——བོད་ཀྱི་དུས་བབ་གསར་ཁང་གི་རྒྱལ་སྤྱིའི་གསར་འགྱུར་ཆེ་ཁག་བཅུ།
ཨང་སན་སུའུ་སྐྱིད་དང་འབར་མའི་དམངས་གཙོ།
ནོ་སྦེལ་ཞི་བདེ་གཟེངས་བཞེས་མཁན་དང་འབར་མ་རྒྱལ་ཁབ་ཀྱི་སློབ་སྟོན་པར་བསྡད་མྱོང་བའི་ལྕམ་ཨང་སན་སུའུ་སྐྱིད་ལགས་ཀྱི་དམངས་གཙོ་ཡར་ཐོན་ཚོགས་པར་གཞུང་འཛིན་འོས་བསྡུའི་རྒྱལ་ཁ་ཐོབ་པར་བརྟེན། འདི་ལོའི་ཕྱི་ཟླ་ ༢ པའི་ནང་འབར་མའི་དམག་དཔུང་གིས་དྲག་ཤུགས་བཀོལ་ཏེ། ལྕམ་ཨང་སན་སུའུ་སྐྱིད་ལགས་ཀྱི་གཙོས་འབར་མའི་སྲིད་འཛིན་དང་རྒྱལ་ཡོངས་དམངས་གཙོ་ཡར་ཐོན་ཚོགས་པའི་མགོ་ཁྲིད་ཁག་ཅིག་འཛིན་བཟུང་བྱས་ཏེ། འབར་མ་བསྐྱར་དུ་དྲག་དམག་གི་དབང་བསྒྱུར་འོག་ཚུད་ཡོད་པར་བརྟེན། ཨ་རི་གཙོ་བྱས་པའི་འཛམ་གླིང་རྒྱལ་ཁབ་ ༢༠ ལྷག་གིས་འབར་མའི་དྲག་དམག་སྲིད་གཞུང་ལ་སྐྱོན་བརྗོད་དང་འབྲེལ། ལྕམ་ཨང་སན་སུའུ་སྐྱིད་ལགས་དང་དམངས་གཙོ་ཡར་ཐོན་ཚོགས་པའི་མགོ་ཁྲིད་རྣམས་ཀློད་གྲོལ་གཏོང་དགོས་པའི་སྐུལ་མ་བཏང་ཡོད་ཀྱང་། ཕྱི་ཟླ་ ༡༢ ཚེས་ ༦ ཉིན་འབར་མའི་དྲག་དམག་སྲིད་གཞུང་གིས་འབར་མ་རྒྱལ་ཁབ་ཀྱི་དམངས་གཙོའི་ངོ་གདོང་ལྟ་བུའི་ལྕམ་ཨང་སན་སུའུ་སྐྱིད་ལགས་དང་སྲིད་འཛིན་ཟུར་པ་ཝིན་མེན་ཊི (Win Myint) གཉིས་ལ་ལོ་ ༤ རེ་ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་གསལ་བསྒྲགས་བྱས་ཡོད་ཀྱང་། ཕྱིས་སུ་སྲིད་འཛིན་ཟུར་པ་ཝིན་མེན་ཊི་ཡི་ལོ་བཞིའི་བཙོན་འཇུག་ཁྲིམས་ཆད་གུ་ཡངས་བཏང་བ་དང་ལྕམ་ཨང་སན་སུའུ་སྐྱིད་ལགས་ལ་ལོ་ ༢ ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་དེ། མུ་མཐུད་འབར་མའི་དམངས་གཙོ་དང་གསར་འགོད་པ། འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་བ་སོགས་ལ་དྲག་གནོན་བྱེད་བཞིན་ཡོད་པ་རེད།
རྒྱ་གར་ཞིང་པའི་དཀའ་རྙོག་གསར་པ།
འདས་ལོར་རྒྱ་གར་གྲོས་ཚོགས་གོང་འོག་གཉིས་ནས་(Farmers’ Produce Trade and Commerce Act, 2020)ཞིང་ལས་དང་འབྲེལ་བའི་ཁྲིམས་གཞི་གསར་པ་ ༣ གཏན་འབེབ་བྱས་པར་བརྟེན། ཁྲིམས་གསར་དེ་དག་གིས་རྒྱ་གར་གྱི་ཞིང་པ་གཙོས་པའི་ཞིང་ལས་ཐོན་སྐྱེད་ཚན་པར་དོ་ཕོག་ཆེན་པོ་ཐེབས་ཀྱི་ཡོད་པའི་ངོས་འཛིན་འོག སྐབས་དེར་ཁ་གཏད་སྲིད་དོན་ཚོགས་པ་དང་། རྒྱ་གར་གྱི་ཞིང་ལས་མཐུན་ཚོགས་སོགས་ནས་གཞུང་འཛིན་ཚོགས་པར་སྐྱོན་བརྗོད་དྲག་པོ་བྱས་ཡོད་ཅིང་། དམིགས་བསལ་འདས་ལོའི་ཕྱི་ཟླ་ ༡༡ ནས་བཟུང་ཕྱི་ལོ་ ༢༠༢༡ ལོའི་ཟླ་ ༡༡ ཚེས་ ༢༩ བར་ལོ་གཅིག་ལྷག་རིང་། རྒྱ་གར་གྱི་ཞིང་ལས་ཐོན་ཁུངས་ཆེ་ཤོས་ཀྱི་གྲས་པན་ཇབ་དང་ཧར་ཡ་ན་གཉིས་ཀྱི་གཙོས་མངའ་སྡེ་གཞན་གྱི་ཞིང་པ་སྟོང་ཕྲག་མང་པོ་རྒྱལ་ས་ལྡི་ལིར་འཛོམས་ཏེ། གཞུང་ལམ་སྟེང་ཟས་བཅད་ངོ་རྒོལ་དང་སྐད་འབོད་སོགས་ཀྱི་ལས་འགུལ་ཤུགས་ཆེན་སྤེལ་བའི་བརྒྱུད་རིམ་ཁྲོད། སྡོད་གནས་དང་མཐུན་རྐྱེན་ཞན་པ། དེ་བཞིན་ཉེན་རྟོག་པས་ཉེས་རྡུང་བཏང་བ་སོགས་ཀྱི་རྒྱུ་རྐྱེན་འོག ཨལ་ཇར་ཛེ་རའི་གནས་ཚུལ་ལྟར་ན། ཞིང་པ་ ༩ ཡིས་རང་སྲོག་བཅད་པ་དང་ཞིང་པ་ ༧༠༠ མ་ཟིན་ཙམ་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་ཐོན་ཡོད་ཀྱང་། མུ་དྷིའི་གཞུང་གིས་ཞིང་པའི་ངོ་རྒོལ་ལས་འགུལ་ཁྲོད་ཞིང་པ་གཅིག་ཀྱང་འདས་གྲོངས་སུ་ཕྱིན་མེད་སྐོར་བརྗོད་ཡོད་ལ། ཞིང་ལས་མཐུན་ཚོགས་དང་གཞུང་གཉིས་བར་གྲོས་མོལ་ཐེངས་ ༡༡ བྱུང་ཡོད་ཀྱང་འགྲིག་འཇགས་བྱུང་མེད་པར་བརྟེན། ཕྱི་ཟླ་ ༡༡ ཚེས་ ༢༩ ཉིན་མུ་དྷི་གཞུང་གིས་ཆེས་རྩོད་རྙོག་ཅན་དུ་གྱུར་བའི་ཞིང་ལས་ཀྱི་ཁྲིམས་གསར་དེ་དག་ལག་བསྟར་མཚམས་འཇོག་བྱ་རྒྱུ་ཡིན་པ་ཡོངས་བསྒྲགས་བྱས།
དྲག་གནོན་འོག་གི་ཧོང་ཀོང་གི་གསར་འགོད་རང་དབང་།
ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༣༠ ཉིན་རྒྱ་ནག་གཞུང་གིས་ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ཟེར་བའི་ཁྲིམས་གསར་ལག་བསྟར་བྱས་པ་ནས་བཟུང་། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ནུས་མེད་དུ་གྱུར་བ་དང་། ཧོང་ཀོང་གི་ཉི་གདུགས་གསར་བརྗེ་ལས་འགུལ་བ་དང་། དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེ་ཁག་ཧོང་ཀོང་ནང་གནས་མ་ཐུབ་པར་ཐའེ་ཝན་དང་དབྱིན་ཡུལ་སོགས་ཀྱི་ནང་བཙན་བྱོལ་དུ་འགྲོ་དགོས་བྱུང་བ་དང་། རྒྱ་གར་དཔལ་འབྱོར་དུས་བབ་ཀྱི་གནས་ཚུལ་ནང་མི་གྲངས་ ༣༠༠ འཛིན་བཟུང་འོག་གནས་མུས་ཡིན་པ་མ་ཟད། འདི་ལོའི་ཕྱི་ཟླ་ ༤ ནང་ཧོང་ཀོང་གི་དམངས་གཙོའི་ཡབ་ཆེན་དུ་འབོད་པའི་མཱར་ཊིན་ལཱི་ (Martin Lee) ལགས་དང་། དམངས་གཙོ་དོན་དུ་གཉེར་བའི་ཀུ་ཤུ་ཉིན་རེའི་ཚགས་པར་ཁང་(Apple Daily Newspaper) གི་སྦྱིན་བདག་དང་ཕྱུག་བདག་ཇི་མེ་ལའེ་ (Jimmy Lai)ལགས། གྲོས་ཚོགས་འཐུས་མི་ཟུར་པ་ལི་ཁྲུག་ཡན་ (Lee Cheuk-yan) ལགས་སོགས་ཧོང་ཀོང་གི་དམངས་གཙོའི་འཕེལ་རིམ་ཁྲོད་གལ་ཆེ་བའི་མི་སྣ་བདུན་སྔ་གཞུག་ཏུ་འཛིན་བཟུང་གིས། ལོ་གཅིག་ནས་གཉིས་བར་དུས་ཡུན་མི་འདྲ་བའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། གསར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་སོགས་གནད་ཡོད་མི་སྣ་ལྔ་འཛིན་བཟུང་བཙན་འཁྲིད་བྱས་ཏེ། ཕྱི་ཟླ་ ༦ ཚེས་ ༢༤ ཉིན་ཚགས་པར་ཁང་སྒོ་བརྒྱབ་ཡོད་སྟབས། ཕྱི་ཟླ་ ༡༢ ཚེས་ ༡ ཉིན་འཛམ་གླིང་གི་གསར་འགྱུར་པར་འགྲེམས་ལྷན་ཚོགས་ (World Association of News Publisher) ཀྱིས་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་སྐུ་ཞབས་ཇི་མེ་ལའེ་ (Jimmy Lai) ལགས་དང་སྒོ་བརྒྱབ་ཟིན་པའི་ཁོང་གི་ཀུ་ཤུ་ཉིན་རེའི་ཚགས་པར་ཁང་གི་ལས་བྱེད་ཚོར་འདི་ལོའི་གསེར་སྨྱུག་རང་དབང་གཟེངས་རྟགས་ཐོབ་པ་ཡོངས་བསྒྲགས་གནང་། དེ་བཞིན་ཕྱི་ཟླ་ ༡༢ ཚེས་ ༢༩ ཉིན་སླར་ཡང་ཧོང་ཀོང་གི་དམངས་གཙོར་ཁ་ཕྱོགས་པའི་གསར་ཁང་ (Stand News) ལ་རྒྱལ་ཁབ་བདེ་འཇགས་ཀྱི་མིང་འོག་ནས་ཉེན་རྟོག་པ་ ༢༠༠ ལྷག་གིས་གློ་བུར་སྔོག་བཤེར་བྱས་ཏེ། ཧོང་ཀོང་གི་མཚན་མཐུན་གཉེན་སྒྲིག་གི་ལས་འགུལ་བ་དང་གཞས་མ་ (Denise Ho) ལགས་ཀྱིས་གཙོས་གསར་ཁང་དེའི་འབྲེལ་ཡོད་མི་སྣ་ ༦ འཛིན་བཟུང་བཙན་འཁྲིད་དང་། གསར་འགྱུར་དང་འབྲེལ་བའི་ཡིག་ཆ་མང་པོ་བཙན་འཕྲོག་བྱས་ཡོད་འདུག་ལ། གསར་ཁང་དེ་ནི་ཆེས་མཐའ་མའི་ཧོང་ཀོང་གི་དམངས་གཙོའི་གསར་ཁང་ཞིག་ཏུ་ངོས་འཛིན་བྱེད་ཀྱི་འདུག
སྐྱོན་བརྗོད་དྲག་པོ་ཕོག་པའི་པེ་ཅིན་ཨོ་རྩེད་འགྲན་ཚོགས།
གང་ན་གཉའ་གནོན་དང་རྡོག་རོལ་ཡོད་ན། དེ་ན་ངོ་རྒོལ་དང་གྱེན་ལངས་ཡོད་པ་ལྟར། ཕྱི་ལོ་ ༢༠༡༥ ལོར་རྒྱལ་སྤྱིའི་ཨོ་རྩེད་ལྷན་ཚོགས་ཀྱིས་རྒྱ་ནག་ལ་ཕྱི་ལོ་ ༢༠༢༢ ལོའི་དགུན་ཁའི་ཨོ་རྩེད་འགྲན་ཚོགས་བསྡུ་བའི་གོ་སྐབས་སྤྲད་པ་ནས་བཟུང་། ད་བར་རྒྱ་ནག་ལ་ཨོ་རྩེད་འགྲན་ཚོགས་བསྡུ་བའི་འོས་བབ་མེད་པའི་ངོ་རྒོལ་དང་སྐྱོན་བརྗོད་རྒྱུན་ཆད་ཀྱི་མེད། བོད་དང་ཡུ་གུར། ཧོང་ཀོང་། ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པ། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ཚོགས་སྡེ་ཁག་ ༡༨༠ ལྷག་གིས། རྒྱ་ནག་གཞུང་གིས་བོད་དང་ཡུ་གུར། ཧོང་ཀོང་བཅས་ནང་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་སོགས་ལ་བཙན་གནོན་རྡོག་རོལ་དང་། རིགས་རྒྱུད་རྩ་མེད་གཏོང་བའི་སྲིད་ཇུས་སྤེལ་བཞིན་ཡོད་སྟབས། རྒྱལ་སྤྱིའི་ཨོ་རྩེད་མཐུན་ཚོགས་དང་། རྩེད་འགྲན་གྱི་སྦྱིན་བདག དེ་བཞིན་རྒྱལ་ཁབ་ཁག་ནས་མཉམ་ཞུགས་བཅས་ཕྱིར་འཐེན་དགོས་པའི་འབོད་སྐུལ་བྱེད་བཞིན་ཡོད་པ་ལྟར། ཕྱི་ཟླ་ ༡༢ ཚེས་ ༦ ཉིན་ནས་རིམ་བཞིན་ཨ་རི་དང་དབྱིན་ཇི། ཁེ་ན་ཌ་དང་ཨོ་གླིང་། སི་ཁོ་ཊི་ལན་ཌི་བཅས་ཀྱིས། པེ་ཅིན་ཨོ་རྩེད་འགྲན་ཚོགས་སྟེང་གཞུང་འབྲེལ་མི་སྣྱ་མངག་གཏོང་བྱ་རྒྱུ་མིན་པའི་གསལ་བསྒྲགས་གནང་ཡོད་པ་རེད། ཡིན་ནའང། ཕྱི་ཟླ་ ༡༢ ཚེས་ ༢༧ ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས། ཨ་རིའི་གཞུང་འབྲེལ་མི་སྣ་ ༡༨ ཨོ་ལིམ་ཕིག་སྟེང་ཡོང་གི་ཡོད་པའི་ཐོངས་མཆན་ཞུས་སྐོར་བསྒྲགས་ཡོད་ཀྱང་། ཨ་རིས་དེའི་ཐད་ལན་འདེབས་གང་ཡང་བྱས་མེད་པ་རེད། ཡང་ཧྥ་རན་སིའི་སྲིད་འཛིན་མེག་རོན་ལགས་ཀྱིས། ཨོ་ལིམ་ཕིག་ལ་གཞུང་འབྲེལ་ངོ་རྒོལ་བྱེད་པ་ནི་དོན་དངོས་ཐོག་མཚོན་དོན་ཙམ་ཡིན་པའི་འགྲེལ་བརྗོད་དང་སྦྲགས། ཧྥ་རན་སིས་ཨོ་རྩེད་འགྲན་ཚོགས་ལ་ངོ་རྒོལ་བྱ་རྒྱུ་མིན་པའི་གསལ་བསྒྲགས་སྤེལ། འདི་ལོའི་ཕྱི་ཟླ་ ༢ ནང་རྒྱ་ནག་གཞུང་གིས་ཨོ་རྩེད་འགྲན་ཚོགས་ནས་ཕྱིར་འཐེན་དང་ངོ་རྒོལ་བྱེད་མཁན་ཚོར་དཔལ་འབྱོར་གྱི་ཉེས་ཆད་དང་ཡ་ལན་སློག་རྒྱུ་ཡིན་པའི་ལན་འདེབས་བྱས།
སྙན་གྲགས་ཆེ་བའི་ནོ་སྦེལ་གཟེངས་རྟགས།
ཕྱི་ཟླ་ ༡༠ ཚེས་ ༥ ཉིན་ནས་ནོ་སྦེལ་གཟེངས་རྟགས་ཚོགས་ཆུང་གིས། ཕྱི་ལོ་ ༢༠༢༡ ལོའི་གཟེངས་རྟགས་ཐོབ་མཁན་གྱི་མཚན་བྱང་རྣམས་རིམ་གྱིས་གསལ་བསྒྲགས་གནང་ཡོད་པ་ལྟར། གནམ་གཤིས་རིག་པ་བ་སྐུ་ཞབས་ས་ཡུ་ཀུ་རོ་མ་ན་བྷེ་ (Syukuro Manabe) ལགས་དང་། འཇར་མ་ནེའི་གནམ་གཤིས་རིག་པ་བ་ཀོ་ལོ་སི་ཧ་སེལ་མཱན་ (Klaus Hasselmann) ལགས། ཨི་ཊ་ལིའི་དངོས་ཁམས་རྣམ་གཞག་སྨྲ་བ་སྐུ་ཞབས་ཇོར་ཇིའོ་པཱ་རི་སི་ (Giorgio Parisi) ལགས་བཅས་ལ་ནོ་སྦེལ་དངོས་ཁམས་རིག་པའི་གཟེངས་རྟགས་ཐོབ་ཡོད་པ་དང་། འཇར་མ་ནེའི་རྫས་འགྱུར་ཚན་རིག་པ་བྷེན་ཇ་མིན་ལི་སིཊ་ (Benjamin List) ལགས་དང་། ཨ་རིའི་རྫས་འགྱུར་ཚན་རིག་པ་སློབ་དཔོན་ཌེ་ཝིཌ་མེག་མི་ལན་ (David