བོད་སོགས་རྒྱ་ནག་ལ་ཆབ་སྲིད་ཐོག་ནས་ཚོར་བ་སྐྱེན་པའི་བརྗོད་གཞི་ཁག་རྒྱ་ནག་གི་མིས་བཟོས་རིག་ནུས་ལས་གཞིའི་ཁྲོད་བཀག་སྡོམ་བྱེད་ཀྱིན་ཡོད་འདུག
ཟླ་འདིའི་ ༢༤ ཉིན་ནས་རྒྱ་ནག་ནང་རིག་ནུས་ཀྱི་བཟོ་བཀོད་ནུས་པ་ལྡན་པའི་བརྙན་འཕྲིན་བཟོ་སྐྲུན་བྱེད་པའི་མ་ལག་གསར་པ་ཞིག་མང་ཚོགས་ཁྲོད་གློག་འཕྲིན་བརྒྱུད་བཀོལ་སྤྱོད་བྱེད་ཆོག་པར་བཟོས་ཡོད་ཀྱང་། ད་ལྟ་རྒྱ་ནག་གི་སྤྱི་ཚོགས་བརྒྱུད་ལམ་ཆེ་གྲས་མ་ལག་ཁའེ་ཤོའུ་ (Kuaishou) ཡིས་བཟོ་སྐྲུན་བྱས་པའི་ཀི་ལིང་ (Kling) བརྙན་བཟོ་མ་ལག་དེས། རྒྱ་ནག་གཞུང་གིས་ངོས་འཛིན་བྱས་པའི་ཆབ་སྲིད་ཀྱི་ཚོར་བ་སྐྱེན་པའི་བརྗོད་གཞི་ཁག་བཀག་སྡོམ་བྱེད་བཞིན་ཡོད་པ་སྤྱི་ཚོགས་དྲ་རྒྱ་དབྱེ་ཞིབ་པས་ཐེར་འདོན་བྱས་འདུག
དེ་འབྲེལ་རྒྱལ་སྤྱིའི་སྤྱི་ཚོགས་བརྒྱུད་ལམ་གྱི་འཕྲུལ་རིགས་མ་ལག་ཞིབ་འཇུག་དང་འབྲེལ་བའི་(Techcrunch) དྲ་རྒྱའི་སྟེང་སྤེལ་བའི་གནས་ཚུལ་ནང་། རྒྱ་ནག་གིས་བཟོས་པའི་ཀི་ལིང་བརྙན་འཕྲིན་བཟོ་སྐྲུན་མ་ལག་གིས་ཆབ་སྲིད་དང་འབྲེལ་བའི་བརྗོད་གཞི་འགའ་ཞིག་གི་སྐོར་ནས་བརྙན་ཐུང་རྩ་བ་ནས་བཟོ་སྐྲུན་བྱེད་ཐུབ་ཀྱི་མེད། དཔེར་ན་རྒྱ་ནག་ནང་མང་གཙོ་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ལམ་ལ་འགྲོ་བཞིན་པ། དྲུག་བཞིའི་དོན་རྐྱེན་སོགས་ཡི་གེ་ལ་བཏགས་ནས་བརྙན་བཟོ་ཐབས་བྱེད་སྐབས་ངེས་གཏན་མེད་པའི་ནོར་འཁྲུལ་ཅན་གྱི་བརྡ་སྟོན་གྱི་ཡོད་སྐོར་དང་། ཡང་ད་ལྟ་རྒྱ་ནག་གི་ཀི་ལིང་བརྙན་འཕྲིན་བཟོ་སྐྲུན་མ་ལག་ནང་ཆབ་སྲིད་ཀྱི་ཚོར་བ་སྐྱེན་པའི་གནད་དོན་རིགས་བཀག་འགོག་བྱས་པ་ནི། རྒྱ་ནག་གཞུང་གིས་རྒྱལ་ནང་དུ་མིས་བཟོས་རིག་ནུས་( AI )དང་འབྲེལ་བའི་བཟོ་སྐྲུན་རང་བཞིན་གྱི་ལས་འཆར་ཁག་ལ་ཆབ་སྲིད་ཀྱི་གནོན་ཤུགས་ཆེན་པོ་སྤྲད་པའི་རྐྱེན་གྱིས་ཡིན་སྲིད་སྐོར་ཡང་བརྗོད་འདུག
ཟླ་འདིའི་ཟླ་མགོར་དབྱིན་ཇིའི་དཔལ་འབྱོར་དུས་བབ་ (Financial Times) གསར་ཁང་གིས་སྙན་ཐོ་བཏོན་པ་ལྟར་ན། རྒྱ་ནག་གི་མིས་བཟོས་རིག་ནུས་ (AI) ཀྱི་བཟོ་བཀོད་རྣམས་ལ་རྒྱ་ནག་གི་དྲ་རྒྱའི་སྟངས་འཛིན་ལྷན་ཁང་གཙོ་བོ་སྟེ། རྒྱ་ནག་གི་དྲ་རྒྱའི་འཛིན་སྐྱོང་ལྷན་ཁང་ (CAC) གིས་བརྟག་དཔྱད་གཏོང་གི་ཡོད་པ་དང་། རྒྱ་ནག་གི་མིས་བཟོས་རིག་ནུས་ལས་གཞི་དང་འབྲེལ་བའི་མཉེན་ཆས་དང་དྲ་ཚིགས་སོགས་སུ་ཞི་ཅིན་ཕིན་གཙོ་བོར་བཞག་པའི་གཞི་རྩའི་སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ཟེར་བ་ལྡན་ཡོད་མེད་ངེས་གཏན་བཟོ་ཡི་ཡོད་ཅིང་། རྒྱ་ནག་ནང་མིས་བཟོས་རིག་ནུས་བཟོ་བཀོད་དེ་དག་ལག་བསྟར་ཐུབ་པར་རྒྱ་ནག་དབུས་དྲ་རྒྱའི་འཛིན་སྐྱོང་ལྷན་ཁང་(CAC) གི་ལས་བྱེད་རྣམས་ཀྱི་དྲི་བ་སྣ་ཚོགས་ལ་ལན་འདེབས་རིམ་པ་བྱས་ནས་ཚད་གཞི་བཟོ་ཡི་ཡོད་པ་མ་ཟད། རྒྱ་ནག་དབུས་དྲ་རྒྱའི་འཛིན་སྐྱོང་ལྷན་ཁང་གིས་མིས་བཟོས་རིག་ནུས་བཟོ་བཀོད་སྦྱོང་བརྡར་སྤྲོད་སྐབས་བེད་སྤྱོད་བྱེད་མི་ཆོག་པའི་ཡོངས་ཁྱབ་ཀྱི་མིང་ཐོ་ནག་པོ་ཞིག་ཀྱང་བཏོན་ཡོད་འདུག
ཡང་རེའུ་ཊར་གསར་ཁང་གི་གནས་ཚུལ་ལྟར་ན། རྒྱ་ནག་གཞུང་གིས་མིས་བཟོས་རིག་ནུས་ཀྱི་དཔེ་མཚོན་ལ་སྦྱོང་བརྡར་སྤྲོད་པར་བེད་སྤྱོད་གཏོང་མི་རུང་བའི་ཡིག་ཆའི་ཐོ་ནག་ཅིག་ཀྱང་བཟོས་ཡོད་པ་དང་། དཔྱད་ཞིབ་ཆེད་དུ་དཔེ་མཚོན་འབུལ་མཁན་གྱི་ཁེ་ལས་ཀྱིས་ངེས་པར་དུ་འདྲི་གཞི་ཁྲི་མ་འབུམ་མང་པོ་གྲ་སྒྲིག་བྱས་ཏེ་འདྲི་གཞི་དེ་དག་གིས་བདེ་འཇགས་ཀྱི་ལན་འདེབས་བྱེད་ཐུབ་མིན་བརྟག་དཔྱད་བྱེད་དགོས་ཤིང་། དེའི་མཇུག་འབྲས་སུ་རྒྱ་ནག་གི་སྒྲིག་འཛུགས་ཁག་ལ་ཁོང་ཁྲོ་སློང་སྲིད་པའི་བརྗོད་གཞི་ལ་མིས་བཟོས་རིག་ནུས་ཀྱིས་ལན་འདེབས་བྱེད་མི་ཐུབ་པ་ཆགས་ཡོད། འདས་ལོར་བྷི་བྷི་སི་གསར་ཁང་གིས་ཤེས་རྟོགས་བྱུང་བ་ལྟར་ན། རྒྱ་ནག་གི་པའེ་ཏུའུ་ (Baidu) ཁེ་ལས་ཀྱིས་བཟོས་པའི་སྐད་ཆ་ཤོད་ཐུབ་པའི་མིས་བཟོས་རིག་ནུས་ཀྱི་འཕྲུལ་ཆས་ལ་ཤར་ཊུ་ཀི་སི་ཐན་ནི་ས་ཆ་ཡག་པོ་ཞིག་ཡིན་ནམ། བོད་ནི་ས་ཆ་ཡག་པོ་ཞིག་ཡིན་ནམ་ལྟ་བུའི་ཆབ་སྲིད་ཐོག་ནས་རྩོད་རྙོག་སློང་སྲིད་པའི་དྲི་བ་འདྲི་སྐབས་འགག་པ་དང་ནོར་འཁྲུལ་ཡིན་པའི་དགག་བྱ་སོགས་འདོན་གྱི་ཡོད་ལ། རྒྱ་ནག་གི་མིས་བཟོས་རིག་ནུས་ཀྱི་ལས་གཞིའི་ཁྲོད་ཞི་ཅིན་ཕིན་དང་དམར་ཤོག་ཚོགས་པར་སྐྱོན་བརྗོད་དང་འབྲེལ་བ་ཡོད་པའི་ཚིག་གཅིག་ཀྱང་ཡོང་ཆོག་གི་མེད་པ་རེད།
གསར་འགོད་པ། སྐལ་བཟང་སྦྱིན་པ།