀའ་སྡུག་དང་གནོད་འཚེ་མཐའ་དག གཏམ་བཤད་རྩོམ་ཡིག་གཅིག་དང་བཟོད་གསོལ་ཐེངས་གཅིག་ཙམ་གྱིས་ས་མལ་རྡོ་མལ་དུ་འགྲོ་རྒྱུར་ངས་དམིགས་རེ་འཆང་གི་མེད། ཡིན་ནའང་། དེ་རིང་གི་བཟོད་གསོལ་ནི་རྒྱལ་ཁབ་འདིའི་ཁྱིམ་མི་ཚང་མ་ཞི་འགྲིག་གི་ཕྱོགས་སུ་བསྐྱོད་རྒྱུའི་གོམ་ཁ་ཞིག་ཏུ་ངས་རེ་སྒུག་བྱེད་ཀྱིན་ཡོད།

གདོད་མའི་མི་རིགས་ཀྱི་རྣམ་དཔྱོད་སྤྱད་ནས་ངས་དེ་རིང་གི་ཚོགས་ར་འདི་གསལ་བཤད་ཅིག་བྱེད་ཆོག་པ་ཞུ། ཐའེ་ཡཱ་རིགས་རྒྱུད་ཀྱི་ཕ་སྐད་ནང་། བདེན་དོན་ལ་བྷ་ལའེ( Balay)ཟེར་ཞིང་། ཞི་འགྲིག་ལ་སི་བྷ་ལའེ(Sbalay)སྟེ་བྷ་ལའེ་ཡི་སྔོན་དུ་སི་སྒྲ་ཞིག་སྦྱར་ཡོད་པ་རེད། བདེན་དོན་དང་ཞི་འགྲིག་གཉིས་དོན་གྱིས་ཕན་ཚུན་ལྟོས་གྲུབ་ཀྱི་གོ་དོན་ཞིག་རེད། བཤད་སྟངས་གཞན་ཞིག་གིས་བརྗོད་ན། དོན་དངོས་ཀྱི་ཞི་འགྲིག་ནི་བདེན་དོན་དང་ལེན་བྱས་ཚེ་ད་གཟོད་འབྱུང་ཐུབ།

གདོད་མའི་མི་རིགས་ཀྱི་རིག་གཞུང་ཁྲོད། མི་ཞིག་གིས་ཚོ་ཁག་ནང་གི་མི་གཞན་ཞིག་ལ་ཕོག་ཐུག་བཏང་རྗེས། སེམས་བསམ་པའི་གཏིང་ནས་ཞི་འགྲིག་བྱ་འདུན་བྱུང་སྐབས། རྒན་རབས་པས་གནོད་འཚེ་གཏོང་མཁན་དང་ཕོག་མཁན་ཚང་མ་ལྷན་འཛོམས་བྱེད་འཇུག་གི་རེད། ལྷན་དུ་འཛོམས་པ་ནི་ཐད་ཀར་བཟོད་གསོལ་ཞུ་བ་ཙམ་མ་ཡིན་པར། དེ་ནི་མི་ཚང་མས་ལྷག་བསམ་རྣམ་དག་གིས་རང་ཉིད་ཀྱི་སེམས་ནང་གི་སྐད་ཆ་བཤད་རྒྱུ་དེ་རེད། ཕན་ཚུན་བདེན་དོན་གླེང་བའི་གོ་རིམ་དེ་མཇུག་སྒྲིལ་རྗེས། རྒན་རབས་པས་ཚང་མར་མཉམ་དུ་ཆང་དཀར་ཡོལ་གང་གཙང་བཞེས་གནང་བཅུག་སྟེ། འདས་དོན་རྣམས་དངོས་སུ་ཕར་འདས་འཇུག་གི་རེད། དེ་ལ་སི་བྷ་ལའེ་(Sbalay)ཟེར།

དེ་རིང་གི་ཚོགས་ར་འདི་ནི་སྲིད་གཞུང་ཞིག་དང་གདོད་མའི་མི་རིགས་དབར་གྱི་སི་བྷ་ལའེ་ཞིག་ཏུ་ང་རང་ངོས་ནས་རེ་བ་བྱེད་ཀྱིན་ཡོད། འདས་ཟིན་པའི་ནོར་འཁྲུལ་དང་འདས་ཟིན་པའི་བདེན་དོན་རྣམས། འགེབ་སྲུང་མེད་པའི་སྒོ་ནས་ངས་རང་ནུས་གང་ཡོད་ཀྱིས་གསོང་པོར་བརྗོད་རྒྱུ་ཡིན། ཏོག་ཙམ་རྗེས་ལ་གདོད་མའི་མི་རིགས་ཀྱི་གྲོགས་པོ་རྣམས་ཀྱིས་ཀྱང་བསམ་ཚུལ་བརྗོད་ངེས་རེད། ཁྱེད་ཅག་གིས་འཕྲལ་མར་གུ་ཡངས་བཟོད་སྒོམ་གནང་དགོས་པའི་རེ་བ་ངས་འདོན་གྱིན་མེད། ཡིན་ནའང་། འདས་ཟིན་པའི་ནོར་འཁྲུལ་དུས་ནམ་ཡང་བསྐྱར་ལོག་རྒྱག་མི་སྲིད་པ་དང་། རྒྱལ་ཁབ་འདི་ནམ་ཞིག་དངོས་གནས་ཞི་འགྲིག་གི་ལམ་དུ་བསྐྱོད་ཐུབ་པའི་རེ་བ་དེ་ཚང་མས་རྒྱུན་འཁྱོངས་གནང་རྒྱུར་ངས་འབོད་སྐུལ་བྱེད་ཀྱིན་ཡོད།

དེ་རིང་ནི་མགོ་རྩོམ་པ་ཙམ་ཞིག་རེད། ཞི་འགྲིག་ཡོང་མིན་གྱི་འགན་དེ་གདོད་མའི་མི་རིགས་དང་ཕིན་ཕུའུ་རིགས་རྒྱུད་ཀྱི་ཕྲག་སྟེང་ན་མེད་པར་སྲིད་གཞུང་གི་ཕྲག་སྟེང་ན་ཡོད་པ་རེད། ཁ་ནང་ནས་བཟོད་གསོལ་ཞུས་པ་ཙམ་གྱིས་འདང་གི་མེད་པ་དེ་ངས་ཤེས་ཀྱི་ཡོད། སྲིད་གཞུང་གིས་ད་ལྟ་ནས་མགོ་བརྩམས་ཏེ་གདོད་མའི་མི་རིགས་ཀྱི་ཆེད་དུ་བསྒྲུབ་པ་མཐའ་དག་ནི། འབྱུང་འགྱུར་རྒྱལ་ཁབ་འདི་ཉིད་དོན་དངོས་ཐོག་ཞི་འགྲིག་ཡོང་ཐུབ་མིན་གྱི་འགག་རྩ་ཆགས་ཡོད།

ངས་འདིར་ཡོངས་བསྒྲགས་ཞུ་རྒྱུར། སྲིད་འཛིན་ཕོ་བྲང་གིས་མ་འོངས་པར་ “གདོད་མའི་མི་རིགས་ཀྱི་ལོ་རྒྱུས་དངོས་དོན་དང་བདེན་དོན་སླར་གསོའི་འཐུས་ཚོགས” རྩ་འཛུགས་བྱ་རྒྱུ་ཡིན། རྒྱལ་ཁབ་མགོ་ཁྲིད་ཀྱི་མིང་ཐོག་ནས་ངས་དངོས་སུ་མི་སྣ་བསྡུ་སྒྲུག་གི་འགན་ཁུར་ནས། རིགས་སོ་སོའི་འཐུས་མི་དང་ཐུན་མོང་ཐོག་ལོ་རྒྱུས་ཀྱི་བདེན་དོན་བརྩོད་ལེན་དང་། འདྲ་མཉམ་གྱི་སྒོ་ནས་རྒྱལ་ཁབ་འདིའི་འབྱུང་འགྱུར་གྱི་སྲིད་ཇུས་ཁ་ཕྱོགས་ལ་གྲོས་བསྡུར་བྱ་རྒྱུ་ཡིན།