MacMillan) ལགས་གཉིས་ལ་ནོ་སྦེལ་རྫས་འགྱུར་གཟེངས་རྟགས་ཐོབ་པ། ཨ་ཧྥེ་རི་ཁ་ཤར་མའི་རྒྱལ་ཁབ་ཏན་ཛ་ནི་ཡ་ (tanzania) ནས་སྐྱེས་ཤིང་། ད་ལྟ་དབྱིན་ཡུལ་དུ་བཅའ་སྡོད་བརྩམས་སྒྲུང་རྩོམ་པ་པོ་སྐུ་ཞབས་ཨབ་དྷུལ་ར་ཛག་གྷུར་ནཱ་ (Abdulrazak Gurnah) ལགས་སུ་ནོ་སྦེལ་རྩོམ་རིག་གཟེངས་རྟགས། དེ་བཞིན་སྐུ་ཞབས་ཌེ་ཊི་ཌི་ཁཱར་ཌི་ (David Card) ལགས་དང་སྐུ་ཞབས་ (Joshua D. Angrist) ལགས། སྐུ་ཞབས་ཨེམ་བྷིན་སི་ (Guido W. Imbens) ལགས་བཅས་ལ་ནོ་སྦེལ་ཚོང་རིག་གཟེངས་རྟགས། ཨུ་རུ་སིའི་གསར་འགོད་པ་མོ་རཱ་ཊོབ་ (Dmitry Muratov) ལགས་དང་ཧྥི་ལི་པེན་གྱི་གསར་འགོད་པ་རི་སཱ་ (Maria Ressa) ལགས་གཉིས་ལ་ནོ་སྦེལ་ཞི་བདེ་གཟེངས་རྟགས་ཐོབ་ཡོད་པ་རེད།
ཨབ་གྷན་གྱི་སྲིད་དབང་བསྐྱར་ལོག
ཕྱི་ལོ་ ༢༠༠༡ ལོར་ཨལ་ཁ་དྷ་ (al-Qaeda) འཇིགས་སྐུལ་དྲག་སྤྱོད་ཚོགས་པས། ཨ་རིའི་རྒྱལ་སྤྱིའི་ཚོང་འབྲེལ་ལྟེ་གནས་ཁང་གི་ཁང་རྩེག་གཉིས་ལ་མཁའ་ལམ་འཇབ་རྒོལ་བྱས་ཏེ། ཨ་རིའི་གཞུང་འབྲེལ་གྱི་གྲངས་ཐོ་ལྟར་ན། སྐབས་དེར་ཨ་རིའི་མི་མང་ ༢༩༩༦ རྐྱེན་འདས་སུ་བཏང་བར་བརྟེན། སྐབས་དེའི་སྲིད་འཛིན་རྗོར་རྗི་ཌ་བྷི་ལུ་བྷོ་ཤི་མཆོག་གིས། ཨལ་ཁ་དྷ་འཇིགས་སྐུལ་ཚོགས་པ་ཚར་གཅོད་མ་བྱུང་བར་དུ་ཨ་རིས་ཨབ་གྷན་ནང་དམག་རྒྱག་རྒྱུ་ཡིན་པའི་བསྒྲགས་གཏམ་སྤེལ་ཏེ། ཕྱི་ལོ་ ༢༠༠༡ ནས་ཨ་རིས་ཁ་ཆེ་འཇིགས་སྐུལ་ཚོགས་པར་དམག་འཁྲུག་བརྒྱབ་མགོ་བཙུགས་ཤིང་། ད་ལོ་བར་ཨ་རིའི་དམག་མི་ཁྱོན་ ༡༨༠༠༠༠ ཨབ་གྷན་ནང་ཆེད་གཏོང་གིས། ཕྱི་ལོ་ ༢༠༡༡ ལོར་ཁ་ཆེ་འཇིགས་སྐུལ་ཚོགས་པའི་མགོ་ཁྲིད་གཏེ་བོ་ཨོ་ས་མ་བྷིན་ལ་ཌིན་ (Osama bin Laden) དམར་གསོད་བཏང་བ་སོགས་ཕར་རྒོལ་དྲག་པོ་བྱས་ཏེ་དྲག་སྤྱོད་ཚོགས་པ་དེ་གནས་སྐབས་ནུས་མེད་ལྟ་བུ་བཟོས་ཡོད་པ་དང་། ཨ་རིའི་གཞུང་ནས་དམག་དོན་ལས་གཞི་དེའི་ཆེད་དུ་ལོ་རེར་ཨ་སྒོར་དུང་ཕྱུར་མང་པོ་གཏོང་གི་ཡོད་པ་མ་ཟད། ཨ་རིའི་ཤ་དར་ཁྲག་དར་གྱི་དམག་མི་མང་པོ་ཁྱིམ་མི་དང་ཁ་བྲལ་ཏེ་ཨབ་གྷན་ནང་དཀའ་སྡུག་ཆེ་བའི་དམག་འཁྲུག་ལ་ཞུགས་པ་སོགས་མཚམས་འཇོག་གནང་ཆེད། འདས་ལོའི་ཕྱི་ཟླ་ ༢ ནང་ཨ་རི་དང་ཏ་ལི་བྷན་གཉིས་བར་གྲོས་མཐུན་བྱུང་བ་ལྟར། འདི་ལོའི་ཕྱི་ཟླ་ ༥ བ་ནས་ཕྱི་ཟླ་ ༨ ཚེས་ ༣༠ ཉིན་ཙམ་བར་ཨ་རི་དང་དབྱིན་གཞུང་གི་ཨབ་གྷན་ནང་གི་དམག་མི་དང་ཕྱི་འབྲེལ་མི་སྣ་རང་ཡུལ་དུ་བསུས་བ་དང་བསྟུན། ཏ་ལི་བྷན་གྱི་དྲག་གནོན་འོག ཕྱི་ཟླ་ ༨ ཚེས་ ༡༥ ཉིན་ཨབ་གྷན་གྱི་ལས་ཐོག་སྲིད་འཛིན་ཨ་ཤི་རབ་གྷ་ནི་ (Ashraf Ghani )ཕྱི་རྒྱལ་ལ་བྲོས་བྱོལ་དུ་ཕྱིན་པ་དང་། ཚེས་ ༡༦ ཉིན་ཏ་ལི་བྷན་གྱིས་ཨབ་གྷན་གྱི་རྒྱལ་ས་ཁ་བྷོལ་གཙོ་བྱས་པའི་གྲོང་ཁྱེར་ཆེ་ཁག་ཚང་མར་དབང་སྒྱུར་བྱས་ཡོད་པ་མ་ཟད། རྒྱལ་ཁབ་ཀྱི་མིང་ལ་(ཁ་ཆེ་མཉམ་འབྲེལ་ཨབ་གྷ་ནེ་སི་ཐན༽་ཞེས་བཏགས་ཏེ་གཞུང་གསར་པ་བཙུགས་ཡོད་ཀྱང་། ཏ་ལི་བྷན་གྱི་གཞུང་གསར་པ་དེར་རྒྱལ་སྤྱིའི་ངོས་ལེན་མེད་པའི་གནས་སྟངས་འོག ཕྱིའི་རོགས་དངུལ་དང་རྒྱབ་སྐྱོར། ད་དུང་ཕྱིར་ཡོད་པའི་རྒྱལ་ཁབ་ཀྱི་མ་དངུལ་སོགས་ལ་བདག་དབང་བྱེད་པའི་ཐོབ་ཐང་མེད་པར་བརྟེན། ཕྱི་ཟླ་ ༡༢ ཚེས་ ༢༣ ཉིན་ཨ་རིས་གྲོས་མགོ་བཏོན་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཨབ་གྷན་ལ་རོགས་རམ་བྱ་རྒྱུའི་གྲོས་ཆོད་ཅིག་གཏན་འབེབས་བྱས་ཡོད་པ་དང་སྦྲགས། ཨ་རི་དང་འཛམ་གླིང་རྒྱལ་ཁབ་ ༦༠ ལྷག་གིས་ཏ་ལི་བྷན་གཞུང་གིས་ཨབ་གྷན་གྱི་མི་མང་གི་གཞི་རྩའི་ཐོབ་ཐང་དང་རང་དབང་ལ་ནམ་ཡང་རྡོག་རོལ་གཏོང་མི་ཆོག་པའི་སྐུལ་མ་བྱས།
ཨ་རིའི་ཕོ་བྲང་དཀར་པོའི་ནང་ས་ག་ཟླ་བ་སྲུང་གཙི་གནང་།
སྤྱིའི་ཆ་ནས་ཨ་རི་ནི་མི་རིགས་དབྱེར་མེད་དང་ཆོས་ལུགས་ཁྱད་མེད་ཀྱི་རང་དབང་གི་ལུང་པ་ཞིག་ཏུ་ངོས་འཛིན་པ་ལྟར། འདི་ལོའི་ཕྱི་ཟླ་ ༥ ཚེས་ ༢༦ དང་བོད་ལུགས་ཀྱི་ས་ག་ཟླ་བའི་ཚེས་ ༡༥ ཉིན་ཨ་རིའི་ལོ་རྒྱུས་ནང་ཐེངས་དང་པོར་སངས་རྒྱས་བཅོམ་ལྡན་འདས་སྐུ་འཁྲུངས་པ་དང་སངས་རྒྱས་པ། སྐུ་མྱ་ངན་ལས་འདས་པ་བཅས་དུས་དྲན་གསུམ་འཛོམས་ཀྱི་ཉིན་མོ་སྲུང་གཙི་གནང་ཡོད་ཅིང་། ཨ་རིའི་སྲིད་འཛིན་རྗོ་བྷའེ་ཌིན་མཆོག་གིས། ས་ག་ཟླ་བའི་ཉིན་སངས་རྒྱས་བཅོམ་ལྡན་འདས་སྐུ་འཁྲུངས་པ་དང་སངས་རྒྱས་པ། དེ་བཞིན་མྱ་ངན་ལས་འདས་པའི་ཉིན་མོར། ཨ་རི་དང་འཛམ་གླིང་ཡོངས་སུ་ཡོད་པའི་ནང་པ་རྣམས་ལ་འཚམས་འདྲི་ཞུས་ཡོད། མར་མེ་མཆོད་འབུལ་གྱི་མཛད་སྒོ་དེ་ཨ་རིའི་རྒྱལ་སྤྱིའི་ནང་པའི་མཐུན་ཚོགས་ཀྱིས་གཙོ་སྐྱོང་གནང་ཞིང་། དར་ཐང་རིན་པོ་ཆེ་མཆོག་གི་དབུས་པའི་ནང་པའི་བླ་ཆེན་ཁག་ཅིག་གིས་དབུ་འཁྲིད་དེ་མར་མེ་ཞལ་འབྱེད་དང་སྨོན་ལམ་གསུང་འདོན་གནང་ཡོད་པ་རེད། མཛད་སྒོའི་ཐོག་ཨ་རིའི་རྒྱལ་སྤྱིའི་ནང་པའི་མཐུན་ཚོགས་ཀྱི་འགན་འཛིན་དབང་མོ་ (Wangmo Dixey) ལགས་ཀྱིས། ཨ་རིའི་ཕོ་བྲང་དཀར་པོ་ནས་འཕྲོས་པའི་མར་མེའི་འོད་ཀྱིས་འཛམ་གླིང་ཡོངས་ལ་རྣམ་དཔྱོད་དང་ཞི་བདེ་ཡོང་བའི་རེ་བ་ཡོད་སྐོར་བརྗོད་ཡོད་པ་རེད།
སིལ་སྤོལ་རྩེད་འགྲན་པ་ཞིག་གི་རང་དབང་གི་འབོད་སྒྲ།
ཕྱི་ཟླ་ ༡༠ ཚེས་ ༢༠ ཉིན་ཨ་རིའི་རྒྱལ་ཡོངས་སིལ་སྤོལ་ལྷན་ཚོགས་(NBA)ཀྱི་རྩེད་འགྲན་པ་གྲགས་ཅན་ཨེ་ནེ་སི་ཀན་ཊར་(Enes Kanter Freedom)ལགས་ཀྱིས་ ༧གོང་ས་མཆོག་གི་སྐུ་པར་ཡོད་པའི་སྟོད་གོས་ནག་པོ་ཞིག་གྱོན་ཏེ། བོད་ཀྱི་བདག་པོ་བོད་མི་ཡིན་ཞེས་རྒྱ་ནག་གཞུང་གིས་བོད་ནང་དུ་དྲག་གནོན་མནར་གཅོད་གཏོང་མུས་ཡིན་ལ། བོད་མི་ ༥༠༠༠ ལྷག་རྒྱའི་བཙོན་ཁང་དུ་བཅུག་པ་དང་། བོད་མི་ ༡༥༠ ལྷག་གིས་རང་ལུས་མེར་བསྲེགས་ཏེ་འཛམ་གླིང་ཐོག་བོད་དོན་དྲིལ་བསྒྲགས་གནང་བ་དེར་ཁོང་གིས་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད་ཅེས་བསྒྲགས་གཏམ་བརྙན་ཐུང་ཞིག་སྤྱི་ཚོགས་དྲ་ལམ་དུ་སྤེལ་ཡོད་པ་མ་ཟད། ཁོང་གི་ལྷམ་དང་སྟོད་གོས་སོགས་ཀྱི་ཐོག་བོད་དང་ཡུ་གུར། ཧོང་ཀོང་བཅས་ཀྱི་རང་དབང་སྲུང་སྐྱོབ་ཐད་རྒྱབ་སྐྱོར་ཡོད་པའི་བརྡ་ལན་ཤུགས་ཆེན་སྤྲད་པར་བརྟེན། བཙན་བྱོལ་བོད་ཀྱི་གཞུང་མང་གཉིས་ཀྱི་གཙོས་རྒྱལ་སྤྱིའི་ཐོག་ནས་ཁོང་གི་བློས་གཏོང་དང་རང་དབང་གི་རྨི་ལམ་ལ་བསྔགས་བརྗོད་བྱེད་མཁན་ཧ་ཅང་མང་པོ་བྱུང་། སིལ་སྤོལ་རྩེད་འགྲན་པ་ཁོང་ནི་ཕྱི་ལོ་ ༡༩༩༢ ལོར་སུད་སིར་སྐྱེས་ཤིང་ཊོར་ཀེ་ནས་ཡོང་བའི་སྐྱབས་བཅོལ་བའི་བུ་ཕྲུག་ཅིག་ཡིན་པའི་ཆ་ནས་རང་ཉིད་ཀྱི་ཕ་ཡུལ་ལུང་པའི་ནང་རང་དབང་མེད་པའི་གནས་སྟངས་ཕྱིར་དྲན་དང་སྦྲགས། ཨ་རིའི་རླབས་ཆེ་བའི་རང་དབང་གི་ཁོར་ཡུག་ནང་ཁོང་གིས་ནམ་ཡང་རང་དབང་སྲུང་སྐྱོབ་བློས་གཏོང་རྒྱུ་མིན་སྐོར་བསྒྲགས་ཡོད་པ་རེད།
ཡི་ཤུའི་ཆོས་དཔོན་ཌེ་སི་མོན་ཊུ་ཊུ་མཆོག་སྐུ་གཤེགས།
ཕྱི་ལོ་ ༡༩༣༡ ལོར་ལྷོ་ཨ་ཧྥི་རི་ཁའི་ཡི་ཕྱི་ལོ་ ༡༩༣༡ ལོར་ལྷོ་ཨ་ཧྥེ་རི་ཁའི་ཡི་ཤུའི་ཆོས་དཔོན་དང་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་བའི་ཁྱིམ་ཚང་ཞིག་ཏུ་འཁྲུངས་ཤིང་། ཡུལ་དེའི་མི་རིགས་དཀར་ནག་གི་རྩོད་རྙོག་ཆེན་པོར་ཞི་བའི་ཐབས་ལམ་ལ་བརྟེན་ནས་གདོང་ལེན་འདུམ་འགྲིག་གནང་མཁན། ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཡི་ཤུའི་ཆོས་དཔོན་དམ་པ་ཌེ་སི་མོན་ཊུ་ཊུ་མཆོག་ཕྱི་ཟླ་ ༡༢ ཚེས་ ༢༦ ཉིན་སྐུ་གཤེགས་ཡོད་སྟབས། ༧གོང་ས་མཆོག་གི་དབུས་པའི་བོད་མིའི་སྒྲིག་འཛུགས་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས། དེ་བཞིན་ཡི་ཤུའི་ཆོས་དཔོན་ཕོབ་མཆོག་དང་ཨ་རིའི་སྲིད་འཛིན་བྷའེ་ཌིན་མཆོག དེ་བཞིན་དབྱིན་ཇིའི་རྒྱལ་མོ་ཨེ་ལི་རྫི་བྷ་ཐི་ (Elizabeth II) མཆོག ལྷོ་ཨ་ཧྥེ་རི་ཁའི་སྲིད་འཛིན་དང་ཨ་རིའི་སྲིད་འཛིན་ཟུར་པ་ཨོ་བྷ་མ་མཆོག། དབྱིན་ཇིའི་སྲིད་བློན་བྷོ་རེ་སི་ཇོ་སན་མཆོག་དང་རྒྱལ་ཚོགས་ཀྱི་དྲུང་ཆེ་ཆེན་མོ་ཨན་ཊོ་ནེ་གྷ་ཊི་རེ་སི་ལགས་སོགས་ནས་དམ་པ་ཁོང་གི་མཛད་རྗེས་ལ་རྗེས་དྲན་དང་མྱ་ངན་གུས་འདུད་ཞུས་ཡོད་པ་རེད།
ཝུའུ་ཧན་ནད་འབུ་འཛམ་གླིང་གང་སར་ཁྱབ་ཏེ་ལོ་ངོ་ ༢ ཕྱིན།
ཕྱི་ལོ་ ༢༠༡༩ ཡི་ལོ་མཇུག་ཏུ་རྒྱ་ནག་གི་གྲོང་ཁྱེར་ཝུའུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་འདི་འཛམ་གླིང་ཡོངས་ལ་ཁྱབ་སྟེ་མི་ལོ་ཧྲིལ་པོ་གཉིས་འགྲོ་བཞིན་ཡོད་ཀྱང་། རིམ་གྱིས་ངོ་བོ་འགྱུར་ཏེ་བསྐྱར་དུ་འཛམ་གླིང་གི་ཡུལ་ལུང་གང་སར་ཁྱབ་ཡོང་གི་ཡོད་པ་རེད། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་གཉན་རིམས་འདི་གོ་ལའི་རྒྱུན་ལྡན་གྱི་ནད་ཡམས་ལྟ་བུ་ཞིག་ཏུ་འགྱུར་འགྲོ་བ་ལས་རྩ་མེད་དུ་འགྲོ་ཧ་ཅང་ཁག་པོ་ཡིན་པའི་སྡོམ་ཚིག་བཀོད་འདུག་ལ། སྒྲིག་འཛུགས་དེའི་སྙན་ཐོ་ལྟར་ན། ཏོག་དབྱིབས་ནད་འབུ་དེ་འཛམ་གླིང་རྒྱལ་ཁབ་ ༡༧༩ ནང་འགོས་ཁྱབ་བྱུང་ཞིང་། ལྷོ་ཨ་མེ་རི་ཁའི་རྒྱལ་ཁབ་བྷིར་ཛལ་ནང་གྷ་མ་ (Gamma) ཞེས་པའི་ནད་འབུ་དང་རྒྱ་གར་ནས་ཌལ་ཊ་ (Delta)། ལྷོ་ཨ་ཧྥི་རི་ཁའི་ནང་བྷེ་ཊ་(Beta) དང་ཨོ་མེ་ཁུ་རོན་ (Omicron) གཉིས་བྱུང་ཡོད་པ་དང་། འདས་པའི་ལོ་ངོ་ ༢ ལྷག་ནང་འཛམ་གླིང་ཁྱོན་ཡོངས་སུ་ཏོག་དབྱིབས་གཉན་རིམས་ནད་པ་ས་ཡ་ ༢༨༡(༢༨༡༨༠༨༢༧༠)ལྷག་བྱུང་བ་དང་། ནད་པ་འབུམ་ ༥༤ (༥༤༡༡༧༥༩)ལྷག་འདས་གྲོངས་སུ་ཕྱིན། ཕྱི་ལོ་ ༢༠༢༡ ལོའི་ཉིན་མཐའ་མ་དེ་ཕྱི་ཚེས་ ༣༡ ཉིན་གྱི་ཕྱི་དྲོར་ཏོག་དབྱིབས་ཀྱིས་མནར་བཞིན་པའི་ནད་པའི་གྲངས་འབོར་༢༨༦༩༧༧༤༤༡ཡིན་ལ། ད་བར་ཏོག་དབྱིབས་ཀྱིས་གནོད་སྐྱོན་ཐེབས་ཡུལ་ཚབས་ཆེ་ཤོས་ནི་ཨ་རི་དང་རྒྱ་གར། དབྱིན་ཡུལ་བཅས་ཡིན་འདུག
གསར་འགོད་པ་སྐལ་བཟང་སྦྱིན་པས་ཕྱོགས་སྒྲིག་བྱས།