འཇིགས་སྐུལ་བས་ཁ་ཆེ་བའི་ལྷ་ཁང་ནང་ཚོགས་པའི་མི་མང་ཁྲོད་མེ་མདའ་བརྒྱབ་སྟེ་མི་ ༥ བསད་ཡོད་ནའང་ད་སྔ་མི་མང་ག་ཚོད་ལ་ཤི་རྨས་ཐེབས་པ་ཤེས་རྟོགས་ཐུབ་མི་འདུག
ཁ་སང་གཟའ་ཉི་མའི་དགོང་མོར་ཁེ་ན་ཌའི་ཤར་རྒྱུད་ཁུ་བྷི་ཁ་གྲོང་ཁྱེར་ (Quebec) ནང་ཡོད་པའི་ཁ་ཆེ་བའི་རིག་གཞུང་ལྟེ་གནས་ཁང་ (Islamic Cultural Center) ཞེས་པར་ཁ་ཆེ་བའི་དགོང་དྲོའི་གསོལ་འདེབས་སྐབས། ལག་ཏུ་མེ་མདའ་ཐོགས་པའི་འཇིགས་སྐུལ་བས་མི་ཚོགས་ནང་མེ་མདའ་བརྒྱབ་སྟེ་མི་ ༥ བསད་ཡོད་འདུག གཞན་མི་ག་ཚོད་ལ་རྨས་སྐྱོན་ཐེབས་ཡོད་པ་དང་། མེ་མདའ་རྒྱག་མཁན་དེ་ཚོ་ཤོག་ཁག་གང་ལ་གཏོགས་པ་ཤེས་རྟོགས་ཐུབ་མི་འདུག
ཁུ་བྷི་ཁ་གྲོང་ཁྱེར་ཉེན་རྟོག་པས་དོན་རྐྱེན་བྱུང་ཡུལ་དུ་དོགས་ཡོད་མི་སྣ་གཉིས་འཛིན་བཟུང་བྱས་ཡོད་འདུག ཁ་ཆེ་བའི་རིག་གཞུང་ལྟེ་གནས་ཁང་ཞེས་པའི་ལྷ་ཁང་དེའི་འགན་འཛིན་མཱོ་ཧ་མཱི་ཌི་ཡཱན་གྷེ་ (Mohamed Yangui) ཡིས། ཁ་ཆེ་བའི་རིག་གཞུང་ལྟེ་གནས་ཁང་དུ་མི་གསོད་དོན་རྐྱེན་བཟོས་པ་དེ་ནི། ཀླ་ཀློ་བའི་བྱ་སྤྱོད་ཡིན་པའི་སྐྱོན་བརྗོད་བྱས་འདུག
ཟླ་འདིའི་ནང་ཁ་ཆེ་བའི་རིག་གཞུང་ལྟེ་གནས་ཞེས་ལྷ་ཁང་དེའི་ནང་ཕག་མགོ་ཆེན་པོ་ཞིག་བཞག་ཡོད་ཀྱང་ཕག་མགོ་འཇོག་མཁན་སུ་ཡིན་ཤེས་རྟོགས་བྱུང་ཐུབ་མེད་པ་རེད།
ཕྱི་ལོ་ ༢༠༡༥ ལོར་ཁེ་ན་ཌའི་རྒྱལ་ཡོངས་འོས་བསྡུའི་སྐབས། ཁུ་བྷི་ཁ་གྲོང་ཁྱེར་གཙོས་པའི་ཁེ་ན་ཌའི་གྲོང་ཁྱེར་ཁག་ཅིག་ནང་མི་རིགས་དང་ཆོས་ལུགས་སོགས་དང་འབྲེལ་བའི་རྩོད་རྙོག་ཆེན་པོ་ལངས་ཡོད་ཅིང་། ཁུ་བྷི་ཁ་གྲོང་ཁྱེར་མི་མང་གིས་ཁ་ཆེ་གནས་སྤོ་མི་མང་གི་ཆོས་ལུགས་རིག་གནས་ཀྱི་བྱེད་སྒོ་ཁག་བཀག་སྡོམ་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད་འདུག
ཕྱི་ལོ་ ༢༠༡༥ ལོར་ཧྥ་རན་སིའི་རྒྱལ་ས་ཕ་རི་སིར་མི་གསོད་དོན་རྐྱེན་བྱུང་སྟེ་ཉིན་གཅིག་གི་རྗེས་སུ། ཁེ་ན་ཌའི་དབུས་ཤར་གྱི་ཨོན་ཊ་རེ་འོ་ (Ontario) ཞིང་ཆེན་ནང་ཁ་ཆེ་བའི་ལྷ་ཁང་ཞིག་མེར་བསྲེགས་བཏང་ཡོད་འདུག
གསར་འགོད་པ། པདྨ་རྒྱལ།