དེ་བཞིན། སྲིད་འཛིན་ཕོ་བྲང་གི་འཐུས་མི་ལྷན་ཚོགས་ཀྱིས་ཆེས་མཐོའི་དོ་སྣང་བྱ་ཡུལ་ནི། རྒྱལ་ཁབ་དང་གདོད་མའི་མི་རིགས་གཉིས་ཀྱི་འདྲ་མཉམ་འབྲེལ་བ་ཡིན་ལ། མི་རིགས་སོ་སོའི་འཐུས་མི་སླེབས་སྟངས་ཐད། ཕིན་ཕུའུ་རིགས་རྒྱུད་ཚུད་པའི་མི་རིགས་དང་ཚོ་ཁག་ཆ་ཚང་གི་སྤྱི་མོས་གཞི་རྩར་འཛིན་རྒྱུ་ཡིན་པ་ངས་བསྐྱར་དུ་ནན་བརྗོད་ཞུས་པ་ཡིན། ལམ་སྲོལ་འདི་ནི་འབྱུང་འགྱུར་གདོད་མའི་མི་རིགས་ཐུན་མོང་གིས་ཐག་གཅོད་བྱེད་པའི་ལམ་སྲོལ་ཞིག་ཡིན་ལ། ལམ་སྲོལ་དེ་བརྒྱུད་ནས་མི་རིགས་སོ་སོའི་དངོས་ཡོད་མངོན་འདོད་བརྒྱུད་བསྒྲགས་གསལ་འདོན་བྱེད་ཐུབ།

གཞན་ད་དུང་། གྲོས་ཚོགས་ཀྱིས་དུས་བཅད་ཐོག་ “གདོད་མའི་མི་རིགས་ཀྱི་གཞི་རྩའི་བཅའ་ཁྲིམས་སྐུལ་འདེད་ཚོགས་འདུ” འཚོག་རྒྱུར་ངས་རེ་སྐུལ་བྱེད་ཀྱིན་ཡོད། དེ་བཞིན། འཐུས་མི་ལྷན་ཚོགས་ནང་བྱུང་པའི་སྤྱི་མོས་སྲིད་ཇུས་དག མ་འོངས་པར་སྲིད་གཞུང་གིས་གྲོས་ཚོགས་རིམ་པ་བརྒྱུད་འབྲེལ་ཡོད་ལས་དོན་ཁག་ལ་གྲོས་བསྡུར་དང་ཐག་གཅོད་བྱ་རྒྱུ་ཡིན། ལས་དོན་དེ་དག་ཁྲོད་ལོ་རྒྱུས་ཀྱི་དྲན་ཤེས་སླར་གསོ་དང་། གདོད་མའི་མི་རིགས་རང་སྐྱོང་ལ་སྐུལ་འདེད། དཔལ་འབྱོར་དྲང་སྙོམས་འཕེལ་རྒྱས། སློབ་གསོ་དང་རིག་གཞུང་རྒྱུན་འཛིན། བདེ་ཐང་འགན་སྲུང་། གྲོང་ཁྱེར་གྱི་གདོད་མའི་མི་རིགས་ཁེ་དབང་སྲུང་སྐྱོབ་སོགས་ཚུད་ཡོད།

དེང་རབས་ཁྲིམས་ལུགས་དང་གདོད་མའི་མི་རིགས་ཀྱི་སྲོལ་རྒྱུན་རིག་གཞུང་དབར་གྱི་ཕན་ཚུན་འགལ་ཆའི་ཐད། ང་ཚོས་རིག་གནས་ཀྱི་ཚོར་སྐྱེན་ལྡན་པའི་ “གདོད་མའི་མི་རིགས་ཁྲིམས་ལུགས་ཞབས་ཞུ་སྟི་གནས” ཤིག་བཙུགས་ཏེ། ལམ་ལུགས་རང་བཞིན་ཅན་ཇུས་འགོད་བྱས་པ་བརྒྱུད་ནས། གདོད་མའི་མི་རིགས་ཀྱི་སྲོལ་རྒྱུན་གོམས་གཤིས་དང་ད་ལྟ་ལག་བསྟར་བྱེད་བཞིན་པའི་རྒྱལ་ཁབ་ཀྱི་ཁྲིམས་སྒྲིག་གཉིས་དབར་ཉིན་རྒྱུན་འབྱུང་བཞིན་པའི་འགལ་བ་མང་པོ་ཞི་འགྲིག་ཡོང་ཐབས་བྱ་རྒྱུ་ཡིན།

