མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་གཞོན་ནུའི་མགོ་ཁྲིད་ཟབ་སྦྱོང་ཐེངས་ ༢༡ པ་འཚོག་གིན་འདུག

བོད་ཀྱི་དུས་བབ།
༢༠༢༤/༡༢/༠༤
Share on FacebookShare on TwitterShare on EmailShare on Whatsapp

༧སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་རིན་པོ་ཆེ་མཆོག་གིས་གཞོན་སྐྱེས་ཚོས་བོད་པའི་ཆོས་དང་རིག་གཞུང་སྲུང་སྐྱོབ་དགོས་རྒྱུ་ཧ་ཅང་གལ་ཆེན་ཡིན་པ་མ་ཟད་འཛམ་གླིང་སྤྱི་ལ་ལེགས་སྐྱེས་ཆེན་པོ་ཕུལ་ཐུབ་རྒྱུའི་ནུས་པ་ཡོད་ཅེས་གསུངས།

༧སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་རིན་པོ་ཆེ་མཆོག་གིས་བཀའ་སློབ་གནང་བཞིན་པ། པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་བྱས། ༢༠༢༤།༡༢།༠༣

ཁ་སང་ཕྱི་ཚེས་ ༣ ནས་ ༧ བར་ཉིན་གྲངས་ལྔའི་རིང་སྦེལ་ཀོབ་མཉམ་འབྲེལ་གྱི་ཚོགས་ཁང་དུ་བོད་ཀྱི་གཞོན་ནུའི་མགོ་ཁྲིད་ཟབ་སྦྱོང་ཐེངས་ ༢༡ པ་འཚོག་མུས་ཡིན་པ་ལྟར། ཁ་སང་ཕྱི་ཚེས་ ༣ ཉིན་བོད་ཀྱི་གཞོན་ནུའི་མགོ་ཁྲིད་ཟབ་སྦྱོང་ཐེངས་  ༢༡ པའི་དབུ་འབྱེད་མཛད་སྒོའི་སྟེང་སྐུ་མགྲོན་གཙོ་བོ་༧སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་རིན་པོ་ཆེ་མཆོག་དང་། དམིགས་བསལ་སྐུ་མགྲོན་གཞོན་ལྷན་དབུས་རྒྱུན་ཟུར་པ་དང་ཁྲིམས་ཞིབ་པ་ཟུར་པ་དྭགས་པོ་བསོད་ནམས་ནོར་བུ་ལགས་་དང་ཁྲིམས་དྲུང་ཟླ་བ་ཆོས་སྒྲོན་ལགས། དབུས་རྒྱུན་ཟུར་པ་དང་སྤྱི་འཐུས་ལས་ཐོག་ཆོས་འཕེལ་ཐུབ་བསྟན་ལགས་དང་དཀོན་མཆོག་ཡར་འཕེལ་ལགས། གཞིས་ཆགས་རྙིང་པའི་ས་གནས་མགོ་འཛིན་དགེ་ལེགས་འབྱུང་གནས་ལགས་དང་གཞིས་ཆགས་གསར་པའི་ས་གནས་མགོ་འཛིན་འཆི་མེད་ལགས།  དེ་བཞིན་སློབ་ཕྲུག་ ༣༠ ཙམ་མཉམ་ཞུགས་གནང་ཡོད་འདུག

དེ་རིང་འདི་གའི་གསར་འགོད་པས་ཁ་པར་བརྒྱུད་སྦེལ་ཀོབ་གཞོན་ནུའི་ཚོགས་གཙོ་ཐུབ་བསྟན་རབ་བརྟན་ལགས་སུ་ཟབ་སྦྱོང་འདི་འཚོགས་པའི་དགོས་དམིགས་གཙོ་བོ་གང་ཡིན་སྐོར་དྲིས་པར། ཁོང་གིས། ང་ཚོ་བོད་ཀྱི་ཆབ་དཔལ་རིག་གསུམ་གང་ཅིའི་ཆ་ནས་མ་འོངས་པར་མགོ་ཁྲིད་མཁན་དེ་ད་ལྟའི་ཆར་མཐོ་སློབ་ཏུ་འགྲིམས་བཞིན་པའི་ན་གཞོན་དེ་ཚོ་ཆགས་ཀྱི་ཡོད་པར་བརྟེན། ན་གཞོན་དེ་ཚོ་ལ་མགོ་ཁྲིད་ཟབ་སྦྱོང་སྤྲད་དེ་མ་འོངས་པར་སྣེ་ཁྲིད་ལེགས་པོར་བྱེད་ཐུབ་རྒྱུར་དམིགས་པ་ཞིག་ཡིན་པ་མ་ཟད། ད་ལྟ་མཐོ་སློབ་ཏུ་འགྲིམས་བཞིན་པའི་ན་གཞོན་མང་པོ་ཞིག་རྒྱ་གར་གྱི་མཐོ་སློབ་ཁག་ཏུ་སློབ་སྦྱོང་བྱེད་མུས་ཡིན་པས། བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་བརྗོད་གཞི་འདྲ་མིན་ཐོག་ཟབ་སྦྱོང་སྤྲད་ནས་ཁོང་ཚོར་བློ་སྐྱེད་གསར་པ་དང་སློབ་སྦྱོང་གསར་པ་རག་ཐུབ་རྒྱུའི་ཆེད་དུའང་དམིགས་པ་ཞིག་རེད། ཅེས་བརྗོད་བྱུང་།

དབུ་འབྱེད་མཛད་སྒོའི་སྟེང་༧སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་རིན་པོ་ཆེ་མཆོག་གིས། གཞོན་ནུ་ཚོགས་པའི་ངོས་ནས་བཙན་བྱོལ་གྱི་སྒྲིག་འཛུགས་ནང་དུ་མགོ་ཁྲིད་སྐྱེད་སྲིང་གནང་རྒྱུའི་ཐོག་ལ་རླབས་ཆེན་གྱི་ནུས་པ་འདོན་ཐུབ་ཡོད། རླབས་ཆེན་གྱི་ནུས་པ་དེ་མགོ་ཁྲིད་སྐྱེད་སྲིང་གི་ཟབ་སྦྱོང་འཚོགས་པ་ཙམ་མིན་པར། དངོས་ཡོད་རང་གི་ཐོག་ནས་བཙན་བྱོལ་དུ་ཞབས་འདེབས་རླབས་ཆེན་འབུལ་མཁན་གྱི་མགོ་ཁྲིད་མི་སྣ་མང་པོ་སྐྱེད་སྲིང་གནང་ཡོད། བཙན་བྱོལ་གྱི་སྒྲིག་འཛུགས། དགའ་ལྡན་ཕོ་བྲང་གི་ཞབས་ཕྱི་ཞུ་མཁན། དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་གལ་ཆེན་མང་པོའི་ནང་དུ་དབུ་ཁྲིད་མཁན་མང་པོ་ཞིག་གཞོན་ནུ་ལྷན་ཚོགས་འདིའི་ནང་ནས་འབུར་དུ་ཐོན་ནས་ཕེབས་པ་ཞིག་ཆགས་ཀྱི་ཡོད་པས། དངོས་ཡོད་གནས་ཚུལ་ལ་ཚོགས་པ་ཁག་གཞན་ལས་ལྷག་པའི་མགོ་ཁྲིད་མང་པོ་སྐྱེད་སྲིང་གནང་ཡོད་པས་རླབས་ཆེན་རེད་བསམ་གྱི་འདུག རྒྱབ་ལྗོངས་དེའི་ཐོག་ནས་གཞོན་ནུ་ལྷན་ཚོགས་ངོས་ནས་མགོ་ཁྲིད་ཟབ་སྦྱོང་འདི་འདྲ་ཞིག་གོ་སྒྲིག་གནང་བ་དེ་འོས་ཤིང་འཚམ་པ་ཞིག་རེད་བསམ་གྱི་འདུག ད་བར་མགོ་ཁྲིད་ཟབ་སྦྱོང་ཐེངས་ ༢༠ གནང་ཟིན་ནས་དེ་རིང་འདིར་ཐེངས་མ་ ༢༡ པ་དབུ་འཛུགས་ཀྱི་ཡོད། དེ་རིང་ནས་ཉིན་ལྔའི་རིང་ལ་མགོ་ཁྲིད་ཟབ་སྦྱོང་འདི་དངོས་གནས་ཀྱིས་ཐུགས་ཕན་གསོས་པ་དང་ཕན་ཐོགས་རླབས་ཆེན་ཡོང་རྒྱུའི་རེ་བ་ཞུ་ཡི་ཡོད། ཅེས་གསུངས།

རིན་པོ་ཆེ་མཆོག་གིས། ང་ཚོའི་སྤྱི་ཚོགས་དང་རྒྱལ་ཁབ་སོགས་བསམ་བློ་ག་རེ་བཏང་ཡང་མགོ་ཁྲིད་ཟེར་བ་དེ་གལ་ཆེན་པོ་ཆགས་ཡོད། ད་ལྟའི་ཆར་འཛམ་གླིང་ནང་འགྱུར་བ་མང་པོ་ཞེ་དྲགས་འགྲོ་ཡི་ཡོད། དཔེ་མཚོན་ཞུས་པ་ཡིན་ན། ད་ལྟའི་སྐབས་ལ་འཛམ་གླིང་གི་ཆབ་སྲིད་ཀྱི་འགྱུར་ཕྱོགས་དེ་དམངས་གཙོའི་འགྱུར་ཕྱོགས་གཅིག་ལ་ཁ་ཕྱོགས་ནས་འགྲོ་བཞིན་ཡོད། དེ་སྔོན་འཛམ་གླིང་ནང་དབང་ཆ་གཅིག་སྡུད་ཀྱི་ལམ་ལུགས་ཧ་ཅང་གི་དར་ཁྱབ་བྱུང་བ་དང་།  ད་ལྟ་སྤྱིའི་ཆ་ནས་འཛམ་གླིང་ནང་དམངས་གཙོ་འཕེལ་རྒྱས་ཀྱིས་འགྱུར་བ་ཆེན་པོ་འགྲོ་བཞིན་པ་དེ་ཡང་མི་སྣ་འགའ་ཤས་ཀྱིས་སྤྱི་ཚོགས་ཀྱི་སྣེ་འཁྲིད་དེ། དཀའ་ལས་མང་པོ་བསྐྱོན་པའི་འབྲས་བུར་བཟང་ཕྱོགས་ཀྱི་འགྱུར་བ་མང་པོ་ཞིག་འགྲོ་ཐུབ་པ་ཞིག་བྱུང་བ་རེད། དེ་ཡང་མི་ཁ་ཤས་ཀྱིས་མགོ་འཁྲིད་པ་ལ་བརྟེན་ནས་སྤྱི་ཚོགས་ཀྱི་ནུས་པ་གཅིག་ཏུ་སྤུངས་པ་ལ་བརྟེན་ནས་བྱུང་བ་རེད། དེ་ནང་བཞིན་གྱི་འཛམ་གླིང་འདིའི་ནང་ལ་ཕུན་སུམ་ཚོགས་པའི་གྲུབ་འབྲས་མང་པོ་ཞིག་བླ་ན་མེད་པའི་མགོ་ཁྲིད་དེ་ཚོས་དབུ་འཁྲིད་པ་ལ་བརྟེན་ནས་བྱུང་བ་ཞིག་ཆགས་ཀྱི་རེད། ལྷག་པར་དུ་བོད་མི་རིགས་ལ་མཚོན་ན། བོད་ཀྱི་ཆོས་དང་རིག་གཞུང་གང་ཅིའི་ཐད་ནས་ཕྱོགས་གཅིག་ནས་བལྟས་པ་ཡིན་ན་ཧ་ཅང་གི་ཛ་དྲག་པོ། དཀའ་ངལ། གཉན་འཕྲང་ཅན། བོད་ཀྱི་ལོ་རྒྱུས་ཀྱི་ནང་ལོགས་ལ་བྱུང་མ་མྱོང་བའི་གནས་སྟངས་དཀའ་ལས་ཁག་པོ་དེ་འདྲ་ཞིག་ཡོད་རེད་དེ། ཕྱོགས་གཅིག་ནས་ང་ཚོ་བོད་ཀྱི་ཆོས་དང་རིག་གཞུང་དེ་དག་ད་ལྟའི་སྐབས་སུ་ཉམས་མེད་པ་མ་ཟད། འཛམ་གླིང་གི་སྡིངས་ཆ་ཚད་མཐོ་བོར་བསླེབས་ཐུབ་པ་བྱུང་བསྡད་པ་ནི་བོད་མི་རིགས་ལ་བླ་ན་མེད་པའི་དབུ་ཁྲིད་༧སྐྱབས་མགོན་རྒྱལ་བ་ཡིད་བཞིན་ནོར་བུའི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བྱུང་བ་རེད། དཀའ་ངལ་དེ་འདྲ་གཅིག་ལས་བསྐྱབས་ཐུབ་པ་ཞིག་བྱུང་བ་རེད། རེ་བ་རླབས་ཆེན་གཅིག་གི་ཐོག་ལ་གནས་ཐུབ་པ་དེའང་ང་རང་ཚོར་དབུ་ཁྲིད་བླ་ན་མེད་པ་ཞིག་ཡོད་པ་ལ་བརྟེན་ནས་བྱུང་བ་ཞིག་ཆགས་ཀྱི་ཡོད། འདི་ང་རང་ཚོ་བོད་པའི་དཔེ་མཚོན་གསལ་ཤོས་ཤིག་རེད་བསམ་གྱི་ཡོད། དེར་བརྟེན་མགོ་ཁྲིད་ཟེར་བ་དེ་དངོས་གནས་ཀྱིས་གལ་ཆེན་པོ་ཆགས་ཀྱི་ཡོད། ཅེས་གསུངས།

ཡང་རིན་པོ་ཆེ་མཆོག་གིས། བོད་པའི་ཆོས་དང་རིག་གཞུང་སྲུང་སྐྱོབ་དང་མི་ཉམས་རྒྱུན་གནས་ཡོང་བ་དེ་མི་རིགས་གཅིག་གི་གནད་དོན་ཡིན་སྐོར་དང་། སྤྱི་ཚོགས་ཀྱི་ཐོག་ནས་བོད་མི་ཡོངས་ལ་འགན་ཡོད་ལ། ལྷག་པར་དུ་བོད་རིགས་གཞོན་སྐྱེས་ཀྱི་ནང་ནས་བཙན་བྱོལ་རང་དབང་ལུང་པར་བཞུགས་པའི་གཞོན་སྐྱེས་ཚོར་འགན་ཆེན་པོ་ཡོད་པས་གཞོན་སྐྱེས་རྣམས་གལ་ཆེན་པོ་ཆགས་ཀྱི་ཡོད། སྤྱི་ཚོགས་ནང་དུ་ནུས་པ་གང་ལ་གང་འཚམ་སྟོན་པ་དང་མགོ་ཁྲིད་ཐུབ་པར་ཆ་རྐྱེན་མང་པོ་ཞིག་ངེས་པར་དུ་ཚང་དགོས། དེ་ཡང་། ལྷག་བསམ་རྣམ་དག་དགོས་ཤིང་། བོད་མི་རིགས་ཀྱི་འདུ་ཤེས་མ་ཉམས་པའི་ཐོག་ནས་ད་ལྟའི་བོད་མི་རིགས་ཀྱི་དཀའ་ངལ་དང་། བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་གནང་རྒྱུའི་དགོས་པ་གལ་ཆེའི་རང་བཞིན་དེ་ཚོ་ཤེས་རྒྱུ་དང་། དེའི་ཐོག་ལ་ཕྱག་ལས་གནང་བའི་སྐབས་དངོས་ཡོད་གནས་ཚུལ་དང་མཐུན་ཐུབ་པ། དེ་བཞིན་བོད་དོན་ཞུ་གཏུག་གནང་སྟངས་དང་བོད་དོན་དྲིལ་བསྒྲགས་གནང་སྟངས་མཁྱེན་པ་ཞིག་དང་ནུས་པ་དང་ལྡན་པ་དགོས་རྒྱུ་སོགས་ཆ་རྐྱེན་ཚང་དགོས། དེར་བརྟེན་མགོ་ཁྲིད་ཟབ་སྦྱོང་དེ་འདྲ་ཞིག་ངེས་པར་དུ་དགོས་གལ་ཆེ་བ་དང་། ཟབ་སྦྱོང་ནང་མཉམ་ཞུགས་བྱེད་མཁན་སློབ་ཕྲུག་རྣམས་ཀྱིས་ཟབ་སྦྱོང་དུ་མཉམ་ཞུགས་བྱས་པ་ཡིན་ཟེར་བ་གཙོ་བོ་མིན་པར་ཟབ་སྦྱོང་གི་དགོས་པ་ལྟར་ཕན་ཐོགས་དགོས་རྒྱུ་དང་བློ་བསྐྱེད་ལེན་རྒྱུ་གལ་ཆེན་པོ་ཡིན་སྐོར་སོགས་གསུངས་སོང་།

སྦེལ་ཀོབ་མཉམ་འབྲེལ་ཚོགས་ཁང་དུ་བོད་ཀྱི་གཞོན་ནུའི་མགོ་ཁྲིད་ཟབ་སྦྱོང་ཐེངས་ ༢༡ པ་འཚོག་བཞིན་པ། པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་བྱས། ༢༠༢༤།༡༢།༠༣

ཀུན་བདེ་གླིང་རྟ་ཚག་རྗེས་དྲུང་རིན་པོ་ཆེ་མཆོག་གིས། ད་ལྟའི་བོད་ཀྱི་གནས་སྟངས་ཛ་དྲག་པོར་བསྡད་ཡོད་པས། བོད་ཀྱི་འཐབ་རྩོད་དང་། བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོང་བྱ་རྒྱུ་གལ་ཆེན་པོ་ཆགས་ཀྱི་ཡོད། དེ་ཡང་བོད་པའི་ཆོས་དང་རིག་གཞུང་སྲུང་སྐྱོབ་དགོས་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་ཆགས་ཀྱི་ཡོད་ལ། འཛམ་གླིང་སྤྱི་ལ་ལེགས་སྐྱེས་ཆེན་པོ་ཕུལ་ཐུབ་རྒྱུའི་ནུས་པ་ཡོད་པ་ཞིག་ཆགས་ཀྱི་ཡོད། ད་བར་གྲུབ་འབྲས་དེ་འདྲ་ཐོན་པ་དེ་གཙོ་བོ་༧སྐྱབས་མགོན་རྒྱལ་བ་ཡིད་བཞིན་ནོར་བུ་དང་། འདས་པའི་སྐབས་ཀྱི་མི་རབས་གོང་མ་མང་པོ་ཞིག་གིས་སྐུ་ལས་བསྐྱོན་པའི་གྲུབ་འབྲས་ལ་བརྟེན་ནས་བྱུང་བ་རེད། མ་འོངས་པར་གང་འདྲ་ཆགས་མིན་དེ་ད་ལྟའི་མི་ཐོགས་དང་ལྷག་པར་དུ་གཞོན་སྐྱེས་ཚོའི་ཕྱག་ལ་ཡོད་པས། གཞོན་སྐྱེས་ཚོ་དམིགས་བསལ་གྱིས་འགན་ཆེན་པོ་ཞིག་རེད། དེར་བརྟེན་ཚང་མས་དེ་ཚོ་ཐུགས་ལ་འཇོག་རོགས་གནང་། ཞེས་དང་། བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་མཁན་གྱི་མི་སྣ་གལ་ཆེན་པོ་ཁག་ཅིག་གིས། ད་ལྟའི་སྐབས་སུ་བོད་པའི་གནད་དོན་དེ་ཚོ་བོད་པ་རང་གིས་སྔར་ལས་ལྷག་རིག་པ་བསྒྲིམ་དགོས་ཀྱི་འདུག ལྷག་པར་དུ་གཞོན་སྐྱེས་ཚོ་མདུན་ལ་འདོན་ནས་བོད་དོན་ལས་འགུལ་སྤེལ་བ་དང་། རྒྱལ་སྤྱིའི་སྡིངས་ཆའི་སྟེང་བོད་དོན་ཞུ་གཏུག་སོགས་ཤུགས་ཆེན་པོ་བྱེད་དགོས་ཀྱི་འདུག ཞེས་ཚོར་བ་ཆེན་པོའི་ཐོག་ནས་གསུངས་ཀྱི་འདུག དེར་བརྟེན། ཁྱེད་ཚོས་ཟབ་སྦྱོང་འདི་བརྒྱུད་ནས་བསླབ་བྱ་དང་བློ་བསྐྱེད་གསར་པ་ལེན་ཐུབ་པ་དེ་ཚོ་ངེས་པར་དུ་ཐུགས་ལ་འཇོག་རོགས་གནང་། ཞེས་ལམ་སྟོན་གནང་སོང་།

དེ་རིང་ཕྱི་ཚེས་ ༤ ཉིན་གཞོན་ལྷན་གྱི་ཚོགས་གཞོན་བཀྲ་ཤིས་རྟགས་རྒྱས་ལགས་ཀྱིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་ངོ་སྤྲོད་དང་། ཉིན་རྒྱབ་ཏུ་བོད་མི་མང་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་གཞོན་སྐྱེས་ཀྱི་འགན་འཁུར་དང་བོད་དོནལས་འགུལ་སྤེལ་ཕྱོགས་སྐོར་གསུང་བཤད་དང་གྲོས་བསྡུར་གནང་ཡོད་འདུག སང་ཉིན་ཕྱི་ཚེས་ ༥ ཉིན་ཝར་ཎ་སློབ་དཔོན་བྱམས་པ་བསམ་གཏན་ལགས་ཀྱིས་བོད་རང་བཙན་ཡིན་པའི་ཁུངས་སྐྱེལ་བདེན་དཔང་སྐོར་དང་། ཉིན་རྒྱབ་ཏུ་གཞོན་ལྷན་ཚོགས་ཟུར་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་བོད་དང་རྒྱལ་སྤྱིའི་ཆབ་སྲིད་གནས་བབ་སྐོར་གསུང་བཤད་དང་གྲོས་བསྡུར་གནང་རྒྱུ་དང་། ཕྱི་ཚེས་ ༦ ཉིན་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་རང་བཙན་འཐབ་རྩོད་ཀྱི་གལ་གནད་དང་ལས་འགུལ་སྐབས་གསར་འགོད་པར་འབྲེལ་ལམ་བྱ་ཕྱོགས་སྐོར་གསུང་བཤད་གནང་གཏན་ཁེལ་འདུག ཕྱི་ཚེས་ ༧ ཉིན་རྒྱ་གར་ལྷོ་ཕྱོགས་སྐུ་ཚབ་ངག་དབང་བཀྲ་ཤིས་ལགས་ཀྱིས་དེང་སྐབས་དྲྭ་རྒྱའི་བདེ་འཇགས་ཐབས་ལམ་སྐོར་དང་། ཉིན་རྒྱབ་ཏུ་སྦེལ་ཀོབ་ས་གནས་གཞོན་ནུའི་ཚོགས་གཙོ་ཐུབ་བསྟན་རབ་བརྟན་ལགས་ཀྱིས་བོད་ཀྱི་སྐད་ཡིག་གི་གལ་གནད་སྐོར་གསུང་བཤད་དང་གྲོས་བསྡུར་གནང་རྒྱུ་ཡིན་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

ཆུ་ཚོད་ ༡ སྔོན་ལ།
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese