དིང་རི་རྫོང་ཤེལ་དཀར་དགོན་གྱི་དགེ་འདུན་པ་བསྟན་འཛིན་རྡོ་རྗེ་ལགས་ཀློད་གྲོལ་བཏང་རྗེས་ལྟ་རྟོག་སུན་གཙེར་ཚད་མེད་བཟོས་རྐྱེན་རང་ཤི་བརྒྱབ་ཡོད་འདུག
བོད་དིང་རི་རྫོང་ཤེལ་དཀར་དགོན་པའི་དགེ་འདུན་པ་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་ཁུལ་དེའི་མི་མང་ལ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གསུང་རྩོམ་ཕྱག་དེབ་ཅིག་དང་གསུང་ཆོས་སོགས་ལ་འགྲེལ་བཤད་གནང་བའི་ཉེས་མིང་འོག འདས་ལོའི་ཕྱི་ཟླ་ ༥ པའི་ནང་རྒྱ་གཞུང་ཉེན་རྟོག་པས་ཁོང་བཙན་ཁྲིད་བྱས་ཏེ་ཉིན་ཤས་རིང་འདྲི་བརྩད་དང་གཅར་རྡུང་ཚད་མེད་བཏང་རྗེས་ཀློད་ཡོད་ཀྱང་། ཟླ་དེའི་ཕྱི་ཚེས ༢༥ ཉིན་ཁོང་གིས་རང་ཤག་ཏུ་རང་ཤི་བརྒྱབ་ཡོད་འདུག
བཙན་བྱོལ་ནང་ཡོད་པའི་ཉེ་འབྲེལ་གནས་ཚུལ་མཁོ་སྤྲོད་པ་ཞིག་གིས་འདི་ག་བོད་ཀྱི་དུས་བབ་གསར་ཁང་གི་གསར་འགོད་པར། དགེ་འདུན་པ་བསྟན་འཛིན་རྡོ་རྗེ་ལགས་དཔེ་ཆ་སོགས་ལ་ཡག་པོ་ཡོད་སྟབས། རྒྱུན་དུ་ཁོང་གིས་གྲོང་མི་རྣམས་ལ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཕྱག་དེབ་ཀྱིས་མཚོན་པའི་ཆོས་དཔེ་ཀློག་འདོན་དང་འགྲེལ་བཤད་སྐྱོན་གནང་གི་ཡོད་སྟབས། ཁོང་བཀག་ཉར་བྱས་ཏེ་ཀློད་གྲོལ་གཏོང་སྐབས་རྗེས་ཕྱོགས་ཆོས་འགྲེལ་རིགས་རྩ་བ་ནས་གནང་མི་ཆོག་པའི་བཙན་བཀའ་བཏང་ཡོད་པ་མ་ཟད། དངོས་ཤུགས་བརྒྱུད་གསུམ་ནས་ལྟ་རྟོག་དང་སོ་ཉུལ་ཤུགས་ཆེན་བྱས་པའི་རྐྱེན་གྱིས་ཕྱི་ལོ་ ༢༠༢༣ ཟླ་ ༥ ཚེས་ ༢༥ ཉིན་གྲྭ་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་རང་ཤག་ཏུ་རང་ཤི་བརྒྱབ་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།
ཡང་གནས་ཚུལ་མཁོ་སྤྲོད་པ་དེས། བསྟན་འཛིན་རྡོ་རྗེ་ལགས་ཀྱིས་རང་ཤི་བརྒྱབ་རྗེས། ཁོང་གི་ཨ་མ་ལྷ་མོ་ལགས་ཀྱིས་ཡུན་རིང་སེམས་སྡུག་ཚད་མེད་བྱས་པའི་རྐྱེན་གྱིས་ཉེ་ལམ་ཁོང་མོ་སེམས་ཁམས་ཐང་པོ་མེད་པ་ཆགས་ཡོད་སྟབས། ད་ལྟའི་ཆར་ལྷ་ས་རུ་སྨན་བཅོས་བྱེད་བཞིན་ཡོད་འདུག དགེ་འདུན་པ་བསྟན་འཛིན་རྡོ་རྗེ་ལགས་ནི་ཨ་མ་ལྷ་མོ་ལགས་ཀྱི་བུ་ཆུང་ཤོས་དང་ཡག་ཤོས་དེ་ཡིན་སྐོར་འགྲེལ་བརྗོད་གནང་བྱུང་།
ཡང་གོང་གི་གནས་ཚུལ་མཁོ་སྤྲོད་པས། འདས་པའི་ལོ་ཤས་གོང་ནས་རྒྱ་ནག་གཞུང་གིས་བོད་ཧིན་མཐའ་མཚམས་ཁུལ་གྱི་ས་གནས་མང་དག་ཅིག་ཏུ་ཏཱ་ལའི་བླ་མའི་ཁ་གཏད་ལ་ལང་དགོས་ཟེར་བའི་སྲིད་ཇུས་ལག་བསྟར་ཤུགས་ཆེན་བྱེད་ཀྱི་ཡོད་པ་མ་ཟད། ཆོས་ཕྱོགས་དང་འབྲེལ་བའི་ལས་དོན་སོགས་སྤེལ་བར་དམ་དྲག་ཤུགས་ཆེན་བྱེད་ཀྱི་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།
བོད་དིང་རི་རྫོང་ནུབ་ལུང་གྲོང་ཚོ་ཤེལ་དཀར་དགོན་པའི་དགེ་འདུན་པ་བསྟན་འཛིན་རྡོ་རྗེ་ལགས་ཀྱི་པ་ལགས་ཀྱི་མཚན་ལ་ངག་དབང་རྡོ་རྗེ་དང་དགུང་ལོ་ ༨༠ ཡིན་པ་དང་། ཨ་མ་ལགས་དགུང་ལོ་ ༧༠ ལྷག་དང་མཚན་ལ་ལྷ་མོ་ནོར་སྐྱིད་ཞུ་ཡི་ཡོད་འདུག་ལ། ཁོང་བཟའ་ཟླ་གཉིས་ལ་བུ་ཕྲུག་ ༨ ཡོད་པའི་ནང་ནས་ཆུང་ཤོས་བསྟན་འཛིན་རྡོ་རྗེ་ལགས་དགུང་ལོ་ ༥༠ ཙམ་ཡིན་འདུག
གསར་འགོད་པ། དཔལ་ལྡན། ས་གནས་གསར་འགོད་པ་ཞིག
རྩོམ་སྒྲིག་པ། པདྨ་མཚོ།