དཔལ་ལྡན་རྒྱལ་གྱིས་བརྩམས། ཁ་བ་རྒྱལ་གྱིས་བསྒྱུར།
ཟླ་ ༧ ཚེས་ ༢ ཉིན། རང་བཙན་བློ་དགའ་ལགས་ཀྱིས་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ལ་རྟེན་གཞི་བྱས་པའི་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་ཐང་དུ་སྐུ་ལུས་མེ་རུ་བསྒྲོན་རྗེས་འདས་གྲོངས་སུ་ཕྱིན། སྐུ་ལུས་མེ་རུ་མ་བསྒྲོན་གོང་། ཁོང་གིས་ངོ་དེབ་ཐོག་སྐར་མ་དྲུག་ཅན་གྱི་ཐད་གཏོང་གི་བརྙན་ཞིག་སྤེལ་ཡོད་ལ། དེའི་ནང་དུ་བཙན་བྱོལ་བོད་མི་རྣམས་ལ་མཐུན་སྒྲིལ་བྱེད་དགོས་པ་དང་། མུ་མཐུད་བོད་རང་བཙན་གྱི་ཆེད་དུ་འཐབ་རྩོད་བྱེད་དགོས་པའི་སྐུལ་མ་བཏང་ཡོད། ད་དུང་བོད་མི་ཚོར་རང་གི་སྐད་ཡིག་དང་རིག་གཞུང་ཉར་ཚགས་བྱེད་དགོས་པའི་འབོད་སྐུལ་དང་། རྒྱ་ནག་གི་མི་རིགས་མཐུན་སྒྲིལ་དང་ཡར་སྐུལ་གྱི་ཁྲིམས་ཟེར་བ་དེར་ངོ་རྒོལ་གྱི་སྐད་ཆ་ཡང་བཤད་ཡོད།
ཁོང་འདས་གྲོངས་ཕྱིན་རྗེས་ཀྱི་བདུན་ཕྲག་འགའི་རིང་བོད་ནང་གི་གནས་ཚུལ་ལ་བསྐྱར་དུ་རྒྱལ་སྤྱིའི་སྒང་ནས་དོ་སྣང་སླེབས་འགོ་ཚུགས། འཛམ་གླིང་གང་སར་གནས་པའི་བོད་མི་རྣམས་སྲང་ལམ་ལ་ཐོན་ནས་རྒྱ་ནག་གི་བཙན་འཛུལ་དང་བོད་ནང་དུ་མི་རིགས་མཐུན་སྒྲིལ་དང་ཡར་སྐུལ་གྱི་ཁྲིམས་ཟེར་བ་དེ་ལག་བསྟར་བྱས་པར་ངོ་རྒོལ་སྐད་འབོད་བྱས། ཁྲིམས་དེ་ནི་བལྟས་ཚོད་ལ་མི་རིགས་མཐུན་སྒྲིལ་ཡོང་སྤྱད་ཅིིག་ཏུ་སྣང་ན་ཡང་། དོན་དངོས་ཐོག་དེ་ནི་བོད་ཀྱི་སྐད་ཡིག་དང་། རིག་གཞུང་། ཐ་ན་ང་བོད་པ་ཡིན་ཟེར་དབང་མེད་པར་བོད་མིའི་ངོ་བོ་རྩ་མེད་གཏོང་སྤྱད་ཀྱི་བཅའ་ཁྲིམས་ཀྱི་ལག་ཆ་ཙམ་ཞིག་རེད།
མེར་བསྲེགས་གཏོང་སར་བསྐྱར་དུ་ཕྱིན་པ།
ཟླ་ ༨ ཚེས་ ༡ ཉིན། ང་དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་སྐུ་ལུས་མེར་བསྲེགས་གཏོང་སར་ཕྱིན་ནས་དེ་གར་ཧ་ལམ་དུས་ཚོད་བཞི་ལ་བསྡད་པ་ཡིན། ཉིན་དེར་བོད་མི་རྣམས་ཁོང་གི་སྐུ་པར་ལ་མཇལ་དར་བསྒྲོན་དུ་འབྱོར། ཁ་ཤས་ཀྱིས་པུས་མོ་ས་ལ་བཙུགས་ཏེ་གསོལ་བ་སྨོན་ལམ་བཏབ་ཅིང་ཕྱག་ཀྱང་འཚལ། བོད་པ་མིན་པའི་ལམ་འགྲོ་བ་འགས་འགྲོ་མཚམས་བཞག་སྟེ་དེ་གར་དོན་དག་ཅི་ཞིག་བྱུང་མིན་ཐད་སྐད་ཆ་དྲིས་ལ། ངས་མི་ཆ་མེད་དེ་དག་ལ་རེ་རེ་བྱས་ནས་དོན་རྐྱེན་དེའི་སྐོར་ལ་འགྲེལ་བཤད་བརྒྱབ།

དེར་ལངས་ནས་སྡོད་སྐབས། ངའི་ཡིད་ཀྱི་རྟ་ཕོ་ ༢༠༡༣ ལོར་ང་ཐོག་དང་པོར་རང་བཙན་བློ་དགའ་ལ་ཐུག་པའི་ཕྱོགས་སུ་ཤོར།
ལོ་དེའི་ཟླ་བ་གསུམ་པའི་ནང་། འདས་པོ་ལྟག་མཚེར་རིན་པོ་ཆེའི་བུ་ཀུན་དགའ་ནོར་བུས་ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་ནས་གྲོང་ཁྱེར་ནེའུ་ཡོག་བར་དུ་ཉིན་བཅུའི་གོམ་བགྲོད་མགོ་བཙུགས་ཡོད། དེ་ཡང་ཕྱི་ལོ་ ༢༠༡༡ ལོར་ཁོང་གི་སྤུན་མཆེད་འཇིགས་མེད་ནོར་བུ་ལགས་བོད་དོན་གོམ་བགྲོད་ཀྱི་སྐབས་སུ་ས་གནས་ཧྤི་ལོོ་རེ་ཌ་ལ་རླངས་འཁོར་གྱི་དོན་རྐྱེན་དང་འཕྲད་ནས་རྐྱེན་འདས་སུ་གྱུར་བ་དང་། གོམ་བགྲོད་དེ་ནི་རང་ཉིད་ཀྱི་སྤུན་མཆེད་དྲན་གསོ་ཡི་ཆེད་དུ་མགོ་བརྩམས་པ་ཞིག་ཀྱང་ཡིན་ལ། བོད་ནང་གི་ཆོས་དང་ཆབ་སྲིད་གང་ཅིའི་ཐད་གཉའ་གནོན་དང་དམ་དྲག་གི་ཐད་རྒྱལ་སྤྱིའི་དོ་སྣང་འདྲེན་ཐབས་དང་། ལྷག་པར་དུ་བོད་ནང་རང་ལུས་མེ་སྲེག་གི་ངོ་རྒོལ་གྱི་གནས་ཚུལ་ཤུགས་ཆེ་རུ་འགྲོ་བཞིན་པའི་སྐོར་ལ་དོ་སྣང་འདྲེན་ཆེད་དུ་ཡིན།
རང་བཙན་བློ་དགའ་ལགས་དང་བོད་མི་གཞན་འགའ་རེ་ཡང་ཀུན་དགའ་ལགས་ཀྱི་གོམ་བགྲོད་ལ་མཉམ་ཞུགས་གནང་། ལམ་བར་དུ་ཁོ་ཚོ་མཚན་གཉིས་ལ་ངའི་ནང་དུ་བསྡད་པ་རེད།
ངའི་དྲན་ངོགས་སུ་བློ་དགའ་ལགས་ནི་རྒྱུན་པར་གཞན་དང་མཉམ་དུ་ཆོབ་དང་གད་མོ་སློང་རྒྱུར་དགའ་བའི་མི་སྤྲོ་སྣང་ཅན་ཞིག་ཡིན་པ་གསལ། ཁོང་གིས་རང་གི་ལྷམ་ང་ཚོར་སྟོན་བཞིན་དུ་རང་ཉིད་གོམ་བགྲོད་ལ་ཞུགས་ཆེད་གྲོང་ཁྱེར་ནེའུ་ཡོག་ནས་ཝ་ཤིན་ཀྲོན་ལ་ཡོང་རྒྱུའི་ཐག་བཅད་ཟིན་སྐབས། བུད་མེད་ཅིག་གིས་ཁོ་ལ་ལྷམ་རན་པོ་ཞིག་མེད་པ་ཤེས་ཏེ། མོ་དེ་མུར་ཕྱི་ལ་སོང་ནས་ལྷམ་ཡག་པོ་ཞིག་ཉོས་ཚུལ་ང་ཚོར་བཤད་པའི་རྣམ་པ་དེ་ད་དུང་ངའི་མིག་ལམ་དུ་ཤར་ཡོང་། དེ་ལྟར་ཁོས་ “ད་ནི་ལྷམ་འདི་མ་ཟད་བར་དུ་ངས་གོམ་བགྲོད་བྱེད་ཐུབ།” ཅེས་བཤད།
དེ་ནི་དོན་དག་ཆུང་ཆུང་ཞིག་རེད། ལོ་ངོ་དེ་དག་གི་རིང་ལ་ངས་དོན་དག་དེ་བརྗེད་མེད་དོན་ཅི་ཡིན་མི་ཤེས། གང་ལྟར་དེ་ངས་བརྗེད་མི་འདུག གཅིག་བྱས་གནས་ཚུལ་དེ་མི་བརྗེད་དོན་ནི་དོན་དག་ཆུང་ཆུང་དེའི་ཁྲོད་ནས་ཀྱང་བློ་དགའ་ལགས་ནི་ཆོབ་ཚ་ཞིང་། ཀུན་དང་མཐུན་པ། བློ་ཐག་ཆོད་པོའི་མི་ཞིག་ཡིན་པ་མངོན་ཐུབ་པས་ཡིན་སྲིད། ད་ལྟ་ཡིན་ནའང་ངས་ཁོང་གི་སྐོར་ལ་བསམ་བློ་གཏོང་སྐབས། ཁོང་གིས་བོད་ལ་བཅངས་པའི་རྒྱལ་གཅེས་ལྷག་བསམ་ཙམ་མ་ཟད། ཁོང་ས་ཆ་གང་དུ་ཕྱིན་ནའང་རང་བཞིན་གྱིས་མཛའ་བརྩེ་ལྡན་ཞིང་བསམ་ཤེས་ཅན་ཞིག་ཡིན་པ་དྲན་ཡུལ་དུ་འཁོར་ཡོང།

དེ་ལྟར་ང་ཟླ་ ༨ ཚེས་ ༡ ཉིན། དཔའ་བོ་རང་བཙན་བློ་དགའ་ལགས་མེ་རུ་བསྒྲོན་པའི་གནས་དེར་ལངས་ནས་སྡོད་སྐབས། དགའ་སྐྱོ་ཟུང་འབྲེལ་གྱི་དྲན་པ་དེ་དག་ཁ་སང་བྱུང་བ་བཞིན་ངའི་ཡིད་ལ་འཆར་ཡོང་། དེ་དང་མཉམ་དུ་ངའི་ཡིད་ལ་དྲི་བ་ཞིག་ཡང་ཡང་འཁོར་བྱུང་། རང་བཙན་བློ་དགའ་ལགས་ཀྱིས་རང་ཉིད་མེར་བསྲེགས་གཏོང་ས་དང་ཞལ་ཆེམས་འཇོག་ཡུལ་དུ་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་ཨ་མ་བདམས་ཡོད་ན་ཡང་། མཉམ་སྦྲེལ་རྒྱལ་ཚོགས་ལ་དམིགས་ནས་དགོས་འདུན་བཏོན་མེད་དོན་ཅི་ཡིན་ནམ་སྙམ།
དགོང་མོ་དེར། ཊམ་སི་ཐང་ཆེན་དུ་དཔའ་བོ་རང་བཙན་བློ་ལགས་འདས་གྲོངས་སུ་ཕྱིན་ནས་ཟླ་བ་གཅིག་འཁོར་བའི་དུས་དྲན་གྱི་མར་མེ་ཁྲོམ་སྐོར་ལ་མཉམ་ཞུགས་བྱས་པ་ཡིན་ལ། བོད་མི་དང་བོད་དོན་རྒྱབ་སྐྱོར་བ་བརྒྱ་ཕྲག་མང་པོ་དེ་གར་འཛོམས་འདུག།
ལོ་མང་འགོར་བའི་འདས་དོན་ཞིག་དྲན་པ།
ཊམ་སི་ཐང་ཆེན་དུ་མི་ཚོགས་ཀྱི་དབུས་སུ་ཡར་ལངས་ནས་སྡོད་སྐབས། ངའི་དྲན་དབང་ཕྱི་ལོ་ ༡༩༩༨ ཟླ་ ༤ ཚེས་ ༢༧ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་བོད་མིའི་ཟས་བཅད་ངོ་རྒོལ་གྱི་སྐབས་ཤིག་ལ། དཔའ་བོ་ཐུབ་བསྟན་དངོས་གྲུབ་ལགས་ཀྱིས་རང་ལུས་མེ་རུ་བསྒྲོན་རྗེས་འདས་གྲོངས་སུ་ཕྱིན་པའི་ཕྱོགས་སུ་ཤོར།
ཟས་བཅད་ངོ་རྒོལ་བ་ཚོས་མཉམ་སྦྲེལ་རྒྱལ་ཚོགས་ལ་དགོས་འདུན་དོན་ཚན་གསུམ་བཏོན་པ་རེད།
དང་པོ། མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་ཕྱི་ལོ་ ༡༩༥༩ དང་ ༡༩༦༡་ ༡༩༦༥ བཅས་ལོ་སོ་སོར་བོད་དོན་སྐོར་ལ་བཞག་པའི་གྲོས་ཆོད་ཐད་མུ་མཐུད་བགྲོ་གླེང་གནང་དགོས་པ།
གཉིས་པ། བོད་དོན་ཉམས་ཞིབ་པ་དམིགས་བསལ་སྐུ་ཚབ་ཅིག་བསྐོ་བཞག་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་སྐོར་ལ་རྟོག་ཞིབ་བྱེད་དགོས་པ།
གསུམ་པ། བོད་དོན་དམིགས་བསལ་སྐུ་ཚབ་བསྐོ་བཞག་དང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ལྟ་རྟོག་འོག་མང་མོས་ཐག་གཅོད་འོས་བསྡུའི་ཐབས་ལམ་བརྒྱུད་བོད་ཀྱི་དཀའ་རྙོག་དེ་བོད་མིའི་འདོད་མོས་ལྟར་ཞི་བའི་ཐོག་ནས་སེལ་ཐུབ་དགོས་པ།
སྐབས་ཐོག་དེར་ང་རྡ་རམ་ས་ལར་ཡོད། ཕྱི་ལོ་ ༡༩༩༨ ཟླ་ ༥ ཚེས་ ༡ ཉིན། དཔའ་བོ་ཐུབ་བསྟན་དངོས་གྲུབ་ལགས་ཀྱི་པུར་སྒམ་ལ་བོད་ཀྱི་རྒྱལ་དར་གཡོགས་ཤིང་། སྲང་ལམ་དུ་མི་ཚོགས་ཀྱི་ཕྲེང་བའི་ཁྲོད་དུ་ཁུར་བ་དང་། སྐྱོ་གདུང་གིས་མནར་བའི་བོད་མི་སྟོང་ཕྲག་མང་པོས་སྐྱེལ་མ་བྱས།
ཉིན་དེའི་མཁའ་དབུགས་ནི་མིག་ཆུ་དང་སྐྱོ་གདུང་། ཡིད་སེམས་ཀྱི་གུས་འདུད་བཅས་ཀྱིས་ཁེངས་ཡོད་པ་དྲན་ལ། དྲན་པ་དེ་ད་བར་ང་དང་འབྲལ་མྱོང་མེད།
མེ་ལྕེ་གཅིག་ལས་མཆེད་པའི་མི་ལོ་ཉེར་བརྒྱད།
དཔའ་བོ་ཐུབ་བསྟན་དངོས་གྲུབ་དང་རང་བཙན་བློ་དགའ་གཉིས་ཀྱི་སྐུ་ལུས་མེ་སྲེག་གི་ལོ་ཚུགས་ལ་བལྟས་ན། མི་ལོ་ཉེར་བརྒྱད་ཀྱི་བར་ཐག་ཡོད།
དུས་ཡུན་དེའི་རིང་ལ། མ་མཐའ་ཡང་བོད་མི་ ༡༥༧ གྱིས་བོད་ནང་གི་རྒྱ་མིའི་བཙན་འཛུལ་ལ་ངོ་རྒོལ་གྱི་ཚུལ་དུ་རང་ལུས་མེ་རུ་བསྒྲོན་པ་རེད། དེ་དག་གི་ཁྲོད་དུ་རང་ཉིད་ཀྱི་སྤུན་མཆེད་ཏིང་འཛིན་སྒྲོལ་མ་ཡང་ཡོད། མོ་ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༡༢ ཉིན་འདས་གྲོངས་སུ་ཕྱིན་སྐབས། ལོ་ན་ ༢༣ ལས་མིན།
ལོ་ངོ་བཅུ་ཕྲག་གཉིས་གསུམ་ཞིག་གི་རྗེས་སུ་ང་འདི་གར་ནེའུ་ཡོག་གྲོང་ཁྱེར་ཏུ་ལངས་ནས་སྡོད་སྐབས། ངའི་དྲན་གསལ་གྱི་མེ་ལོང་ངོས་སུ་དཔའ་བོ་ཐུབ་བསྟན་དངོས་གྲུབ་དང་རང་བཙན་བློ་དགའ་གཉིས་མཉམ་དུ་ཤར་བྱུང་། ཁོང་གཉིས་ནི་མི་རབས་མི་འདྲ་བའི་བོད་མི་གཉིས་ཏེ་མི་ལོ་སུམ་ཅུར་ཉེ་བའི་བར་ཐག་གིས་ཆོད་ན་ཡང་། ཐུན་མོང་གི་དཀའ་སྡུག་དང་། ཡིད་ཆེས། ཆོད་སེམས་ཀྱིས་མཉམ་དུ་སྦྲེལ་ཡོད་པ་མ་ཡིན་ནམ།
ཁོ་ཚོའི་གཏམ་རྒྱུད་གླེང་རྒྱུ་ནི་ན་ཟུག་དང་ལྡན་པ་ཞིག་ཡིན་མོད། འོན་ཀྱང་ཁོ་ཚོ་ནི་ང་ཚོའི་ལོ་རྒྱུས་ཀྱི་ཆ་ཤས་ཤིག་ཡིན་ལ། དེ་ཡང་བོད་རྒྱལ་ཁབ་དང་བོད་མིའི་ངོ་བོ་སྲུང་སྐྱོབ་དང་འབྲེལ་ནས་བློས་གཏོང་དང་འགོག་རྒོལ་བྱས་ཤིང་། ཆོད་སེམས་བརྟན་པོ་བཅངས་པའི་ལོ་རྒྱུས་ཀྱི་ཆ་ཤས་ཞིག་ཡིན།
བོད་པ་ཞིག་ཡིན་པའི་ངོས་ནས། ང་ཚོས་དཔའ་བོ་རང་བཙན་བློ་དགའ་བརྗེད་མི་རུང་ལ། ང་ཚོས་ཁོང་གི་འབོད་སྐུལ་ནན་མོ་ལྟར་ནང་ཁུལ་མཐུན་སྒྲིལ་དང་། བོད་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་ཀྱི་ཕྱོགས་སུ་མུ་མཐུད་འབད་པ་བྱ་རྒྱུ་དྲན་དགོས།
རང་བཙན་བློ་དགའ་དྲན་པ་ནི་ཁོང་ངོ་ཤེས་མཁན་ཙམ་ཞིག་ལ་དབང་བ་ག་ལ་ཡིན། དེ་ནི་ང་ཚོས་ངེས་པར་དུ་དྲན་དགོས་པའི་ཐུན་མོང་གི་ལོ་རྒྱུས་ཤིག་ཏུ་གྱུར་ཟིན། ལོ་རྒྱུས་དེ་ནི་ཅི་འདྲའི་ན་ཟུག་ཆེ་བ་ཞིག་ཡིན་ན་ཡང་། ང་ཚོས་ངེས་པར་དུ་དྲན་དགོས།
དཔའ་བོ་རང་བཙན་བློ་དགའ་དྲན་ཚུལ་གླེང་བ་དང་མཉམ་དུ། ངས་ཕྱི་ལོ་ ༡༩༩༨ ལོར་དཔའ་བོ་ཐུབ་བསྟན་དངོས་གྲུབ་ཕྱིར་དྲིན་ཚུལ་དུ་བྲིས་པ་ཞིག་ཀྱང་འདིར་མཉམ་སྤྱོད་བྱེད་འདོད་བྱུང་། ཁོང་ལོ་དེར་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་བོད་མིའི་ཟས་བཅད་ངོ་རྒོལ་གྱི་སྐབས་སུ་སྐུ་ལུས་མེ་རུ་བསྒྲོན་ནས་འདས་གྲོངས་སུ་ཕྱིན་པ་དང་། འདས་རྐྱེན་དེས་ང་ཚོ་ཐུན་མོང་གི་དྲན་པའི་རི་མོར་བསུབ་ཐབས་མེད་པའི་མཚན་རྟགས་ཤིག་བཀོད་ཡོད།
***
མི་ཡི་མི་ཚེ་ལ་རིན་ཐང་ལྡན་ཞིང་། མི་ཡི་མི་ཚེ་ལ་སྟོབས་ཤུགས་ཡོད།
དཔལ་ལྡན་རྒྱལ།
རྡ་རམ་ས་ལ། ཕྱི་ལོ་ ༡༩༩༨ ཟླ་ ༥ ཚེས་ ༡༠ ཉིན།
ང་ཚོ་སྟེ་འཛམ་གླིང་ས་ཡི་རྩེ་མོར་གནས་བཅའ་བའི་མི་རིགས་འདིས་དགའ་སྡུག་འདྲེས་མའི་ལོ་རྒྱུས་ཀྱི་ལམ་ཕྲན་ཀྱག་ཀྱོག་བརྒྱུད་དེ། མི་རིགས་འདིའི་བདེ་སྡུག་ཆེད་ད་ལྟའི་བར་དུ་མར་ཁུའི་མཆོད་མེ་ག་ཚོད་སྒྲོན་ཡོད་པ་བགྲང་གིས་མི་ལང་ནའང་། མི་ཡི་ཚེ་སྲོག་གི་མཆོད་མེ་སྦར་བ་ནི་རྒྱལ་གཅེས་དཔའ་བོ་ཐུབ་བསྟན་དངོས་གྲུབ་ལགས་ཀྱིས་རང་ལུས་མེ་ལ་སྒྲོན་པ་དེ་ཁོ་ནའོ། དེ་ཡང་དྲང་བདེན་དང་རང་དབང་། མི་རིགས་འདིའི་མ་འོངས་མདུན་ལམ་བཅས་ཀྱི་ཆེད་དུ་ཡིན་ལ། དམ་པ་གང་གི་ཚེ་སྲོག་གིས་འཛམ་གླིང་མི་དམངས་ཀྱི་མདུན་དུ་བོད་མི་རིགས་ཀྱི་སྣང་བརྙན་གསར་པ་ཞིག་བསྐྲུན།
༡༩༥༩ ལོའི་ཟླ་བ་ ༣ ཚེས་ ༡༠ ཉིན། བོད་ཀྱི་རྒྱལ་ས་ལ་ལྷ་སར། རྒྱ་དམར་གྱིས་བོད་ཡུལ་བཙན་བཟུང་བྱས་པར་བོད་མི་དམངས་ཀྱིས་མ་བཟོད་པར་རྒྱ་རྒོལ་གྱེན་ལངས་བྱས་ཏེ་ལོ་ངོ་ ༣༩ འཁོར་བའི་དུས་དྲན་གྱི་སྐབས་དང་བསྟུན་ནས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ལ་དགོས་འདུན་དོན་ཚན་གསུམ་བཏོན་ཏེ། རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་བོད་མི་དཔའ་བོ་དཔའ་མོ་དྲུག་གིས་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་རེད།
དེ་ཡང་དགོས་འདུན་དོན་ཚན་གསུམ་ནི། དང་པོ། མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་ ༡༩༥༩ ལོ་དང་། ༡༩༦༡ ལོ། ༡༩༦༥ ལོ་བཅས་སོ་སོར་བོད་དོན་སྐོར་ལ་བཞག་པའི་གྲོས་ཆོད་རྣམས་མུ་མཐུད་ནས་བགྲོ་གླེེང་གནང་དགོས་པ། གཉིས་པ། མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྡེ་ཚན་གྱི་འགན་འཛིན་གྱིས་བོད་དོན་ཉམས་ཞིབ་པ་དམིགས་བསལ་སྐུ་ཚབ་ཅིག་བསྐོ་བཞག་གིས་བོད་ནང་གི་གནས་སྟངས་ཉམས་ཞིབ་ངེས་པར་དུ་བྱ་གལ། གསུམ་པ། མཉམ་སྦྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་མཆོག་གིས་བོད་དོན་དམིགས་བསལ་སྐུ་ཚབ་བསྐོ་བཞག་གནང་དགོས་པ་དང་། མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ལྟ་རྟོག་འོག་མང་མོས་ཐག་གཅོད་འོས་བསྡུའི་ཐབས་ལམ་བརྒྱུད་བོད་ཀྱི་དཀའ་རྙོག་དེ་བཞིན་བོད་མིའི་འདོད་མོས་བཞིན་ཞི་བའི་ཐོག་ནས་སེལ་ཐུབ་པ་དགོས་པ་བཅས་ཡིན།
ཡིད་སྐྱོ་བ་ཞིག་ལ། འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ནི་རང་དབང་དང་། དྲང་བདེན། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་དང་། སྲུང་སྐྱོབ་བྱེད་པའི་སྒྲིག་འཛུགས་ཤིག་ཡིན་མོད། དེ་དོན་ལ་མ་གནས་པར་སྟོབས་ཆེན་རྒྱལ་ཁབ་ལྔ་ཡི་དབང་ཤུགས་ཀྱིས་གྲུབ་པའི་རྐང་རྩེད་སྤོ་ལོའི་རུ་ཁག་ཅིག་ཏུ་གྱུར་ཡོད། རང་དབང་དང་དྲང་བདེན་འཐབ་རྩོད་གནང་མཁན་གྱི་རྒྱལ་ཁབ་དང་། མི་རིགས་རྣམས་ཀྱང་ཁོ་ཚོོའི་རང་གི་ཁེ་ཕན་ཆེད་དུ་རྐང་རྩེད་སྤོ་ལོ་བཞིན་ཕར་གཡུག་ཚུར་གཡུག་བྱེད་བཞིན་ཡོད།
བོད་མི་དྲུག་གིས་ཟས་བཅད་ངོ་རྒོལ་གནང་ནས་ཉིན་གྲངས་ ༣༠ ཕྱིན་པའི་ཉིན་མོ་སྟེ། ལོ་འདིའི་ཕྱི་ཟླ་ ༤ ཚེས་ ༩ ཉིན། མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ངོས་ནས་བོད་མི་ཟས་བཅད་ངོ་རྒོལ་བ་དྲུག་གི་སྐོར་ལ་ཐུགས་ཚབ་ཆེན་པོ་ཡོད་ཚུལ་ཐད་ཁ་གྲགས་པའི་རྣམ་པ་ཙམ་བསྟན་པ་མ་གཏོགས་དགོས་འདུན་སྐོར་ལ་ལབ་གླེང་ཙམ་ཡང་བྱས་མེད་པ་དེ་ནི། མཉམ་སྦྲེལ་རྒྱལ་ཚོགས་ཀྱི་དབང་འཛིན་པ་རྒྱལ་ཁབ་ལྔ་ཡིས་བོད་དོན་ལས་ཁོང་ཚོར་ཁེ་ཕན་ཐོབ་རྒྱུ་མ་མཐོང་བའི་རྟགས་མཚན་གསལ་པོ་ཞིག་ཡིན།
ཟས་བཅད་ངོ་རྒོལ་བྱས་ནས་ཉིན་གྲངས་ ༤༧ དང་ ༤༨ ཕྱིན་མཚམས་རྒྱ་གར་གཞུང་གི་ཉེན་རྟོག་པ་ཚོས་ཟས་བཅད་ངོ་རྒོལ་གནང་མཁན་རྣམས་སྨན་ཁང་དུ་བཙན་ཁྲིད་བྱས་ཏེ། ལས་འགུལ་དེར་འགོག་རྐྱེན་བཟོས་པའི་སྐབས་དེར། ཕྱི་ཟླ་ ༤ ཚེས་ ༢༧ ཉིན། རྒྱལ་གཅེས་པ་ཐུབ་བསྟན་དངོས་གྲུབ་ལགས་ཀྱིས་ “༸གོང་ས་མཆོག་སྐུ་ཚེ་བརྟན་པར་ཤོག བོད་རྒྱལ་གྱུར་ཅིག” ཅེས་སྐད་འབོད་གནང་བཞིན་རང་ལུས་ལ་མེ་བསྒྲོན་ནས་ཚེ་སྲོག་གི་མཆོད་མེ་སྦར་ཅིང་། ཚེས་ ༢༩ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༡༢ དང་སྐར་མ་ ༥ ཡི་སྟེང་དམ་པ་གང་གི་སྐུ་ཚེའི་འཕེན་པ་རྫོགས་པའི་སྐྱོ་གནས་བྱུང་།
དམ་པ་གང་དེས་ཟས་བཅད་ངོ་རྒོལ་བ་རུ་ཁག་གཉིས་པའི་ནང་དང་བླངས་འཛུལ་ཞུགས་གནང་སྐབས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་བྱས་པའི་དུས་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་གྱི་འགེངས་ཤོག་སྟེང་ཁ་ཆེམས་ཚིག་ཐོ་ཞིག་བཀོད་ཡོད་པ་ནི་འདི་ལྟར་རོ།
“བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ད་རེས་ཀྱི་ལས་འགུལ་འདི་སྤེལ་བར་བསྔགས་བརྗོད་ཞུ། ལྷག་པར་བོད་མི་ས་ཡ་དྲུག་དང་བོད་ནང་གི་རང་བཙན་འཐབ་རྩོད་ཀྱི་ལས་འགུལ་ལ་རྗེས་སུ་ཡི་རངས་ཞུ་བ་དང་ཆབས་ཅིག རང་ཉིད་ལས་འགུལ་འདིའི་རྗེས་སུ་ཞུགས་རྒྱུའི་གོ་སྐབས་བཟང་པོ་ཐོབ་པར་དགའ་སྤོབས་ཤིན་ཏུ་ནས་ཆེ་ན་བློ་འགྱོད་རྩ་བ་ནས་མེད། མ་འོངས་པར་བོད་མི་ཚང་མས་འདི་ལྟ་བུའི་ལས་འགུལ་ནང་ངེས་པར་འཛུལ་ཞུགས་དང་། ལྷག་པར་༸གོང་ས་མཆོག་གི་བླ་ན་མ་མཆིས་པའི་དགོངས་པ་དབུ་མའི་ལམ་ཐོག་གུས་རང་ཡིད་ཆེས་གཙང་མ་ཡོད་ན། བོད་མི་ཚོས་དེ་ལྟར་དགོངས་བཞེས་གནང་གལ་ཆེ།”
ཉིན་དེར་༸གོང་ས་མཆོག་དང་། བཙན་བྱོལ་བོད་གཞུང་གི་བོད་མི་དམངས་སྤྱི་འཐུསདང་། བཀའ་ཤག བོད་ཀྱི་གཞོན་ནུ་ལྷན་ཚོགས་བཅས་ནས་གསལ་བསྒྲགས་རེ་སྤེལ་ཡོད།
༸གོང་ས་མཆོག་གིས་ “ཁ་སང་། ང་རང་ཚོས་བོད་མི་ཞིག་གིས་རང་ལུས་མེར་བསྲེག་བཏང་པའི་ཡིད་སྐྱོའི་གནས་ཚུལ་ཐོས་པ་རེད། ངོས་ཧ་ཅང་སེམས་པ་སྐྱོ་བོ་བྱུང་། འདས་པའི་ལོ་མང་རིང་། ངོས་ནས་རང་དབང་གི་འཐབ་རྩོད་ཁྲོད་བོད་མི་རྣམས་ལ་འཚེ་མེད་ཞི་བའི་ལམ་ཁར་ཞུགས་དགོས་པའི་སྐུལ་མ་བྱེད་ཐུབ་པ་བྱུང་བ་རེད། དེ་རིང་དུས་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་དང་ཁ་སང་བྱུང་བའི་ཡིད་སྐྱོ་བའི་རང་ལུས་མེར་བསྲེག་གི་ལས་འགུལ་ལས་མཐོང་ཐུབ་པ་ལྟར། བོད་མི་མང་པོར་ཡི་ཆད་དང་ཛ་དྲག་གི་ཚོར་བ་འབྱུང་བཞིན་པ་གསལ་པོ་རེད། ངོས་ཁོང་ཚོའི་བྱེད་ཐབས་དེ་ལ་མོས་མཐུན་མེད་ནའང་། ངོས་ནས་ཁོང་ཚོའི་ཀུན་སློང་དང་། ཆོད་སེམས་ལ་བསྟོད་བསྔགས་ཞུ་རྒྱུ་ཡིན། ཁོང་ཚོས་སྤེལ་བའི་ལས་འགུལ་དེ་ནི་རང་ཉིད་ཀྱི་ཁེ་ཕན་ཆེད་མ་ཡིན་པར་བོད་མི་ས་ཡ་དྲུག་གི་ཐོབ་ཐང་དང་། བོད་ཀྱི་རིག་གཞུང་ཡུན་གནས་ཐུབ་པའི་ཆེད་དུ་རེད།” ཅེས་གསུང་ཡོད།
བོད་མི་མང་སྤྱི་འཐུས་ཀྱི་གསལ་བསྒྲགས་ནང་ “སྐུ་ཞབས་ཐུབ་བསྟན་དངོས་གྲུབ་ལགས་ནས་རང་ཡུལ་རང་བཙན་སླར་གསོ་ཡོང་ཐབས་སྤྱི་དང་། ཡང་སྒོས་ཟས་གཅོད་པ་རྣམས་ཀྱི་དགོས་འདུན་དོན་ཚན་ཁག་དམིགས་ཡུལ་ལྟར་དོན་སྨིན་གྲུབ་འབྲས་མ་སོན་གོང་ཟས་བཅད་ལས་འགུལ་དབང་ཤུགས་ཀྱིས་བཀག་འགོག་བྱས་པར་ཇི་མི་སྙམ་ཞིང་ཡིད་གདུང་དྲག་པོས་རང་ལུས་མེར་བསྲེགས་དོར་ཐབས་བྱས་མཐར་སྐུ་ཚེའི་འཕེན་པ་རྫོགས་པར་ཡིད་སྐྱོའི་རང་བཞིན་ཡང་། ཁོང་གི་དཔའ་མཛངས་རྟུལ་ཕོད་སྙིང་སྟོབས་ནི་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ནང་འཇོག་འོས་བྱས་རྗེས་ལ་རྗེས་དྲན་བསྔགས་བརྗོད་དང་སྦྲགས། འཕགས་མཆོག་འཇིག་རྟེན་མགོན་པོས་རྗེས་སུ་འཛིན་ཅིང་། འདས་པོ་དེ་ཉིད་ཀྱི་ཡིད་ལ་བརྣག་པའི་འདོད་དོན་མྱུར་དུ་འགྲུབ་པའི་སྨོན་འདུན་ཤུགས་དྲག་ཞུ་རྒྱུ་མ་ཟད། ཁོང་གི་སྤུན་ཉེ་ལྟོས་བཅས་ལ་ཐུགས་གསོའི་འཚམས་འདྲི་ཞུ་རྒྱུ།” ཞེས་བཀོད་ཡོད།
ཡང་བཀའ་ཤག་གི་གསལ་བསྒྲགས་ནང་ “སྐུ་ཞབས་ཐུབ་བསྟན་དངོས་གྲུབ་ལགས་བོད་ཀྱི་བསྟན་སྲིད་ཀྱི་དོན་དུ་རང་སྲོག་བློས་བཏང་གིས་སྐུ་ཚེའི་འཕེན་པ་རྫོགས་པ་ནི་དཔའ་མཛངས་རྟུལ་ཕོད་ཅན་གྱི་བྱས་རྗེས་ཞིག་ཡིན་ཞིང་། ཁོང་གིས་བརྩམས་པའི་ལས་འགུལ་དེ་ཡིས་བོད་ནང་གི་གནས་སྟངས་ཉིན་རེ་བཞིན་ཇེ་སྡུག་ཏུ་འགྲོ་བཞིན་པའི་གནད་དོན་ཐོག་ལ། འཛམ་གླིང་ཡུལ་གྲུ་ཚང་མས་དོ་སྣང་མ་གནང་ཐབས་མེད་ཀྱི་གནས་སུ་གྱུར་བའི་ལས་འགུལ་ཞིག་ཡིན་པ་མཚོན་གྱི་ཡོད།” ཅེས་བཀོད།
དེ་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཡོངས་ཁྱབ་གསལ་བསྒྲགས་ནང་ “ང་ཚོས་སྐུ་ཞབས་ཐུབ་བསྟན་དངོས་གྲུབ་མཆོག་གི་གཡོ་བ་མེད་པའི་སྙིང་སྟོབས་ལ་གུས་འདུད་ཞུ་རྒྱུ་དང་། རྒྱལ་གཅེས་དཔའ་བོ་ཞིག་འཁྲུངས་པས་ང་ཚོ་ཚང་མར་སེམས་ཤུགས་སླེབས་སུ་བཅུག་ཡོད། ཁོང་གི་སྐུ་ཚེའི་འཕེན་པ་རྫོགས་པ་དེས་ང་ཚོ་ལ་གཟི་མདངས་འཕྲོ་བའི་འོད་ཟེར་གནང་བ་མ་ཟད། བོད་མི་མང་གིས་རང་དབང་རང་བཙན་ཆེད་སོ་སོའི་ལུས་སྲོག་བློས་གཏོང་ཐུབ་པའི་ལན་བརྡ་གསལ་པོ་ཞིག་འཛམ་གླིང་གི་མདུན་སར་བསྟན་ཡོད་པ་རེད། བོད་དོན་ཐད་མུ་མཐུད་དུ་རྒྱབ་སྐྱོར་མེད་པ་དང་། སྣང་མེད་དུ་བཞག་ཚེ་ཡོང་རྒྱུའི་ཉིན་འགའི་ནང་ཁྲག་མང་པོ་འདོན་ངེས་རེད། རྣམ་དཔྱོད་ལྡན་པའི་འཛམ་གླིང་དར་ཞིང་རྒྱས་པར་གྱུར་ནས། བོད་དང་བོད་མི་མང་རྒྱ་ནག་གི་བཙན་འཛུལ་འོག་ནས་སྐྱོབ་རྒྱུར་རེ་བ་བྱེད་ཀྱི་ཡོད། བོད་མི་རྣམས་ཀྱིས་ཁྲག་གི་ཐིགས་པས་འཐབ་རྩོད་བྱེད་ངེས་ཡིན་ལ། བོད་ཀྱི་མི་རབས་འདིས་ལོ་རྒྱུས་ཀྱི་ལེའུ་གསར་བ་ཞིག་བསྐྲུན་རྒྱུ་ནི་བོད་རང་དབང་ལེན་རྒྱུ་དེ་ཡིན།” ཞེས་བཀོད་ཡོད།
ཕྱི་ཟླ་ ༥ ཚེས་ ༡ ཉིན། བཞུགས་སྒར་རྡ་རམ་ས་ལར་དམ་པ་གང་གི་པུར་སྒམ་བོད་ཀྱི་རྒྱལ་དར་གྱིས་གཡོགས་ཤིང་། རང་རིགས་སྟོང་ཕྲག་མང་པོས་སྐྱོ་གདུང་གི་རྦ་རླབས་འཁྲུགས་པའི་ཁྲོད་དུ་ཁོང་གི་སྐུ་ཕུང་ལ་མེ་བསྒྲོན་ཏེ་ལུགས་སྲོལ་དུ་འཇགས་པའི་ཞུགས་འབུལ་གྱི་ཆོ་ག་མཛད་ཅིང་། བོད་ཀྱི་ལོ་རྒྱུས་ཐོག་གསར་དུ་སྣང་བར་བྱས་པའི་དཔའ་བོའི་མཛད་རྗེས་ཅན་གྱི་དམ་པ་ཁོང་གི་ཤ་ཁྲག་གི་ཕུང་པོ་དེ་ཡང་འཇིག་རྟེན་དང་ཁ་གྱེས་པར་གྱུར། མཚམས་དེར་རང་རིགས་གཞོན་སྐྱེས་མང་པོ་ཞིག་གིས་དམ་པ་ཁོང་ལ་དམིགས་པའི་སྐྱོ་གདུང་དང་བརྩེ་སེམས་སོགས་ཡི་གེའི་གཟུགས་སུ་སྣང་བར་བྱས་པའི་སྙན་རྩོམ་གང་མང་ཞིག་བྲིས་ཏེ་བོད་ཀྱི་དུས་བབ་གསར་ཁང་དུ་བསྐུར་བ་དང་། སྲང་ལམ་གཡས་གཡོན་དུ་སྦྱར་བ་སོགས་མིག་ལམ་དུ་མངོན་པར་གྱུར་རྗེས། གུས་པས་དམ་པ་གང་གི་རྗེས་དྲན་གྱི་ཆེད་དུ་སྙན་རྩོམ་དེ་དག་ཕྱོགས་བསྒྲིགས་བྱས་ཏེ་དེབ་ཆུང་འདི་འདྲ་ཞིག་སྤེལ་རྒྱུའི་འདུན་པ་ཤུགས་དྲག་ཏུ་འཕེལ་བའི་རྐྱེན་བྱས་ཏེ། སྙན་རྩོམ་མ་ཟིན་རྣམས་བསྡུ་རུབ་དང་རྩོམ་སྒྲིག་གི་འབད་པ་བྱས་པ་ཡིན།
དེབ་ཆུང་འདི་ལ་དམ་པ་གང་དག་པའི་ཞིང་དུ་འདྲེན་པའི་མཐུ་ནུས་མི་ལྡན་ཀྱང་། དམ་པ་གང་གི་ཚེ་སྲོག་གི་མཆོད་མེ་དེ་བོད་མི་རིགས་གཙོས་འཛམ་གླིང་མི་དམངས་ཡོངས་ཀྱི་སྙིང་དབུས་སུ་རྟག་དུ་འབར་བའི་སྨོན་འདུན་ཤུགས་དྲག་ཞུ། །
རྩོམ་པ་པོ་ངོ་སྤྲོད།
དཔལ་ལྡན་རྒྱལ་ནི་ལོ་ངོ་སུམ་ཅུའི་རིང་གི་ཉམས་མྱོང་ཕུན་སུམམ་ཚོགས་པའི་རྒྱང་བསྒྲགས་གསར་འགོད་པ་ཞིག་ཡིན། ཁོང་གིས་ཕྱི་ལོ་ ༢༠༢༥ བར་དུ་ལོ་ངོ་ཉེར་དགུའི་རིང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དུ་བོད་སྐད་སྡེ་ཚན་གྱི་རྩོམ་སྒྲིག་པ་རྒན་པ་དང་འགན་འཛིན་གཞོན་པའི་ཕྱག་ལས་གནང་། ཁོང་ནི་རྒྱལ་སྤྱིའི་བོད་ཀྱི་གསར་འགོད་སྒྲིག་འཛུགས་གསར་འཛུགས་བྱེད་མཁན་གྱི་ཚོགས་མི་ཞིག་ཡིན་ལ། ས་གནས་ཝ་ཤིན་ཀྲོན་གྱི་ཚོགས་གཙོ་དང་པོ་ཡང་ཡིན། ཁོང་ལ་གསར་འགོད་རིག་པ་དང་འབྲེལ་བའི་བྱ་དགའ་གྲགས་ཅན་ (An Edward R. Murrow Award) ཐོབ་མྱོང་བ་དང་། ཁོང་ནི་བོད་ཀྱི་དུས་བབ་དང་དེ་མིན་གྱི་ཚགས་ཤོག་དང་དུས་དེབ་སོགས་གསར་འཛུགས་བྱེད་མཁན་གྱི་གྲས་སུ་ཡོད།
ཁོང་ནི་བོད་དུ་འཁྲུངས་ཤིང་མཚོ་སྔོན་མི་རིགས་སློབ་ཆེན་བོད་ཀྱི་རྩོམ་རིག་དང་ལོ་རྒྱུས་སྐོར་ལ་སློབ་སྦྱོང་བྱས། ཕྱི་ལོ་ ༡༩༨༨ ལོར་བཙན་བྱོལ་དུ་འབྱོར་ནས་བོད་གཞུང་དུ་ལོ་ལྔར་ལས་ཀ་བྱས། ཕྱིས་སུ་ཕྱི་ལོ་ ༡༩༩༣ ལོར་དབྱིན་ཡུལ་གནས་སྤོས་ནས་མུ་མཐུད་ཝ་སི་མན་སི་ཊིར་གཙུག་ལག་སློབ་གཉེར་ཁང་དུ་སློབ་སྦྱོང་བྱས།
སྒྱུར་མཆན།
འགྱུར་རྩོམ་འདིའི་ནང་མི་ཡི་མི་ཚེ་ལ་རིན་ཐང་ལྡན་ཞིང་ཞེས་པའི་མཚམས་ནས་དེ་སྔོན་རྩོམ་པ་པོ་རང་གིས་བོད་ཡིག་ནང་བྲིས་འདུག་ན། དབྱིན་རྩོམ་ནང་གང་ཡོད་པ་གཞིར་བཞག་ཐོག་ཁ་སྣོན་ཉུང་ཙམ་རེ་བྱས་པ་དང་། ཀློག་བདེའི་ཆེད་དག་ཆ་སོགས་ཕྲན་བུ་རེ་བཅོས་པ་མ་གཏོགས་དབྱིན་ཡིག་དང་བསྡུར་ནས་རང་སོར་ཕབ་བཤུ་བྱས་པ་ཡིན།
དབྱིན་རྩོམ་གྱི་དྲ་ཐག https://www.tibetanreview.net/a-flame-that-does-not-go-out-remembering-loga-rangzen-and-thupten-ngodup/?fbclid=IwY2xjawT2sCZwZG9mBWV4dG4DYWVtAjEwAGJyaWQRMXZud24wTVo5OWhOMDltb0JzcnRjBmFwcF9pZBAyMjIwMzkxNzg4MjAwODkyAAEePE4jddwkw9Wp-IdLrwBoT3-8oOgMC0Z84gMMUJmPGp0FrN0PmBqRE30ixto_aem_nYcl2Lf6nPcyWSpwxOjQfA