གདོད་མའི་མི་རིགས་ཀྱིས་སོ་སོའི་སྲོལ་རྒྱུན་གོམས་གཤིས་ཀྱི་རྐྱེན་པས། སྲོལ་རྒྱུན་གྱི་མངའ་ཁོངས་ནང་ཚོང་ལས་མ་ཡིན་པའི་དགོས་མཁོ་གཞིར་བཟུང་། སྲུང་སྐྱོབ་རི་དྭགས་མ་ཡིན་པའི་རིགས་རྔོན་ལས་བྱས་པར་བརྟེན་ནས། ཁྲིམས་གཏུགས་བྱུང་བ་དང་ཁྲིམས་ཆད་བཅད་པའི་གྱོད་གཞི་རིགས་ལ། འབྲེལ་ཡོད་སྡེ་ཁག་གིས་འཕྲལ་མར་ལེགས་སྒྲིག་བྱ་རྒྱུར་ངས་རེ་བ་འདོན་གྱིན་ཡོད། དཔེ་མཚོན་རང་བཞིན་གྱི་གྱོད་གཞི་དེ་རིགས་ལ་དམིགས་ནས་ང་ཚོས་ཐག་གཅོད་ཐབས་ལམ་ལ་གྲོས་བསྡུར་ཞིབ་འཇུག་བྱ་དགོས།

དེ་བཞིན། ལཱན་ཡའེ་གླིང་ཕྲན་དུ་རྡུལ་མཚོན་སྙིགས་རོ་གསོག་ཉར་དང་འབྲེལ་བའི་ཐག་གཅོད་བརྒྱུད་རིམ་ཐད་ཀྱི་རྒྱབ་ལྗོངས་ལ་ཞིབ་འཇུག་གིས་སྙན་ཐོ་འདོན་དགོས་པར་ངས་འབྲེལ་ཡོད་སྡེ་ཁག་ལ་རེ་སྐུལ་བྱེད་རྒྱུ་ཡིན་ལ། རྡུལ་མཚོན་སྙིགས་རོའི་གནད་དོན་མཐའ་མའི་ཐག་གཅོད་མ་བྱུང་བའི་བར་དུ་ཡཱ་མའེ་རིགས་རྒྱུད་ལ་འོས་འཚམས་ཀྱི་གུན་གསབ་སྤྲོད་དགོས།

དེ་དང་མཉམ་དུ་ཕིན་ཕུའུ་རིགས་རྒྱུད་ཀྱི་སོ་སོའི་ངོས་འཛིན་དང་མིང་ཐོབ་ངོས་ལེན་བཅས་ལ་བརྩི་བཀུར་བྱེད་པའི་རྩ་དོན་འོག མ་འོངས་པར་ང་ཚོས་ཕྱི་ཟླ་ ༩ པའི་ཚེས ༣༠ ཉིན་གྱི་སྔོན་ལ། འབྲེལ་ཡོད་ཁྲིམས་སྒྲིག་ལ་སྐྱོན་བརྗོད་ཀྱིས་ཕིན་ཕུའུ་རིགས་རྒྱུད་ཀྱི་མིང་ཐོབ་ལ་དགོས་ངེས་ཀྱི་ཁེ་དབང་དང་གོ་གནས་འཐོབ་ཐུབ་པ་བྱ་རྒྱུ་ཡིན།

02ད་ལོའི་ཕྱི་ཟླ་ ༡༡ པའི་ཚེས་ ༡ ཉིན། ང་ཚོས་གདོད་མའི་མི་རིགས་ཀྱི་སྲོལ་རྒྱུན་ས་ཁོངས་གཏན་འབེབ་དང་ཡོངས་བསྒྲགས་མགོ་འཛུགས་བྱ་རྒྱུ་ཡིན། དེ་བཞིན། ང་ཚོས་ད་ལྟ་ནས་ཚོ་ཁག་སྤྱི་ཁྲིམས་མི་སྣའི་ལམ་ལུགས་སྐུལ་འདེད་བྱེད་བཞིན་པའི་སྒང་ཡིན། མ་འོངས་པར་གདོད་མའི་མི་རིགས་རང་སྐྱོང་གི་ཕུགས་འདུན་གོམ་གང་མདུན་སྤོས་ཀྱིས་ལག་བསྟར་བྱ་རྒྱུ་ཡིན། ང་ཚོས་ལས་དོན་ལག་བསྟར་བྱེད་ཤུགས་ཇེ་མགྱོགས་སུ་བཏང་སྟེ། གདོད་མའི་མི་རིགས་ཀྱིས་ཆེས་དོ་སྣང་བྱེད་བཞིན་པའི་ <<གདོད་མའི་མི་རིགས་རང་སྐྱོང་བཅའ་ཁྲིམས>> དང་། <<གདོད་མའི་མི་རིགས་ཀྱི་ས་ཆ་དང་མཚོ་ཁུལ་གྱི་བཅའ་ཁྲིམས།>> <<གདོད་མའི་མི་རིགས་སྐད་ཡིག་འཕེལ་རྒྱས་བཅའ་ཁྲིམས།>> སོགས་ཁྲིམས་གཞི་ཁག་ཁྲིམས་བཟོ་ལྷན་ཚོགས་ལ་ཕུལ་ཏེ་མ་འོངས་པར་གྲོས་ཞིབ་ཡོང་བ་བྱ་རྒྱུ་ཡིན།

དེ་རིང་ཕྱི་དྲོ་ང་ཚོས་རྒྱལ་ཡོངས་གདོད་མའི་མི་རིགས་ཀྱི་སྲིད་འཛིན་ལས་དོན་ཚོགས་འདུ་བསྐང་རྒྱུ་ཡིན། ཚོགས་འདུའི་ཐོག་སྲིད་གཞུང་གིས་སྲིད་ཇུས་མང་པོ་ཞིག་གསལ་བཤད་བྱ་རྒྱུ་ཡིན།  རྗེས་ཕྱོགས་ལོ་རེའི་ཕྱི་ཟླ་ ༨ པའི་ཚེས་ ༡ ཉིན་སྲིད་འཛིན་ལྷན་ཁང་གི་ངོས་ནས་གདོད་མའི་མི་རིགས་ཀྱི་ལོ་རྒྱུས་བདེན་དོན་དང་དག་འབུལ་བཟོད་གསོལ་ལག་བསྟར་བྱས་པའི་གནས་ཚད་རྒྱལ་ཡོངས་མི་དམངས་ལ་སྙན་སེང་ཞུ་རྒྱུ་ཡིན། གདོད་མའི་མི་རིགས་ཀྱི་གཞི་རྩའི་བཅའ་ཁྲིམས་ལག་བསྟར་དངོས་འབེབ་བྱས་ཏེ། གདོད་མའི་མི་རིགས་ཀྱི་ལོ་རྒྱུས་བདེན་དོན་ཐག་གཅོད་བྱ་རྒྱུ་མ་ཟད། གདོད་མའི་མི་རིགས་ཀྱི་རང་སྐྱོང་རྨང་གཞི་འཛུགས་རྒྱུ་བཅས་ནི། སྲིད་གཞུང་གི་གདོད་མའི་མི་རིགས་སྲིད་ཇུས་ཐད་ཀྱི་དམིགས་ཡུལ་ཆེན་པོ་གསུམ་ཡིན།

འདིར་བཞུགས་ལྷན་རྒྱས་དང་། བརྙན་འཕྲིན་དང་དྲ་ལམ་ནས་བརྒྱུད་བསྒྲགས་ལ་གསན་གཟིགས་གནང་བཞིན་པའི་སྤུན་གྲོགས་གདོད་མའི་མི་རིགས་ཡོངས་རྫོགས་ནས་ལྟ་སྐུལ་དཔང་མི་གནང་རྒྱུར་ངས་གདན་ཞུ་བྱས་པ་ཡིན། ཚང་མའི་ངོས་ནས་ལས་དོན་ལ་ལྟ་སྐུལ་ཡོང་ཆེད་གདན་ཞུ་བྱེད་ཀྱིན་ཡོད་པ་ལས་ཡིག་ཆ་ཙམ་བློ་སྐྱོར་བྱེད་པའི་ཆེད་མིན། མི་རིགས་སྤུན་གྲོགས་ཚང་མས་གང་ནུས་ཀྱིས་སྐུལ་འདེད་དང་མཛུབ་སྟོན་གནང་སྟེ། སྲིད་གཞུང་གི་ཁས་ལེན་དམ་བཅའ་རྣམས་ལག་བསྟར་དང་། འདས་ཟིན་པའི་ནོར་འཁྲུལ་དག་དངོས་སུ་ལེགས་བཅོས་ཡོང་ཐུབ་པ་གནང་རོགས།

གདོད་མའི་མི་རིགས་གྲོགས་པོ་རྣམས་ལ་ངས་ཐུགས་རྗེ་ཆེ་ཞུ། ཁྱེད་ཅག་གིས་རྒྱལ་ཁབ་འདིའི་མི་ཚང་མར་རང་ཉིད་ཀྱི་རྐང་འོག་གི་ས་གཞི་དང་གནའ་རབས་ཀྱི་སྲོལ་རྒྱུན་མཐའ་དག་གསལ་འདེབས་གནང་བ་དེར་གཞན་གྱིས་ཚབ་མཚོན་བྲལ་བའི་རིན་ཐང་ལྡན་ཡོད། རིན་ཐང་དེ་དག་ལ་བརྩི་འཇོག་ཐོབ་དགོས་ངེས་ཤིག་རེད།

མ་འོངས་པར་ང་ཚོས་སྲིད་ཇུས་ཁག་སྐུལ་འདེད་བརྒྱུད་དེ་གདོད་མའི་རིགས་ཀྱི་མི་རབས་རྗེས་མ་དང་། མི་རབས་རིམ་བརྒྱུད་ཀྱི་གདོད་མའི་མི་རིགས། དེ་བཞིན། འབྱུང་འགྱུར་ཐེ་ཝན་ས་གཞིའི་སྟེང་གི་རིགས་སོ་སོ་ཚང་མས་དུས་ནམ་ཡང་རང་གི་ཕ་སྐད་བོར་བརླག་ཏུ་འགྲོ་མི་སྲིད་ལ། སོ་སོའི་ངོ་བོ་དྲན་བརྗེད་དུ་འགྲོ་མི་སྲིད། སོ་སོའི་རིག་གཞུང་གོམས་སྲོལ་དང་ཡ་བྲལ་དུ་དེ་བས་ཀྱང་འགྲོ་མི་སྲིད་ལ། རང་ཉིད་ཀྱི་ཕ་ས་ནས་མུ་མཐུད་འཁྱམ་ཉུལ་གྱི་འཚོ་བ་ནམ་ཡང་མྱོང་མི་སྲིད་དོ།

སྤྱི་ཚོགས་ཁྱོན་ཡོངས་ནས་མཉམ་རུབ་འབད་བརྩོན་གནང་སྟེ། ང་ཚོའི་ལོ་རྒྱུས་དང་ས་ཆ་མཁྱེན་རྟོགས་དང་། ང་ཚོའི་རིགས་མི་འདྲ་བའི་ཚོ་ཁག་རིགས་རྒྱུད་སོ་སོའི་རིག་གཞུང་རྣམས་མཁྱེན་རྟོགས་ཡོང་བ་བྱ་རྒྱུ། དེ་བཞིན། ཞི་འགྲིག་གི་ཕྱོགས་སུ་མདུན་བསྐྱོད་དང་། ཐུན་མོང་འཚོ་སྡོད་དང་ཐུན་མོང་འཕེལ་རྒྱས་ཀྱི་ཕྱོགས་སུ་མདུན་བསྐྱོད། ཐེ་ཝན་གྱི་འབྱུང་འགྱུར་གསར་བའི་ཕྱོགས་སུ་མདུན་བསྐྱོད་ཡོང་བར་ངས་རེ་སྐུལ་ཞུ་བཞིན་ཡོད།

དེ་རིང་གི་གོ་སྐབས་འདི་བརྒྱུད་ནས་ཚང་མས་མཉམ་གཅིག་ཏུ་དྲང་བདེན་སྐྱོང་བའི་རྒྱལ་ཁབ་ཅིག་དང་། རིག་གནས་སྣ་མང་དང་འདྲ་མཉམ་གྱི་རྒྱལ་ཁབ་ཅིག་འཛུགས་བསྐྲུན་གནང་རྒྱུར། ངས་སྙིང་ཁོང་རུས་པའི་གཏིང་ནས་རྒྱལ་ཡོངས་མི་དམངས་ཚང་མར་རེ་སྐུལ་ཞུས་པ་ཡིན།

ལྷན་རྒྱས་ཚང་མར་ཐུགས་རྗེ་ཆེ་ཞུ། བཀྲ་ཤིས་བདེ་ལེགས།

བསྒྱུར་མཆན།

རི་སྤུན་མི་རིགས། (山胞) དབྱིན་སྐད་དུ་ Indigenous Taiwanese ཅེས་འབོད་ལ། གདོད་མ་ནས་ཐེ་ཝན་གླིང་ཕྲན་དུ་འཚོ་སྡོད་བྱེད་བཞིན་པའི་ལྷོ་གླིང་མི་རིགས་ (南岛民族) ཟེར་བ་དེ་ཡིན་ལ། ཁོང་ཚོ་ནི་དུས་རབས་བཅུ་བདུན་པའི་ནང་རྒྱ་མི་གནས་སྤོ་མ་བྱས་པའི་སྔོན་ནས་ཐེ་ཝན་དུ་འཚོ་སྡོད་བྱས་ཡོད།

ཀྲེང་ཁྲེང་ཀོང་། (郑成功)ཕྱི་ལོ་ ༡༦༦༢ ལོར་ཐེ་ཝན་གླིང་ཕྲན་དུ་བཙན་འཛུལ་བྱ་མཁན་གྱི་རྒྱ་རིགས་ཐོག་མ་དེ་ཡིན་ལ། རྒྱ་ནག་མེན་རྒྱལ་རབས་རྩ་འཐོར་ཏུ་ཕྱིན་རྗེས་རྒྱ་ནག་ལྷོ་ཕྱོགས་ས་ཁུལ་ཏུ་བཙུགས་པའི་སྲིད་དབང་ཞིག་གི་དཔོན་རིགས་ཅིག

ལིས་ཧྥན་སྲིད་ཇུས། (理番政策)ཕྱི་ལོ་ ༡༨༩༥ ནས་ ༡༩༤༥ བར་ལ་ཉི་ཧོང་གིས་ཐེ་ཝན་ལ་དབང་བསྒྱུར་སྐབས། ཐེ་ཝན་གྱི་གདོད་མའི་མི་རིགས་ཀྱི་ཐོག་ལ་ལག་བསྟར་བྱས་པའི་དམིགས་བསལ་གྱི་ཁྲིམས་སྒྲིག་དང་སྲིད་ཇུས་ཀྱི་བསྡུས་མིང་།

རྒྱལ་བྲན་སྲིད་ཇུས། (皇民化政策)འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐབས་སུ་ཉི་ཧོང་གིས་དབང་བསྒྱུར་འོག་ཡོད་པའི་མི་སེར་སྤེལ་བའི་ས་ཁུལ་ཁག་ཏུ་སྤེལ་བའི་མི་རིགས་གཞན་བསྒྱུར་གྱི་སྲིད་ཇུས་ལ་ཟེར།

ཕིན་ཕུའུ། (平埔族) ཐེ་ཝན་གྱི་ནུབ་བྱང་ས་ཁུལ་ཏུ་གནས་པའི་གདོད་མའི་རིགས་རྒྱུད་ཚོ་ཁག་སྐོར་ཞིག་གི་སྤྱི་མིང་། མི་གྲངས་འབུམ་གཉིས་ཡས་མས་ཤིག་ཡོད།

ཡཱ་མའེ། (雅美族) ཡྰ་མའེ་མི་རིགས་ནི་ད་ལྟའི་ཐེ་ཝན་གྱི་ཤར་ལྷོའི་ཞི་བདེ་རྒྱ་མཚོའི་སྟེང་གི་ལྰན་ཡུའུ་གླིང་ཕྲན་ཐོག་ཏུ་འཚོ་སྡོད་བྱས་ཡོད་ལ། གྲོང་སྡེ་བཞི་དང་ཚོ་ཁག་དྲུག་གིས་གྲུབ་ཅིང་། མི་གྲངས་ ༤༩༠༠ལྷག་ཡོད།

ལཱན་ཡུའུ། (兰屿) ཐེ་ཝན་གྱི་ཤར་ལྷོའི་ཞི་བདེ་རྒྱ་མཚོའི་སྟེང་གི་གླིང་ཕྲན་ཞིག

ཐའེ་ཡཱ། (泰雅族) ཐེ་ཝན་དབུས་རྒྱུད་ས་ཁུལ་ཏུ་གནས་པའི་གདོད་མའི་རིགས་རྒྱུད་ཚོ་ཁག་ཅིག ཐེ་ཝན་གྱི་གདོད་མའི་རིགས་རྒྱུད་ཚོ་ཁག་ཆེ་གྲས་གསུམ་པ་སྟེ། མི་གྲངས་ཁྲི་དགུ་ཙམ་ཡོད།

མ་ཡིག་གི་འབྲེལ་ཐག http://cn.nytimes.com/china/20160801/tsai-apology-full-text/

འབྲེལ་ཡོད་གསར་འགྱུར།

From left 1. BTSM women members, 2. Shri Rupesh Kumar, National Central Executive Member of Rashtriya Swayamsevak Sangh (RSS), 3. Shri Lt. Gen. R.K. Sharma (Retd.), 4. Shri Indresh Kumar, Patron of BTSM, 5. Thupten lungrig, Former Cabinet Minister, 6. Shri Pankaj Goyal, National Organisational Secretary, BTSM, 7. Shri Sanjeev Manmotra, BTSM Jammu.
Mobile App

ལུས་སེམས་གཉིས་ཀྱི་ཐོག་ནས་བོད་དོན་འཐབ་རྩོད་མུ་མཐུད་བྱ་རྒྱུ་ཡིན།

ཆུ་ཚོད་ ༤ སྔོན་ལ།
དགའ་ལྡན་བྱང་རྩེ་གྲྭ་ཚང་ནས་ཡིན་པའི་དགེ་འདུན་པ་བཀྲ་ཤིས་དོན་གྲུབ་ལགས། རྒྱ་གར་གསར་ལམ་ཁག་གི་པར།
Mobile App

དགེ་འདུན་པ་ཞིག་དམར་གསོད་བཏང་བའི་དོགས་ཡོད་ཉེས་ཅན་ལྔ་འཛིན་བཟུང་བྱས་འདུག

ཆུ་ཚོད་ ༦ སྔོན་ལ།
བོད་ཀྱི་དུས་བབ་གསར་ཁང་གི་པར
Mobile App

དབུས་འོས་བསྡུ་ལས་ཁང་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་གཏུགས།

༢༠༢༦/༠༥/༠༥
This photograph taken during a government-organized media tour shows a young boy standing near his house in Damxung county, in China’s Tibet Autonomous Region, in June 2021. (Photo: Hector Retamal/AFP)
Mobile App

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས་རྒྱ་ནག་གིས་བོད་ཀྱི་སྐད་ཡིག་རྩ་མེད་གཏོང་ཐབས་བྱེད་བཞིན་པ་ཐེར་འདོན་གནང་། 

༢༠༢༦/༠༥/༠༥
Tibetans in Nepal Advised not to Hold March 10 Rallies
Mobile App

ཨ་རིས་བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བར་ལྟ་རྟོག་དགོས་པའི་སྐུལ་མ་བྱས།

༢༠༢༦/༠༥/༠༥
ཐའེ་ལན་ཌིའི་གསར་འགོད་པ་ཝུའུ་ཌི་མི་ལིན་ཊ་ཆིན་ཊ་(Woody Milintachinda) ལགས་ཀྱིས་སྣེ་འཁྲིད་པའི་ནང་པའི་ཚོགས་པ་ཐའེ་ལན་ཌི་ཝུའུ་ཌི་ཝོེ་ཌི་(Woody World Thailand ) ཡི་ཚོགས་མི་ ༢༠ ཡིས་༧གོང་ས་མཆོག་ལ་མཇལ་བཅར་ཞུས། ༢༠༢༦།༠༥།༤
༸གོང་ས་མཆོག གསར་འགྱུར།

ཐའེ་ལན་ཌི་དང་བོད་བར་གྱི་འབྲེལ་ལམ་དེ་ནི་འབྲེལ་མོལ་གྱིས་མཐུན་སྒྲིལ་ཡོང་བའི་དཔེ་མཚོན་ཡག་པོ་ཞིག་ཡིན་ཞེས་བཤད།

༢༠༢༦/༠༥/༠༤

མཆན། 1

  1. བློ་བཟང་ནོར་བུ། says:
    ལོ་ 10 སྔོན།

    སྙོག་གྲའི་སྒང་ཆང་སྒོ་ཕྱེ་འདུག་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese