མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མི་ཚེའི་ཉིན་དང་སྲིབ།

བོད་ཀྱི་དུས་བབ།
༢༠༢༤/༡༡/༢༨
Share on FacebookShare on TwitterShare on EmailShare on Whatsapp

བླ་གཡུ།

A vintage bookstore with rows of old books
By Bijac

ཟླ་གྲངས་འདི་དག་གི་ཡུན་ལ། ངའི་མལ་གྱི་རྨི་ལམ་དུ་དཔེ་ཀློག་གི་བརྡབ་གསིག་ཡང་ཡང་བཏང་ཡོང་། དེ་ལ་རྒྱུ་དང་རྐྱེན་མང་དག་ཅིག་ཡོད་སྲིད་ནའང་། དཔེ་ཀློག་ལ་བློ་ཤོར་ཞིང་དེས་བསླུ་བྲིད་ཐེབས་ཏེ་སེམས་པ་བླང་བླང་པོར་བྱས་པ་དེ་འདྲ་ཡེ་ནས་ཡིན་མི་སྲིད། ཅིག་བྱས་ན་ཆུང་ངུ་ནས་མ་བསྐུལ་དང་བླངས་ཀྱིས་རང་གི་ཕྲག་པར་བཀལ་བའི་འགན་འཁུར་བཅོས་མའི་རིགས་དེས་འཇིགས་ཟིལ་དང་དཔུང་ཤེད་དེ་ལ་ཐུག་མདོག་ཁ། ཉིན་ཞག་ཕྲུགས་གཅིག་གི་ཞོགས་པ་རེ་རེར་ཁ་པར་གྱི་ཅུང་སྒྲས་བསྐུལ་ཏེ་མལ་ལས་སད་ཡོང་དུས། ཐོག་མར་ངའི་མིག་ལམ་དུ་རབ་རིབ་ངང་བརྒྱུད་ཡོང་བ་ནི་སྒེའུ་ཁུང་ཟུར་གྱི་མདུན་གློག་དང་། མདུན་གློག་འཁྲིས་སུ་གཅར་དུ་བཀྲམས་པའི་བཀླགས་འཕྲོར་ལུས་པའི་དཔེ་དེབ་དེ་དག་རེད། མིའི་གྲལ་དུ་ཀུ་རེ་ལབ་ནས་འོས་མེད་དུ་བཟོས་པ་ལྟ་བུའི་རང་གི་རྣམ་རིག་ཇེ་གསལ་དུ་གྱུར་པ་ན། ད་གདོད་རྨི་ལམ་གྱི་མངོན་གྱུར་དེ་དག་ལ་སླར་ཡང་བདེན་པའི་ངོ་རིས་འཕྲོད་དེ། དར་ཅིག་ལ་སྨྲེང་ཤུར་ཤུར་ངང་དཔེ་དེབ་དེ་དག་ལ་ཁ་གཏད་དེ་ཅེ་རེར་ལྟ་ཞིང་། མིག་ལྕིབས་འགུལ་བའི་རང་དབང་ཡང་མི་སྟེར།

ངའི་ཕྲུགས་གཅིག་གི་ཞོགས་པ་ནི་སྤྱིར་དཀྱུས་མའི་གྲས་སུ་གཏོགས་ཏེ། ཆོས་ལུགས་ལ་དད་མོས་བྱེད་པའི་མི་ཕལ་མོ་ཆེ་དང་འདྲ་བར་མལ་ལངས་པའི་མོད་ལ་མཆོད་སྟེགས་སུ་བཤམས་པའི་རྟེན་གྱི་དྲུང་དུ་ཡོན་ཆབ་ཕུལ་བ་དང་། གཙང་སེང་ངེ་བའི་བདུག་སྤོས་ཀྱི་རིམ་གྲོ་སོགས་ཀྱང་གང་ཡང་མེད་ལ། དུས་ཚོད་ནས་དུས་ཚོད་བསྲིངས་ཏེ་དད་པ་དང་ལུས་པོ་ཡོད་ཚད་ཐམ་ཐོམ་མེར་བྱེད་ངེས་པའི་ཤོག་ལྡེབ་མང་བོ་ཅན་གྱི་ཁ་ཏོན་ཡང་མེད། དབང་པོ་གྲིམ་ཞིང་སྒྲིན་པ་མ་ཡིན་ཞིང་ངང་རྒྱུད་རིང་པོ་ཞེ་དྲག་མེད་པ། འཚོ་བ་སྟབས་བདེ་བའི་རིགས་སུ་གཏོགས་པའི་མི་དག་ལ་གསོལ་རས་སུ་བྱིན་པའི་ཚིགས་བཅད་དུམ་བུ་དང་། འཁྱོས་མ་ལ་བཀལ་ནས་འོངས་པའི་པོ་ཏི་ཕྲ་ལ་རིང་བ་མང་པོ་ཞིག་གི་སྙིང་པོ་བསྡུས་པའི་གཟུངས་སྔགས་སོགས་ཀྱང་ཁ་ཏོན་དུ་གྱེར་པ་ཡེ་ནས་མེད། མཆོད་སྟེགས་སུ་རྗེ་བཙུན་འཇམ་དབྱངས་ཀྱི་སྐུའི་དྲུང་དུ་གློག་གི་མཆོད་མེ་ངན་ནེ་བ་ཞིག་ཡོད་པའི་སྐུད་སྣེ་དེ་སྔས་འགྲམ་གྱི་མདུན་གློག་དང་རྐྱ་བསྒྲིལ་ནས་བསྒར་གདན་དུ་སྤྲེལ་ནས་ཡོད་ཅིང་། མལ་ལས་ལངས་སྐབས་བསྒར་གདན་ངོས་ཀྱི་གློག་གི་གཏོང་འཛིན་དེ་ལ་རྐང་མཛུབ་ཀྱིས་ག་ལེར་མནན་ཙམ་བྱས་ཚེ་ལྷ་དང་མིའི་གྲིབ་མདངས་དུས་གཅིག་ལ་ཇེ་གསལ་དུ་གཏོང་ཞིང་། ཉིན་གཅིག་གི་ཆོ་འཕྲུལ་ཐམས་ཅད་ཀྱང་གཅིག་གིས་གཅིག་ལ་སྤྲེལ་ནས་སླེབས་ཡོང་།

སྒེའུ་ཁུང་ག་ལེར་ཕྱེ་ནས་ཕྱི་རོལ་ཏུ་ཅེར་ནས་སྡོད་དུས་ཟླ་དགུ་བའི་ཆར་ཞོད་ཀྱིས་བྱབས་ཁྲུས་བྱེད་བཞིན་པའི་ལྡེམ་ལྕུག་ལྕུག་གི་ཤིང་གི་ཡལ་ག་དང་། ཁེར་ཧྲེང་དུ་འགྲེང་བའི་ལམ་འགྲམ་གྱི་གློག་སྡོང་། གློག་སྡོང་ངོས་སུ་སྐུད་པ་དེ་དག་སྡོམ་རྒྱ་བཞིན་དུ་གཅིག་གིས་གཅིག་ལ་འཁྲིས་ཤིང་འཛིང་བའི་བཀོད་པ། གསལ་ལ་མི་གསལ་བའི་འཁྲིས་ཀྱི་ཁམས་ཚན་དེའི་རྒྱབ་ཕིབས་ཀྱི་བྱ་འདབ་ལ་གཟར་བའི་གཡེར་ཁ་དེའང་མཐོང་ཡོང་། ཤིང་གི་ཡལ་ག་དེ་དག་ནས་ཟགས་ཏེ་ཆུ་རྐ་ཆེ་ཆུང་གི་ནང་བྱོ་བའི་ཤག་སྒྲ་དང་། དེ་དང་མཉམ་དུ་གཡས་གཡོན་ནས་མལ་ལས་སྐུལ་བའི་ཅུང་བརྡ་བརྡུངས་པའི་ཏིང་སྒྲའི་གྲག་འགུལ་དེ་དག་ཀྱང་རྣ་བའི་ཡོལ་གོར་ལྷུང་ཡོང་། ད་དུང་ཆར་ཟིམ་འདྲེས་མའི་རླུང་བུ་བསིལ་མོ་ཞིག་ལུས་ཀྱི་བ་སྤུའི་བུ་ག་བརྒྱུད་ནས་རུས་དང་རྐང་ལ་དལ་བུར་ཟུག་སྟེ། ལུས་ཧྲིལ་བོ་དར་ཅིག་ལ་བདེ་ཕྲིལ་ཕྲིལ་བྱས་སོང་། མཐོང་ཐོས་དེ་དག་གིས་ནི་རང་གི་ཉིན་རེའི་ཞོགས་པ་རེ་རེ་དང་། ཉི་མ་རེ་རེའི་གྲག་འགུལ་གཞན་དག་ཀྱང་འགོ་རྩོམ་ཞིང་། རང་གི་གྲིབ་མདངས་རབ་རིབ་དེ་ཀའང་ཇེ་གསལ་ནས་ཇེ་གསལ་ལ་བཏང་ཡོང་།

ནམ་རྒྱུན་ལྟར་མལ་ལས་ལངས་ནས་གདོང་པ་ཆུས་རློན་ཙམ་བྱས་ཏེ། ཅི་ཞིག་གི་རྗེས་སུ་ལུས་དོགས་པའི་བྲེལ་བྲེལ་འཚུབ་འཚུབ་ཡང་མེད་ལ། ཅི་ལ་ཡང་སྙིང་པོ་མེད་པ་ལྟ་བུའི་སྒྱིད་ལུག་དེ་འདྲ་ཡང་མེད་པར་འོས་ཤིང་འཚམ་པའི་དར་སྐུད་ཅིག་ལ་འཇུས་ནས་དཔེ་འཛིན་ཐན་ཐུན་རེ་བྱས། ཡང་ཞོགས་ཇའི་བར་གླེགས་ནས་དྲ་བའི་བར་ཁྱམས་ཀུན་ཏུ་གོམ་འགྲོས་རེ་བྱས། གྲོགས་པོ་དག་གི་དྲ་རྩོམ་ལ་ཞབས་མཆན་ཡིག་རྫོབ་རེ་བྲིས། ཡང་ཆོས་རར་སོང་ནས་སྣང་སྲིད་ཧྲིལ་བོ་ཐལ་སྐོར་གཅིག་གི་འོག་ནས་འགྱེལ་འགྲོ་སྙམ་པའི་རྟོག་གེ་བའི་སྣང་བ་ཞིག་ཁྱེར་ཏེ། ཆོས་ཉིད་ལ་འཕྲོད་དང་མི་འཕྲོད་དང་ལན་པོ་ཡོད་མེད་ཅི་ལྟར་ཡང་རིགས་པ་མགོ་མཚུངས་རེ་དང་། ལུང་ཐོ་ཐར་ཐོར་རེས་ཉི་མ་སྐྱེལ་བཞིན་ཡོད་ཅིང་། ཉིན་སྔ་རྒྱབ་གཉིས་ལ་དུས་ཀྱི་བསིལ་དྲོ་མཐོ་དམའ་ཙམ་ལས་འགྲོ་འདུག་ལ་ཧེམ་བག་ཡེ་ནས་མེད། འདི་ལྟར་འཚོ་བ་ངན་ནེ་ཞིག་ཡང་དང་བསྐྱར་དུ་བཟླས་ཏེ་ལོ་ཟླའི་ཁུག་སོ་མང་བོ་ཞིག་ཐག་རིང་ཐག་རིང་ཞིག་ལ་སྐྱེལ་བ་ཡིན།

ངས་དེ་ལྟར་ཉི་མ་རེ་རེ་དང་ཟླ་བ་རེ་རེ། ལོ་ཡི་འཁོར་བསྐྱོད་རེ་རེ་ལ་ཆད་མེད་དུ་རྒྱུན་འཁྱོངས་བྱས་ཏེ་འཚོ་བ་དེ་ག་ཙམ་ཞིག་བསྐྱར་བཟླས་མང་བོ་བྱས་ཤིང་། ཕོ་ལོ་ཉི་ཤུ་རྩ་གྲངས་ཀྱི་གྲག་འགུལ་ཐམས་ཅད་ཀྱང་སྒོ་ཕྱི་ནང་གི་རྒྱ་ཁྱོན་ཙམ་ལས་བརྒལ་མ་ཐུབ་ལ། མི་ཚེ་ཡི་ཡལ་འདབ་དག་ཀྱང་འགུལ་སྐྱོད་དེ་དང་མཐུན་པ་ཞིག་ལས་བྱས་ཐུབ་མེད། ཡིན་ན་ཡང་། ངས་ད་བར་དུ་དེ་ལ་སོས་དལ་བྱས་ཏེ་སྣང་འཇོག་ཡེ་ནས་བྱས་མེད་པ་འདྲ། མི་ཚེ་ནི་དེ་འདྲའི་ཀྱལ་ཁ་ཆུང་ཆུང་གི་ཁྲོད་ནས་འཁྱུག་ཙམ་གྱིས་ཤོར་འགྲོ་བ་ཞིག་རེད། དེ་བས་ཁ་ཁུ་སིམ་པོར་ལུས་པའི་ལུང་པ་འགོལ་བོ་ཞིག་ནས་རང་གི་ནར་སོན་གྱི་ཉིན་སྲིབ་རེ་རེ་ལ་གླེང་རིན་ཡོད་པ་དང་མེད་པ་ཐམས་ཅད་ལ་ཁོག་རྩིས་རྒྱབ་དགོས་ཁེལ་ལ། རང་གི་འདོད་མོས་ལྟར་འཁྱར་ཡན་བྱས་ཏེ་བསམ་ཐོག་ལ་མ་བབས་པའི་དོན་དག་མང་བོ་ཞིག་ལ་འཁང་ར་དང་རེ་ཆད་ལྟ་བུའི་རྣམ་འགྱུར་ཡང་ཡང་སྟོན་དགོས་ཐུག་སོང་།

ད་སྔོན་དཔེ་ཀློག་ལ་གོམས་འདྲིས་ཡོང་བ་དང་སྤྲོ་སྣང་བག་ཙམ་རེ་ཡོང་བའི་ཆེད་དུ་དེ་འབྲེལ་གྱི་གསུང་བཤད་དང་དཔེ་དེབ་ཁ་ཤས་ལ་བལྟ་རྒྱུ་ཨུ་ཚུགས་བྱེད་མྱོང་། དཔེ་ཀློག་སྐོར་གྱི་མྱོང་གོམས་དང་མཐོང་ཐོས་བྲིས་པའི་དཔེ་དེབ་དང་དྲ་རྩོམ་མང་བོར་དཔེ་ཀློག་གི་འཁོར་ཡུག་དང་གཟུར་གནས་ཀྱི་སེམས་ཁམས་གཉིས་བྲིས་འདུག འཁོར་ཡུག་དང་སེམས་ཁམས་གཉིས་ནི་མིག་དང་མིག་གི་རྫི་མ་བཞིན་དུ་དཔེ་ཀློག་དང་མཉམ་དུ་གཤིབས་ནས་ཡོད་ཅིང་། ལུས་དང་ལུས་ཀྱི་ཡན་ལག་ཇི་བཞིན་ཕན་ཚུན་ལ་བརྟེན་ནས་ཡོད་ཅེས་བཤད་འདུག དཔེ་ཀློག་གི་འཁོར་ཡུག་ལྷིག་འཇགས་སེ་བ་ཞིག་དང་འཕྲད་དེ་གཟུ་བོར་གནས་པའི་སེམས་ཁམས་གཙང་སང་ངེ་བ་ཞིག་གིས་ལྟ་ཐུབ་ཚེ། མཁའ་འགྲོ་མའི་བྱིན་རླབས་བབས་པའི་མཁའ་འགྲོའི་བརྡ་ཡིག་སོགས་ཀྱང་དེ་འདྲའི་དཀའ་སེ་བ་ཞིག་མིན་རབས་བྲིས་འདུག འོན་ཀྱང་། དེ་དག་ནི་ང་ལ་འབྲེལ་བ་ཡེ་ནས་མེད་པ་འདྲ།

དེ་ལྟར་ཡིད་ཙམ་གྱིས་ཆར་ཞོད་དེ་ཡང་རིམ་གྱིས་ཆད་ཅིང་ཟམ་ཟིམ་དུ་གྱུར་པ་ན། གླལ་སྒྱིང་ཞིག་བྱས་ཏེ་ང་རང་རྐུབ་སྟེགས་རྒྱབ་སྙེ་ཅན་ལ་ལོག་པ་ན་བཀླགས་འཕྲོར་ལུས་པའི་དེབ་དེ་དག་སླར་ཡང་མིག་ལམ་དུ་མངོན་ཡོང་ཞིང་། དེ་དག་ལས་དེབ་གང་ཞིག་ལ་བལྟ་དགོས་མིན་ཐད་ལའང་བསམ་བློ་གཏང་དགོས་ཐུག་སོང་། དེའི་ནང་ནས་《བཀའ་གདམས་པའི་གསུང་གཅེས་བཏུས》 ཞེས་པའི་དེབ་དེ་བལྟ་སྙིང་ཆེས་སྤྲོ་བའི་དེབ་དེ་ཡིན། འདོད་པ་དེ་ཡང་དཔེ་ཀློག་གིས་བསླུ་བྲིད་བཟོས་པ་དེ་འདྲ་གཏན་ནས་མ་ཡིན་པར་དཔེ་དེབ་དེར་འཚོ་བ་དངོས་ཀྱི་གནས་ལུགས་ཆེ་དགུ་ཆུང་དགུ་འབེལ་བོ་ཞིག་མཛུབ་མོ་རི་སྟོན་གྱིས་ཚིག་ཉུང་ངུར་བཅད་ནས་བྲིས་འདུག་པའི་དབང་གིས་རེད། དེ་ནི་ང་ལྟ་བུ་མི་སྒྱིད་ལུག་ཚིག་ཉུང་ཉུང་དང་པོ་ཏི་ཆུང་ཆུང་དག་ལ་མོས་མཁན་ཚོར་འོས་ཤིང་འཚམ་པ་ཞིག་རེད་དྲན། ངས་ཡང་ཡང་རྣམ་འགྱུར་རྫུས་མ་ཞིག་ཁྱེར་ནས་ཚིག་འབྲི་དེ་དག་ལ་ཞིབ་ཏུ་བལྟས་པ་ཡིན། ཡིན་ན་ཡང་། ཚིག་དུམ་ཞིག་གིས་ངའི་སེམས་པ་གྲང་ཤུར་ཤུར་སེ་བཟོས་སོང་།

ཤོག་ལྷེབ་ཅིག་གི་ངོས་ནས། “གདམས་ངག་ལ་ནང་བྱན་ཆུད་པ་ནི་བེའུ་བུམ་ལག་མཐིལ་ཙམ་ཞིག་ལ་ངེས་པ་རྙེད་པ་ལ་མི་ཟེར་གྱི། གསུང་རབ་ཐམས་ཅད་གདམས་ངག་ཏུ་གོ་བ་ལ་ཟེར།” ཞེས་པ་ཞིག་མཐོང་བྱུང་། དེ་ནི་ཇོ་བོ་རྗེའི་བུ་སློབ་ཀྱི་གྲས་ནས་སྒོམ་གྱི་རྣལ་འབྱོར་ལ་སྐད་གྲག་ཆེ་བའི་རྣལ་འབྱོར་བ་བྱང་ཆུབ་རིན་ཆེན་གྱི་གསུང་དུམ་ཞིག་རེད། ཚིག་དུམ་འདིས་ང་དང་ང་ལྟ་བུ་ཚོར་མཛུབ་མོ་ཀེར་ནས་ཟུར་ཟ་ཞིག་བྱེད་ཀྱིན་པ་འདྲ་ལ། ཞོགས་པ་འདིའི་ལྷིང་འཇགས་ལ་ཡང་ཟང་ཟིང་གི་གྲག་འགུལ་གཞན་ཞིག་བཟོ་བཞིན་ཡོད་འདུག བེའུ་བུམ་ནི་དག་ཡིག་ཁག་ཏུ”མན་ངག་ཕྲན་བུ་སྡེབ་པའི་པོ་ཏི་ཆུང་བའི་མིང་”ཞེས་བྲིས་འདུག བཤད་རྒྱུན་ཞིག་ལ། “ཇོ་བོ་བཀའ་གདམས་པའི་གསུང་བཏུས་ཟེར་བ་འདི་ཀློག་པའི་ཚེ་ན་སྐྱིད་སྣང་ཆེ་ཡང་། རང་ཐོག་ལ་བསྐོར་ན་འདིས་མི་ཉན་ཟེར”བ་ནི་ཤིན་ཏུ་བདེན་པར་འདུག་སྙམ་བྱུང་།

དཔེ་དེབ་ཧྲིལ་བོ་དེའི་ནང་ལ་ཚིག་དུམ་ཐུང་ངུ་ཞིག་ལ་འཚོ་བའི་ཉེར་མཁོ་མང་བོ་ཞིག་ཆེས་སྟབས་བདེ་ཞིང་བཀླག་སྙིང་འདོད་པ་དེ་འདྲ་མང་བོ་འདུག གཞན་ལ་བཤད་ཀྱང་གནས་ལུགས་སུ་བགྲང་ཆོག་པ་དང་། རང་ལ་བསྐོར་ནའང་ཤོག་བུ་སྣུམ་གྱིས་ཟིན་པ་ཇི་བཞིན་ཁ་རི་ཁ་ཐུག་སེམས་ལ་ཟུག་འགྲོ་བ་དེ་འདྲ་ཡང་མང་བོ་འདུག ཡིན་ན་ཡང་། དེ་དག་ལས་གོང་གི་ཚིག་དུམ་དེ་དྲན་འཛིན་ལས་ཡལ་མེད་པར་བསམ་ན་ང་ཡང་བེའུ་བུམ་ལག་མཐིལ་ཙམ་ལ་ཤིན་ཏུ་མོས་པའི་གཤིས་ཀ་ཞིག་ཡོད་པ་གསལ་འདེབས་བྱེད་བཞིན་ཡོད་མདོག་ཁའོ། ། དངོས་གནས་དེ་འདྲ་རེད། ང་དེབ་རྒན་འཁྱོས་མ་ལ་བཀལ་ནའང་ཐེག་དཀའ་བའི་དེབ་རིགས་དེ་གཏན་ནས་བཀླག་སྙིང་སྤྲོ་བོ་མེད། གཉུག་གཤིས་ཁོ་རང་ལ་དཔེ་ཀློག་གི་འདུ་ཤེས་མེད་ཙང་དེའི་ཁར་རྟ་ཁལ་མཛོ་ཁལ་ལྟ་བུའི་པོ་ཏི་ཆེན་པོ་རྔམ་མཐུག་པོ་དེ་དག་བཀླག་དགོས་བྱུང་ཚེ་སྟབས་གཅིག་ལ་ཉོབ་ཏོ་ཆགས་ཡོང་།

ངས་ད་སྔོན་བཀླགས་ཟིན་པའི་ཁྲོད་དུ་པོ་ཏི་ཆེན་པོ་རྔམ་ཁ་མ་མཐུག་ན་མི་སྲབ་པ་མང་བོ་ཡོད་མོད། དེ་དག་ཐམས་ཅད་བྱིས་པ་རྩེད་ཆས་ལ་གཡེང་བ་བཞིན་དུ་བཀླགས་པ་ཕལ་ཆེར་མེད་ཟེར་ཆོག ཕྲན་བུ་བཀླགས་ཟིན་པ་དེ་ཡང་ཨུ་ཚུགས་དང་གཞན་གྱི་ཟེར་སྒྲོས་བསྟོད་ར་སོགས་ལ་བརྟེན་ནས་ཟོལ་རྫུ་འབའ་ཞིག་གིས་བཀླགས་པ་ལས་གཞན་ཅི་ཡང་མེད། དེ་བས་དཔེ་དེབ་རེ་བཀླགས་པའི་སྐས་མཚམས་རེ་ལ་དཀའ་ལས་རྒྱབ་སོང་སྙམ་པའི་ཡུས་སྡུག་ཀྱང་མང་བོ་ཡོང་གི་འདུག མཚམས་རེར་དཔེ་ཀློག་པ་ཞིག་ཡིན་པའི་ཟོལ་གྱིས་དཔེ་ཀློག་གི་བྱ་འགུལ་གང་མང་ལ་ཞུགས། གྲོགས་པོ་དག་ལ་ཡང་དཔེ་དེབ་བཀླག་དགོས་ལྟ་བུའི་སྐད་ཆ་ཆེས་རྫུས་མ་མང་བོ་སྨྲས་མྱོང་ཡོད། དོན་དངོས་སུ་ང་རང་དཔེ་ཀློག་ལ་མོས་པ་ཡེ་ནས་མེད། རྣམ་འགྱུར་དེ་དག་ནི་རང་གི་སེམས་ཀྱི་གོས་ཆེན་གྱི་འདབ་ལ་འགོས་པའི་ལྗན་ལྗིན་གྱི་རྣམ་པ་ཙམ་མ་ཡིན་པར་ཕྱི་ཤུན་བཀོག་པའི་རང་གི་ཆེས་དྭངས་མའི་གཉུག་གཤིས་དེ་ཀ་རང་ཡིན།

ངས་དཔེ་དེབ་མང་བོ་ཞིག་བཀླགས་འཕྲོ་བྱས་ནས་བསྐྱུར་མྱོང་། བཀླགས་འཕྲོ་བྱས་པའི་དཔེ་དེབ་དེ་དག་ནི་ང་རང་བཙན་བྱོལ་བ་ཞིག་ཆགས་རྗེས་འགན་འཁྲི་དང་དུས་ཚོད་འཕྲོ་བརླག་ཏུ་མ་བཏང་བའི་དན་རྟགས་ཕྲན་བུ་ཞིག་ཡིན་ལ། རང་གི་མི་ཚེའི་ཤོག་ཧྲིལ་དེ་ཕར་ལྷོགས་ཙམ་བྱས་ཚེ་མི་ཚེའི་ཚེ་ནོམ་དུ་ངོམས་རི་བ་ཡང་ལྷག་འཕྲོ་འདི་དག་ལས་གཞན་ཅི་ཡང་མེད་པ་འདྲ། ཕྱི་ཤུན་ལྟ་བུའི་རང་གི་ཟོལ་རྫུའི་སེང་རས་དེ་ཕར་བཤུས་ཚེ་འཕྲོ་ཅན་དུ་སོང་བའི་འདས་སོང་གི་བྱུང་བ་མང་བོ་ཞིག་ལ་ཡང་གནོང་འགྱོད་བྱེད་དགོས་ཁེལ་ལ། ཕན་ཚུན་ལ་སྐད་ཆ་བཤད་འཕྲོར་ལུས་པའི་ངོ་ཤེས་པ་ནས་ཆ་མེད་རྒྱུས་མེད་དུ་གྱུར་པའི་གྲོགས་པོ་མང་བོ་ཞིག་ཀྱང་དྲན་པའི་ཡོལ་གོར་འཛིན་དགོས་བྱུང་ཞིང་། མ་འོངས་པའི་རང་གི་ཚེ་སྲོག་གི་འོད་སྣང་མཐའ་མ་དེ་ལའང་ད་ལྟའི་བཀླགས་འཕྲོར་ལུས་པའི་དཔེ་དེབ་དེ་དག་ཇི་བཞིན་ཡོད་ཚད་བཤད་འཕྲོར་ལུས། ཟ་འཕྲོར་ལུས། འཐུང་འཕྲོར་ལུས་ནས་ཐག་རིང་ལ་ཁེར་ཧྲེང་གིས་འགྲུལ་བཞུད་བྱེད་བཞིན་པའི་གྲག་འགུལ་དེ་ལ་མནོ་བསམ་གཏང་དགོས་བྱུང་སོང་།

ཞིབ་རྩིས་ཤིག་རྒྱབ་ཡོང་ན། ལོ་འདི་དག་ལ་དཔེ་ཀློག་གི་གྲངས་དང་སྤུས་ཚད་སྔོན་མ་ཕ་ཡུལ་ལ་ཡོད་པའི་སྐབས་དང་བསྡུར་ཚེ་ཇེ་ཞན་དང་ཇེ་སྡུག་ལ་ཕྱིན་ཡོད་པ་འདྲ། ཕ་ཡུལ་ནས་བྲིས་པའི་རྩོམ་ཁ་ཤས་ད་སྐབས་ཀློག་ཚེ་རྩོམ་འདི་རང་གིས་བྲིས་པ་རེད་དམ་སྙམ་པའི་སོམ་ཉི་ཡང་ཡང་འཁོར་ཞིང་། ཚིག་གི་སྦྱོར་ཚུལ་དང་ཐ་སྙད་འདེམས་སྒྲུག་སོགས་ལ་ནི་ང་རང་ཡང་ཡིད་སྨོན་ཕྲན་བུ་རེ་སྐྱེ་ཡི་འདུག འོན་ཀྱང་། དོན་དག་དེ་ང་གཅིག་པོ་ལ་ལེ་བདའ་བྱེད་འོས་པ་ཞིག་མ་རེད། རང་གི་འཁྲིས་སུ་རང་གི་བློ་ཁ་དང་མཐུན་པའི་མཁོ་སོད་པའི་དཔེ་དེབ་ཀློག་ས་མེད་ལ། བཀླག་སྙིང་འདོད་པའི་དཔེ་དེབ་ཁ་ཤས་ནི་རིན་གོང་འཕར་ཚད་ཆེ་ནས་རང་གི་ཟླ་གཅིག་རིང་གི་འཚོ་བའི་ཉེར་མཁོ་སྐུང་བའི་དངོས་པོ་རྩག་རྩིག་ཐམས་ཅད་ལས་ཀྱང་བླུ་ཡོན་ཆེ་བ་བཟོས་འདུག་པས། ང་ལྟ་བུས་འདོད་པ་དང་སྙིང་ཁམས་གཉིས་ཆ་ནས་ཡོང་བ་མི་འདུག

དུས་ཀྱི་འགྱུར་འགྲོས་ཇེ་མགྱོགས་ནས་ཇེ་མགྱོགས་སུ་ཕྱིན་པ་དང་འབྲེལ་ནས་མི་ཐམས་ཅད་ཅི་ཞིག་གི་རྗེས་ལ་ལུས་དོགས་ཀྱིས་བྲེལ་འཚུབ་ལངས་ཤིང་། འཚོ་བ་དང་དགའ་མོས་ཀུན་ཀྱང་འུར་ཆིལ་ལེ་ཟ་ང་ཟིང་ངེ་ཞིག་ཏུ་བཏང་ཡོད་ཚོད་འདུག བྲེལ་ཟིང་དེའི་ཁྲོད་ནས་ངས་ཀྱང་གནོན་ཤུགས་རེས་མོས་ཀྱིས་མྱངས་ཏེ་དགའ་ཕྱོགས་སྣ་ཚོགས་བོར་བརླག་ཏུ་ཕྱིན་ཅིང་། དགོས་མཁོ་མི་འདྲ་བའི་རིག་གནས་སྣ་མང་གིས་བསླུ་བྲིད་ཐེབས་ཏེ་དཔེ་དེབ་མང་དག་ཅིག་ཀྱང་བླུས་པ་ནས་བཀླགས་འཕྲོ་ཅན་ཞིག་ཏུ་བཏང་བ་ཡིན། དཔེ་དེབ་ཀྱི་ཚོས་གཞི་མི་འདྲ་ཞིང་ནང་དོན་གྱི་འཚོ་བའི་གྲིབ་རིས་ཀྱང་ཡེ་ནས་མ་འདྲ་བ་ཞིག་ཏུ་གྱུར་རྗེས། ངས་དཔེ་དེབ་སྣ་ཚོགས་ཤིག་བརྗེ་སྤོར་དང་བཀླགས་འཕྲོ་བྱེད་དགོས་བྱུང་སོང་། མདུན་ཅོག་ངོས་ཀྱི་ཕྱེད་ནག་པོ་བཟོས་པའི་བཀླགས་འཕྲོ་ཅན་གྱི་དཔེ་དེབ་དེ་དག་མཐོང་ཐེངས་རེ་རེར་ངས་རང་གི་གྲིབ་གཟུགས་ཁྲོད་ཀྱི་མི་ཚེ་ཧྲིལ་བོ་བོར་སྟོར་ཁྲོད་ནས་ཡལ་གྱིན་པ་མཐོང་ནའང་། ངས་དེ་ལ་འོས་ཤིང་འཚམ་པའི་ལེ་བདའ་ཞིག་བྱེད་རྩིས་སེམས་ལ་ཡེ་ནས་འཁོར་མ་མྱོང་།

ངས་དེ་ལྟར་བཀླགས་འཕྲོར་བསྐྱུར་པའི་དཔེ་དེབ་དག་ལ་ཁ་གཏད་ནས་ཅེར་ནས་སྡོད་དུས། ཆོས་རྗེ་ས་པཎ་གྱིས། “དྲན་ཚད་ལག་ཏུ་མ་ལེན། ལེན་ཚད་མགོ་ཐོན་པར་གྱིས།” ཞེས་སྐད་ཆ་དེ་དྲན་ཡོང་། སྐད་ཆ་དེ་བསམ་གཟས་ནས་ང་ལྟ་བུའི་ཡོད་ཚད་བཀླགས་འཕྲོར་བསྐྱུར་བའི་སྐྱེས་བུ་ཅོལ་ཆུང་གི་རིགས་ལ་ཆེད་དུ་གདམས་པ་ཡིན་ངེས། དེ་ལ་བརྟེན་ནས་ངས་རང་གི་སེམས་པ་དེ་ཟུར་དུ་བཀྱེད་དེ་རང་རྟོག་དང་དོ་གལ་མང་བོ་བྱས་པ་ཡིན། ཡིན་ན་ཡང་། རྟིང་མར་དཔེ་དེབ་མང་བོ་མང་བོ་ཞིག་བཀླགས་འཕྲོར་མི་བསྐྱུར་ཞེས་ཡིད་དམ་གཏན་ནས་བཅད་མེད། ངས་རང་གི་སེམས་ནས་ཁ་གཡོར་ས་འོས་འཚམ་རེ་བཙལ་ནས་གནས་སྐབས་མང་བོ་ཞིག་ལ་གཡོལ་གང་ཐུབ་བྱས་པ་ཡིན་ལ། མ་བཅོས་པའི་སོ་སོའི་བསྡུས་གཟུགས་དེ་ནི་རང་གི”ཚེ་སྲོག་གི་འགྱུར་ཁུག་དེའི་ཆེས་རྩ་ཆེ་བའི་དབྱངས་རྟ”ཞིག་ཏུ་འགྱུར་བར་རེ་ལྟོས་བྱེད་བཞིན་ཡོད། རྣམ་འགྱུར་དེས་ནི་རང་གི་འབྱུང་འགྱུར་གྱི་རྩིགས་ལྡེབས་སུ་ལས་སུ་བྱ་བ་ཧྲིལ་བོ་འཕྲོ་ཅན་དུ་ལུས་པའི་རྟེན་འབྲེལ་གྱི་སྐྱ་ཐིག་ཅིག་ཕབ་བཞིན་ཡོད་དམ།

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

ཆུ་ཚོད་ ༢༠ སྔོན་ལ།
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

ཆུ་ཚོད་ ༢༡ སྔོན་ལ།
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese