མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆུ་གླང་རྩ་ཚིག་ལས་འཕྲོས་པའི་གཏམ།

བོད་ཀྱི་དུས་བབ།
༢༠༢༢/༠༢/༢༨
Share on FacebookShare on TwitterShare on EmailShare on Whatsapp

ཆབ་མདོ་ངག་ཕུན།

དེ་ཡང་རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་ཆུ་གླང་རྩ་ཚིག་བསྒྲགས་ཏེ་མི་ལོ་ ༡༠༩ འཁོར་བའི་ཉིན་མོར་ས་ཕྱོགས་གང་ས་ནས་སྲུང་བརྩི་གནང་བཞིན་མཆིས། དེ་དག་ནི་དགའ་འོས་པ་ཞིག་རེད་ལ། འོས་ཤིང་མཚམས་པ་ཞིག་ཀྱང་རེད་སྙམ། བདག་གིས་ཀྱང་བོད་མི་རིགས་ལ་བཀའ་དྲིན་བླ་མེད་དུ་ཆེ་བའི་རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གི་བོད་ཀྱི་བསྟན་སྲིད་བདེན་དོན་ཆེད་དུ་ཉིན་མཚན་དྲུག་ལ་སྐུ་ངལ་ཚད་མེད་སྐྱོན་གནང་མཛད་པ་དེ་དག་ལ་བཀའ་དྲིན་རྗེས་དྲན་མཚོན་སླད་དུ་དེ་རིང་རུབ་ཙམ་གླེང་བར་འདོད་ཅིང་། དེ་ཡང་ཇི་སྐད་ལས། “ཁྱེད་ནི་འགྲོ་བའི་དོན་གྱི་སླད། །ཅུང་ཟད་ཙམ་ཡང་མི་ངལ་ཞིང་། །འགྲོ་བ་རྣམས་ཀྱང་ཁྱོད་ཀྱི་ནི། །ཡོན་ཏན་བརྗོད་པ་ངལ་མ་གྱུར། །”ཞེས་གསུང་པ་ལྟར་རྒྱལ་བའི་མཛད་པ་ནི་བློ་དམན་བདག་འདྲའི་ཆ་ཤས་ཕྲ་མོ་ཙམ་ཡང་བརྗོད་ག་ལ་ནུས། འོན་ཀྱང་ང་རང་གི་སེམས་ནང་དུ་གང་ཤར་བ་རྣམས་གླེང་བར་བྱ། དེ་ཡང་རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་ཆུ་གླང་རྩ་ཚིག་བསྒྲགས་ནས་མི་ལོ་བརྒྱ་དང་དགུ་འཁོར་བའི་དུས་སྐབས་རྩ་ཆེན་ཞིག་ཡིན་པ་ངོས་འཛིན་བྱེད་བཞིན་ཡོད་ཅིང་། དུས་འདིར་ཁོང་ལ་བཀའ་དྲིན་རྗེས་དྲན་ཡང་ཞུ་བཞིན་ཡོད། མགོན་པོ་མཆོག་གིས་བོད་ཀྱི་ས་ཐོག་ནས་བོད་ནི་ལོ་རྒྱུས་ཡུན་རིང་ལྡན་པའི་རང་དབང་ཅན་གྱི་རྒྱལ་ཁབ་གཅིག་ཡིན་པ་ལས་སུ་ཞིག་གི་ཆ་ཤས་ཙམ་ཡང་མིན་པའི་གསལ་སྟོན་ཡང་ཡང་མཛད་གནང་བ་ནི་ལོ་རྒྱུས་ཀྱི་གནད་དོན་གལ་ཆེ་ཞིག་རེད་སྙམ།

དེ་ཡང་ཆུ་གླང་རྩ་ཚིག་བསྒྲགས་ཏེ་ལོ་ངོ་ ༡༠༩ འཁོར་བའི་ཉིན་མོ་སྲུང་བརྩིའི་སྐབས་སུ་རྒན་ན་ག་སངས་རྒྱས་བསྟན་དར་ལགས་ཀྱིས་གསུང་བཤད་ལས། “ཕྱིས་སུ་ང་ཚོས་དེར་ཉམས་ཞིབ་བྱེད་པའི་སྐབས། མདོར་བསྡུས་ན་རང་བཙན་གཙང་མ་ཡིན་པའི་སླར་ཡང་གསལ་བསྒྲགས་བྱས་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། ངོས་འཛིན་བྱས་པ་ནང་བཞིན་ང་ཚོས་ཆུ་གླང་རྩ་ཚིག་ལ་ཞིབ་མོར་སློབ་སྦྱོང་བྱས་ན་ནང་དོན་ཡང་དེ་ལྟར་ཆགས་ཀྱི་ཡོད་པ་རེད།” ཅེས་དང་། ཡང་གསུང་དོན་ལས། “མི་མང་པོ་ཞིག་གིས་དེ་རིང་གི་ཉིན་མོ་དེ་ཆབ་སྲིད་ཀྱི་ལས་འགུལ་ཞིག་ལ་དགོངས་སྲིད་ཀྱི་རེད་ཀྱང་། དོན་དངོས་ཐོག་འདི་ནི་ལོ་རྒྱུས་ཀྱི་དྲན་གསོ་ཆེན་པོ་ཞིག་ཆགས་བསྡད་ཡོད་པ་རེད།” ཅེས་གསུང་དོན་ལྟར་ང་ཚོའི་ལོ་རྒྱུས་རྩ་ཆེན་དེ་དག་དྲན་གསོ་གནང་རྒྱུ་ནི་འོས་འགན་ཞིག་རེད། བྱ་འོས་པ་ཞིག་ཀྱང་རེད་སྙམ།

ལྷག་པར་དབྱིན་ཇི་བོད་ལ་བཙན་འཛུལ་སྐབས་༸རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་སྐུ་ངལ་འཛེམས་མེད་ཀྱིས་རྒྱ་སོག་ཏུ་ཕེབས་དགོས་བྱུང་ཡོད། དེ་དག་ཀྱང་མ་འོངས་པར་བོད་མི་རིགས་ཀྱི་བདེན་དོན་ཆེད་དུ་ཕུགས་རྒྱང་རིན་པོའི་དགོངས་པ་རླབས་ཆེན་བཞེས་ནས་ཕེབས་པ་ཞིག་ཡིན་པ། དེ་ཡང་ཆུ་སྤྲེལ་ཞལ་གདམས་ལས། “རང་ལོ་བཅོ་བརྒྱད་ལ་བབས་མཚམས་སྔར་སྲོལ་ལ་བསྙད་པའི་༸རྒྱལ་སྲིད་ཆོས་སྲིད་ཀྱི་འགན་འཁུར་ཐོག་ཏུ་བབས་པ་ན་རང་ལ་ཆོས་སྲིད་གང་ཐད་ནས་མྱོང་གོམས་ཤེས་ཡོན་དམན་ཡང་ལྷ་སྡེ་མི་སྡེས་སྤྱི་ཞུས་དང་། གནམ་བསྐོས་༸གོང་མ་ཆེན་པོའི་བཀའ་ལུང་སྤྱི་བོར་ནོད་པས་འཁུར་དུ་བླངས་ཏེ་རང་ཉིད་དལ་ལྷོད་སྐྱིད་སྡོད་ཀྱི་དབང་མེད་བསྟན་སྲིད་ཀྱི་བདེ་དོན་ལ་ཉིན་མཚན་སེམས་འཁུར་ལྕི་བས་ནོན་བཞིན་དུ་བསྟན་པ་རྒྱས་ཐབས། ཆབ་སྲིད་ཕྲ་ཚུགས་ཐབས། ཆབ་འབངས་བདེ་བར་ངལ་འཚོ་ཐབས་ལྷག་བསམ་དྲང་པོས་གཞུང་བསྲང་སྒོ་གསུམ་ཡོད་རྒུ་རྩལ་སྤྲུགས་བགྱིས་རུང་། ཤིང་འབྲུག་ལོར་དབྱིན་ཅི་དཔུང་དམག་ལྷགས་འབྱོར་སྐབས་ཀྱང་རང་ཉིད་སྐྱིད་ཐབས་ངོ་སྲུང་མཐུན་ལམ་བྱས་ཚེ་ཆབ་སྲིད་ལ་ཕུགས་སྐྱོན་ཆགས་ན་རྐང་རྗེས་ལག་བསུབ་གང་མིན་ཡོང་རྒྱུར་བསམ་སྔར་༸གོང་ས་ལྔ་པ་ཆེན་པོ་ནས་མཉྫུ་རྒྱལ་པོ་དང་མཆོད་ཡོན་བཀུར་རེས་འབྲེལ་ནས་བཟུངས་ད་བར་ཕན་ཚུན་སྐྱོང་འོས་ལ་བརྟེན་འཕྲལ་ཕུགས་བདེ་སྡུག་ལྷོངས་ངེས་ཞུ་སར་ངལ་བ་ཁྱད་བསད་ཀྱིས་བྱང་འགྲེམ་རྒྱ་སོག་ཡུལ་གྲུ་བརྒྱུད་པི་ཅིན་གསེར་གྱི་༸རྒྱལ་ཁབ་ཆེན་པོར་༸གོང་མ་ཡུམ་སྲས་མཇལ་འཕྲད་བཀུར་བཟོས་བདག་རྐྱེན་ཚད་མེད་པ་གནང་ཡང་། རིང་པོར་མ་ལོན་པར་༸གོང་མ་ཡུམ་སྲས་རིམ་གཤེགས་རྗེས་༸གོང་མ་ཤོན་ཐོང་ཁྲིར་འཁོད་ཡབ་སྲས་ལ་རྒྱུ་རྐྱེན་ལྷོངས་གསོལ་ཐོག་བོད་ལྗོངས་སྙིང་ལ་བཅགས་ཏེ་ཕྱིར་འཁོད་སྐབས་བོད་སྡོད་ཨམ་བན་ནས་གཡོ་ཞུས་རྗེས་འབྲངས་ལུའུ་ཅུན་དཔོན་དམག་ལྷགས་འབྱོར་བོད་ལྗོངས་ཆབ་སྲིད་ཀྱི་དབང་བྱུས་འཕྲོག་ཉེར།” ཞེས་གསུང་དོན་ལྟར་བོད་ཀྱི་ཆབ་སྲིད་དགུང་ལོ་བཅོ་བརྒྱད་ཐོག་བོད་ལྗོངས་ཀྱི་བསྟན་སྲིད་ཀྱི་ཐུགས་འགན་བཞེས་ནས་ངལ་བ་ལྷོད་མེད་ཀྱིས་བསྟན་སྲིད་ཆེད་དུ་སྐུ་ལས་བསྐྱོན་གནང་མཛད་པར་གོང་གི་བཀའ་སློབ་ལས་རུབ་ཙམ་རྟོགས་ཐུབ་པ་ཞིག་རེད་ལ།

