མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ནག་བསུབ་གཏོང་བཞིན་པའི་བོད།

བོད་ཀྱི་དུས་བབ།
༢༠༢༣/༡༢/༠༢
Share on FacebookShare on TwitterShare on EmailShare on Whatsapp
— རྒྱ་ནག་གི་བཅའ་སྡོད་སློབ་གྲྭ་དང་མི་རབས་ཤིག་གི་བློ་ཁ་སྒྱུར་བ།

བསྟན་འཛིན་རྡོ་རྗེ་དང་རྒྱལ་ལོ་གཉིས་ཀྱིས་བརྩམས།

ཆོས་རྒྱལ་སྐྱབས་ཀྱིས་བསྒྱུར།

ཟླ་བ་ ༡༡ ཚེས་ ༢༨ ཉིན།

རྒྱ་ནག་གིས་ཤིན་ཅང་ནུབ་ཕྱོགས་ཀྱི་ཡུ་གུར་ཁ་ཆེ་བ་རྣམས་ལ་ལ་གདུག་རྩུབ་ཆེན་པོས་མནར་གཅོད་གཏོང་བཞིན་པའི་གནད་དོན་ཐད་ ཉེ་བའི་ལོ་ཤས་ནང་འཛམ་གླིང་ཁྱོན་ཡོངས་སུ་དོ་སྣང་ཤུགས་ཆེན་ཐོབ་ཡོད། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་ཡུ་གུར་བ་ས་ཡ་གཅིག་བཀག་ཉར་བཙོན་ཁང་དུ་གོ་རིམ་ལྡན་པའི་ཐོག་ནས་བཀག་ཉར་བྱས་པ་དང་།  རྒྱ་ནག་གཞུང་གིས་ཡུ་གུར་བའི་རིག་གཞུང་དང་ཁ་ཆེའི་ཆོས་ལུགས་ཀྱི་ཉམས་ལེན་ལ་གཉའ་གནོན་བྱེད་བཞིན་པར་སྐྱོན་བརྗོད་བྱས་ཡོད།  འོན་ཀྱང་། གཉའ་གནོན་འོག་ཚུད་པའི་མི་རིགས་གཞན་ཞིག་གི་དཀའ་སྡུག་གི་གནས་སྟངས་ནི། ཁོ་ཚོའི་མཐོང་ལམ་ནས་ཡལ་འགྲོ་གི་ཡོད། བོད་ནང་དུའང་རྒྱ་ནག་གཞུང་གིས་མི་རིགས་ཁྱད་པར་བ་ཞིག་གི་ངོ་བོ་རྩ་མེད་དུ་གཏོང་བའི་ལས་འགུལ་ཞིག་མགོ་བརྩམས་ཡོད། བོད་ནང་དུ་སྤྱོད་པའི་ཁོ་ཚོའི་ལག་ཆ་གཙོ་བོ་ནི་བཙོན་པའི་ར་བ་ཞིག་མ་ཡིན་པར། དེ་ལས་གཞི་རྒྱ་ཆེ་བའི་གཏན་འཇགས་སློབ་གྲྭ་ཡིན།

བོད་མཐོ་སྒང་དུ་བོད་ཕྲུག་ས་ཡ་གཅིག་ལ་ཉེ་བ་རྒྱ་ནག་གཞུང་གིས་འཛིན་སྐྱོང་བྱེད་བཞིན་པའི་གཏན་འཇགས་སློབ་གྲྭ་ཁག་ཏུ་འཚོ་སྡོད་བྱེད་ཀྱི་ཡོད། རྒྱ་ནག་གཞུང་གིས་བོད་ཕྲུག་རྣམས་ལ་ཆབ་སྲིད་རང་བཞིན་ཅན་གྱི་སློབ་ཚན་ཞིག་འཁྲིད་བཞིན། རང་གི་ཕ་སྐད་དང་ཁ་ཐག་རིང་དུ་གཏོང་བ་དང་། ཆོས་དང་རིག་གཞུང་གི་འབྲེལ་བ་གཅོད་ཐབས་བྱེད་པ། བོད་མིའི་ངོ་བོ་རྒྱ་མིའི་ངོ་བོར་སྒྱུར་བའི་ཐབས་ཤེས་འཐེན་བཞིན་ཡོད། ལོ་བཞི་ཅན་གྱི་ཕྲུ་གུ་ནས་བཟུང་ཕ་མ་དང་ཁ་འབྲལ་དུ་བཅུག་སྟེ། བཙན་ཤེད་ཤུགས་ཆེན་པོ་བཀོལ་ནས་སློབ་འཇུག་བྱེད་པའི་ཐབས་ལམ་ལ་བརྟེན་ཡོད།

འདི་འདྲའི་ཛ་དྲག་གི་གནས་ཚུལ་དེ་ཨ་རི་དང་། ཁེ་ན་ཌ། དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་བཅས་སུ་གྲོས་ཚོགས་ཉན་ཞིབ་དང་གཞུང་འབྲེལ་གྱི་འདྲི་རྩད་རིམ་པོ་མང་པོ་བྱུང་ཡོད། “ཉེ་བའི་ལོ་ཤས་ནང་བོད་ཕྲུག་ཚོ་སློབ་འཇུག་བྱེད་སར་དམིགས་པའི་གཏན་འཇགས་སློབ་གྲྭའི་ལམ་ལུགས་དེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཚད་གཞི་དང་འགལ་བ་ཞིག་ཡིན་པ་དང་། བོད་མི་རྣམས་རྒྱ་མིའི་རིག་གཞུང་ནང་འཇུག་ཐབས་སུ་དམིགས་པའི་ལས་གཞི་ཆེན་པོ་ཞིག་ཏུ་གྱུར་པར་སྣང་བས་ང་ཚོར་བློ་འཚབ་ཆེན་པོ་བྱུང་།” ཞེས་ལོ་འདིའི་ལོ་མགོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཁས་པ་སྐོར་ཞིག་གིས་གསལ་བསྒྲགས་བྱས་ཡོད། ད་ལོའི་ཕྱི་ཟླ་༨ པའི་ནང་། ཨ་རིའི་ཕྱི་སྲིད་དྲུང་ཆེ་ཨན་ཊོ་ནིའུ་བྷི་ལིན་ཁིང་གིས་ལས་གཞི་འདི་ལག་བསྟར་བྱེད་མཁན་རྒྱ་མིའི་དཔོན་རིགས་ཚོར་མཐོང་མཆན་ཆོག་མཆན་མི་སྤྲོད་པའི་བཀའ་རྒྱ་བཏང་ཡོད།

རྒྱ་ནག་གིས་བོད་པའི་གཞོན་སྐྱེས་ཚོར་བཙན་གྱིས་སློབ་གྲྭ་དེ་དག་གི་ནང་དུ་འཇུག་བཞིན་པར་ནུབ་ཕྱོགས་པ་ཚོས་ལྷག་ཏུ་སེམས་ཁྲལ་བྱ་དགོས་པ་ཞིག་རེད། གཏན་འཇགས་སློབ་གྲྭ་ཁག་ནི། དུས་རབས་བཅུ་དགུ་དང་ཉི་ཤུའི་ནང་ཨོ་སི་ཁྲུ་ལི་ཡ་དང་བྱང་ཨ་མེ་རི་ཁ་ཡི་གདོད་མའི་མི་རིགས་ཀྱི་ཕྲུ་གུ་རྣམས་ཡེ་ཤུའི་ཆོས་སྡེས་འཛིན་སྐྱོང་བྱས་པའི་གཏན་འཇགས་སློབ་གྲྭར་བཙན་འཇུག་བྱས་པ་དང་འདྲ་པོ་ཡོད། ཉེ་བའི་ལོ་ཤས་ནང་ཞིབ་འཇུག་པ་དང་གསོན་པོར་ལུས་པའི་མི་ཚོས་སློབ་གྲྭ་དེ་དག་གི་ནང་དུ་བྱུང་བའི་མནར་གཅོད་དང་དཀའ་སྡུག་གི་ཚད་གཞི་དེ་གསལ་འདོན་བྱས་ཡོད་ལ། སློབ་གྲྭ་འདི་དག་གིས་སློབ་ཕྲུག་རྣམས་གདོད་མའི་མི་རིགས་ཀྱི་རིག་གཞུང་དང་ཁྱིམ་ཚང་ལས་ལོགས་སུ་དགར་ཐབས་བྱས་ཡོད། ཨོ་སི་ཁྲུ་ལི་ཡ་དང་ཁེ་ན་ཌའི་འགོ་ཁྲིད་ཚོས་གཏན་འཇགས་སློབ་གྲྭར་བཙན་འཇུག་བྱས་པའི་རྐྱེན་གྱིས་སྡུག་བསྔལ་མྱོང་བཞིན་པའི་གདོད་མའི་མི་རིགས་ཀྱི་ཚོགས་སྡེ་ཁག་ལ་དགོངས་སེལ་ཞུས་ཡོད། རྒྱ་ནག་གི་ཕྱི་འབྲེལ་མི་སྣ་རྣམས་ཀྱིས་ནུབ་ཕྱོགས་རྒྱལ་ཁབ་ཚོས་མི་སེར་སྤེལ་བའི་སྐབས་སུ་གདོད་མའི་མི་རིགས་ལ་སྡུག་སྦྱོང་མནར་གཅོད་བཏང་བ་དེར་རྒྱུན་དུ་སྐྱོན་བརྗོད་བྱས་ཡོད། འོན་ཀྱང་། ད་ཆ་པེ་ཅིང་གིས་བོད་མི་ཚོར་མི་རིགས་དཀར་པོའི་དབང་སྒྱུར་མཁན་རྣམས་ཀྱིས་གདོད་མིའི་མི་རིགས་ལ་གང་བྱས་པ་གཅིག་པ་གཅིག་རྐྱང་ལག་བསྟར་བྱེེད་པའི་འཆར་གཞི་འདིང་བཞིན་འདུག

མི་འདྲ་བའི་ཁྱད་ཆོས་ཀྱི་ཉེན་ཁ།

ཕྱི་ལོ་ ༡༩༩༩ གོ་གྲངས་ནང་རྩོམ་ཡིག་སྤེལ་བའི་རྒྱ་ནག་གི་ཤུགས་རྐྱེན་ཆེ་བའི་ཤེས་ཡོན་པ་སྐོར་ཞིག་གིས་ཨུ་རུ་སུ་ཁ་འཐོར་དུ་སོང་བའི་རྒྱུ་མཚན་ནི་མའོ་སི་ཁོ་ནས་རང་སྐྱོང་ཡུལ་ལུང་ཁག་གི་རིག་གཞུང་དང་སྐད་ཡིག་གི་ཁྱད་ཆོས་རྣམས་ཨུ་རུ་སུའི་རང་བཞིན་དུ་སྒྱུར་མ་ཐུབ་པའི་རྐྱེན་གྱིས་རེད་ཅེས་སྐྱོན་བརྗོད་བྱས་ཡོད། ཁོང་ཚོས་རྒྱ་ནག་གིས་སྐད་ཡིག་དང་རིག་གཞུང་སྣ་མང་ཅན་གྱི་ཨུ་རུ་སུ་ཁ་འཐོར་དུ་སོང་བ་ལས་བསླབ་བྱས་ལེན་དགོས་པའི་ནན་སྐུལ་བྱས་ཡོད་པ་དང་། གྲངས་ཉུང་མི་རིགས་ལ་དམིགས་བསལ་གོ་ཡུལ་སྤྲད་པ་དེས་རྒྱ་ནག་གི་རྒྱལ་ཁབ་འཛུགས་སྐྲུན་གྱི་ལས་འཆར་ལ་འགོག་རྐྱེན་བཟོ་སྲིད་པའི་ཉེན་བརྡ་བཏང་ཡོད། ཕྱི་ལོ་ ༢༠༡༢ ལོར་ཞི་ཅིན་ཕིན་ལ་དབང་ཆ་ཐོབ་པ་དང་མཉམ་དུ་གོང་གི་བསམ་ཚུལ་དེ་དག་ལ་མཐོང་ཆེན་བྱེད་འགོ་ཚུགས་ཡོད།  ཞི་ཅིན་ཕིན་གྱི་སྲིད་གཞུང་ནང་དུ། རྒྱ་ནག་གིས་སོ་སོའི་མངའ་ཁོངས་སུ་གནས་པའི་རིག་གཞུང་སྣ་མང་ཐད་ལྟ་ཚུལ་མི་ལེགས་པ་དང་མཁྲེགས་པོ་ཞིག་བཟུང་ཡོད། དབང་འཛིན་པ་ཚོས་ཁ་བྲལ་གྱི་ལྟ་བ་འཛིན་མཁན་ཚོ་གཅིག་པུར་དམིགས་པ་གཏད་པ་ཙམ་མིན་པར།  ལོ་རྒྱུས་དང་ཁྲིམས་ལུགས་ཀྱི་ཐོག་ནས་མི་རིགས་རང་ཐག་རང་གཅོད་ཀྱི་ཐོབ་ཐང་རྩོད་ལེན་ཤུགས་ཆེ་ཤོས་བྱེད་པའི་མི་རིགས་ཆེན་པོ་གཉིས་ཏེ། བོད་དང་ཡུ་གུར་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མེད་པ་བཟོ་བའི་ཇུས་ངན་སྤེལ་གྱི་ཡོད། པེ་ཅིན་གྱི་རྒྱ་གཞུང་གིས་ངོ་ལོག་པ་ཚོར་ཉེས་ཆད་མ་བཏང་བར་རང་དགར་འཇོག་མྱོང་མེད་པ་མ་ཟད། ད་ཆ་མི་འདྲ་བའི་ཁྱད་ཆོས་ཤིག་ཡོད་པ་ཙམ་གྱིས་ནག་ཉེས་སུ་བརྩི་གི་ཡོད།

ཏུར་ཀིའི་སྐད་ཡིག་སྨྲ་བའི་གྲངས་ཉུང་མི་རིགས་ཁ་ཆེ་འགའ་ཡོད་པའི་ནུབ་ཕྱོགས་ཀྱི་གྲོང་ཁྱེར་ཤར་ཏུར་ཀི་སི་ཐན་དུ་ཡང་ངོ་བོ་གཅིག་ཅན་གྱི་རྒྱ་ནག་ཅིག་བསྐྲུན་པའི་འཆར་སྣང་དེས་གཏོར་བརླག་གི་མཇུག་འབྲས་ཤིག་ཁྱེར་ཡོང་ཡོད། རྒྱ་ནག་གཞུང་གིས་ཉུང་མཐར་ཡང་ཡུ་གུར་གྱི་ཁ་ཆེ་ས་ཡ་གཅིག་བཀག་ཉར་བྱས་ཡོད་ལ། རྒྱ་ནག་གི་འགོ་ཁྲིད་ཚོས་ཡུ་གུར་བའི་སྤྱི་ཚོགས་ལ་སོ་ལྟ་ནན་པོ་བྱས་ཏེ། ཡུ་གུར་བ་ཚོས་ཁ་ཆེའི་ཆོས་ལུགས་ཉམས་སུ་ལེན་པར་བཀག་འགོག་བྱས་ཡོད། པེ་ཅིན་དུ་གནས་པའི་རྒྱ་ནག་གཞུང་གིས་ཨ་རིས་སྣེ་ཁྲིད་པའི་འཛམ་གླིང་ཁྱོན་ཡོངས་སུ་འཇིགས་སྐུལ་རིང་ལུགས་པར་རྒོལ་བའི་དམག་འཐབ་རྗེས་སུ། ཡུ་གུར་བ་རྣམས་འཇིགས་སྐུལ་རིང་ལུགས་པ་ཡིན་པའི་བདེན་པ་སྒྲུབ་བྱེད་ཀྱི་ལས་འགུལ་ཤུགས་ཆེན་སྤེལ་གྱི་ཡོད། འོན་ཀྱང་། བོད་ལ་མཚོན་ན་སྐད་ཆ་འདི་འོས་འཚམས་ཡོད་མ་རེད།  བརྒྱ་བཤད་སྟོང་བཤད་ཀྱང་ཏཱ་ལའི་བླ་མ་ནི་ནོ་སྦེལ་ཞི་བདེ་གཟེངས་རྟགས་བཞེས་མཁན་ཞིག་ཡིན་པ་དང་།  བོད་པའི་མི་རིགས་རིང་ལུགས་ཀྱི་ལས་འགུལ་ནི་མངོན་གསལ་དོད་པོའི་སྒོ་ནས་འཚེ་མེད་ཞི་བའི་ལམ་ལ་ཞུགས་ཡོད། དེར་བརྟེན། པེ་ཅིང་གིས་སོ་སོའི་དམིགས་ཡུལ་བསྒྲུབ་པར་མངོན་གསལ་དོད་པོའི་ཐོག་ནས་གདུག་རྩུབ་ཆུང་ཞིང་ཞིབ་ཚགས་ལྡན་པའི་དྲག་གནོན་གྱི་ལག་ཆ་བེད་སྤྱོད་བྱེད་བཞིན་ཡོད།

ཐབས་ལམ་དེ་ཚོའི་ཁྲོད་ནས་གལ་ཆེ་ཤོས་ནི་བོད་ཀྱི་སྐད་ཡིག་བཀོལ་སྤྱོད་ཚད་བཀག་བྱེད་པ་དེ་རེད། བོད་མིའི་ཐུན་མིན་གྱི་ཁྱད་ཆོས་ཚང་མའི་ཁྲོད་ནས་སྐད་ཡིག་ནི་མཐོ་སྒང་གི་བོད་མིའི་སྤྱི་ཚོགས་སྣ་ཚོགས་པ་དེ་དག་གཅིག་ཏུ་སྒྲིལ་བྱེད་ཆེ་ཤོས་དེ་རེད། བོད་མི་ཚོ་རྒྱ་མི་དང་མི་འདྲ་བ་ནི་ཆོས་ལུགས་དང་ཧི་མ་ལ་ཡའི་ས་བབས་ཀྱི་ཁྱད་པར་ལས་ཀྱང་སྐད་ཡིག་གིས་གསལ་པོར་མཚོན་གྱི་ཡོད། རྒྱ་ནག་གིས་གཞུང་ལམ་དང་། ཕུག་ལམ། ལྕགས་ལམ་བཅས་བཟོ་བསྐྲུན་བྱས་ནས་བོད་ཀྱི་འགོག་སྲུང་གི་ནུས་པ་ལྡན་པའི་ས་བབ་ཉམས་རྒུད་དུ་བཏང་ཡོད་ལ། རྒྱལ་ཁབ་ཀྱི་རོགས་སྐྱོར་དང་སོ་ལྟ་ཡི་ལག་ཆ་སྤུས་ལེགས་དག་ལ་བརྟེན་ནས་ནང་ཆོས་བེད་སྤྱོད་ལོག་པ་བཏང་ཡོད། དེ་ལས་ལྡོག་སྟེ། རྒྱ་ཡིག་དང་གཅིག་མཐུན་གྱི་ཆ་ཅི་ཡང་མེད་པའི་བོད་ཡིག་གི་སྐད་ཡིག་དབང་དུ་བསྡུ་ཐབས་མེད་པ་ཞིག་ཏུ་གནས་ཡོད་ལ། བོད་ཀྱི་འཚོ་བའི་ཆ་ཤས་གཞན་དང་མི་འདྲ་བར། བོད་ཀྱི་སྐད་ཡིག་ནི་འདུལ་དཀའ་ཞིང་། བེད་སྤྱོད་ལོག་པར་གཏོང་བ། རྒྱའི་ངོ་བོར་བསྒྱུར་ཐུབ་མེད། རྒྱུ་མཚན་དེ་ཉིད་ལ་བརྟེན་ནས་ཤི་ཅིན་ཕིན་དང་། “ མི་རབས་གཉིས་པའི་མི་རིགས་སྲིད་ཇུས་”ཞེས་པ་དེར་རྒྱབ་སྐྱོར་བྱེད་མཁན་གྱི་ཁྲ་བོ་དེ་དག་གི་མིག་ནང་དུ། བོད་ཀྱི་སྐད་ཡིག་ངེས་པར་དུ་རྩ་མེད་གཏོང་དགོས་པར་འདོད་པའི་རྒྱུ་མཚན་ཡང་དེ་ག་རང་རེད།

མཚོན་ཆའི་ངོ་བོར་སྤྱོད་པའི་སློབ་གསོ།

དམིགས་ཡུལ་དེ་བསྒྲུབ་པར་རྒྱ་ནག་གཞུང་གིས་བོད་ཕྲུག་ཚོར་རྒྱ་ནག་གཞུང་གི་འཛིན་སྐྱོང་འོག་ཡོད་པའི་བཅའ་སྡོད་སློབ་གྲྭ་ཁག་ཏུ་འཇུག་ཐབས་བྱས་ཡོད། ཕྱི་ལོ་ ༡༩༥༠ ནང་རྒྱ་ནག་གཞུང་གིས་བོད་དབང་སྒྱུར་བྱས་པ་ནས་བཟུང་ཆབ་སྲིད་ཀྱི་སློབ་གསོ་དང་རིག་གཞུང་གི་ཟུར་ཕུད་ནི་བོད་ནང་གི་དེང་རབས་ཀྱི་སློབ་གསོ་དང་ནམ་ཡང་ཁ་འབྲལ་ཐབས་མེད་པ་ཞིག་ཏུ་གྱུར་ཡོད། ཉེ་ཆར་བར་བོད་ནང་གི་སློབ་ཕྲུག་མང་ཆེ་བ་ཉིན་མོའི་སློབ་གྲྭར་འགྲོ་དགོས་པ་དང་། དགོང་མོ་སློབ་གྲྭ་ནས་ཕྱིར་སོ་སོའི་ཁྱིམ་དུ་ལོག་གི་ཡོད། སློབ་གྲྭ་ཁག་ཏུ་གང་བསླབས་པ་རྣམས་ཁྱིམ་གྱི་སློབ་གསོ་དང་འདྲེས་ནས་ཡང་ལྕི་ཤོར་གི་མེད། འོན་ཀྱང་། ཤི་ཅིན་ཕིན་ལ་དབང་ཆ་ཐོབ་པ་ནས་བཟུང་ས་གནས་ཀྱི་སློབ་གྲྭ་མང་ཆེ་བ་སྒོ་བརྒྱབ་སྟེ་གྲོང་སྡེ་དང་གྲོང་རྡལ་ལས་རྒྱང་ཐག་རིང་བའི་སར་གསར་འཛུགས་བྱས་པའི་བཅའ་སྡོད་སློབ་གྲྭར་ཟླ་སྒྲིལ་བཏང་ཡོད། དེ་སྔའི་ཉིན་སློབ་དང་མི་འདྲ་བར་བཅའ་སྡོད་སློབ་གྲྭར་རྒྱལ་ཁབ་ཀྱིས་སློབ་ཕྲུག་ཚོའི་དོ་སྣང་དང་ཁོར་ཡུག་ལ་སྟངས་འཛིན་བྱེད་ཐུབ། འདི་ལ་བརྟེན་ནས་རྒྱ་ནག་དམར་ཤོག་ཚོགས་པར་བོད་མི་དར་མ་གཞོན་སྐྱེས་ཚོའི་ངོ་བོ་དང་འཛམ་གླིང་ལྟ་ཚུལ་ལ་འགྱུར་བ་གཏོང་བའི་སྔར་མ་བྱུང་བའི་ནུས་སྟོབས་ཤིག་ཐོབ་ཡོད།

བཅའ་སྡོད་སློབ་གྲྭ་ཁག་གི་ལམ་ལུགས་ལ་ཞིབ་འཇུག་རྒྱས་པ་ཞིག་བོད་དོན་ལས་འགུལ་བསྟི་གནས་ཁང་གི་ ༢༠༢༡ ལོའི་སྙན་ཐོའི་ནང་ཐོན་ཡོད། སྙན་ཐོ་དེའི་ཞིབ་འཇུག་པ་ཚོས་རྒྱ་ནག་གཞུང་གི་ལོ་འཁོར་སྙན་ཐོ་དང་། བོད་རང་ནས་བྱུང་བའི་བདེན་དཔང་ཚིག་ཐོ། རྒྱ་ཡིག་ནང་གི་ཞིབ་འཇུག་རྩོམ་ཡིག་ཁག་ལ་ཁུངས་གཏུགས་ནས་བོད་ནང་གི་ལོ་དྲུག་ནས་བཅོ་བརྒྱད་བར་གྱི་བོད་པའི་སློབ་མ་ཁྲི་ ༨༠ ཙམ་བཅའ་སྡོད་སློབ་གྲྭར་སློབ་འཇུག་བྱས་ཡོད་པའི་ཚོད་དཔག་བྱས་ཡོད་པ་དང་། དེ་ནི་བོད་ནང་གི་སློབ་ཕྲུག་སྤྱི་ཡོངས་ཀྱི་བཞི་ཆ་གསུམ་ཙམ་རེད། ཧོན་འཐོར་བའི་བསྡོམས་རྩིས་འདིའི་ནང་དུ་ལོ་བཞི་ནས་དྲུག་བར་གྱི་བོད་པའི་ཕྲུ་གུ་གྲངས་འབོར་ཁྲི་ ༡༠ ལྷག་བཅའ་སྡོད་སྔོན་འགྲོའི་སློབ་གྲྭའི་ནང་ཡོད་པ་རྣམས་ཚུད་མེད། སྙན་ཐོ་དེའི་ནང་ད་དུང་པེ་ཅིང་གིས་སློབ་ཞུགས་དེ་དག་རང་མོས་ཐོག་ནས་བྱུང་བ་ཞིག་ཡིན་སྐོར་བརྗོད་པ་རྫུན་རྐུབ་བརྡོལ་བྱེད་དེ་རྒྱལ་ཁབ་ཀྱིས་ཕ་མ་རྣམས་ལ་བཙན་ཤེད་ཀྱིས་རང་གི་ཕྲུ་གུ་སློབ་གྲྭར་འཇུག་ཏུ་བཅུག་པའི་གནས་ཚུལ་ཡང་བཀོད་ཡོད། རྒྱ་ནག་གཞུང་གིས་ཕ་མ་ཚོས་བུ་ཕྲུག་རྣམས་བཙན་གྱིས་སློབ་འཇུག་བྱེད་ཆེད་དངུལ་ཆད་གཅོད་པ། རོགས་སྐྱོར་མི་སྤྲོད་པ། ཐ་ན་འཛིན་བཟུང་བཅོན་འཇུག་བྱེད་པ་སོགས་ཉེས་པ་གཏོང་གི་ཡོད།

འདས་པའི་ལོ་བཅུའི་ནང་བོད་ནང་གི་བཅའ་སྡོད་སློབ་ཆུང་དང་སྔོན་འགྲོའི་སློབ་གྲྭ་ཚང་མའི་ནང་། འཛིན་ཁང་ཕྱི་ནང་གཉིས་ཀར་ཁ་བརྡ་བྱེད་སྤྱད་ཀྱི་སྐད་ཡིག་ལ་རྒྱ་ཡིག་་བེད་སྤྱོད་བྱེད་རྒྱུ་དེ་བཙན་འགེལ་བྱས་ཡོད། ལྷ་སའི་ཉེ་འདབས་སུ་ཆགས་པའི་བཅའ་སྡོད་སློབ་འབྲིང་འགྲིམས་མྱོང་མཁན་གྱི་བོད་མི་ཞིག་ད་ལྟ་ཕྱི་རྒྱལ་དུ་འཚོ་བ་རོལ་གྱི་ཡོད་ཅིང་། ཁོང་གིས་ང་ཚོར་ལོ་རིམ་ལྔ་པའི་སློབ་གྲྭའི་ཆ་སྙོམས་ཀྱི་ཉིན་མོ་ཞིག་འགྲེལ་བརྗོད་བྱས་བྱུང་། ཞོགས་པ་ཆུ་ཚོད་དྲུག་དང་ཕྱེད་ཀ་ནས་དགོང་མོའི་ཆུ་ཚོད་དགུ་དང་ཕྱེད་ཀའི་བར་དུ། སློབ་མ་ཚོས་དུས་ཚོད་མང་ཆེ་བ་ཨང་རྩིས་དང་ཚན་རིག་ལས་རྒྱལ་གཅེས་སློབ་གསོ་དང་རྒྱ་ཡིག་སྦྱོང་བར་གཏོང་དགོས་པ་དང་། བར་གསེང་ནི་ཐུང་ཐུང་དང་སྒྲིག་ལམ་ཧ་ཅང་བཙན་པོ་རེད། མོ་རང་ལོ་ན་བཅུ་ཡས་མས་ལ་སོན་སྐབས། བོད་ཡིག་ནི་མོའི་སྐད་ཡིག་ཐོག་མ་དེ་རེད། སློབ་གྲྭར་ཞུགས་ནས་ལོ་གཅིག་མ་ཟིན་ཙམ་གྱི་རྗེས་སུ། རྒྱ་སྐད་དེ་བོད་སྐད་ཀྱི་ཚབ་ཏུ་གྱུར་ཞིང་།  ད་ཆ་མོས་བོད་སྐད་བཤད་སྐབས་ཕྱི་རྒྱལ་གྱི་སྐད་ཡིག་ཅིག་བཤད་པ་ལྟར་ད་མ་དིག་ལས་བཤད་མི་ཐུབ།

ཕལ་ཆེར་ལོ་ངོ་བཅུ་ཕྲག་གཅིག་གི་སྔོན་ལ་བོད་པ་ཚོར་རིག་གཞུང་གི་རྨང་གཞི་ཅན་གྱི་སློབ་སྦྱོང་གི་ལམ་ཁ་མང་བ་ཡོད་དེ། ཁ་ཤས་ཉིན་མོའི་སློབ་གྲྭ་དང་སྒེར་བཙུགས་སློབ་གྲྭ་འགྲིམས་ཤིང་། ཁ་ཤས་༧གོང་ས་ཏཱ་ལའི་བླ་མའི་གཟིགས་སྐྱོང་འོག་ཡོད་པའི་སློབ་གྲྭ་འགྲིམས་ཆེད་རྒྱ་གར་ལ་ལྐོག་ཏུ་འགྲོ་གི་ཡོད། འོན་ཀྱང་། རྒྱ་ནག་གིས་ཕྱི་ལོ་ ༢༠༡༢ ནས་བཟུང་བོད་ཀྱི་ས་གནས་དང་སྒེར་གྱི་སློབ་གྲྭ་རྣམས་སྒོ་བརྒྱབ་པ་དང་། ཕྱི་ལོ་ ༢༠༠༦ ནས་ ༢༠༠༩ བར་བོད་ཀྱི་ས་མཚམས་དམ་པོར་བསྡམས་པར་བརྟེན་གདམ་ཀ་དེ་དག་མེད་པར་གྱུར་ཡོད།

 སྐད་ཡིག་རྩ་མེད་གཏོང་བ།

ད་ལོའི་ལོ་མགོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔལ་འབྱོར་དང་། སྤྱི་ཚོགས། རིག་གཞུང་ཐོབ་ཐང་ཚོགས་ཆུང་གིས་རྒྱ་ནག་སྐོར་གྱི་དུས་བཀག་སྙན་ཐོ་བསྐྱར་ཞིབ་ཐེངས་གསུམ་པ་བྱེད་སྐབས། རྒྱ་ནག་གི་འགོ་ཁྲིད་ཚོས་འོས་འགན་བཅའ་སྡོད་སློབ་གྲྭའི་སྲིད་བྱུས་སྐོར་ལ་དྲིས་ལན་བཏབ་སྟེ། བོད་ཀྱི་གྲོང་གསེབ་ཁུལ་དུ་སློབ་གྲྭ་མེད་སྐོར་བཤད་བྱུང་ལ། ཁོ་ཚོས་ས་གནས་སློབ་གྲྭ་རྣམས་རྩ་མེད་བཟོས་པ་དེ་གཏིང་བརྗེད་བྱས་འདུག རྒྱ་ནག་གི་ས་ཁུལ་གཞན་ལའང་བཅའ་སྡོད་སློབ་གྲྭའི་ལམ་ལུགས་དེ་ཡོད་ནའང་། བཅའ་སྡོད་བྱེད་མཁན་གྱི་བོད་པའི་སློབ་མའི་ཁ་གྲངས་(བརྒྱ་ཆ་༧༨) དེ་རྒྱ་མིའི་སློབ་མ་ཚོའི་ཁ་གྲངས་(བརྒྱ་ཆ་༢༢) ལས་རྦད་དེ་མང་བ་རེད། འདི་ནི་སྟེས་དབང་གིས་བྱུང་བ་ཞིག་མ་རེད། ༢༠༢༥ ལོར་རྒྱ་ནག་གཞུང་གིས་གཞུང་འབྲེལ་ཐོག་ནས་འབྲེལ་ཡོད་དཔོན་རིགས་ཚོར། “གྲངས་ཉུང་མི་རིགས་ས་ཁུལ་དུ་བཅའ་སྡོད་སློབ་གྲྭ་ཇེ་མང་དུ་གཏོང་བའི་” རེ་སྐུལ་དང་། “གྲངས་ཉུང་མི་རིགས་ཀྱི་བྱིས་པ་ཡོད་ཚད་སློབ་གྲྭར་འཚོ་གནས་དང་། སློབ་སྦྱོང་། འཆར་ལོངས་བྱུང་ཐུབ་པ་”ལག་ལེན་དུ་བསྟར་དགོས་པའི་བཀའ་བཏང་ཡོད།

རྒྱ་ནག་གི་དཔོན་རིགས་ཚོས་བོད་ཡིག་ལ་ཚན་རིག་དང་ཨང་རྩིས་སློབ་ཁྲིད་བྱེད་པའི་ཐ་སྙད་འདང་ངེས་མེད་ལུགས་བརྗོད་དེ་རྒྱ་ཡིག་སློབ་ཁྲིད་ཀྱི་བརྒྱུད་ལམ་དུ་བེད་སྤྱོད་བྱེད་ཀྱི་ཡོད་ཅེས་ལན་བཏབ་བྱུང་། སྐད་ཆ་འདི་ནི་རྫུན་གཏམ་ཡིན་པ་མ་ཟད། དོན་དངོས་དང་འགལ་བ་ཞིག་ཀྱང་ཡིན། སྐད་ཡིག་ཅིག་ལ་བརྟེན་ནས་སློབ་ཚན་གསར་པ་སློབ་ཁྲིད་བྱེད་སྐབས་དགོས་ངེས་ཀྱི་ཆེད་སྦྱོང་གི་ཐ་སྙད་འདང་ངེས་མེད་པ་ནི་རྒྱུན་ལྡན་ཞིག་ཡིན་ཞིང་། དེ་འདྲའི་དཀའ་ངལ་ནི་མིང་བརྡ་གསར་པ་བཟོ་བ་དང་ཡང་ན་གཡར་པོ་བརྒྱབ་པ་སོགས་ལ་བརྟེན་ནས་ལས་སླ་པོར་སེལ་ཐུབ་ཀྱི་ཡོད། དོན་དངོས་ཐོག་དུས་རབས་གཅིག་ཙམ་གྱི་གོང་དུ་རྒྱ་ནག་གི་སློབ་གྲྭའི་ནང་སྤྱི་ཚོགས་རིག་པ་དང་རང་བྱུང་ཚན་རིག་ལྟ་བུའི་རིག་ཚན་གསར་པ་སླེབས་སྐབས། ཉི་ཧོང་དང་དབྱིན་ཡིག་གི་མིང་བརྡ་སྟོང་ཕྲག་མང་པོ་གཡར་པོ་བརྒྱབ་ནས་བེད་སྤྱོད་བྱས་ཡོད། དེ་ལས་ཀྱང་གལ་གནད་ཆེ་བ་ནི། ཕྱི་ལོ་༢༠༡༠་བར་དུ་ཨང་རྩིས་དང་། རྫས་འགྱུར་རིག་པ། སྐྱེ་དངོས་རིག་པ། ས་ཁམས་རིག་པ་བཅས་བོད་ཡིག་ནང་སློབ་ཁྲིད་བྱས་པ་དང་། རྗེས་སུ་བོད་ཡིག་ལ་བརྟེན་ནས་སློབ་ཚན་ཁྲིད་པའི་ལམ་ལུགས་དེ་རྒྱ་ཡིག་ལ་བརྟེན་ནས་སློབ་ཚན་ཁྲིད་པའི་ལམ་ལུགས་སུ་སྒྱུར་འགོ་ཚུགས་པ་དང་དེ་མུ་མཐུད་ལག་བསྟར་བྱེད་མུས་ཡིན།

བོད་སྐད་ཉམས་པ་དེས་སྡེ་ཁུལ་དང་ཁྱིམ་ཚང་ལ་དངོས་འབྲེལ་གྱི་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས་ཀྱི་ཡོད། ཕྲུ་གུ་རྣམས་རང་ཁྱིམ་དུ་འཚར་ལོངས་མི་བྱེད་པར་སློབ་གྲྭའི་རྒྱུས་མངའ་མེད་པའི་ཁོར་ཡུག་ཏུ་འཚར་ལོངས་བྱུང་བ་ཡིན་ན། བོད་མིའི་འཚོ་བའི་རྨང་གཞིའི་སྒྲོམ་གཞི་ཉམས་དམས་སུ་འགྲོ་གི་རེད། ཞིབ་འཇུག་པ་རྣམས་ཀྱིས་སྐད་ཡིག་བརྗེ་སྒྱུར་རིག་གནས་ཉམས་རྒུད་དུ་འགྲོ་བཞིན་པའི་མཇུག་འབྲས་སྔ་མོ་ནས་མཐོང་ཡོད། བོད་མི་དར་མ་ཚོས་བོད་སྐད་ཤོད་ཐུབ་པའི་ནུས་པ་མགྱོགས་མྱུར་ངང་ཉམས་བཞིན་ཡོད་ཅིང་། ནུས་པ་དེ་ཉམས་པའི་དབང་གིས་ཁོ་ཚོའི་འཚོ་བའི་འཕེལ་རིམ་གྱི་ཁ་ཕྱོགས་བརླག་གིན་ཡོད། ཉེ་ཆར་བོད་ནང་ལྟ་སྐོར་དུ་བསྐྱོད་པའི་ངའི་གྲོགས་པོ་ཞིག་གིས། ལོ་ན་བཅུ་ལས་མ་བརྒལ་བའི་ཕྲུ་གུ་རྣམས་དང་ཐུག་འཕྲད་བྱུང་བའི་ཁྲོད་དུ་བོད་སྐད་ཤོད་ཐུབ་མཁན་གཅིག་ཀྱང་མི་འདུག་ཟེར།

རྩོམ་ཡིག་འདི་འབྲི་མཁན་གཉིས་ཀྱི་ཁྲོད་ནས་སྐུ་ཞབས་རྒྱལ་ལོ་ལགས་ཕྱི་ལོ་ ༢༠༡༥ ནས་ ༢༠༢༠ བར་བོད་ནང་དུ་ཤེས་ཡོན་སྤྱི་ཚོགས་རིག་པའི་ལས་དོན་གཉེར་བ་དང་། བོད་ནང་གི་བཅའ་སྡོད་སྔོན་འགྲོའི་སློབ་གྲྭ་ལྔ་བཅུ་ཙམ་ལ་གཟིགས་སྐོར་དུ་ཕེབས་ནས་དོན་རྐྱེན་འདི་དངོས་སུ་མཐོང་ཡོད། བོད་ཕྲུག་མང་པོས་རང་གི་ཕ་མ་དང་འབྲེལ་བ་བཟང་པོ་ཞིག་འཛུགས་པར་དཀའ་ངལ་འཕྲད་བཞིན་འདུག སློབ་གྲྭའི་གུང་གསེང་སྐབས་རང་ཁྱིམ་དུ་སྡོད་སྐབས། ཕྲུ་གུ་རྣམས་ཀྱིས་རང་གི་ཕ་མ་དང་བཟའ་མི་གཞན་ལ་འབྲེལ་བ་བྱེད་པར་གཡོལ་ཐབས་བྱེད་ཀྱི་ཡོད། ཕྲུ་གུ་ཚོས་ནང་ཁུལ་དུ་རྒྱ་སྐད་ཁོ་ན་བཤད་ཀྱི་ཡོད། བཅའ་སྡོད་སློབ་གྲྭས་སློབ་མ་དང་བོད་ཀྱི་རིག་གཞུང་དབར་ཙམ་མིན་པར། སློབ་མ་དང་ཁོ་ཚོའི་ནང་མིའི་དབར་ལ་གྱང་ཞིག་བརྩེགས་བཞིན་ཡོད།

དེ་ནི་སློབ་གྲྭ་དེ་དག་གི་དམིགས་ཡུལ་གཙོ་བོ་ཞིག་ཡིན། ལོ་ངོ་བཅུ་ཕྲག་མང་པོའི་གོང་དུ་བྱང་ཨ་མེ་རི་ཁ་དང་ཨོ་སི་ཁྲུ་ལི་ཡའི་ནང་གི་བཅའ་སྡོད་སློབ་གྲྭ་རྣམས་ཀྱིས་གདོད་མའི་མི་རིགས་ཀྱི་ཕྲུ་གུ་རྣམས་རང་ཁྱིམ་དང་ཚོགས་སྡེ་ནས་ཕྱིར་བཏོན་ཏེ་སློབ་གྲྭར་བཅུག་པ་ལྟར། བོད་ནང་གི་བཅའ་སྡོད་སློབ་གྲྭ་འདི་དག་ནི་རིག་གཞུང་དང་སྐད་ཡིག་དེ་མི་རབས་ནས་མི་རབས་ལ་བརྒྱུད་སྤྲོད་བྱེད་པར་འགོག་རྐྱེན་བཟོ་བའི་ཆེད་དུ་བཞེངས་སྐྲུན་བྱས་པ་ཞིག་ཡིན། སྲོལ་རྒྱུན་གྱི་སྤྱི་ཚོགས་མང་པོ་ཞིག་གི་ནང་དུ་སྤོ་བོ་དང་རྨོ་མོ་ཡིས་བྱིས་པའི་སེམས་ཁམས་ཡར་རྒྱས་དང་འཇིག་རྟེན་ལྟ་ཚུལ་ལ་འགྱུར་བ་གཏོང་བའི་ཐད་ནས་གལ་ཆེའི་ནུས་པ་འདོན་བཞིན་ཡོད། འོན་ཀྱང་། བཅའ་སྡོད་སློབ་གྲྭའི་ནང་དུ་སློབ་ཕྲུག་ཚོའི་མ་སྐད་བེད་མེད་བཟོས་པར་བརྟེན། སློབ་ཕྲུག་ཚོས་སྤོ་བོ་དང་རྨོ་མོར་སྐད་ཆ་ཤོད་མི་ཐུབ་པ་བཟོས་ཡོད། སློབ་ཕྲུག་ཚོ་སོ་སོའི་ཕ་མ་དང་། སྤོ་བོ། རྨོ་མོ་བཅས་ལས་འཆར་གཞི་ལྡན་པའི་ངང་ནས་ལོགས་སུ་བཏོན་ན། སེམས་ཁམས་དང་འཚར་ལོངས་ཐད་གནོད་སྐྱོན་འབྱུང་བ་ཙམ་མིན་པར། རིག་གཞུང་རྩ་མེད་དུ་འགྲོ་བའི་སྤྱི་ཡོངས་ཀྱི་སེམས་ཁམས་ཀྱི་དཀའ་ངལ་ཆེན་པོ་ཞིག་འཕྲད་དུ་འཇུག་ངེས་རེད།

ཕམ་ཁ་ཉོས་པ་ཁས་ལེན།

བོད་ནང་འབྱུང་བཞིན་པའི་གནས་ཚུལ་རྣམས་ནི་རྒྱལ་སྤྱིའི་ཁྲིམས་ལུགས་དང་རྩ་འགལ་དུ་སོང་བ་ཙམ་མ་ཡིན་པར། རྒྱ་ནག་གཞུང་གིས་བོད་ལ་བཞག་པའི་ཁས་ལེན་ཡང་རྩིས་མེད་དུ་བཏང་བ་ཞིག་རེད། ཕྱི་ལོ་ ༡༩༥༡ ལོར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་གཞུང་དང་གྲོས་མཐུན་དོན་ཚན་བཅུ་བདུན་ལ་མིང་རྟགས་འགོད་སྐབས། རྒྱ་ནག་གཞུང་གིས་དད་མོས་དང་། རིག་གཞུང་། སྐད་ཡིག་བཅས་ཀྱི་ཐད་ནས་བོད་ཀྱི་རང་སྐྱོང་སྤྲོད་ལ་བརྩི་བཀུར་བྱེད་པའི་ཁས་ལེན་བྱས་ཡོད། ༡༩༨༤ ལོར་པེ་ཅིན་གྱིས་ས་གནས་མི་རིགས་རང་སྐྱོང་གི་ཁྲིམས་ལུགས་གཏན་འབེབས་བྱས་ཏེ། “གྲང་ཉུང་མི་རིགས་ཀྱི་སློབ་ཕྲུག་རྣམས་སློབ་བསྡུ་བྱེད་པའི་ཤེས་ཡོན་བསྟི་གནས་རྣམས་ཀྱིས་གང་ཡོང་ཅི་ཡོང་སྒོས་མི་རིགས་དེའི་སྐད་ཡིག་བེད་སྤྱོད་གཏོང་བ་དང་། སྐད་ཡིག་དེ་སློབ་ཁྲིད་བྱེད་ཆེད་བེད་སྤྱོད་གཏོང་དགོས།” ཞེས་སྐད་ཡིག་དང་རིག་གཞངུ་གི་རང་སྐྱོང་རྩ་དོན་ཁས་ལེན་བྱས་ཡོད།

ཁས་ལེན་འདི་དག་ནི་རྒྱ་ནག་གི་འགོ་ཁྲིད་ཚོས་བོད་མི་ཚོས་མཐར་ཐུག་དམར་པོའི་རིང་ལུགས་ཀྱི་ལྟ་བ་ཁྱད་དུ་འཕགས་པ་དེ་ཁས་ལེན་པ་དང་། ཧན་མི་རིགས་ཀྱི་ཞི་བའི་སྲིད་དབང་ལ་མགོ་བསྒུར་རྒྱུ་ཡིན་པའི་གདེང་ཚོད་ཡོད་པའི་དུས་སྐབས་ཤིག་ལ་བཞག་ཡོད། པེ་ཅིན་གྱིས་བོད་མི་ཚོས་དེང་རབས་ཅན་དང་དཔལ་འབྱོར་ཡར་རྒྱས་ཀྱི་འབྲས་བུ་ལ་ལོངས་སུ་སྤྱད་རྗེས། བོད་མི་ཚོས་ནང་ཆོས་ཀྱི་རིན་ཐང་དང་རང་གི་སྲོལ་རྒྱུན་གྱི་ངོ་བོ་དེ་དོར་ཏེ། རང་མོས་ངང་ནས་དམར་ཤོག་ཚོགས་པ་དང་མེས་རྒྱལ་ལ་དགའ་བསུ་ཞུ་རྒྱུ་ཡིན་པའི་ཚོད་རྩིས་བྱས་ཡོད། ཡིན་ན་ཡང་། རང་མོས་ངང་རྒྱ་ནག་ཅན་དུ་འགྱུར་བའི་རྣམ་གཞག་འདི་དངོས་ཡོད་གནས་ཚུལ་དང་གདོང་ཐུག་བརྒྱབ་ནས་རེ་བ་ནང་བཞིན་བྱུང་མེད། དཔེར་ན།  ཕྱི་ལོ་ ༢༠༠༨ ལ་བོད་མི་ཚོས་རྒྱ་ནག་གི་དབང་སྒྱུར་ལ་ངོ་རྒོལ་གྱིས་སྲང་ལམ་ཁག་ཏུ་གྱེན་ལངས་བྱས་པ་དང་། དེ་ནས་རང་ལུས་མེར་སྲེག་བཏང་བ་སོགས་བོད་མི་ཚོས་རང་གི་སྲོལ་རྒྱུན་གྱི་ངོ་བོ་དང་ཆོས་ཀྱི་ཤུལ་ནོར་རྣམས་ཤི་འཐམ་རོ་འཐམ་བྱས་ནས་བསྡད།

སྲིད་འཛིན་ཞི་ཅིན་ཕིན་གྱི་དབང་འོག་ཏུ་རྒྱ་ནག་གིས་བོད་མིའི་རིག་གཞུང་དང་སྐད་ཡིག་རྩ་མེད་གཏོང་ཐབས་ཀྱི་སྲིད་ཇུས་བཙན་པོ་ཞིག་ལག་བསྟར་བྱེད་བཞིན་པ་ནི་སོ་སོའི་ཕམ་ཉེས་ངོས་ལེན་བྱས་པ་ཞིག་རེད། པེ་ཅིན་གྱིས་སྔོན་འགྲོ་སློབ་གྲྭ་དང་སློབ་གྲྭ་ཁག་གོ་མཚོན་གྱིས་བཀོལ་སྤྱོད་བྱས་ནས་བོད་པའི་ཕྲུ་གུ་རྣམས་རྒྱ་མིའི་འབངས་མི་ལ་སྒྱུར་ཐབས་བྱེད་བཞིན་པ་ནི། ཡར་རྒྱས་དང་འཛུགས་སྐྲུན་གྱི་དབང་ཤུགས་ལ་བརྟེན་ནས་བོད་མིའི་ཡིད་སེམས་འགུགས་མ་ཐུབ་པ་ཤུགས་སུ་ཁས་བླངས་པ་ཞིག་རེད། ཕམ་ཉེས་འདི་ནི་འཛམ་གླིང་ལོ་རྒྱུས་ཀྱི་ནང་དུ་འཁོད་པའི་མི་སེར་སྤེལ་བའི་བཅའ་སྡོད་སློབ་གྲྭའི་སྒྲིག་འཛུགས་དེ་ད་ཆ་བོད་ནང་དུ་ཐོན་པའི་ལག་བསྟར་བྱེད་འགོ་ཚུགས་པའི་མཐར་ཐུག་གི་རྒྱུ་མཚན་དེ་རེད།

ཉེ་བའི་ཟླ་ཤས་རིང་པེ་ཅིང་གིས་བཅའ་སྡོད་སློབ་གྲྭའི་སྲིད་བྱུས་དེ་དཀར་པོ་དཀར་རྐྱང་བཟོ་ཐབས་བྱེད་བཞིན་ཡོད། རྒྱ་ནག་གཞུང་གི་མགྲིན་ཚབ་གསར་ཤོག་གོ་ལ་གསར་འགྱུར་དང་རྒྱ་ནག་གི་ཉིན་རེའི་ཚགས་པར་གཉིས་ཀའི་ནང་གསལ་ལ་འོད་མདངས་འཚེར་བའི་བརྙན་པར་མང་པོ་དང་ལྷན་དུ་ལོ་རྒྱུས་ལྡན་པའི་བྱང་ཨ་མེ་རི་ཀའི་བཅའ་སྡོད་སློབ་གྲྭ་དང་བསྡུར་ན་ཁྱད་པར་ཡོད་པ་ལྟར་བོད་ནང་གི་བཅའ་སྡོད་སློབ་གྲྭ་ཁག་ལ་རྒྱབ་སྐྱོར་བྱེད་པའི་གནས་ཚུལ་གཅིག་རྗེས་གཉིས་མཐུད་དུ་སྤེལ་ཡོད། འདི་ནི་པེ་ཅིང་གིས་ཉེན་ཁ་ཞིག་ཚོར་བཞིན་ཡོད་པའི་རྟགས་མཚན་གསལ་པོ་རེད་ལ། ལྷག་པར་དུ་ཏོག་དབྱིབས་གཉན་རིམ་ལ་གདོང་ལེན་བྱེད་ཕྱོགས་དང་། ཕྱི་འབྲེལ་གྱི་སྲིད་ཇུས་དྲག་པོ། ད་དུང་ཉེ་བའི་ཆར་རྒྱ་ནག་གི་དཔལ་འབྱོར་ཉམས་ཉེས་འགྲོ་བཞིན་པའི་གནས་སྟངས་ལ་གཞིགས་ཏེ་རྒྱལ་སྤྱིའི་ཐོག་གི་རྒྱ་ནག་གི་གོ་བབ་དང་རྒྱལ་ནང་གི་ཁྲིམས་མཐུན་རང་བཞིན་དེ་ཉམས་རྒུད་འགྲོ་བཞིན་པར་དོ་སྣང་བྱེད་བཞིན་པའི་སྒང་རེད། པེ་ཅིན་ལ་རྒྱལ་སྤྱིའི་གནོན་ཤུགས་འཕོག་སླ་བོ་ཡིན་སྲིད་པས་ལས་འགུལ་གྱི་ནུས་པ་འདོན་པའི་དུས་ལ་བབས་འདུག

རྒྱལ་ཁབ་རྣམས་ཀྱིས་ངེས་པར་དུ་མི་སེར་སྤེལ་བའི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་ལ་སྐྱོན་བརྗོད་བྱེད་དགོས་པ་དང་། ལྷག་པར་དུ་ཡོང་ལ་ཉེ་བའི་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་རྒྱ་ནག་གི་དུས་འཁོར་བསྐྱར་ཞིབ་ལྟ་བུའི་ཐབས་ཇུས་ཀྱི་ཆ་ནས་གལ་ཆེན་དུ་བརྩི་བའི་གོ་སྐབས་ལ་བསྒྲགས་གཏམ་ཤུགས་ཆེན་སྤེལ་དགོས། འདི་ནི་ཕྱི་སྲིད་ལས་ཁུངས་ཀྱི་བསྒྲགས་གཏམ་དང་མཉམ་དུ་བསྐྱར་ཟློས་བྱེད་དགོས་ཤིང་། ཕྱི་ཟླ་༨ ནང་བྷིལ་ལིན་ཁན་གྱིས་བྱས་པ་ལྟར་རྒྱ་ནག་གི་འབྲེལ་ཡོད་དཔོན་རིགས་ཚོར་འགྲིམ་འགྲུལ་བཀག་སྡོམ་དང་། སྲིད་ཇུས་ངན་པ་འདི་འདིང་མཁན་ལ་་ཉེས་ཆད་གཅོད་དགོས། མཐའ་མར་རྒྱལ་ཁབ་རྣམས་ཀྱིས་རྒྱ་ནག་གིས་བོད་ཀྱི་ངོ་བོ་དང་རིག་གཞུང་མེད་པར་གཏོང་བའི་ལས་འགུལ་ལ་ཐུན་མོང་གི་ཡ་ལན་ཤུགས་ཆེ་རུ་གཏོང་བར་མཉམ་ལས་བྱེད་དགོས། ལྷག་པར་དུ་ཨོ་སི་ཁྲུ་ལི་ཡ་དང་། ཁེ་ན་ཌ། ཨ་རི་བཅས་ཀྱིས་གདོད་མའི་མི་རིགས་ཀྱི་རིག་གཞུང་རྩ་མེད་གཏོང་ཆེད་སློབ་གསོ་མཚོན་ཆ་རུ་བེད་སྤྱོད་བཏང་བའི་ལོ་རྒྱུས་ཡོད་པས། དུས་རབས་ཉེར་གཅིག་པའི་མི་སེར་སྤེལ་བའི་སྲིད་ཇུས་འདིར་སྐྱོན་བརྗོད་བྱེད་པའི་འགན་ཁུར་དམིགས་བསལ་བ་ཞིག་ཡོད། ཁོ་ཚོས་ཉེ་ཆར་རང་ཉིད་ཀྱི་འདས་དོན་སྐྱུར་མོའི་ནོར་འཁྲུལ་ངོས་ལེན་བྱེད་པ་དེས་རྒྱ་ནག་ལ་ནོར་འཁྲུལ་གཅིག་པ་མི་བཟོ་བར་ཉེན་བརྡ་གཏོང་བའི་ནུས་པ་སྤྲད་ཡོད། གལ་ཏེ་ཕྱི་འབྲེལ་གྱི་ཐེ་བྱུས་དང་། ཕྱོགས་དུ་མའི་གནོན་ཤུགས། དམིགས་འབེན་ཅན་གྱི་ཉེས་ཆད་བཅས་དུས་སྐབས་ཏག་ཏག་ཅིག་ལ་འཛོམས་ཚེ། བོད་ནང་བཅའ་སྡོད་སློབ་གྲྭའི་སྲིད་བྱུས་དེ་སྟངས་འཛིན་དང་གོ་ལྡོག་བཟོ་ཐུབ།

རྩོམ་པ་པོ།

བསྟན་འཛིན་རྡོ་རྗེ་ནི་བོད་དོན་ལས་འགུལ་བསྟི་གནས་ཁང་གི་ཞིབ་འཇུག་པ་རྒན་པ་དང་། འཐབ་བྱུས་མཁས་པ། ཀོ་ལུམ་སྦི་ཡ་སློབ་གྲྭ་ཆེན་མོའི་སྲིད་དོན་ཚན་རིག་སྡེ་ཚན་གྱི་འབུམ་རམས་པའི་སློབ་མ་ཡིན།

རྒྱལ་ལོ་ལགས་ནི་ཡུན་ནན་དགེ་ཐོན་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ཟུར་པ་ཡིན་པ་དང་། བོད་མིའི་སྤྱི་ཚོགས་ཀྱི་སྒྲོམ་གཞི་སྟེ། སྤྱི་ཚོགས་དང་ཆོས་ལུགས་ཀྱི་རྣམ་གཞག་དང་འབྲེལ་བའི་སློབ་གསོ་ཞེས་པའི་དཔེ་དེབ་ཀྱི་རྩོམ་པ་པོ་ཡིན།

འབྲེལ་ཡོད་གསར་འགྱུར།

དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ཕྱི་ལོ་ ༢༠༢༦ ལོའི་སྲིད་སྐྱོང་གི་འོས་མིར་ལངས་པའི་གསལ་བསྒྲགས་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༡༡།༢༡
Mobile App

དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ཕྱི་ལོ་ ༢༠༢༦ ལོའི་སྲིད་སྐྱོང་གི་འོས་མིར་བཞེངས་པའི་གསལ་བསྒྲགས་བྱས།

༢༠༢༥/༡༡/༢༡
US
Mobile App

ཨ་རིས་བོད་དེ་རང་བཙན་རྒྱལ་ཁབ་ཅིག་ལ་ངོས་འཛིན་དགོས་པའི་སྐུལ་མ་བྱས་འདུག

༢༠༢༥/༡༡/༢༡
Mobile App

སྲིད་སྐྱོང་མཆོག་གིས་རྒྱ་གར་གྱི་མངའ་སྡེ་ཨ་སམ་གྱི་གནད་ཡོད་མི་སྣ་ཁག་དང་མཇལ་འཕྲད་གནང་།

༢༠༢༥/༡༡/༢༡
His Holiness the Dalai Lama and Bihar Chief Minister Nitish Kumar in Bodhgaya, Bihar, India on December 21, 2023. Photo by Tenzin Choejor
༸གོང་ས་མཆོག གསར་འགྱུར།

བྷི་ཧར་མངའ་སྡེའི་སྤྱིི་ཁྱབ་བློན་ཆེན་སྐུ་ཞབས་ནི་ཏི་ཤི་ཀུ་མར་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་སྩལ། 

༢༠༢༥/༡༡/༢༠
Jamyang Tenzin
Mobile App

མི་ཡུལ་ག་ཚོད་སྐྱིད་ཀྱང་རང་ཡུལ་ནམ་ཡང་མ་བརྗེད་ཅེས་འབོད་སྐུལ་ཞུས་སོང་།

༢༠༢༥/༡༡/༢༠
New studies stated to indicate likelihood of major new earthquakes in the Himalayas
Mobile App

ཧི་མ་ལ་ཡའི་རི་རྒྱུད་ཁུལ་དུ་ས་ཡོམ་ཤུགས་ཆེན་འབྱུང་སྲིད་པའི་ཉེན་བརྡ་བཏང་འདུག

༢༠༢༥/༡༡/༢༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese