ཨ་རིའི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ས་གཤིས་ཞིབ་འཇུག་པས་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་ཌུ་ཁུལ་དུ་སྔར་ལོ་ལས་ཤུགས་ཚད་ཆེ་བའི་ས་ཡོམ་འབྱུང་ཉེན་ཡོད་སྐོར་བརྗོད་འདུག
ཨ་རིའི་ནི་ཝཱ་ཌཱ་གཙུག་ལག་སློབ་ཆེན་གྱི་ཞིབ་འཇུག་པ་སི་ཊི་བི་ཝེ་སི་ནོ་སི་ཀི་ལགས་(Steve Wesnousky)ལགས་ཀྱིས་སྣེ་འཁྲིད་པའི་ཞིབ་འཇུག་ཚོགས་ཆུང་ཞིག་གིས། ཧི་མ་ལ་ཡའི་ས་གཤིས་ཆག་འཇིག་སྐོར་ལ་ཞིབ་འཇུག་གནང་བ་བརྒྱུད། བལ་ཡུལ་གྱི་རྒྱལ་ས་ཁུལ་དུ་འདས་ལོ་ལས་ཤུགས་ཚད་ཆེ་བའི་ས་ཡོམ་འབྱུང་ཉེན་ཡོད་སྐོར་བརྗོད་འདུག
ཧིན་རྡུ་དུས་བབ་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ས་གཤིས་ཞིབ་འཇུག་པ་སི་ཊི་ཝི་སི་ནོ་སི་ཀི་ལགས་ཀྱིས་འདས་པའི་ལོ་ངོ་ ༢༠ རིང་ཧི་མ་ལ་ཡའི་རི་རྒྱུད་ཁུལ་དུ་ཞིབ་འཇུག་གནང་ཡོད་པ་དང་། ད་ལན་གྱི་ཞིབ་འཇུག་སྙན་ཐོའི་ནང་། འདས་པའི་ལོ་གཅིག་ནང་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་ཌུ་ཡི་ཉེ་འཁོར་ནས་ས་གཤིས་ཆག་རིམ་ལ་ཞིབ་འཇུག་བྱས་ཏེ། འདས་པའི་ལོ་ངོ་ ༢༠༠༠ གི་ལོ་རྒྱུས་ཟིན་ཐོར་དཔྱད་བསྡུར་བྱེད་སྐབས། རྒྱལ་ས་ཀ་ཐ་མན་ཌུ་ཁུལ་དུ་འདས་ལོ་ལས་ཤུགས་ཚད་རྦད་དེ་ཆེ་བའི་ས་ཡོམ་ཆེན་པོ་ཞིག་འབྱུང་ཉེན་ཡོད་པ་དང་། འདས་ལོའི་ས་ཡོམ་དེ་ནི་ཤུགས་ཚད་སྔར་ལས་ཆེན་པོ་ཞིག་བྱུང་བའི་ཉེན་བརྡ་ཙམ་དུ་ངོས་འཛིན་བྱེད་ཆོག་ལ། འབྱུང་ཉེན་ཡོད་པའི་ས་ཡོམ་དེས་ཀ་ཐ་མན་ཌུ་ཁུལ་དུ་གནོད་སྐྱོན་ཆེན་པོ་ཐེབས་ཉེན་ཡོད་པ་དང་། དེ་བཞིན་པར་བྷ་ཊི་རྫོང་ཁོངས་ཀྱི་ཊིར་བྷི་ནི་གྲོང་ཚོ་ནས་བྷག་མཱ་ཌི་བར་གྱི་སྤྱི་ལེ་ ༢༠༠ ནང་དུའང་ས་ཡོམ་གོད་ཆག་འབྱུང་ཉེན་ཡོད་སྐོར་བརྗོད་འདུག
ཡང་སྙན་ཐོ་དེའི་ནང་། འདས་ལོའི་ཕྱི་ཟླ་ ༤ ཚེས་ ༢༥ ཉིན་བལ་ཡུལ་ནང་ས་ཡོམ་ཤུགས་ཚད་ ༧.༨ ཅན་ཞིག་བརྒྱབ་སྟེ། བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་ཌུ་ཡི་གཙོས་ཧི་མ་ལ་ཡའི་རི་རྒྱུད་དུ་གནོད་སྐྱོན་ཆེན་པོ་ཐེབས་པའི་ཁྲོད། ཁྱོན་བསྡོམས་མི་ ༩༠༠༠ རྐྱེན་ལམ་དུ་ཤོར་ཡོད་པ་དང་། འཛུགས་སྐྲུན་ཁྱོན་འབུམ་ ༦ ལ་གནོད་སྐྱོན་བཟོས་ཡོད་སྐོར་སོགས་བཀོད་འདུག
ས་ཡོམ་དྲ་གནས་ལྟར་ན། འདི་ལོར་བལ་ཡུལ་ནང་ས་ཡོམ་ཤུགས་ཚད་ ༣ ལས་བརྒལ་བ་ཐེངས་ ༢༣ ཙམ་བྱུང་ཡོད་པ་དང་། དེའི་ཁྲོད་དུ་ཤུགས་ཚད་ ༤ ལྷག་ཅན་ཐེངས་ ༡༨ ཙམ་དང་། ཤུགས་ཚད་ ༥ ལྷག་གི་ས་ཡོམ་ཐེངས་ ༦ བྱུང་ཡོད་ལ། ཉིན་ཤས་སྔོན་དུ་རྒྱལ་ས་ཀ་ཐ་མན་ཌུ་ཡི་ཤར་རྒྱུད་དུ་ས་ཡོམ་ཤུགས་ཚད་ ༥.༦ ཅན་ཞིག་བྱུང་ཡོད་པ་རེད།
གསར་འགོད་པ། པདྨ་མཚོ།