མཐར་རྒྱ་དམག་བོད་ལ་བཙན་འཛུལ་བྱས་པ་དང་། རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་མཆོག་གིས་ཐབས་ཤེས་རིམ་པ་གནང་ཡང་དོན་འབྲས་མ་གསོན་ནས་སྟོན་འཁོར་རྣམས་རྒྱ་གར་ལ་ཕེབས་དགོས་བྱུང་ཡོད། དེ་ཡང་སྲིད་དོན་རྒྱལ་རབས་ལས། “༸སྐྱབས་མགོན་ཏྭ་ལའི་བླ་མ་རིན་པོ་ཆེ་སྟོན་འཁོར་རྣམས་གྲོ་མོ་སྣ་གདོང་ཙམ་ལ་བཞུགས་ནས། པི་ཅིང་ལ་བཀའ་མོལ་གནང་རྒྱུའི་དགོངས་གཞི་དེ་ལྟར་ཡིན་ཀྱང་། ཕེབས་རྗེས་སུ་ཡོང་མིའི་རྒྱ་དམག་རྣམས་ཕག་རིར་འབྱོར་སོང་ཞེས་པའི་གནས་ཚུལ་གསན་པ་དང་། ཉིན་མ་གཅིག་གིས་ལམ་ཐག་ལ་བརྟེན་གྲོ་མོར་བཞུགས་བློས་མ་བཟོད་པར་སྟོན་འཁོར་རྣམས་རྒྱ་གར་ས་ཐོག་ཏུ་ཆིབས་བསྒྱུར་གནང་རྒྱུའི་ཐུགས་ཐག་གཅོད་གནང་མཛད་འདུག་”ཅེས་དང་། ཡང་བཀའ་ཡིག་ལས། “ཉེ་དུས་རྒྱ་མིའི་རྟ་དམག་ཁྱོན་ཆེ་ལྷ་སར་འབྱོར་ཏེ་བོད་ཀྱི་མི་དམངས་ལ་བཙན་དབང་ཞེ་དྲག་བྱས་བྱུང་། ཁོ་ཚོས་ལྷ་སའི་ཁྲིམས་སྲུང་པུ་ལི་སི་དང་། གྲོང་མི་མང་པོ་མེ་མདའ་རྒྱབ་སྟེ་བསད་རྨས་བྱས་པར་བརྟེན། ངོས་ལྷ་སར་སྡོད་བློས་མ་བཟོད་པར་ང་དང་། ངའི་བློན་ཆེན་དྲུག་མཉམ་དུ་གནས་སྐབས་བྲོས་བྱོལ་ལ་ཡོང་དགོས་བྱུང་།” ཞེས་པ་ལྟར་བོད་ཆོས་ལྡན་གྱི་ཞིང་ཁམས་འདི་ཉིད་དུ་རྒྱ་དམག་བཙན་འཛུལ་ག་འདྲ་བྱས་ཡོད་པ་དང་། བོད་མི་ཉམས་ཆུང་ཐོག་ཏུ་བསད་རྨས་གང་འདྲ་བྱས་ཡོད་པ་ཤེས་ཐུབ་པ་ཞིག་རེད། གནས་སྟངས་དེ་འདྲ་ཞིག་གི་འོག་ནས་རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་རྒྱ་གར་ཕེབས་དགོས་བྱུང་བ་ཞིག་རེད། རྒྱ་གར་དུ་ཕེབས་གྲུབ་རྗེས་དཔོན་རིགས་ཁག་མཇལ་འཕྲད་དང་འབྲེལ་བོད་དོན་བདེན་མཐའ་སེལ་ཐབས་ཐོག་ཏུ་སྐུ་ངལ་ཚད་མེད་བསྐྱོན་གནང་མཛད་ཡོད།

ལྷག་པར་གོང་ས་མཆོག་རྒྱ་སོག་ནས་བོད་ལྡན་གྱི་ཞིང་དུ་ཕེབས་ནས་ཡུན་རིང་མ་སོང་བར་ཛ་དྲག་གིས་ཕེབས་དགོས་བྱུང་ཡོད་པས། དེས་བོད་འབངས་རྣམས་སེམས་ཕམ་དང་སྡུག་བསྔལ་ཚད་མེད་བྱུང་ཡོད། དེ་ཡང་སྲིད་དོན་རྒྱལ་རབས་ལས། “བོད་ཡུལ་སེར་སྐྱ་ཚང་མས་༸གོང་ས་མཆོག་རྒྱ་སོག་ཡུལ་གྲུར་ལོ་མང་བཞུགས་ཏེ་རང་གི་སྐྱོང་ཡུལ་བོད་ལྗོངས་ཆོས་ཀྱི་ཞིང་སར་ཞབས་སོར་འཁོད་དེ་ཟླ་བ་གཉིས་ལས་མ་སོང་བར་སླར་ཡང་བསྟན་དོན་དུ་རྒྱ་གར་ཕྱོགས་གློ་བུར་ཆིབས་བསྒྱུར་གནང་དགོས་བྱུང་བར་ཁོག་པའི་སྙིང་བཏོན་པའམ། ལོང་བ་ལོང་འཁྲིད་བྲལ་བ་ལྟ་བུར་ཅི་བྱ་གཏོལ་མེད་ཀྱིས་ནམ་ཞིག་གསེར་ཞལ་མཇལ་ཡོང་སྙམ་པའི་རེ་བ་དང་།” ཞེས་གསལ་དོན་ལྟར་རེད། བོད་འབངས་རྣམས་ལ་སེམས་སྡུག་ཚད་མེད་བྱུང་ཡོད་པ་རེད། ཡིན་ནའང་སྡུག་གཅིག་རྒྱབ་ཏུ་སྐྱིད་གཅིག་ཡོད་ཅེས་པ་ལྟར་མཐར་༸གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་ཐུགས་རྗེའི་བཀའ་དྲིན་བླ་མེད་ཉག་གཅིག་དང་། བོད་ལྗོངས་ལྷ་མི་ཡོངས་ནས་སེམས་ཤུགས་ཞུམ་མེད་ཀྱིས་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་རིམ་བསྟུན་གྱིས་དཀའ་ངལ་ཁག་ལ་གདོང་ལེན་ལྷག་བསམ་ལྷོད་མེད་ཀྱིས་འཐབ་རྩོད་རྒྱུན་འཁྱོང་་ཡང་དག་པ་བྱས་པའི་འབྲས་བུ་བཅས་ཀྱིས་རྒྱ་དམག་བོད་ནས་མཐའ་སྐྲོད་གནང་ཐུབ་པ་བྱུང་ཡོད། དེ་དག་ནི་ཆེས་གཟི་བརྗིད་ལྡན་པའི་ལོ་རྒྱུས་ཀྱི་གནད་དོན་གལ་ཆེ་ཞིག་རེད་སྙམ།

དེ་ནས་བོད་ཆོས་ལྡན་གྱི་ཞིང་ཁམས་སུ་བདེ་སྐྱིད་རྫོགས་ལྡན་གྱི་རང་དབང་གི་ཉི་མ་ཤར་བ་རེད། དེ་འདྲའི་གནས་སྟངས་དུས་བཟང་དེར་བོད་ཆོས་ལྡན་གྱི་རྒྱལ་ཁབ་འདི་ཉིད་སུ་ཞིག་གི་མངའ་ཁོངས་མ་ཡིན་པ་རང་དབང་ཅན་གྱི་རྒྱལ་ཁབ་གཅིག་ཡིན་པ་ཆུ་གླང་རྩ་ཚིག་ཆེན་མོ་འདི་ཉིད་ཕྱི་ལོ་ ༡༩༡༣ བསྒྲགས་པ་རེད། དེ་ཡང་ཆུ་གླང་རྩ་ཚིག་ལས། “འཕགས་པའི་ཡུལ་ནས་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་འདིས་ཇི་ལྟར་ལུང་དུ་བསྟན་པ་ལྟར་བསིལ་ལྡན་ས་ལའི་སྨན་ལྗོངས་འདི་བཞིན་འཕགས་མཆོག་འཇིག་རྟེན་དབང་ཕུག་གི་སྒྱུ་འཕྲུལ་ཆོས་༸རྒྱལ་མེས་དབོན་རྣམ་གསུམ་ནས་བཟུངས་ད་ལྟའི་བར་སྐྱེ་ཕྲེང་ཟམ་མི་ཆད་པ་བྱོན་ནས་ལྗོངས་འདི་ཕྱག་མཚན་དུ་བདག་གིར་བཞེས་ཏེ་འགྲོ་བ་རྣམས་གང་ལ་གང་འདུལ་གྱི་ཐབས་དང་། ཐུགས་རྗེ་ཆེན་པོས་རྟག་ཏུ་སྐྱོང་ཞིང་། སྔར་ཇིང་གི་སི་ཁཱང་དང་། ཨལ་ཐན་རྒྱལ་པོ་སོགས་སོག་དུས་དང་། མིང་སོགས་རྒྱ་རྒྱལ་རིན་བྱོན། ༸རྒྱལ་མཆོག་ལྔ་པ་ཆེང་པོའི་སྐུ་དུས་ནས་མན་ཇུ་༸གོང་མ་དང་མཆོན་ཡོན་དུ་འབྲེལ་ཏེ་ཕན་ཚུན་སྐྱོང་རེས་ཀྱི་གནས་བཅས་དེ་ལྟར་ཡང་། བར་ལམ་ཟིན་ཁྲོན་དང་། ཡུ་ནན་གྱི་རྒྱ་རིགས་ལས་བྱེད་འགའ་ཤས་ནས་བོད་ས་ཟ་སེམས་ཀྱིས་དབང་ཤུགས་བརྡབས་མནར་ཚོད་མེད་བྱས་པས་མ་ཚད། ཆིངས་གསལ་ཚོང་རྭ་ཁག་གི་ཁྲིམས་སྲུང་ཡིན་ཚུལ་རྒྱ་དམག་ཁྱོན་ཆེ་རྒྱལ་ས་ལྷ་ལྡན་དུ་ལྷགས་འབྱོར་བྱུང་བ་བཅས་ལ་བརྟེན་རྒྱ་བོད་མཆོད་ཡོན་གྱི་འབྲེལ་བ་ཙམ་ལས། གཅིག་འོག་ཏུ་གཅིག་མེད་པའི་གནས་ལུགས་ཡོང་རྐྱེན་གསལ་བཤད་བྱེད་པར་ངོས་རྒྱལ་བློན་རྣམས་ས་མཚམས་སུ་བསྐྱོད་དེ་པི་ཅིང་རང་ལ་ལྕགས་སྐུད་ཐོག་ནས་བཀའ་མོལ་ཞུས་རྩིས་དེ་ལྟར་ཡང་། ངོས་ཐོན་པའི་རྗེས་སུ་གསོད་བཟུང་གང་ཐུབ་བྱེད་པར་གོ་མཚོན་ལྡན་པའི་རྒྱ་དམག་གཅིག་རྒྱབ་གཉིས་སྣོན་དུ་བཏང་རྐྱེན་རེ་ཞིག་རང་ས་བརྒལ་ཏེ་མི་འགྲོ་མཐུ་མེད་བྱུང་བ་དང་།” ཞེས་གསུངས་དོན་ལྟར་བོད་རྒྱ་མཆོད་ཡོན་གྱི་འབྲེལ་བ་ཙམ་ལས་གཅིག་འོག་ཏུ་གཅིག་མེད་ཚུལ་གལ་གནད་ཆེན་པོའི་ཐོག་ནས་གསུངས་གནང་མཛད་ཡོད་པ་རེད།  དེང་སྐབས་རྒྱ་གཞུང་གིས་བོད་ནི་མིང་དང་ཆིངས་རྒྱལ་རབས་སྐབས་ནས་བཟུང་བོད་འདི་ཉིད་སྔར་མོ་ནས་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་རྫུན་སྒྲོག་གིས་འཛམ་གླིང་མི་མང་རྣམས་མགོ་སྐོར་གཏོང་ཐབས་ཀྱི་ངན་ཇུས་ཐབས་སྡུག་སྤེལ་བཞིན་ཡོད། དེ་ཡང་དུས་བབ་ནང་རྒན་ན་ག་སངས་རྒྱས་བསྟན་དར་ལགས་ཀྱིས་ལུང་དྲངས་དོན་ལས། “རྒྱའི་ལོ་རྒྱུས་མཁས་དབང་ལིག་ཧན་ཁྲིན་གྱིས་རྒྱའི་ཡིག་ཆ་རྙིང་པ་ལ་གཞི་བཟུང་སྟེ་རྒྱ་ནག་གི་མིང་དང་ཆིང་རྒྱལ་རབས་སྐབས་ཀྱི་བོད་རྒྱའི་འབྲེལ་བའི་སྐོར་གྱི་དཔེ་དེབ་བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་མིན་ཞེས་པ་ངོ་སྤྲོད་གནས་སྐབས། རྩོམ་པ་པོས་ལོ་རྒྱུས་ཀྱི་བསྡོམས་ནང་། མིང་རྒྱལ་རབས་གཞུང་དམངས་གཉིས་ཀྱིས་བོད་ནི་མིང་རྒྱལ་རབས་ཀྱི་ཆ་ཤས་ཡིན་པའི་ཡིག་ཚང་གཅིག་གི་ནང་ཡང་བྲིས་མེད་པ་མ་ཟད། བོད་ནི་མིང་རྒྱལ་རབས་ཀྱི་ཆ་ཤས་ཡིན་པ་བསམ་བློ་ནང་དྲན་མྱངས་མེད། བོད་ནི་རྒྱ་ནག་གི་མིང་རྒྱལ་རབས་སྐབས་སུ་རང་བཙན་རྒྱལ་ཁབ་ཅིག་ཡིན། བོད་ནི་མིང་རྒྱལ་རབས་དུས་སྐབས་ནས་རྒྱ་ནག་གི་ཆ་ཤས་རེད་ཟེར་བ་ནི་རྒྱ་ནག་དམར་པོ་གཞུང་གིས་ལོག་འགྲེལ་བྱས་པ་ཁོ་ན་ཡིན། ལྷག་པར་དུ་རྒྱའི་ཡིག་ཚང་ནང་གི་རྟེན་འབུལ། ཆོ་ལོ་སྩལ་བ་སོགས་ལ་ཞིབ་འཇུག་མཐར་ཕྱིན་པ་བྱས་ཏེ། དེང་སྐབས་རྒྱ་ནག་གི་བོད་ཀྱི་ལོ་རྒྱུས་ལ་ལོག་འགྲེལ་ལོག་སྨྲ་ཚར་བཅད་ཡོད།” ཅེས་གསུང་དོན་ལྟར་རྒྱ་ནག་དམར་གཞུང་གིས་བོད་རྒྱ་ནག་ཆ་ཤས་ཡིན་ཟེར་བ་ནི་ཧམ་བཤད་ལས་དོན་དངོས་ཐོག་བོད་རྒྱ་ནག་ཆ་ཤས་ཕྲ་མོ་ཙམ་ཡང་མིན་པ་རྒྱ་རིགས་ལོ་རྒྱུས་སྨྲ་བས་དམར་གཞུང་གི་རྫུན་བསྒྲགས་ཚང་མ་རྐུབ་བརྡོལ་བ་རེད། ས་བོད་འདི་ཉིད་རྒྱ་གནང་ཆ་ཤས་ཙམ་ཡང་མིན་པ་ངོས་ལེན་གནང་གི་ཡོད་པ་རེད།

ཆུ་གླང་རྩ་ཚིག་དོན་ཚན་བཞི་པ་ལས། “བོད་འདི་རྒྱལ་ཁབ་གཞན་དག་ལྟ་བུའི་སྟོབས་འབྱོར་འཕྲུལ་ཆས་དང་མི་ལྡན་རུང་། ཆོས་མཐུན་ཞི་བདེར་གནས་པའི་རྒྱལ་ཁབ་རང་དབང་དང་ལྡན་པ་ཞིག་ཡིན་སྟབས། དེང་དུས་ཞི་དྲག་གི་ལས་དོན་གང་ཅིར་དོ་དམ་ཆེ་བསྐྱེད་ཀྱིས་རང་ས་བརྟན་སྲུང་ཐུབ་པའི་དྲག་པོའི་འདུ་གོད་རྒྱ་ཆེ་གནང་མུས་ཡིན་ན། འཕྲལ་སྒང་དམག་འཁྲི་དང་། ཁམས་ཕྱོགས་ལམ་འཁེལ་ཁག་ལ་དཀའ་ཆེགས་ཕྲན་བུ་ཡོང་བ་གཞིར་གཤིས། རྒྱ་ནག་ནས་མ་བདག་བདག་བཟུང་སྔ་ཕྱིར་བྱུང་བའི་རྒྱུ་མཚན་སྔོན་བྱུང་ལ་བསམ་ཞིབ་ཀྱིས་ཚང་མས་མ་བསྐུལ་དྭང་བླངས་ཐོག་ནས་རང་ས་རང་སྐྱོང་དང་། རང་སྡེ་རང་སྲུང་བྱ་རྒྱུའི་ཐབས་ཚུལ་ལ་ལྷག་བསམ་འཁུར་ལེན་ཆེ་བསྐྱེད་དགོས་རྒྱུ་མ་ཟད། སྟོད་སྨད་ལྷོ་བྱང་གི་ས་མཚམས་ཁག་ལ་སོ་སྲུང་ལྷོད་མེད་ཀྱིས་ཕྱི་མིའི་ལོ་ཉུལ་ནང་ལྷགས་མི་འབྱུང་བའི་དམ་པོས་དམ་བཅིངས་དང་། གལ་ཏེ་དོགས་གླེང་ཕྲ་མོ་ཙམ་བྱུང་རུང་འཕྲལ་འཕྲལ་རྫོང་གཞིས་རྟ་ཤད་བརྒྱུད་ནམ་ཉིན་ཤད་རྩོལ་གྱིས་རྒྱལ་ཁབ་ཏུ་༸སྙན་གསན་དགོས་རྒྱུ་ལས། རང་བཞིན་ལྷོད་ཡངས་དང་། ཡང་དོན་མེད་རྒྱུ་ཆུང་རྐྱེན་ཆེའི་དཀྲོག་རྐྱེན་ཆེད་བཟོའི་རིགས་ནམ་ཡང་མི་ཆོག” །ཅེས་རང་ས་རང་སྲུང་དང་ཕྱི་མི་ནང་འཛུལ་མི་ཡོང་བའི་ས་མཚམས་ཁག་བརྟན་སྲུང་དགོས་པའི་བཀའ་ཁྱབ་སྩལ་ཡོད་པ་རེད། འདི་དག་ནི་ལོ་རྒྱུས་རང་བཞིན་ཅན་གྱི་གལ་ཆེ་ཞིག་རེད་སྙམ་བཞིན་ཡོད།

དེ་བཞིན་བོད་འབངས་ལ་བདེ་སྐྱིད་ཀྱི་ཉི་མ་ཤར་བྱུང་བསམ་ནས་ལྷོད་གཡེང་གཏན་ནས་བྱ་མི་རུང་བའི་བཀའ་སློབ་ལམ་སྟོན་ཡང་ཡང་གནང་ཡོད་རུང་། ལས་ཀྱི་སྣེ་བ་ཚོས་རྒྱལ་བའི་བཀའ་དགོངས་ཇི་བཞིན་མ་བསྒྲུབ་དང་། བསྒྲུབ་མ་ཐུབ་རེད། དེ་ཡང་ཆུ་སྤྲེ་ཞལ་གདམས་ལས། “ཚུལ་མིན་རྣམས་ལ་བྱ་བ་ལམ་འགྲོ་ཞན་པས་བཀའ་ཆད་ཕོག་ངེས་པ་མ་ཟད་གནས་སྐབས་རང་དོན་སྒྲུབས་ཕྱོགས་ཕྱོགས་ལྷུང་ངོ་སྲུང་ལས་ཆབ་སྲིད་ཀྱི་བདེ་དོན་ད་མུས་བཞིན་ཡལ་ཡོལ་འབབ་ཞིག་གིས་འཁུར་དུ་མ་བླངས་ན་ཕུགས་དོན་མི་འགྲུབ་པ་མཐོང་གསལ་ལྟར་སླར་ཅི་དྲག་གིས་འགྱོད་ཀྱང་ཕན་ཆ་མི་སྲིད་པས་ངོས་ནམ་འཚོའི་རིང་བོད་ལྗོངས་བདེ་ཐབས་ད་མུས་ཀྱི་འཁྱོལ་བར་མཐོང་།” ཞེས་དང་། ཡང་། “ངོས་རང་གིས་ཉམས་མྱོང་རྒྱུ་མཚན་གསལ་པོའི་སྟེང་ནས་གཞན་ལ་འདོམས་པ་འདི་ལྷག་བསླབ་བྱ་ལྷུག་པོར་སྟོན་རྒྱུ་མེད་པས་ཕྱིའི་རིམ་གྲོ་སྒྲུབ་དང་། སྒྲུབ་བཞིན་པ་ཡིན་ཅིང་། གཙོ་ཆེ་བ་ནང་གི་ཞབས་བརྟན་རིམ་འགྲོ་འདི་ཉིད་སྙིང་ལ་ལྕག་བསྐུལ་ཚང་མས་སྔར་འགྱོད་ཕྱིས་སྡོམ་གྱི་སྲི་ཞུ་ཚགས་ཚུད་སྒྲུབ་ནུས་ན་རང་ངོས་ནས་ཀྱང་གང་འཁྱོལ་གྱི་བར་བསྟན་པ་ཆབ་སྲིད་འཕྲལ་ཡུན་རྒྱས་ཐབས།” ཞེས་སོགས་བཀའ་སློབ་ལམ་སྟོན་རིན་ཐང་བྲལ་བ་གནང་ཡོད། འོན་ཀྱང་ང་ཚོའི་ངོས་ནས་ཉམས་ལེན་ཚུལ་བཞིན་མ་གནང་བ་བརྟེན་ནས་ད་ལྟ་ང་ཚོ་མི་འདོད་བཞིན་མི་ཡུལ་ལུང་པར་བཙན་བྱོལ་དུ་ཡོང་དགོས་བྱུང་བ་དེ་རེད། གལ་སྲིད་སྐབས་དེ་དུས་ལས་ཀྱི་སྣེ་མོས་རྒྱལ་བའི་དགོངས་པ་ཇི་བཞིན་བོད་ཀྱི་ཆབ་སྲིད་ཐོག་ཏུ་ལས་དོན་གནང་ཡོད་ཚེ། ད་ལྟ་ང་ཚོ་གཞིས་བྱེས་གཉིས་སུ་ཁ་བྲལ་ནས་སྡུག་གི་མིག་ཆུའི་འཚོ་བ་རོལ་དགོས་ཐུག་ཡོད་ཀྱི་མ་རེད་སྙམ། ད་ནི་ཚང་མས་འདས་ཟིན་པའི་ལོ་རྒྱུས་དེ་དག་ཉམས་མྱོང་གཞི་རྩར་བཞག་པའི་ཐོག་ནས་སྔར་བྱས་ལ་འགྱོད་བཤགས་དང་། ཕྱིན་ཆད་དེ་རིགས་མི་འབྱུང་བའི་ཆེད་དུ་རང་གཞན་ཚང་མའི་རྣམ་རིག་སྒྲིམ་ནས་ལས་དོན་གནང་དགོས་པའི་དུས་སྐབས་རེད་སྙམ། ད་དུང་ང་ཚོ་རྨོངས་གཉིད་ལས་མ་བསད་ནས་ང་དང་ཁྱོད་ཅེས་ནང་ཁུལ་ཕན་ཐོགས་མེད་པར་འཐེན་འཁྱེར་གྱིས་རྩོད་གླེང་གནང་བསྡད་ན། ང་ཚོར་ནམ་ཡང་བདེ་སྐྱིད་ཀྱི་རང་དབང་གི་ཉི་མ་ཞིག་ཤར་མི་ཐུབ་པ་དེ་རེད། གོང་ས་མཆོག་གིས་ཕྱིའི་རིམ་གྲོ་ལས་ལྷག་ནང་གི་མགོན་པོ་མཆོག་གི་བཀའ་སློབ་ལམ་སྟོན་ཁག་ལ་བློ་རྩ་གཅིག་ཏུ་བསྒྲིམ་ནས་ཉམས་ལེན་ཚུལ་མཐུན་གནང་ནས་ལས་དོན་གནང་དགོས་པ་ཞིག་རེད་སྙམ།

བཀའ་དྲིན་ཅན་གྱི་༸གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་སྙིང་སྟོབས་ཞུམ་མེད་ཀྱིས་བོད་མི་རིགས་ཀྱི་བདེན་དོན་ཆེད་དུ་གཞན་འོག་ཏུ་མགོ་བོ་སྒུར་གནང་མ་མཛད་ནས་བོད་མི་རིགས་འདི་ཉིད་རང་བཙན་རྒྱལ་ཁབ་གཅིག་ཏུ་འཛིན་སྐྱོང་གནང་ཐུབ་པ་བྱུང་ཡོད། འོན་ཀྱང་སྐབས་དེ་དུས་༸གོང་ས་མཆོག་གིས་བོད་ཀྱི་ལས་ཀྱི་སྣེ་བ་ཚོར་རྣམ་རིག་བསྒྲིམ་ནས་བོད་ཀྱི་ལས་དོན་གནང་དགོས་པ་བཀའ་སློབ་རིམ་པ་གནང་ཡོད་རུང་། ལས་ཀྱི་སྣེ་མོས་རྒྱལ་བའི་དགོངས་པ་ཇི་བཞིན་ཕྱག་ལས་གནང་ཐུབ་མེད་པས། མཐར་ང་ཚོ་ལུང་པ་གཞན་གྱིས་བཙན་བཟུང་བྱས་པ་རེད། ད་ནི་༸བོད་མི་རིགས་ལ་བཀའ་དྲིན་བླ་མེད་དུ་༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་མཆོག་གི་བཀའ་སློབ་ལམ་སྟོན་ཟབ་མོ་ཕེབས་པ་དེ་དག་རྡོ་ལ་རི་མོ་བྲིས་པ་ནང་བཞིན་བོད་དོན་ཐོག་ཏུ་རང་གཞན་ཚང་མའི་ཕྱག་ལས་གནང་དགོས་པའི་དུས་ལ་སླེབས་འདུག་སྙམ། དེ་ཞུ་རྒྱུ་དེ་ཙམ་ཡིན། ནོར་འཁྲུལ་མཆིས་ཆེ་བཟོད་གསོལ་ཞུ་རྒྱུ་ལས་མ་འདས་སོ། །

 མཐའ་དོན་བོད་མི་རིགས་ལ་བཀའ་དྲིན་བླ་མེད་དུ་ཆེ་བའི་༸རྒྱལ་བ་རིན་པོ་ཆེ་མཆོག་སྐུ་ཚེ་ཡུན་རིང་བརྟན་ཞིང་། ཐུགས་ཀྱི་བཞེད་དོན་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པདང་། གཞིས་བྱེས་མཉམ་འཛོམ་གྱི་དགའ་སྐྱིད་ཀྱི་ཉི་མ་མྱུར་དུ་ཤར་བའི་་སྨོན་འདུན་ཤུགས་དང་བཅས། བོད་རྒྱལ་ལོ་ ༢༡༤༩ རབ་གནས་ཆུ་སྟག་གནམ་ལོ་གསར་ཚེས་ལ་གཞིས་བྱེས་བོད་འབངས་ལ་ཡོངས་ལ་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་གྲང་མེད་ཞུ་དང་བཅས། ཕྱི་ལོ་ ༢༠༢༢ ཟླ་ ༢ ཚེས་ ༢༨ ཉིན་མོར་ཕུལ།

དཔྱད་གཞི་ཡིག་ཆ།

༡) ཆུ་སྤྲེ་ཞལ་གདམས།

༢)༸གོང་ས་སྐྱབས་མགོན་༸རྒྱལ་དབང་སྐུ་འཕྲེང་བཅུ་གསུམ་པ་ཆེན་པོའི་མཛད་རྣམ་སྙིང་བསྡུས།

༣)བོད་ཀྱི་སྲིད་དོན་རྒྱལ་རབས། སྨད་ཆ།

འབྲེལ་ཡོད་གསར་འགྱུར།

འཕྲུལ་རིག་སྐད་བརྡའི་འཇུག་སྒོ། ཕེ་ཊོན་ (Python) ཞེས་པའི་དཔེ་དེབ། ༢༠༢༥།༦།༣༠
Mobile App

འཕྲུལ་རིག་སྐད་བརྡའི་འཇུག་སྒོ་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

ཆུ་ཚོད་ ༡༤ སྔོན་ལ།
ལོ་རྗེས་མར་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་སུ་ཨ་ཕའི་རྐང་སྤོལ་རྩེད་འགྲན་འཚོག་རྒྱུ་ཡིན་འདུག ༢༠༢༥།༦། ༣༠ ཨ་ཕ་རྐང་སྤོལ་ཚོགས་པའི་པར།
Mobile App

རྡོ་རྗེ་གླིང་གཡག་རུ་ཁག་ལ་འདི་ལོའི་ཨ་ཕ་གསེར་གྱི་བུམ་པའི་རྟགས་མ་ཐོབ་སོང་།

ཆུ་ཚོད་ ༡༥ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༦/༣༠
 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

༢༠༢༥/༠༦/༢༧
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧

མཆན། 1

  1. ཆབ་མདོ་ངག་ཕུན། says:
    ལོ་ 3 སྔོན།

    རྩོམ་སྒྲིག་པ་མཆོག་ལ།
    ཆུ་གླང་རྩ་ཚིག་བསྒྲགས་ནས་མི་ལོ་ ༡༠༩ ལ་ནོར་བཅོས་ཡོང་བ་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese