མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕྱི་ལོ་ ༢༠༢༤ ལོའི་རྒྱལ་སྤྱིའི་གསར་འགྱུར་ཆེ་ཁག་བཅུ།

བོད་ཀྱི་དུས་བབ།
༢༠༢༥/༠༡/༠༡
Share on FacebookShare on TwitterShare on EmailShare on Whatsapp

འདི་ག་བོད་ཀྱི་དུས་བབ་གསར་ཁང་གིས་ཕྱི་ལོ་ ༢༠༢༤ ལོའི་རྒྱལ་སྤྱིའི་ཐོག་གི་གནས་ཚུལ་ཆེ་ཁག་བཅུ་ཕྱོགས་བསྡུས་བྱས་པ།

 ཕྱི་ལོ་ ༢༠༢༤ ལོའི་ནོ་སྦེལ་གཟེངས་རྟགས་རིགས་ལྔ་དེ་མི་ ༡༢ ལ་ཕུལ།

ཕྱི་ལོ་ ༢༠༢༤ ཟླ་ ༡༠ ཚེས་ ༣ ཉིན་ནོ་སྦེལ་གཟེངས་རྟགས་ཚོགས་ཆུང་གིས། ཕྱི་ལོ་ ༢༠༢༤ ལོའི་ནོ་སྦེལ་གཟེངས་རྟགས་ཐོབ་མཁན་གྱི་མཚན་གཞུང་ཡོངས་བསྒྲགས་གནང་ཞིང་། ཨ་རིའི་པི་རིན་སི་ཊོན་གཙུག་ལག་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་རྗོན་རྗོ་སེབ་ (John Joseph Hopfield) ལགས་དང་། ཁེ་ན་ཌའི་ཊོ་རོན་ཊོའི་གཙུག་ལག་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་རྗའེ་ཧྥི་རི་ཧན་ཊོན་ (Geoffrey Hinton) ལགས་རྣམ་གཉིས་ཀྱིས་བཅོས་མའི་དབང་རྩའི་མ་ལག་ལ་བརྟེན་ནས་འཕྲུལ་རིགས་བཀོལ་སྤྱོད་ཐུབ་པའི་གསར་གཏོད་དང་རྨང་གཞི་ཞིབ་འཇུག་ཐུབ་པའི་ངོས་འཛིན་འོག་ནོ་སྦེལ་དངོས་ཁམས་རིག་པའི་གཟེངས་རྟགས་ཐོབ་ཡོད་པ་དང་། ཨ་རིའི་རྫས་འགྱུར་རིག་པ་བ་ཌེ་ཝི་ཌི་ (David Baker) ལགས་དང་ཇོན་ (John Jumper) ལགས། དབྱིན་ཡུལ་གྱི་རྫས་འགྱུར་རིག་པ་བ་ཌེ་མི་སི་ (Demis Hassabis) ལགས་བཅས་ཀྱིས་ལུས་ཀྱི་སྐྱེ་ལྡན་ཕྲ་ཕུང་གྲུབ་པར་མེད་དུ་མི་རུང་བའི་ཟས་བཅུད་ཀྱི་གྲུབ་ཚུལ་སྔོན་དཔག་ཐུབ་པར་ནོ་སྦེལ་རྫས་འགྱུར་རིག་པའི་གཟེངས་རྟགས་ཐོབ། ཨ་རིའི་སྐྱེ་དངོས་ཚན་རིག་པ་ཝེག་ཊོར་ཨམ་བྷི་རོ་སི་ (Victor Ambros) ལགས་དང་གྷའེ་རེ་རཱ་ཝི་གོན་ (Gary Ruvkun) ལགས་རྣམ་གཉིས་ཀྱིས་མིའི་ལུས་སྟེང་དུ་ཡོད་པའི་མངར་གཟུགས་ཀྱི་ཉིང་སྐྱུར་ཕྲ་མོ་ཞིག་གསར་དུ་རྙེད་ཅིང་། ཉིང་སྐྱུར་ཕྲ་མོ་དེ་ལ་བརྟེན་ནས་མིའི་ལུས་ཁམས་སུ་ཕྲ་ཕུང་འགུལ་སྐྱོད་ཇི་ལྟར་བྱེད་བཞིན་ཡོད་མེད་ཤེས་རྟོགས་ཐུབ་པར་ལུས་ཁམས་རིག་པའམ་སྨན་བཅོས་རིག་པའི་ནོ་སྦེལ་གཟེངས་རྟགས་ཐོབ། དེ་བཞིན་ལྷོ་ཀོ་རི་ཡའི་རྩོམ་པ་པོ་ཧན་ཀང་ (Han Kang) ལགས་ཀྱིས་ལོ་རྒྱུས་ཀྱི་དཀའ་སྡུག་ལ་གདོང་ལེན་བྱས་ཡོད་པ་མ་ཟད། འགྲོ་བ་མིའི་ཚེ་སྲོག་གི་ཉམ་ཆུང་བའི་རྣམ་པ་གསལ་བར་མཚོན་པའི་སྙན་ངག་གི་ཉམས་འགྱུར་ལྡན་པའི་ལྷུག་རྩོམ་བརྩམས་ཆོས་བྲིས་པར་ནོ་སྦེལ་རྩོམ་རིག་གཟེངས་རྟགས་དང་། ཕྱི་ལོ་ ༡༩༤༥ ལོར་ཨ་རིས་རྡུལ་ཕྲན་མཚོན་ཆས་གནོད་སྐྱོན་ཕོག་ཅིང་། དེང་སྐབས་རྡུལ་ཕྲན་མཚོན་ཆ་མེད་པའི་འཛམ་གླིང་ཞིག་བསྐྲུན་ཐབས་བྱས་དང་བྱེད་མུས་ཡིན་པའི་ཉི་ཧོང་གི་ནེ་ཧོན་ཧེ་ཌན་ཡོ་ (Nihon Hidankyo) ཚོགས་པས་དཔང་མི་སྟོང་ཕྲག་མང་པོའི་ལོ་རྒྱུས་མཁོ་སྒྲུབ་བྱས་ཏེ། གྲོས་གཞི་དང་འབོད་སྐུལ་སོགས་ཀྱི་ལམ་ནས་འཛམ་གླིང་ནང་རྡུལ་ཕྲན་མཚོན་ཆ་བཀག་སྡོམ་བྱེད་དགོས་པའི་ཛ་དྲག་གི་དྲན་སྐུལ་ལས་འགུལ་སྤེལ་བཞིན་པར་ངོས་འཛིན་གྱིས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ། དབྱིན་ཡུལ་གྱི་དཔལ་འབྱོར་རིག་པའི་ཆེད་མཁས་པ་སའེ་མོན་ (Simon Johnson) ལགས་དང་ཇེམ་སི་ (James A. Robinson) ལགས། ཊར་ཀི་དང་ཨ་རིའི་དཔལ་འབྱོར་རིག་པའི་ཆེད་མཁས་པ་ཌེ་རོན་ (Daron Acemoglu) ལགས་བཅས་ཀྱིས་ཆབ་སྲིད་དང་དཔལ་འབྱོར་གྱི་ལམ་ལུགས་འདྲ་མིན་ལ་ཞིབ་འཇུག་བྱས་པ་བརྒྱུད། རྒྱལ་ཁབ་དང་ལྟ་གྲུབ། སྤྱི་ཚོགས་དང་ཁོར་ཡུག་སོགས་འགྱུར་འགྲོས་ལ་བརྟེན་ནས་དཔལ་འབྱོར་འཕེལ་རྒྱས་ཇི་ལྟར་འགྲོ་ཡི་ཡོད་པ་ར་སྤྲོད་བྱས་པར་ནོ་སྦེལ་དཔལ་འབྱོར་རིག་པའི་གཟེངས་རྟགས་ཐོབ་ཡོད།

ཌོ་ནལ་ཊོམ་ཕུར་འོས་བསྡུའི་རྒྱལ་ཁ་ཐོབ།

ཕྱི་ཟླ་ ༡༡ ཚེས་ ༦ ཉིན་ཨ་རིའི་འོས་བསྡུ་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༢༤ ལོའི་ཨ་རིའི་སྲིད་འཛིན་གྱི་རྒྱལ་ཡོངས་འོས་བསྡུའི་ཁྲོད། དམངས་གཙོ་ཚོགས་པའི་འོས་མི་ཀརྨ་ལ་ཧན་རེ་སིར་འོས་གྲངས་ ༢༢༦ དང་། སྤྱི་མཐུན་ཚོགས་པའི་འོས་མི་སྲིད་འཛིན་ཟུར་པ་ཊོམ་ཕུ་ལ་འོས་གྲངས་ ༣༡༢ ཐོབ་སྟེ། ཊོམ་ཕུ་སྐབས་ ༤༧ པའི་ཨ་རིའི་སྲིད་འཛིན་དུ་འོས་འདེམས་བྱུང་བ་ཡོངས་བསྒྲགས་བྱས། དེ་མ་ཐག་ཌོ་ནལ་ཊོམ་ཕུས་སྲིད་ཇུས་ལངས་ཕྱོགས་སོགས་ག་འདྲ་འཛིན་མིན་ཐད་བརྒྱུད་ལམ་ཁག་གིས་ཚ་ཚ་འུར་འུར་དུ་གླེང་སློང་བྱེད་མགོ་བརྩམས་ཡོད། ཕྱི་ཟླ་ ༧ ཚེས་ ༡༣ ཉིན་ཨ་རིའི་མངའ་སྡེ་པེན་སིལ་ཝ་ནི་ཡའི་ (Pennsylvania) གྲོང་ཁྱེར་བྷཌ་ལིར་(butler) དུ་ཨ་རིའི་སྲིད་འཛིན་ཟུར་པ་ཊོམ་ཕུས་སྲིད་འཛིན་གྱི་འོས་བསྡུའི་དྲིལ་བསྒྲགས་གནང་སྐབས། རང་ལོ་ ༢༠ ཙམ་ཡིན་པའི་ཊོ་མ་སི་མ་ཐུ་(Thomas Matthew Crooks) ཞེས་པའི་ན་གཞོན་ཞིག་གིས། ལྐོག་མདའ་འཕངས་ཏེ་ཁོང་གི་རྣ་བ་གཡས་པར་རྨས་སྐྱོན་བཟོས་ཡོད་པ་དང་། ཁོང་གི་འགྲམ་གྱི་མི་ཞིག་ལ་མེ་མདའ་ཕོག་སྟེ་བསད་ཡོད་འདུག་ལ། མེ་མདའ་འཕེན་མཁན་དེ་ཡང་འདས་གྲོངས་སུ་ཕྱིན་ཟིན་སྐོར་བསྒྲགས། ཊོམ་ཕུས་ལས་འཁུར་མགོ་བཙུགས་པ་ནས་ཨ་རིའི་ནང་ཁྲོམ་རའི་མ་གནས་དང་འབྲེལ་བའི་དཀའ་ངལ་སེལ་ཐབས་སུ། སྣུམ་གྱི་ཐོན་ཁུངས་ཇེ་མང་དུ་གཏོང་རྒྱུ་དང་ཡིག་ཆ་མེད་པའི་གནས་སྤོར་བ་དག་ཕྱིར་ཕུད་བཏང་སྟེ། ཨ་རིའི་མི་མང་ཡོངས་ནས་སྡོད་ཁང་དང་དངོས་ཟོག་སོགས་ཉོ་ཚོང་ཐུབ་པར་བཟོ་རྒྱུ། ཚོང་ལས་དང་འབྲེལ་ནས་ནང་འདྲེན་བྱས་པའི་ཚོང་ཟོག་ཐོག་ཁྲལ་སྤར་ཏེ་ཨ་རིའི་མི་མང་ལ་ཨ་སྒོར་ཁྲི་ཁྲག་མང་པོའི་དཔྱ་ཁྲལ་ཆག་ཡངས་གཏོང་རྒྱུ་དང་། གནས་སྤོ་སྲིད་ཇུས་ཐད་ཊོམ་ཕུས་མེག་སི་ཁོ་བརྒྱུད་ནས་གནས་སྤོ་བྱེད་མཁན་བཀག་འགོག་གི་ཆེད་དུ་རྩིག་གྱང་རྒྱག་རྒྱུ་མ་ཟད། ཆབ་སྲིད་ཚོགས་པ་སྣ་མང་གི་ཐོག་ནས་ཁྲིམས་ལུགས་གཏན་འབེབ་ཀྱིས་གནས་སྤོར་བ་བཀག་སྡོམ་བྱ་རྒྱུ་དང་ལྷག་པར་དུ་ཨ་རིའི་ལོ་རྒྱུས་ནང་བྱུང་མ་མྱོང་བའི་ཡིག་ཆ་ངེས་གཏན་མེད་པའི་གནས་སྤོར་བ་འབོར་ཆེན་ཕྱིར་ཕུད་གཏོང་རྒྱུ་ཡིན་འདུག དེ་སྔ་ཊོམ་ཕུ་སྐབས་ ༤༥ པའི་ཨ་རིའི་སྲིད་འཛིན་ཡིན་སྐབས། ཁོས་ཨ་རི་དང་པོ་ཞེས་པའི་སྲིད་ཇུས་(America First Policy) ལག་བསྟར་འོག ཨ་རི་པེ་རི་སི་གནམ་གཤིས་ཆིངས་ཡིག་ (Paris Climate Accord) དང་། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས།  ནུབ་ཆིངས་དམག་དོན་སྒྲིག་འཛུགས་(NATO) སོགས་ནས་ཨ་རི་ཕྱིར་འཐེན་གྱིས། ཨ་རིའི་དཔལ་འབྱོར་ཨ་རིའི་མི་མང་ལ་མཁོ་སྤྲོད་དགོས་པའི་སྲིད་ཇུས་བཟུང་མྱོང་ལ། ཡང་བྱང་ཀོ་རི་ཡ་དང་ཨུ་རུ་སུའི་མགོ་ཁྲིད་དང་ཐུག་འཕྲད་ཀྱིས་གྲོས་མོལ་གྱི་ལམ་ནས་དཀའ་རྙོག་སེལ་དགོས་ཤིང་ཞི་བདེ་གལ་ཆེན་ཡིན་པའི་ལམ་སྲོལ་ཡང་བསྟན་ཡོད། སྤྱིར་ཊོམ་ཕུ་ནི་འབྱོར་ལྡན་པའི་ཁྱིམ་ཚང་ཞིག་ཏུ་སྐྱེས་ཤིང་། ཆུང་དུས་ནེའུ་ཡོག་དམག་སྦྱོང་སློབ་གྲྭ་ (New York Military Academy) རུ་སློབ་སྦྱོང་བྱས། དེ་ནས་ཨ་རིའི་མངའ་སྡེ་པེན་སིལ་ཝེ་ནི་ཡ་རུ་ཡོད་པའི་ཝར་ཊོན་གཙུག་ལག་སློབ་གཉེར་ཁང་ནས་ཚན་རིག་དང་དཔལ་འབྱོར་རིག་པའི་རབ་འབྱམསཔའི་བསླབ་པ་མཐར་སོན། ཁོང་ནི་ཆུང་དུས་ནས་ཚོང་དོན་ཐད་དོ་དབྱིངས་ཆེ་བ་མ་ཟད། ཚོང་པ་ཞིག་ཀྱང་ཡིན་པ་རེད། ཕྱི་ལོ་ ༢༠༢༥ ལོའི་ཟླ་ ༡ ཚེས་ ༢༠ ཉིན་ཨ་རིའི་སྲིད་འཛིན་གྱི་དམ་འབུལ་ཞུ་གཏན་འཁེལ་ཡོད། 

ཨུ་རུ་སུ་དང་ཡོ་ཁུ་རེན། བྱང་ཀོ་རི་ཡའི་དམག་རོགས།

ཕྱི་ལོ་ ༢༠༢༢ ཟླ་ ༢ ཚེས་ ༢༠ ཉིན་ཨུ་རུ་སུས་ཡོ་ཁུ་རེན་ལ་དྲག་པོའི་བཙན་འཛུལ་བྱེད་མགོ་བརྩམས་ཏེ། ཡུལ་གཉིས་བར་དམག་འཁྲུག་བྱུང་ནས་ད་ལྟ་ཟླ་གྲངས་ ༣༤ སྟེ་ལོ་ངོ་ཧྲིལ་པོ་གཉིས་ལྷག་འགྲོ་བཞིན་ཡོད། ཨུ་ཡོ་གཉིས་ཀྱི་དམག་འཁྲུག་འཐབ་འཛིང་ཁྲོད། ཕྱི་ལོ་ ༢༠༢༤ ལོར་ཨུ་རུ་སུས་ཡོ་ཁུ་རེན་གྱི་ཤར་ཕྱོགས་ས་ཁུལ་ (Donestk) ནང་འཐབ་འཛིང་དྲག་པོ་བྱས་ཏེ་གྲོང་གསེབ་དང་གྲོང་ཁྱེར་མང་པོར་བཙན་འཛུལ་བྱས་ཡོད་ཀྱང་། ཡོ་ཁུ་རེན་གྱིས་ཀྱང་འདི་ལོར་ཨུ་རུ་སུའི་ས་ཆར་བཙན་འཛུལ་ཤུགས་ཆེན་བྱེད་མགོ་བརྩམས་ཡོད་པ་མ་ཟད། འདི་ལོའི་ཕྱི་ཟླ་ ༩ ནང་ཡོ་ཁུ་རེན་གྱིས་ཨུ་རུ་སུའི་ནུབ་ཕྱོགས་གྲོང་ཁྱེར་ཁར་སི (Kursk)་དང་བྱང་ཕྱོགས་གྲོང་ཁྱེར་ (Belgorod) གཉིས་ཀྱི་ནང་བཙན་འཛུལ་བྱས་ཏེ་ས་ཁྱོན་སྨི་གྲུ་བཞི་མ་ ༡༢༠༠ ལྷག་དང་གྲོང་གསེབ་ ༩༣ ལྷག་ལ་དབང་བསྒྱུར་བྱས་ཡོད་འདུག དེ་ལ་བརྟེན་ནས། ཕྱི་ཟླ་ ༡༠ ནང་ཨུ་རུ་སུས་བྱང་ཀོ་རི་ཡའི་གོ་མཚོན་དང་དམག་མི་གྲངས་ ༡༡༠༠༠ ལྷག་གི་དམག་རོགས་བླངས་ཤིང་། བྱང་ཀོ་རི་ཡའི་དམག་མིས་ཁར་སི་ (Kursk) རུ་ཡུ་ཁུ་རེན་གྱི་དམག་མིར་འཐབ་འཛིང་བྱེད་སྐབས། ཨུ་རུ་སུའི་ཆེད་དུ་འཐབ་རྩོད་བྱེད་མཁན་གྱི་བྱང་ཀོ་རི་ཡའི་དམག་མི་ ༣༠༠༠ ལྷག་ཤི་རྨས་བྱུང་ཡོད་མོད། ཨུ་རུ་སུས་བྱང་ཀོ་རི་ཡའི་དམག་མི་འདས་གྲོངས་སུ་ཕྱིན་ཡོད་པའི་གནས་ཚུལ་སྦས་གསང་གིས། ཨུ་རུ་སུས་ཕྱིའི་རྒྱལ་ཁབ་ཀྱི་དམག་རོགས་བླངས་མེད་པའི་འགྲེལ་བརྗོད་བྱས་ཡོད། ཕྱི་ཟླ་ ༡༡ ནང་ཡོ་ཁུ་རེན་གྱིས་ཨུ་རུ་སུའི་རྒྱལ་ས་མོ་སི་ཁའོ་སྟེང་འཕུར་མདེལ་ ༡༠ ཙམ་འཕངས་ཏེ་ཨུ་རུ་སུའི་རྒྱལ་སའི་ཁུལ་དུ་གཏོར་སྐྱོན་ཤུགས་ཆེན་བྱས། ཕྱི་ཟླ་ ༡༢ ནང་ཨུ་རུ་སུས་ཡོ་ཁུ་རེན་སྟེང་འཕུར་མདེལ་ ༢༠༠ ལྷག་འཕངས་ཤིང་། དམིགས་བསལ་ཕྱི་ཚེས་ ༢༥ སྟེ་ཡེ་ཤུའི་འཁྲུངས་སྐར་དུས་ཆེན་སྐབས་ཨུ་རུ་སུས་ཡོ་ཁུ་རེན་གྱི་ནུབ་ཕྱོགས་ས་ཁུལ་  (Ivano-Frankivsk) དང་དེ་བཞིན་ས་ཁུལ་གཞན་དུ་ཡོད་པའི་ནུས་ཤུགས་ཐོན་ཁུངས་བཟོ་སྐྲུན་ཁང་ཁག་ལ་གཏོར་སྐྱོན་བྱས་སྟབས། ཡོ་ཁུ་རེན་ནང་གྲང་ངར་ཆེ་བའི་དགུན་དུས་རིང་གློག་མེད་པའི་དཀའ་ངལ་འཕྲད་ཀྱིན་ཡོད། ཕྱི་ལོ་ ༢༠༢༤ ཟླ་ ༡༢ བར་ཨུ་ཡོ་གཉིས་ཀྱི་དམག་འཁྲུག་ཁྲོད། ཤི་རྨས་ཐེབས་པའི་མི་གྲངས་ཁྱོན་  ༣༩༠༨༡ བྱུང་ཡོད་པ་ལས། མི་གྲངས་ ༢༦༩༡༩ རྨས་སྐྱོན་ཕོག་ཡོད་པ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གིས་བསྒྲགས་འདུག་ལ། ད་ལྟ་ཨ་རི་དང་དབྱིན་ཇི་སོགས་ནུབ་ཆིངས་སྒྲིག་འཛུགས་ཀྱི་ཚོགས་མི་རྒྱལ་ཁབ་དག་གིས་ཡོ་ཁུ་རེན་ལ་གོ་མཚོན་སོགས་མཁོ་སྤྲོད་བྱས་ཏེ་དམག་རོགས་བྱེད་མུས་ཡིན་པ་རེད།  

རྒྱ་ནག་འཛམ་གླིང་གི་གསར་འགོད་པ་བཙོན་འཇུག་བྱེད་མཁན་ཆེ་ཤོས་དེ་རེད་འདུག

ཕྱི་ཟླ་ ༥ ཚེས་ ༦ ཉིན་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱིས། ཕྱི་ལོ་ ༢༠༢༤ ལོའི་རྒྱལ་སྤྱིའི་གསར་འགོད་རང་དབང་གི་སྙན་ཐོ་བཏོན་འདུག་ཅིང་། སྙན་ཐོ་དེའི་ནང་། རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱིས་འཛམ་གླིང་རྒྱལ་ཁབ་དང་ས་ཁུལ་མི་འདྲ་བ་  ༡༨༠ ཡི་གསར་འགོད་རང་དབང་གནས་བབ་སྐོར་ལ་ཞིབ་འཇུག་བྱས་ཏེ། རྒྱ་ནག་ནི་འཛམ་གླིང་གི་གསར་འགོད་པ་བཙོན་འཇུག་བྱེད་མཁན་ཆེ་ཤོས་དེ་ཡིན་པ་གསལ་སྟོན་བྱས་འདུག་ལ། གསར་འགོད་རང་དབང་ཆེས་སྡུག་ཤོས་ཀྱི་རྒྱལ་ཁབ་བཅུ་ནི་ཨེ་ཊི་རེ་ཡ། སི་རེ་ཡ་དང་ཨབ་གྷ་ནེ་སི་ཐན། བྱང་ཀོ་རི་ཡ། ཨི་རན། ཊར་ཀེ་མན་སི་ཐན། ཝི་ཏི་ནམ། རྒྱ་ནག་དང་འབར་མ་ཨི་ཇིབ་ཊི་བཅས་ཡིན་པ་མངོན་འདུག ཡང་འཛམ་གླིང་གི་གསར་འགོད་རང་དབང་ལེགས་ཤོས་ཀྱི་རྒྱལ་ཁབ་ལྔ་ནི་དང་པོ་ནོར་ཝེ་དང་ཌན་མག སི་ཝི་ཌན། ནེ་ཐར་ལན་ཌི། ཧྥི་ལན་ཌི་བཅས་ཡིན་པ་གསལ་འདུག ཆབ་སྲིད་ཀྱི་གནོད་ཤུགས་འོག་གསར་འགྱུར་ལས་རིགས་དང་སྤྱི་དམངས་ཀྱི་ཐོབ་ཐང་ལ་ཉེན་ཁ་འཕྲད་བཞིན་པའི་ཉེན་བརྡ་དང་། ཆབ་སྲིད་ཀྱི་དབང་ཤེད་ལ་བརྟེན་ནས་གསར་འགོད་པར་ཁྱད་གསོད་དང་བརྙས་བཅོས་སོགས་བྱེད་བཞིན་ཡོད་པ་ཐེར་འདོན་བྱས་ཡོད།

ཨི་ཛི་རལ་དང་པ་ལི་སི་ཐན་དམག་འཁྲུག དཀྱིལ་ཤར་ཡུལ་གྲུའི་གཡོ་སྐྱོམ།

ཕྱི་ལོ་ ༢༠༢༣ ཟླ་ ༡༠ ཚེས་ ༧ ཉིན་པ་ལི་སི་ཐན་གྱི་ཧ་མ་སི་དམག་དཔུང་གིས་གློ་བུར་དུ་ཨི་ཛི་རལ་གྱི་སྟེང་དུ་དྲག་རྒོལ་བྱས་པར་བརྟེན། ད་སྔའི་བར་རྒྱལ་ཁབ་གཉིས་ཀྱི་དམག་འཁྲུག་མཚམས་མ་ཆད་པར་མུ་མཐུད་མེ་ཤུགས་འཕུར་མདའ་འཕེན་རེས་བྱས་དང་བྱེད་མུས་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་དམག་འཁྲུག་ཁྲོད་མི་གྲངས་ ༤༦,༠༠༠ རྐྱེན་འདས་སུ་ཕྱིན་ཞིང་། དེའི་ནང་ནས་པ་ལི་སི་ཐན་གྱི་མི་གྲངས་ ༤༤,༧༨༦ དང་ཨི་ཛི་རེལ་གྱི་མི་གྲངས་ ༡༧༠༦ རྐྱེན་འདས་སུ་ཕྱིན། ཕྱོགས་གཉིས་ཀྱི་མི་གྲངས་ ༡༠༧,༨༠༣ ལ་རྨས་སྐྱོན་ཕོག་ཡོད་པར་བཤད། ད་དུང་ཨི་པ་གཉིས་ཀྱི་འཐབ་འཛིང་དམག་འཁྲུག་ཁྲོད་གསར་འགོད་པ་ཁྱོན་ ༡༤༡ རྐྱེན་འདས་སུ་ཕྱིན། ཕྱི་ལོ་ ༢༠༢༤ ལོའི་ཟླ་ ༡༡ ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དམག་འཁྲུག་དེའི་ནང་རྐྱེན་འདས་སུ་ཕྱིན་པའི་མི་གྲངས་ལ་ཞིབ་འཇུག་བྱས་པ་བརྒྱུད། རྐྱེན་འདས་སུ་ཕྱིན་པའི་པ་ལི་སི་ཐན་གྱི་མིའི་གྲངས་འབོར་ལས་བརྒྱ་ཆ་ ༧༠ བུད་མེད་དང་བྱིས་པ་ཡིན་པ་ཤེས་རྟོགས་བྱུང་འདུག ཨི་པ་གཉིས་ཀྱིས་ས་མཚོ་གནམ་གསུམ་གྱི་ཐོག་ནས་དམག་འཁྲུག་བརྒྱབ་པར་མཱ་ལེ་ཤི་ཡ་དང་ལེ་བྷེ་ནོན་ (Lebanon)། དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་སོགས་རྒྱལ་སྤྱིའི་རྒྱལ་ཁབ་དང་ཚོགས་སྡེ་ཁག་མང་པོས་ཨི་ཛི་རལ་ལ་སྐྱོན་བརྗོད་ཤུགས་ཆེན་བྱེད་བཞིན་འདུག འོན་ཀྱང་། ཨ་རིའི་སྲིད་འཛིན་ཊོམ་ཕུ་དང་། ཉི་ཧོང་སོགས་རྒྱལ་ཁབ་ཁག་ཅིག་གིས་གྷ་ཛའི་དམག་འཁྲུག་ཐོག་ཨི་ཛི་རལ་ལ་རྒྱབ་སྐྱོར་ཡོད་པའི་རྣམ་འགྱུར་བསྟན་འདུག ད་བར་ཨི་ཛི་རལ་དང་ཧ་མ་སི་གཉིས་བར་ས་མཚོ་གནམ་གསུམ་གྱི་ཐོག་ནས་དམག་འཁྲུག་བརྒྱབ་སྟེ་ཨི་ཛི་རལ་གྱིས་པ་ལི་སི་ཐན་གྱི་སྟེང་དུ་འབར་རྫས་ཁྱོན་ཁྲི་ ༧ ལྷག་དང་། མེ་ཤུགས་འཕུར་མདའ་ཁྱོན་ཁྲི་ ༢ ལྷག་འཕངས། ཧ་མ་སིས་ཨི་ཛི་རལ་གྱི་སྟེང་དུ་མེ་ཤུགས་འཕུར་མདའ་ཁྱོན་ ༡༠,༦༠༠ འཕངས། དམག་འཁྲུག་ཁྲོད་ཨི་ཟི་རལ་གྱིས་ཧ་མཱ་སིའི་མགོ་ཁྲིད་  (Ismail Haniyeh) བསད་པ་ཕྱི་ཟླ་ ༡༢ ཚེས་ ༢༥ ཉིན་ཡོངས་བསྒྲགས་གཏན་འཁེལ་བྱས། ཨི་ཛི་རལ་དང་ཧ་མ་སིའི་དམག་འཁྲུག་ལ་བརྟེན་ནས། ཨི་ཛི་རལ་དང་ལཱ་བྷོ་ནན་ (labonan) གྱི་ཧི་ཛི་བྷོ་ལཱ་ (Hezbollah) དམག་གི་རུ་ཁག་གཉིས་བར་འཐབ་འཛིང་ཤོར་ནས། ད་ལྟ་ལོ་གཅིག་དང་ཟླ་ལྷག་འགྲོ་མུས་ཡིན་ལ། ཨི་ཛི་རལ་གྱིས་ཨི་རན་དང་སི་རེ་ཡ། ཡ་མན་སོགས་སུ་དྲག་དམག་གི་ཕྱོགས་ཁག་ལ་འཐབ་འཛིང་བྱེད་མུས་ཡིན་འདུག

རྒྱ་ནག་གི་དཔོན་རིགས་ནང་ཁུལ་གྱི་ཐན་པ།

རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིན་གྱིས་སྟག་དང་སྦྲང་མ་ལེབ་རྡུང་གི་སྲིད་ཇུས་ཟེར་བའི་མིང་འོག་ནས་རྒྱ་ནག་གི་དཔོན་རིགས་དང་། རྒྱའི་བཙན་བཟུང་འོག་ཡོད་པའི་བོད་དང་ལྷོ་སོག  ཡུ་གུར་སོགས་ཀྱི་དཔོན་རིགས་མང་པོ་ཞིག་ལ་ལྐོག་ཟ་རུལ་སུངས་དང་ལྐོག་རྔན་བླངས་བ། དམར་ཤོག་གཞུང་ལ་བློ་སེམས་མི་དཀར་བ་སོགས་ཀྱི་ནག་ཉེས་འོག་ཁྲིམས་ཆད་གཅོད་ཀྱི་ཡོད་པ་ལྟར། ཕྱི་ཟླ་ ༡ ཚེས་ ༢༢ ཉིན་རྒྱ་ནག་གཞུང་གིས་ནང་སོག་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་ཟེར་བའི་དམར་ཤོག་མགོ་ཁྲིད་ཟུར་པ་ཧུའུ་དབྱི་ཧྥེང་ཟེར་བས་རྒྱ་སྒོར་ཁྲི་ ༥༡༨༡ གི་ལྐོག་རྔན་བླངས་ཡོད་པའི་ནག་ཉེས་འོག་ལོ་ ༡༤ ཡི་བཙོན་འཇུག་ཁྲིམས་ཐག་དང་། རྒྱ་སྒོར་ས་ཡ་གསུམ་དང་འབུམ་གཉིས་ཀྱི་ཉེས་ཆད་བཅད། ཕྱི་ཟླ་ ༣ ཚེས་ ༡ ཉིན་རྒྱ་ནག་ཐེན་ཅིན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གཉིས་པ་ཟེར་བས། མཚོ་སྔོན་ཞིང་ཆེན་མི་མང་འཐུས་ཚོགས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཡིག་དང་། མགོ་ཁྲིད་གཞོན་པ་ལི་ཅེ་ཞང་ཟེར་བས་ལྐོག་རྔན་རྒྱ་སྒོར་བྱེ་བ་ ༨ དང་ས་ཡ་ ༨ ལྷག་བླངས་པའི་ནག་ཉེས་འོག་ཚེ་བཙོན་གྱི་ཁྲིམས་ཆད་དང་། མི་སྒེར་གྱི་རྒྱུ་ནོར་གཞུང་བཞེས་བྱས། ཕྱི་ཟླ་ ༣ ཚེས་ ༢༦ ཉིན་རྒྱ་ནག་རྒྱལ་ཡོངས་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ (Chinese Football Association) ཀྱི་འགན་འཛིན་ཟུར་པ་ཁྲིན་ཞེ་ཡོན་ (Chen Xuyuan) གྱིས་རྒྱ་སྒོར་ས་ཡ་ ༨༡།༠༣ གྱི་ལྐོག་རྔན་བླངས་པའི་ནག་ཉེས་འོག་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པ་དང་། ཕྱི་ཟླ་ ༤ ཚེས་ ༡ ཉིན་ཀན་སུའུ་ཞིང་ཆེན་ཆིང་དབྱང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས། མཚོ་བོད་ལྕགས་ལམ་བཟོ་ལས་ཁང་ཟེར་བའི་དམར་ཤོག་དྲུང་ཡིག་གཞོན་པ་དང་། སྤྱི་ཁྱབ་འགན་འཛིན་གཞོན་ཟུར་པ་ཝང་ཀྲུང་ཡུས་(王忠玉)ཀྱིས་ལྐོག་རྔན་རྒྱ་སྒོར་ཁྲི་ ༢༥༨༧ བླངས་བའི་ནག་ཉེས་བཙུགས་ཏེ་ལོ་ ༡༣ རིང་བཙོན་འཇུག་ཁྲིམས་ཆད་དང་། རྒྱ་སྒོར་ས་ཡ་ ༡ དང་འབུམ་ ༢ ཁྲིམས་ཆད། མི་སྒེར་གྱི་རྒྱུ་ནོར་གཞུང་བཞེས་བཏང་། ཕྱི་ཟླ་ ༧ པའི་ནང་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གི་མགོ་ཁྲིད་གཞོན་པ་དང་། རྒྱ་ནག་རྒྱལ་ཡོངས་ཆོས་ལུགས་ལས་དོན་ཁང་གི་མགོ་ཁྲིད་ཟུར་བ་ཚུའེ་མའོ་ཧུའུ་ (崔茂虎) ཡིས་ལྐོག་རྔན་རྒྱ་སྒོར་ཁྲི་ ༡༠༤༣ བླངས་བའི་ནག་ཉེས་བཙུགས་ཏེ་ལོ་ ༡༡ རིང་བཙོན་འཇུག་ཁྲིམས་ཆད་དང་། རྒྱ་སྒོར་ཁྲི་ ༡༥༠ ཡི་ཁྲིམས་ཆད། དེ་བཞིན་མི་སྒེར་གྱི་རྒྱུ་ནོར་གཞུང་བཞེས་བཏང་། ཕྱི་ཟླ་ ༡༠ ཚེས་ ༢༩ ཉིན་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་ ༡༣ པའི་དཔལ་འབྱོར་དང་དངུལ་རྩིས་ཁང་གི་འགན་འཛིན་གཞོན་པ་དང་། ཀོས་ཀྲོའུ་ཞིང་ཆེན་དམར་ཤོག་དྲུང་ཆེ་སུང་ཀྲི་ཀང་གིས་ལྐོག་རྔན་རྒྱ་སྒོར་ས་ཡ་ ༨ ལྷག་བླངས་བའི་ནག་ཉེས་བཙུགས་ཏེ་སྲོག་ཁྲིམས་བཅད་ཡོད་ཀྱང་ལོ་གཉིས་རིང་ཕྱིར་འགྱངས་བྱས་ཡོད་ཚུལ་དང་། ཕྱི་ཟླ་ ༡༡ ཚེས་ ༢༧ ཉིན་རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ཏུང་ཅིན་ (Dong Jun) ལ་ལྐོག་ཟ་རུལ་སུངས་ཀྱི་ཉེས་མིང་འོག་ཞིབ་བཤེར་བྱེད་བཞིན་འདུག་ལ། ཕྱི་ཚེས་ ༢༨ ཉིན་རྒྱ་ནག་དབུས་དམག་སྲིད་ལྷན་ཁང་གི་དམག་ཇུས་ཚན་པའི་འགན་འཛིན་མེའོ་ཧྭ་ཡིས་སྒྲིག་འགལ་ཚབས་ཆེན་བྱས་པའི་ཉེས་མིང་ལས་གནས་ནས་ཕྱིར་ཕུད་བཏང་སྟེ་ཞིབ་བཤེར་བྱེད་ཀྱིན་ཡོད། ཕྱི་ཟླ་ ༡༢ ཚེས་ ༡༣ ཉིན་རྒྱ་ནག་རྒྱལ་ཡོངས་སྐྱེས་པའི་རྐང་སྤོལ་རུ་ཁག་གི་སློབ་སྟོན་པ་ཟུར་བ་ལི་ཐའེ་ཟེར་བས་ཨ་སྒོར་ས་ཡ་ ༡༠ ལྷག་གཡོ་ལེན་བྱས་པའི་ཉེས་མིང་འོག་མི་ལོ་ཉི་ཤུའི་བཙོན་འཇུག་ཁྲིམས་ཐག་བཅད། ཕྱི་ཟླ་ ༡༢ ཚེས་ ༢༥ ཉིན་རྒྱ་ནག་བཅིངས་གྲོལ་དམག་གི་དམག་སྤྱི་གཞོན་པ་ཡུ་ཧའེ་ཐའོ་དང་། ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་གྱི་མཚོ་དམག་སྤྱི་ཁྱབ་ལི་ཧྥང་ཁྲང་གཉིས་ཀྱིས་སྒྲིག་འགལ་ཚབས་ཆེན་བྱས་པའི་ཉེས་མིང་འོག་ལས་གནས་ནས་ཕྱིར་ཕུད་བཏང་ཡོད། 

ལྷོ་ཀོ་རི་ཡའི་ཆབ་སྲིད་ཀྱི་འཕོ་འགྱུར་དང་དཀའ་རྙོག 

ཕྱི་ལོ་ ༢༠༢༤ ཟླ་ ༡༢ ཚེས་ ༣ ཉིན་གྱི་མཚན་དཀྱིལ་ཙམ་ལ་ལྷོ་ཀོ་རི་ཡའི་སྲིད་འཛིན་ཡུན་སུག་ཡོལ་ (Yoon Suk Yeol) གྱིས་གློ་བུར་དུ་རྒྱལ་ཡོངས་དམག་ཁྲིམས་ཀྱི་བཀའ་རྒྱ་བསྒྲགས་ཤིང་། དེ་ནི་ལྷོ་ཀོ་རི་ཡའི་ཆབ་སྲིད་འཕོ་འགྱུར་གྱི་ལོ་རྒྱུས་ནང་ཆེས་རྙོག་འཛིང་ཆེ་བའི་རྩོད་རྙོག་ཅིག་ཆགས་ཡོད། ཕྱི་ཚེས་ ༤ ཉིན་ལྷོ་ཀོ་རི་ཡའི་གྲོས་ཚོགས་ཀྱི་ཕྱོགས་འགལ་ཚོགས་པས་སྣེ་འཁྲིད་དེ་སྲིད་འཛིན་ཡུན་སུག་ཡོལ་གྱི་རྒྱལ་ཡོངས་དམག་ཁྲིམས་ཀྱི་ཐག་གཅོད་དེར་ངོས་ལེན་བྱས་མེད་ཁར། དེ་ནི་དབང་ཆ་ལོག་སྤྱོད་དང་རྩ་ཁྲིམས་ལས་བརྒལ་བའི་བྱ་སྤྱོད་སྤེལ་བའི་ནག་ཉེས་འོག ཕྱི་ཚེས་ ༡༡ ཉིན་ལྷོ་ཀོ་རི་ཡའི་རྒྱལ་སྲུང་བློན་ཆེན་ (Kim Yong Hyun) དང་། རྒྱལ་ཡོངས་སྤྱི་ཁྱབ་ཉེན་རྟོག་དཔོན་ (Cho Ji Ho)། རྒྱལ་ས་སོལ་གྱི་ཉེན་རྟོག་དཔོན་སོགས་འཛིན་བཟུང་བྱས་ཤིང་། ཕྱི་ཚེས་ ༡༤ ཉིན་ཡུན་སུག་ཡོལ་སྲིད་འཛིན་གྱི་གོ་གནས་ནས་གནས་དབྱུང་བཏང་བ་མ་ཟད། ཕྱི་ཚེས་ ༣༡ ཉིན་ལྷོ་ཀོ་རི་ཡའི་ཁྲིམས་ཁང་ཞིག་གིས་ཡུན་སུག་ཡོལ་འཛིན་བཟུང་གིས་ཞིབ་བཤེར་བྱེད་ཆོག་པ་དང་ལྷོ་ཀོ་རི་ཡ་ནས་ཕྱིར་ཐོན་མི་ཆོག་པའི་བཀའ་རྒྱ་བསྒྲགས་འདུག་ལ། ཕྱི་ཚེས་ ༡༤ ཉིན་ལྷོ་ཀོ་རི་ཡའི་སྲིད་བློན་ཧན་ཌོག་སུའུ་ (Han Duck-soo) ཡིས་བར་མའི་སྲིད་འཛིན་གྱི་འགན་འཁུར་ཡོད་ཀྱང་། ཕྱི་ཚེས་ ༢༧ ཉིན་ལྷོ་ཀོ་རི་ཡའི་གྲོས་ཚོགས་ཀྱིས་ཧན་ཌོག་སུའུ་ཡིས་སྲིད་འཛིན་ཟུར་བར་རྒྱབ་སྐྱོར་བྱས་པའི་ཉེས་མིང་འོག་གནས་དབྱུང་བཏང་།  ལྷོ་ཀོ་རི་ཡའི་ནང་སྲིད་རྩོད་རྙོག་དང་འབྲེལ་ནས་མི་མང་སྟོང་ཕྲག་མང་པོ་སྲང་ལམ་དུ་ཐོན་ནས་ཡུན་སུག་ཡོལ་ལ་ངོ་རྒོལ་ཤུགས་ཆེན་བྱས། ད་ལྟའི་ཆར་ལྷོ་ཀོ་རི་ཡའི་ནང་ཆབ་སྲིད་རྩོད་རྙོག་གི་རྐྱེན་གྱིས་ཟིང་འཁྲུག་ཆེན་པོ་བྱུང་དང་འབྱུང་མུས་ཡིན་ཁར། ཕྱིའི་རྒྱལ་ཁབ་དང་འབྲེལ་ལམ་འགག་པ་དང་། ཚོང་དོན་དང་འབྲེལ་ནས་དཔལ་འབྱོར་ཐད་དཀའ་ངལ་མང་པོ་འབྱུང་བཞིན་འདུག ཕྱོགས་འགལ་དམངས་གཙོ་ཚོགས་པས། རྒྱལ་ཁབ་ཚད་ལྡན་དུ་གནས་ཐུབ་པའི་ཐབས་ལམ་ཉག་གཅིག་ནི་གྱེན་ལོག་པའི་སྟོབས་ཤུགས་ཡོངས་རྫོགས་རྩ་མེད་བཟོ་རྒྱུ་དང་ལྷོ་ཀོ་རི་ཡའི་དཔལ་འབྱོར་གྱི་གནས་བབ་ཉམས་ཉེས་སུ་བཏང་བར་ཉེན་ཁ་བཟོ་མཁན་གྱི་ཆབ་སྲིད་པ་རྣམས་རྩ་མེད་གཏོང་དགོས་པའི་སྐུལ་མ་བྱས་འདུག་ལ། ད་ལྟའང་ལྷོ་ཀོ་རི་ཡའི་ནང་སྲིད་འཁྲུག་རྩོད་ཞི་འགྲིག་བྱུང་མེད་ཅིང་། མུ་མཐུད་ཕྱོགས་འགལ་དམངས་གཙོ་ཚོགས་པ་དང་གཞུང་འཛིན་མི་དམངས་སྟོབས་ཤུགས་ཚོགས་པ་གཉིས་བར་ནང་འཁྲུག་རྒྱག་མུས་ཡིན་འདུག

ཧོང་ཀོང་གི་དམངས་གཙོའི་དོན་གཉེར་བ་ ༤༥ ལ་བཙོན་འཇུག་ཁྲིམས་ཐད་བཅད། 

རྒྱ་ནག་གཞུང་གིས་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་མང་པོ་ཞིག་ལ་ཉེས་མིང་སྣ་ཚོགས་གཡོགས་ནས་གང་བྱུང་འཛིན་བཟུང་བཙོན་འཇུག་བྱས་དང་བྱེད་བཞིན་པ་ལྟར། ཕྱི་ལོ་ ༢༠༢༤ ཟླ་ ༥ ཚེས་ ༢༨ ཉིན་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ལྕམ་ཁྲོ་ཧང་ཐུང་ (Chow Hang Tung) ཚུད་པའི་ཧོང་ཀོང་བ་དྲུག་གིས་སྒེར་གྱི་ངོ་དེབ་ཐོག་རྒྱ་ནག་གཞུང་ལ་སྐྱོན་བརྗོད་ཀྱི་ཡི་གེ་འགྲེམས་སྤེལ་བྱས་པ་དང་། གནམ་སྡེ་སྒོ་མོ་ཆེའི་དྲུག་བཞིའི་དོན་རྐྱེན་རྗེས་དྲན་གྱི་ལས་འགུལ་ནང་མཉམ་ཞུགས་དགོས་པའི་གསལ་བསྒྲགས་སྤེལ་བར་བརྟེན། ཧོང་ཀོང་ཉེན་རྟོག་པས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོ་མཁན་དང། དྲ་ལམ་བརྒྱུད་གྱེན་ལོག་གི་བྱ་སྤྱོད་སྤེལ་མཁན་གྱི་ཉེས་མིང་འོག་མི་དྲུག་པོ་འཛིན་བཟུང་བཀག་ཉར་བྱས། གནད་དོན་དེའི་ཐད་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་ (Amnesty International) ། གནམ་སྡེ་སྒོ་མོ་ཆེའི་དྲུག་བཞིའི་དོན་རྐྱེན་རྗེས་དྲན་སྲུང་གཙི་འགོག་ཐབས་སུ་དྲག་གནོན་དང་འཛིན་བཟུང་བྱས་པ་ནི་ངོ་ཚ་དགོས་པའི་བྱ་སྤྱོད་ཅིག་ཡིན་པས།  འཛིན་བཟུང་བྱས་པའི་དམངས་གཙོ་དོན་གཉེར་བ་དྲུག་དེ་འཕྲལ་དུ་ཀློད་གྲོལ་གཏོང་དགོས་པའི་འབོད་སྐུལ་ཞུས་འདུག ཕྱི་ཟླ་ ༡༡ ཚེས་ ༡༩ ཉིན་ཧོང་ཀོང་ཁྲིམས་ཁང་གིས་ཧོང་ཀོང་གི་བདེ་འཇགས་ལ་གནོད་འཚེ་བཟོས་ཡོད་པའི་ཉེས་མིང་འོག ཕྱི་ལོ་ ༢༠༡༤ ལོའི་ཧོང་ཀོང་དམངས་གཙོའི་ལས་འགུལ་གྱི་སྣེ་ཁྲིད་པ་ཧོང་ཀོང་གཙུག་ལག་སློབ་གཉེར་ཁང་གི་ཁྲིམས་ལུགས་སློབ་དཔོན་བྷིན་ནི་ཐའེ་ (Benny Tai) ལགས་དང་། དམངས་གཙོའི་ལས་འགུལ་གྱི་སྣེ་ཁྲིད་པ་ཇོ་ཧྲ་ཝང་ (Joshua Wong) གཉིས་ཀྱིས་གཙོས། ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་མི་གྲངས་ ༤༥ ལ་ལོ་བཞི་ནས་བཅུ་བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག  ཕྱི་ཟླ་ ༡༢ ཚེས་ ༢༥ ཉིན་ཧོང་ཀོང་གིས། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་ཧོང་ཀོང་གི་ལས་འགུལ་བ་དྲུག་འཛིན་བཟུང་བྱ་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་ཏེ། ཁོ་ཚོ་འཛིན་བཟུང་བྱེད་ཐུབ་ཐབས་ཀྱི་གནས་ཚུལ་མཁོ་འདོན་མཁན་ལ་ཧོང་ཀོང་གི་ཌོ་ལར་ས་ཡ་ ༡ གཅིག་གི་བྱ་དགའ་སྤྲོད་རྒྱུ་བྱས་ཡོད་ལ། འདི་ལོར་ཧོང་ཀོང་གི་དབང་འཛིན་པ་ཚོས་རྒྱལ་ཁབ་གཞན་ནང་སྐྱབས་བཅོལ་དུ་གནས་སྡོད་བྱེད་བཞིན་པའི་ཧོང་ཀོང་གི་ལས་འགུལ་བ་ཁྱོན་ ༡༩ འཛིན་བཟུང་བྱ་རྒྱུའི་ཁྲིམས་ཡིག་བསྒྲགས་ཡོད་པར་བརྟེན། ཨ་རི་དང་དབྱིན་ཇི་སོགས་ཀྱིས། ཧོང་ཀོང་གི་མགོ་ཁྲིད་ཚོས། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་པའི་ཧོང་ཀོང་གི་དམངས་གཙོའི་དོན་གཉེར་བ་ཁག་ཅིག་ལ་འཛིན་བཟུང་བཀའ་རྒྱ་བསྒྲགས་ཏེ་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་སྲིད་ཇུས་ལག་བསྟར་བྱེད་བཞིན་པར་ངོ་རྒོལ་དང་སྐྱོན་བརྗོད་བྱས་འདུག་པ་མ་ཟད། གནད་དོན་དེས་འགྲོ་བ་མིའི་ཐོབ་ཐང་དང་འཛམ་གླིང་གི་མི་ཚང་མར་འདྲ་མཉམ་ཐོག་ཡོད་པའི་གཞི་རྩའི་རང་དབང་སོགས་ལ་རྡོག་རོལ་གཏོང་གི་ཡོད་སྟབས། འཛིན་བཟུང་བཀའ་རྒྱ་དེ་ཕྱིར་འཐེན་བྱེད་དགོས་པའི་སྐུལ་མ་བྱས་འདུག འདི་ལོའི་ཕྱི་ཟླ་ ༣ ནང་ཧོང་ཀོང་ནང་ཁྲིམས་ཡིག་ཨང་ ༢༣ ཞེས་པ་གཏན་འབེབ་ལག་བསྟར་བྱས་ཏེ། ཧོང་ཀོང་མང་ཚོགས་ཁྲོད་རྒྱ་ནག་དབུས་གཞུང་གི་ཁ་གཏན་དུ་ལངས་མཁན་རྣམས་ལ་རྒྱལ་འཚོང་བ་དང་ཁ་བྲལ་བ། གྱེན་ལོག་པ། རྒྱལ་ཁབ་མགོ་རྟིང་སློག་མཁན་སོགས་ཀྱི་ཉེས་མིང་འོག་ཁྲིམས་ཆད་ནན་མོ་གཅོད་ཀྱིན་ཡོད་ཅིང་། ཕྱི་ལོ་ ༢༠༢༠ ལོར་ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ཟེར་བ་ལག་བསྟར་བྱས་པ་ནས་བཟུང་། རྒྱ་ནག་གི་ཆེས་མཇུག་མཐའི་དམངས་གཙོའི་གྲོང་ཁྱེར་དེ་དམར་ཤོག་ཚོགས་པའི་དབང་བསྒྱུར་འོག་བཙན་གྱིས་བཅུག་ཡོད་ལ། ཧོང་ཀོང་གི་དམངས་གཙོའི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་སོགས་ལ་རྡོག་རོལ་ཐེབས་མགོ་བཙུགས་ཡོད། 

གོ་ལའི་ཚ་དྲོད་དང་རང་བྱུང་གོད་ཆག

ཕྱི་ལོ་ ༢༠༢༤ ཟླ་ ༡༡ ནང་རྒྱལ་ཚོགས་ཀྱི་འཛམ་གླིང་གནམ་གཤིས་རིག་པའི་ལྷན་ཚོགས་ (World Meteorological Organization) ཀྱིས་ཕྱི་ལོ་ ༢༠༢༤ ལོའི་གོ་ལའི་གནམ་གཤིས་དང་འབྲེལ་བའི་ཚོགས་ཆེན་འཚོགས། སྐབས་དེར་ཕྱི་ལོ་ ༢༠༢༤ ལོའི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་གནས་སྟངས་སླར་ཡང་ཉེན་ཁ་ཆེ་བའི་ཚད་གཞིར་ཐོན་ཡོད་ཅིང་། ཕྱི་ལོ་ ༢༠༡༥ ནས་ ༢༠༢༤ བར་ལོ་བཅུའི་ནང་ཚ་དྲོད་ཆེ་བ་དང་། འཁྱག་རོམ་ཞུ་ཚད་མྱུར་བ་སོགས་ལ་བརྟེན་ནས་འཛམ་གླིང་སྤྱི་ཡོངས་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་ཐད་དཀའ་ངལ་ཤུགས་ཆེན་འབྱུང་བཞིན་ཡོད་པ་གསལ་འདོན་བྱས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་གཞོན་པ་ཨན་ཊོ་ནིའོ་ (Antonio Guterres) ལགས་ཀྱིས། གནམ་གཤིས་འགྱུར་ལྡོག་ཤུགས་ཆེན་ཕྱིན་པ་དེས་མིའི་འཕྲོད་བསྟེན་དང་། འཚོ་གནས་གོང་འཕེལ་སོགས་ལ་གནོད་སྐྱོན་གཏོང་གི་ཡོད་ལ། དཀའ་ངལ་འཕྲད་སླ་བའི་མི་དག་ལ་གནོད་སྐྱོན་ཚབས་ཆེ་ཤོས་ཐེབས་ཀྱི་ཡོད། ཡུ་རོབ་ཀྱི་ཚན་རིག་པ་ཚོས་ད་ལོ་ནི་ལོ་རྒྱུས་སྟེང་ཚ་བ་ཆེ་ཤོས་ཀྱི་ལོ་དེ་ཡིན་ཞིང་། ཕྱི་ལོ་ ༢༠༢༥ ལོའི་ལོ་མགོའི་བར་དེ་ལྟར་གནས་རྒྱུའི་ཚོད་དཔག་བྱེད་ཀྱི་འདུག གནམ་གཤིས་འགྱུར་ལྡོག་ཤུགས་ཆེན་ཕྱིན་པའི་རྐྱེན་གྱིས་རང་བྱུང་རྐྱེན་ངན་ཆུ་ལོག་དང་། ཐན་པ་སོགས་བྱུང་སྟེ་མིའི་འཚོ་གནས་ལ་དོ་ཕོག་ཤུགས་ཆེན་འགྲོ་བཞིན་ཡོད། འདི་ལོར་ཨི་ཊ་ལི་དང་ལྷོ་ཨ་མེ་རི་ཁ་སོགས་ལ་ཐན་པ་བྱུང་བ་དང་། སུ་ཌན་དང་ཡུ་རོབ་ནང་ཆར་པ་ཤུགས་ཆེན་བབས་ཏེ་ཆུ་ལོག་གི་དཀའ་ངལ་འཕྲད། དེ་བཞིན་མེཀ་སི་ཀོ་དང་དཀྱིལ་ཤར་གྱི་སོ་ཌི་ཨ་ར་བྷི་ཡ། ཨ་ཧྥེ་རི་ཀ་སོགས་ལ་ཚ་བ་ཤུགས་ཆེན་བབས་ནས་མི་སྟོང་ཕྲག་མང་པོ་རྐྱེན་འདས་སུ་ཕྱིན་འདུག ཕྱི་ལོ་ ༢༠༢༤ ཟླ་ ༡ ཚེས་ ༡ ཉིན་ཉི་ཧོང་ནུབ་ཁུལ་གྱི་མཚོ་ཁ་རུ་ཡོད་པའི་ཧོན་ཤུ་ (Honshu) གླིང་ཕྲན་གྱི་ས་གནས་ཨི་ཤི་ཀ་ཝ་ (Ishikawa) ས་ཁུལ་དུ་ཚད་རིམ་ ༧།༦ ཅན་གྱི་ས་ཡོམ་བྱུང་སྟེ། མི་གྲངས་ ༥༠༤ རྐྱེན་འདས་དང་མི་གྲངས་ ༡༣༠༠ ལྷག་ལ་རྨས་སྐྱོན་ཕོག་ཡོད་འདུག་ལ། ཁང་པ་དང་གཞུང་ལམ་སོགས་གཏོར་བཤིག་ཚབས་ཆེན་བྱུང་བ་སོགས་ཀྱིས་མི་རྒྱུ་གཉིས་ལ་གནོད་འཚེ་ཕོག་ཡོད་འདུག ས་ཡོམ་དེ་ནི་ཕྱི་ལོ་ ༢༠༡༡ རྗེས་ནས་ཉི་ཧོང་དུ་བྱུང་བའི་ས་ཡོམ་ཆེ་ཤོས་ཤིག་ལ་ངོས་འཛིན་གྱི་འདུག འདི་ལོའི་ཕྱི་ཟླ་ ༧ པའི་ནང་རྒྱ་གར་ལྷོ་ཕྱོགས་ཀྱི་མངའ་སྡེ་ཀེ་ར་ལ་ (Kerala) ཡི་ཝ་ཡ་ན་ཌི་ (Wayanad) རྫོང་དུ་རྟེན་གཞི་བྱས་པའི་ཅུ་རལ་མཱ་ལཱ་ (Chooralmala) དང་ (Mundakkai) གྲོང་གསེབ་ཏུ་ས་རུད་བྱུང་ནས་མི་གྲངས་ ༢༣༠ རྐྱེན་འདས་དང་མི་གྲངས་ ༡༣༠ བོར་བརླག་ཏུ་ཕྱིན་པ་དང་། ས་རུད་བྱུང་བའི་རྐྱེན་གྱིས་གྲོང་གསེབ་དེ་གཉིས་ལ་གཏོར་སྐྱོན་ཚབས་ཆེན་བྱུང་བ་མ་ཟད། ཕྱི་ཟླ་ ༡༠ ཚེས་ ༢༩ ཉིན་སེ་པན་རྒྱལ་ཁབ་ཀྱི་ཤར་ཕྱོགས་སུ་ཆར་པ་ཤུགས་ཆེན་བབས་པའི་རྐྱེན་གྱིས་ཆུ་ལོག་རྒྱུག་སྟེ་མི་གྲངས་ ༢༣༡ རྐྱེན་འདས་སུ་ཕྱིན་པ་སོགས་ཕྱི་ལོ ༢༠༢༤ ལོར་འཛམ་གླིང་ས་ཕྱོགས་གང་སར་ཆུ་ལོག་དང་། ས་རུད། ས་ཡོམ་སོགས་རང་བྱུང་རྐྱེན་ངན་གྱི་དོན་རྐྱེན་གང་མང་བྱུང་སྟེ་མི་རྒྱུ་གཉིས་ལ་དོ་ཕོག་ཤུགས་ཆེན་འགྲོ་བཞིན་ཡོད།

རྒྱ་དཀར་ནག་གཉིས་བར་ས་མིང་བརྗེ་བསྒྱུར་གྱི་རྩོད་རྙོག་བྱུང་།

ཕྱི་ལོ་ ༢༠༢༤ ཟླ ༣ ཚེས་ ༣༠ ཉིན་རྒྱ་ནག་དམངས་སྲིད་ལྷན་ཁང་ (Ministry of Civil Affairs) གིས་རྒྱ་གར་ཨ་རུ་ནཱ་ཅལ་མངའ་སྡེའི་རི་ ༡༢ དང་། རྒྱུག་ཆུ་ ༤། མཚེའུ་ ༡། ལ་ཆུང་ ༡ དང་མི་མང་གནས་སྡོད་བྱ་ཡུལ་ ༡༡ བཅས་སུ་བོད་ཡིག་དང་རྒྱ་ཡིག་ཕིན་ཡེན་ཡོད་པའི་མིང་གསར་པ་བཏགས་ཏེ། རྒྱ་ནག་གི་མངའ་ཁུལ་ཡིན་པའི་ཧམ་བཤད་བྱས་པར་བརྟེན། རྒྱ་གར་གཞུང་གིས་མིང་གསར་པ་བཏགས་པ་ཙམ་གྱིས་མངའ་དབང་ལ་འགྱུར་བ་གཏོང་མི་ཐུབ་པའི་རྒོལ་གཏམ་བསྒྲགས་འདུག རྒྱ་གཞུང་གིས་རྒྱ་གར་ཨ་རུ་ནཱ་ཅལ་མངའ་སྡེ་ནི་བོད་ཀྱི་ལྷོ་མོན་ས་ཁུལ་ཡིན་པས་རྒྱ་ནག་གི་མངའ་ཁུངས་ཡིན་ལུགས་ཀྱི་འཁྱོག་བརྗོད་ལན་མང་བྱས་ཡོད་པ་མ་ཟད། ད་ལན་ཧ་དོང་ལ་ཟེར་བ་དང་། ཁྲི་ལམ་ཚོ། འབེ་རྩེ་གླིང་། མཁར་མང་ཆུ། མག་སྒོ། རླི་ཚོ། འཁྱགས་བཏུམ་རི། འབྲས་སྤྲུངས་རི། མཐོ་ལྕོག་རི། བདེ་པོ་རི། ཅི་ལོ། མཐོ་པོ་ལ། ཨ་ཤིང་རྩེ་ལ། སྤྲིན་དཀར་ལ། སྤང་སྒོར། མོ་ཤིང་། ཀུན་རིན། རིན་རྐང་། རྟ་སྒ་ལ། གཡང་བཟང་ཆུ། ཉ་མོ་རི་ཆུ། ཆུ་སྒང་། རྡོ་རི། ལུང་འགོ་ཁ་ལ། སྤང་ཁུག་ཆུ་འཛོམས། སོ་ལྟ་མཚོ། ད་བུ་ཧོ་གོང་། ཟླ་བ་སྒང་། གཉའ་ཨ་ཤ་བི་ལ་ཆུ། སྟ་ཀ་ཤིང་ཟེར་བ་སོགས་ལ་མིང་གསར་པ་བཏགས་ཡོད་འདུག ས་མིང་བརྗེ་བསྒྱུར་དང་འབྲེལ་ནས་ཨ་རུ་ན་ཅལ་མངའ་སྡེ་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་གིས། སྤོབས་པར་འོས་པའི་རྒྱ་གར་གྱི་མི་སེར་དང་ཨ་རུ་ན་ཅལ་གྱི་ས་གནས་ས་ཐོག་གི་མི་ཞིག་ཡིན་པའི་ངོས་ནས། རྒྱ་ནག་གིས་ཨུ་རུ་ན་ཅལ་གྱི་ས་མིང་བརྗེ་བསྒྱུར་བཏང་བར་ང་དང་ཨ་རུ་ན་ཅལ་མངའ་སྡེ་མི་མང་གིས་མཐའ་གཅིག་ཏུ་ངོ་རྒོལ་བྱེད་བཞིན་ཡོད་ཅེས་གསུངས། དེ་བཞིན་རྒྱ་གར་ཨ་སམ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཧི་མན་ཌི་ (Himanta Biswa Sarma ) ལགས་ཀྱིས། རྒྱ་ནག་གཞུང་གི་བྱེད་འབབ་དེར་སྐྱོན་བརྗོད་དྲག་པོ་བྱས་པ་དང་བསྟུན། རྒྱ་ནག་གིས་རྒྱ་གར་ས་གནས་ཁག་ཏུ་དོན་མེད་མིང་གསར་པ་བཏགས་པར་རྒྱ་གར་གྱིས་གཞུང་འབྲེལ་ཐོག་ནས་ངེས་པར་དུ་རྒོལ་ལན་ཤུགས་ཆེན་སློག་དགོས་པའི་ཞུ་སྐུལ་གནང་ཡོད། 

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

ཆུ་ཚོད་ ༢༠ སྔོན་ལ།
Mobile App

བཀུར་འོས་སྤྱི་འཐུས་དཀོན་མཆོག་ཡར་འཕེལ་ལགས་སུ་འདྲི་བའི་དོགས་གནད་དག་ཐེར།

༢༠༢༦/༠༣/༢༥
Mobile App

བཙན་བྱོལ་བོད་མིའི་ཁྲིམས་བཟོ་ལྷན་ཁང་གི་འདྲ་འབག

༢༠༢༦/༠༣/༢༥
Those who refuse to provide their phone passwords could be punished
Mobile App

ཧོང་ཀོང་ཉེན་རྟོག་པས་མི་མང་གི་ཁ་པར་གསང་གྲངས་ཐད་ཀར་ལེན་ཆོག་པར་བཟོས།

༢༠༢༦/༠༣/༢༤
Senators Jacky Rosen (D-NV) and John Curtis (R-UT)
Mobile App

ཨ་རིའི་བོད་དོན་དང་འབྲེལ་བའི་སྲིད་ཇུས་ཁག་ལག་བསྟར་གོང་འཕེལ་གཏོང་དགོས་པའི་འབོད་སྐུལ་ཞུས།

༢༠༢༦/༠༣/༢༤
TTTTT
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་དེར་ངོས་ལེན་མེད་པའི་གྲོས་ཆོད་སྤྱི་མོས་གཏན་འབེབས་གནང་།

༢༠༢༦/༠༣/༢༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese