མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༸གོང་ས་མཆོག་ལ་ནོ་སྦེལ་ཞི་བདེ་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ ༣༦ འཁོར་བའི་དུས་དྲན་སྲུང་གཙི་ཞུས་སོང་།

བོད་ཀྱི་དུས་བབ།
༢༠༢༥/༡༢/༡༠
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་ནས་༸གོང་ས་མཆོག་ལ་ནོ་སྦེལ་ཞི་བདེ་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ ༣༦ འཁོར་བ་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་སྲུང་གཙི་ཞུས་སོང་བ་དང་། གཞུང་འབྲེལ་མཛད་སྒོ་འདིའི་སྟེང་འཛམ་གླིང་རྒྱལ་ཁབ་དྲུག་གི་གནད་ཡོད་མི་སྣ་ཕེབས་འདུག

༸གོང་ས་མཆོག་ལ་ནོ་སྦེལ་ཞི་བདེ་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ ༣༦ འཁོར་བའི་གཞུང་འབྲེལ་དུས་དྲན་སྲུང་གཙི་ཞུས་སོང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༡༢།༡༠

དེ་རིང་ཕྱི་ཟླ་ ༡༢ ཚེས་ ༡༠ ཉིན་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་འཛམ་གླིང་ནང་ཆེས་སྙན་གྲགས་ཅན་གྱི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་མི་ལོ་ ༣༦ འཁོར་བའི་གཞུང་འབྲེལ་མཛད་སྒོ་འཚོགས་སོང་བ་དང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་ཀྱི་ཚོགས་གཞོན་ལྕམ་ཇའེ་ཊི་ཀ་ (Jietka Sietlova) མཆོག་དང་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་འཐུས་མི་ལྕམ་བྷར་བྷ་ར་ (Barbara Pocock) མཆོག ཆི་ལིའི་གྲོས་ཚོགས་འཐུས་མི་ཝི་ལ་ཌོ་ (Vlado Mirosecvic) མཆོག དེ་བཞིན། ཧྥ་རན་སིའི་གྲོས་ཚོགས་འཐུས་མི་སྰ་མན་ཐ་ (Samantha Cazebonel) མཆོག ནེའུ་རྫི་ལན་ཌིའི་གྲོས་ཚོགས་འཐུས་མི་གྷེ་རེག  (Greg Flemming) མཆོག་དང་ཧྥི་ཇི་གྲོས་ཚོགས་འཐུས་མི་ཝི་རན་ཌི་ར་ (Virendra Lal) མཆོག་བཅས་འཛམ་གླིང་རྒྱལ་ཁབ་དྲུག་གི་གནད་ཡོད་མི་སྣ་ཕེབས་ནས་གསུང་བཤད་མདོ་བསྡུས་རེ་གནང་སོང་ལ། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་གཙོ་བྱས་པའི་ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ་དང་སྲི་ཞུའི་ལས་བྱེད་རྣམ་པ། དེ་བཞིན། བཞུགས་སྒར་ཉེ་འཁྲིས་ཀྱི་སློབ་གྲྭ་ཁག་གི་སློབ་མ་རྣམས་པ་དང་དྷ་ས་ཁུལ་གྱི་སེར་སྐྱ་མི་མང་བཅས་འཛོམས་འདུག

མཛད་སྒོའི་སྟེང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དཀོན་མཆོག་ཚེ་རིང་ལགས་ཀྱིས་ཕྱོགས་སྒྲིག་གནང་བའི་རེ་སྒུག་གི་འབོད་པ་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་དང་། འཕྲོད་བསྟེན་ལས་ཁུངས་ཀྱི་ཁྱབ་ཁོངས་སྤྱི་ཚོགས་འཕྲོད་བསྟེན་དང་འབྲེལ་བའི་ཞབས་ལོ་ ༢༥ འཁོར་བའི་ལས་བྱེད་དྲུག་ལ་ལེགས་མཚོན་བྱ་དགའ་གནང་སོང་། དེ་བཞིན། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་སྤྱི་འཐུས་ལྷན་ཚོགས་ནས་དཔར་སྐྲུན་ཞུས་པའི་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་བྱིས་པའི་ཤེས་ཚད་དང་འཚམ་པའི་སྒྲུང་གཏམ་བརྙན་རིས་ངོ་སྤྲོད་སྙིང་བསྡུས་ཞེས་པ་དབུ་འབྱེད་གནང་སོང་།

དེའི་རྗེས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་༸གོང་ས་མཆོག་ལ་ནོ་སྦེལ་ཞི་བདེ་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ ༣༦ འཁོར་བའི་བཀའ་ཤག་གི་གསུང་བཤད་གནང་སྐབས། དེ་རིང་ང་ཚོས་དུས་སྟོན་འདིར་རྗེས་དྲན་བྱེད་པའི་དགོས་དམིགས་གཙོ་བོ་ནི། འཛམ་གླིང་འདིར་འཁྲུག་རྩོད་དང་། སྡང་འཁོན། འཇིགས་དངངས་ཀྱི་སྨག་རུམ་སྟུག་པོས་གཡོག་བཞིན་པའི་སྐབས་འདིར། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞི་བདེའི་རིག་པའི་གཞུང་ལུགས་ཀྱིས། ངེད་ཅག་འགྲོ་བ་ཡོངས་ལ་བྱམས་བརྩེ་དང་། ཤེས་རབ། འགན་ཁུར་ལ་བརྟེན་ནས་དོན་དམ་གྱི་ཞི་བདེའི་ལམ་བུ་ལག་ལེན་བསྟར་རུང་ཞིག་བསྟན་གནང་ཡོད་པ་འདིར་སློབ་གཉེར་དང་། ཉམས་ལེན་ལ་འབད་བརྩོན་ཞུ་རྒྱུ་དེ་ཡིན་པ་སྨོས་ག་ལ་དགོས།  སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞི་བདེའི་རིག་པའི་གཞུང་ལུགས་ཀྱིས། འགྲོ་བ་མི་རྣམས་ཕན་ཚུན་རྟེན་ཅིང་འབྲེལ་བའི་སྤྱི་ཚོགས་ཤིག་ཡིན་པས། འཛམ་གླིང་ཞི་བདེ་ཡོང་བར་སྐྱེ་བོ་སོ་སོས་འཇིག་རྟེན་ཀུན་ཁྱབ་ཀྱི་འགན་འཁྲིའི་བསམ་བློས་མི་གཞན་དང་རང་བྱུང་ཁོར་ཡུག་ལ་བཟང་སྤྱོད་ཀྱི་འགན་ཁུར་ལེན་ཐུབ་མིན་ལ་རག་ལས་པར་དགོངས་ཀྱི་ཡོད་ཅིང་། དེ་བས་ནང་སེམས་ཀྱི་ཞི་བདེ་དང་། སྤྱི་ཚོགས་ཀྱི་ཞི་བདེ། འཛམ་གླིང་གི་ཞི་བདེ་བཅས་ཀྱི་རིམ་པ་གསུམ་གྱི་གྲུབ་ཆ་བཏོན་ཏེ། འཛམ་གླིང་ཞི་བདེའི་འགོ་འཛུགས་ས་ནི་མི་སྒེར་གྱི་བྱམས་བརྩེ་དང་། བཟང་སྤྱོད། འཇིག་རྟེན་ཀུན་ཁྱབ་འགན་ཁུར་གྱི་འདུ་ཤེས་སྐྱེད་སྲིང་གིས། སྤྱི་ཚོགས་ལ་ཞི་བདེའི་རྨང་གཞི་བསྐྲུན་རྒྱུ་དང་། སྤྱི་ཚོགས་ཁྱོན་ཡོངས་ལ་འགྲོ་བ་མི་རྣམས་གཅིག་གྱུར་གྱི་འདུ་ཤེས་གོ་རྟོགས་དང་། སློབ་གསོ་ལམ་ལུགས་ནང་དུ་སྤྱི་སེམས་བཟང་གསུམ་གྱི་ (SEE-Learning) སློབ་གཉེར་འཛུགས་སྐྱོང་ལ་སྐུལ་འདེད། རྒྱལ་སྤྱིའི་འགལ་ཟླ་དང་རྩོད་རྙོག་སེལ་བར་འཚེ་བ་མེད་པ་དང་གྲོས་མོལ་གྱི་ཐབས་ལམ་གཞི་འཛིན་དགོས་གལ་ནན་གསུང་གནང་བཞིན་པ་མ་ཟད། སྐྱེ་ཁམས་སྲུང་སྐྱོབ་ནི་འཛམ་གླིང་ཞི་བདེའི་གནད་དོན་གཙོ་བོ་ཞིག་ཏུ་བརྩིས་གནང་ཡོད་པས། ཁོང་གི་ཞི་བདེའི་རིག་པའི་གཞུང་ལུགས་ཀྱིས་དེང་རབས་ཀྱི་འཛམ་གླིང་འདིར་འཚེ་བ་དང་འགལ་ཟླའི་ཁྲོད་དུ་ཞི་འཇམ་དང་རྒྱུ་མཚན་ལྡན་པའི་འདེམས་ཀ་ཞིག་མཁོ་སྤྲོད་མཛད་ཡོད་ཅིང་། དེའི་དཔེ་མཚོན་གསོན་པོ་ཞིག་ནི། བོད་མི་ས་ཡ་གཅིག་དང་འབུམ་གཉིས་ལྷག་དུས་མིན་རྐྱེན་འདས་སུ་བཏང་བ་དང་། བོད་མི་རིགས་རྩ་མེད་ཀྱི་སྲིད་ཇུས་གཅིག་མཇུག་གཉིས་མཐུད་དུ་བརྩམས་དང་རྩོམ་བཞིན་པའི་རྒྱ་དམར་གཞུང་ལའང་འཚེ་མེད་ཞི་བའི་རྩ་དོན་བརྟན་བཟུང་ཐོག་བོད་རྒྱ་གཉིས་སྨན་གྱི་དབུ་མའི་ལམ་གྱི་སྲིད་ཇུས་རྒྱུན་འཁྱོངས་གནང་བཞིན་པར་བོད་མིའི་སྒྲིག་འཛུགས་དང་བཙན་བྱོལ་བོད་མིས་ཉམས་ལེན་ཞུ་བཞིན་པ་འདི་ཡིན།

འདི་ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་གོ་སྟོན་དང་བསྟུན་ཏེ་རྒྱལ་སྤྱིའི་ཁྱོན་ལ་བྱམས་བརྩེའི་ལོ་འཁོར་སྲུང་བརྩི་ཞུ་བཞིན་པའི་དགོས་དམིགས་ཀྱང་། ༸མགོན་པོ་གང་ཉིད་ཀྱི་ཞི་བདེའི་རིག་པའི་གཞུང་ལུགས་ཀྱི་གཞི་མ་བྱམས་བརྩེའི་བསྟན་བཅོས་སྐུལ་སྤེལ་གྱི་ཆེད་དུ་ཡིན་ལ། བྱམས་བརྩེ་ནི་ཁོང་ཁྲོ་དང་འཇིགས་སྐྲག་གི་གཉེན་པོ་ཡིན་པས། ཞི་བདེའི་ཚོར་བའི་འཕྲུལ་འཁོར་མ་ལག་ཡིན་ཞིང་། བྱམས་བརྩེ་ནི་རྟེན་ཅིང་འབྲེལ་བའི་དོན་དངོས་ལས་བྱུང་བ་ཡིན་པས་ཞི་བདེའི་བཟང་སྤྱོད་ཀྱི་རྨང་གཞི་ཡིན་པ། བྱམས་བརྩེ་ཡིས་ཕན་ཚུན་གྲོས་མོལ་དང་རྒྱུས་ལོན། ཞི་འདུམ་ལ་ཕན་གྲོགས་བྱེད་པས། འཚེ་མེད་ཞི་བའི་སྒུལ་ཤུགས་ཡིན་པ། བྱམས་བརྩེ་ནི་ཆོས་ལུགས་དང་སྐད་ཡིག །མི་རིགས་ཀྱི་མཚམས་ལས་བརྒལ་ཡོད་པས། གོ་ལའི་བཟང་སྤྱོད་ཀྱི་སྙིང་པོ་ཡིན་ལ། འདི་ནི་ནང་པའི་གཞུང་ལུགས་ཀྱི་གོ་དོན་ལ་དེང་སང་གསར་འགྲེལ་བྱས་པ་ཙམ་ཞིག་མ་ཡིན་པར། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེ་ཧྲིལ་པོའི་ཉམས་མྱོང་གི་བསླབ་བྱ་དང་། ཞི་བདེའི་རིག་པའི་གཞུང་ལུགས་ཀྱི་ཉིང་བཅུད་ཡིན་པས། རྒྱལ་སྤྱིའི་ཞི་བདེ་ཞིབ་འཇུག་གི་རྒྱུ་ཆ་རྩ་འགངས་ཆེན་པོ་འདི་འཛམ་གླིང་ཧྲིལ་པོར་དར་སྤེལ་ཡོང་རེ་བཅངས་པ་དོན་སྨིན་རྒྱ་ཆེར་འབྱུང་བའི་སྨོན་འདུན་ཡོད། ཅེས་གསུངས་སོང་།

ཡང་དེ་རིང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་ཡིན་པ་དང་བསྟུན་སྲིད་སྐྱོང་མཆོག་གིས། དེ་རིང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་ཡིན་པས། འཛམ་གླིང་ཁྱོན་དུ་འགྲོ་བ་མིའི་ལྷན་སྐྱེས་ཀྱི་ཐོབ་ཐང་ལོངས་སུ་སྤྱོད་སྐལ་མ་ཐོབ་པ་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང་། འགྲོ་བ་མིའི་ཐོབ་ཐང་འཕྲོག་མཁན་རྣམས་ལ་བླང་དོར་གྱི་མིག་ཐོབ་ཅིང་། བྱམས་བརྩེའི་གོ་རྟོགས་རྙེད་པའི་བྱིན་མཐུ་ལ་བརྟེན་ནས་འགྲོ་བ་མི་རེའི་ཚེ་སྲོག་ལ་བརྩི་བཀུར་དང་། འགྲོ་བ་མི་རེའི་སྐད་ངག་ལ་ཉན་འཇོག  འགྲོ་བ་མི་རེའི་མངོན་འདོད་ལ་སྲུང་བརྩི་ཞུ་བའི་ང་ཚོ་ཐུན་མོང་གི་དམིགས་འདུན་ཐོག་གོམ་པ་མདུན་སྤོ་བྱེད་ཐུབ་པའི་སྨོན་ལམ་འདེབས་ཀྱི་ཡོད།  ལྷག་པར་དུ་ཞེ་སྡང་དང་འདོད་རྔམ། གཏི་མུག་གི་བྲན་འོག་ཏུ་ཚུད་པའི་རྒྱ་ནག་གུང་ཁྲན་སྲིད་གཞུང་གིས་སྤྱི་པའི་ཐོན་ཁུངས་ཡོངས་རྫོགས་བཀོལ་སྤྱོད་བྱས་ཏེ། བོད་མི་རིགས་ཀྱི་ངོ་བོ་རྩ་མེད་དང་། བོད་ཀྱི་རང་བྱུང་ཁོར་ཡུག་གཏོར་བཤིག་གཏོང་བའི་བརླང་སྤྱོད་དེ་རིགས་བྱམས་བརྩེ་དང་སྙིང་རྗེ། ཤེས་རབ་ཀྱི་གྲོགས་དང་འཕྲད་དེ། མགྱོགས་ནས་མྱུར་དུ་མཚམས་འཇོག་གིས། བོད་རྒྱ་གཉིས་སྨན་དབུ་མའི་ལམ་གྱི་འཇུག་ངོགས་ནས་བོད་རྒྱའི་གནད་དོན་ཞི་འགྲིག་གི་ཐབས་ལམ་ལ་མངོན་དུ་ཕྱོགས་པའི་རེ་སྨོན་བྱེད་བཞིན་ཡོད། ཅེས་གསུངས་སོང་།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་དུས་ཆེན་དང་འབྲེལ་བའི་གསུང་བཤད་གནང་སྐབས། ྋགོང་ས་མཆོག་ནས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་སྐབས་ཀྱི་གསུང་བཤད་གནང་བའི་ནང་། “ངོས་རང་ནང་པའི་གྲྭ་པ་ཞིག་ཡིན་པའི་ཆ་ནས་སེམས་ཅན་སྡུག་བསྔལ་གྱིས་མནར་བ་རྣམས་ལྟ་ཅི་སྨོས། འགྲོ་བ་མིའི་ཁྱིམ་ཚང་གི་ནང་མི་ཡོད་དོ་ཅོག་ལ་སེམས་འཁུར་བྱེད་ཀྱི་ཡོད། སྡུག་བསྔལ་ཡོངས་རྫོགས་རྨོངས་པའི་རྐྱེན་ལས་བྱུང་བར་ང་ཡིད་ཆེས་ཡོད་ཅིང་། སྐྱེ་བོ་རྣམས་ཀྱིས་རང་ཉིད་གཅིག་པུའི་བདེ་སྐྱིད་དང་། འདོད་བློ་ཁེངས་པ་ཡོང་བའི་ཆེད་གཞན་དག་ལ་སྡུག་བསྔལ་བཟོ་གི་ཡོད་ན་ཡང་། བདེ་སྐྱིད་དངོས་འབྲེལ་ནི་ནང་སེམས་ཀྱི་བདེ་བ་དང་། ཆོག་ཤེས་ཀྱི་སྟེང་ནས་འབྱུང་དགོས། ཡིད་ཀྱི་བདེ་བ་དང་ཆོག་ཤེས་ནི་གཞན་ཕན་གྱི་ཀུན་སློང་དང་། བྱམས་པ། སྙིང་རྗེ་བཅས་གོང་སྤེལ་དང་། རྨོངས་པ། རང་གཅེས་འཛིན། འདོད་སེམས་བཅས་སྤོང་བའི་ཐོག་ནས་འབྱུང་དགོས།” ཞེས་དང་། “དེང་སྐབས་ང་ཚོར་འཕྲད་བཞིན་པའི་དཀའ་རྙོག་དཔེར་ན། དྲག་པོའི་འཐབ་རྩོད་དང་། རང་བཞིན་འབྱུང་ཁམས་གཏོར་བཤིག་དབུལ་ཕོངས། བཀྲེས་སྐོམས་ལ་སོགས་པ་ནི་འགྲོ་བ་མིས་བཟོས་པའི་དཀའ་ངལ་ཤ་སྟག་ཡིན་ཞིང་། དཀའ་རྙོག་དེ་རྣམས་འགྲོ་བ་མིས་འབད་བརྩོན་དང་། གོ་རྟོགས། སྤུན་ཟླའི་འདུ་ཤེས་བཅས་སྤེལ་བའི་སྒོ་ནས་སེལ་ཐུབ་ཀྱི་རེད། ང་ཚོ་ཕན་ཚུན་དབར་དང་འཛམ་གླིང་སྤྱིའི་འགན་ཁུར་ལེན་པའི་བསམ་བློ་སྤེལ་དགོས།” ཞེས་སོགས་བཀའ་སློབ་ཕེབས་ཡོད་པ་ལྟར། འཛམ་གླིང་འདིའི་ནང་མི་མཐོ་དམན་སུ་འདྲ་ཞིག་ཡིན་རུང་། སོ་སོས་འདོད་ཆུང་ཆོག་ཤེས་དང་། བྱམས་སྙིང་རྗེ། གཞན་གཅེས་འཛིན་སོགས་ཉམས་སུ་ལེན་ཐུབ་པ་ཡིན་ན་འཛམ་གླིང་འདི་རང་བཞིན་གྱིས་བདེ་སྐྱིད་ལྡན་པའི་ཁྱིམ་ཚང་ཞིག་ཏུ་འགྱུར་ཐུབ་པ་དང་། དཀའ་རྙོག་ཇི་འདྲ་ཞིག་འཕྲད་རུང་། འགྲོ་བ་མིའི་འདུ་ཤེས་ཀྱི་གོ་རྟོགས་དང་། ཕན་ཚུན་དབར་སྤུན་ཟླའི་འདུ་ཤེས་ཀྱི་སྒོ་ནས་བསམ་ཞིབ་དང་འགན་ཁུར་ལེན་པའི་བསམ་བློ་སྤེལ་རེས་བྱས་ཏེ་དམག་འཁྲུག་དང་གནོད་ཚེའི་དཀའ་ངལ་སེལ་ཐབས་བྱ་རྒྱུ་ཤིན་ཏུ་ནས་གལ་འགངས་ཆེ་བར་སོང་། གོ་སྐབས་འདི་བརྒྱུད་ནས་སྤྱི་ཚོགས་དང་། ལྷག་པར་དུ་རྒྱལ་ཁབ་ཁག་གི་ཆབ་སྲིད་འགོ་འཁྲིད་ཚོར་དེ་ལྟར་གནང་ཕྱོགས་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན། ཕྱི་ལོ་ ༢༠༢༥ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་དེ་བཞིན་ཝེ་ནེ་ཛུ་ལའི་མི་མང་གི་མང་གཙོའི་ཐོབ་ཐང་གོང་འཕེལ་གཏོང་བར་འབད་བརྩོན་ལྷོད་མེད་གནང་མཁན་དང་། དྲང་བདེན་དང་ཞི་བདེའི་ངང་ནས་བཙན་དབང་རིང་ལུགས་དེ་མང་གཙོའི་རིང་ལུགས་སུ་བསྒྱུར་བར་འཐབ་རྩོད་གནང་མཁན་ལྕམ་སྐུ་མ་རི་ཡ་ཀོ་རི་ནཱ་མཱ་ཆ་དོ་ (Maria Corina Machado) མཆོག་ལ་ཐོབ་པའི་གསལ་བསྒྲགས་གནང་བ་བཞིན་དེ་རིང་དངོས་སུ་ཁོང་གིས་ཞི་བདེའི་གཟེངས་རྟགས་བཞེས་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་འཚམས་འདྲི་དང་བཀྲ་ཤིས་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།

ཡང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་དང་འབྲེལ་ནས་ཚོགས་གཙོ་མཆོག་གིས།  ཕྱི་ལོ་ ༡༩༤༨ ཟླ་ ༡༢ ཚེས་ ༡༠ ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་ཡོངས་ཚོགས་ཆེན་ཐེངས་ ༣༡༧ པའི་ཐོག་གྲོས་ཆོད་ཨང་ ༤༢༣(V) སྣོལ་འཇོག་གནང་བའི་ཐོག་ནས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་གཞི་གཏན་འབེབས་གསལ་བསྒྲགས་བྱས་པར་རྗེས་དྲན་ཞུ་ཕྱིར། ཕྱི་ལོ་ ༡༩༥༠ ནས་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་སྲུང་བརྩི་ཞུ་འགོ་བཙུགས་ཏེ་དེ་རིང་མི་ལོ་ཧྲིལ་པོ་ ༧༥ འཁོར་བཞིན་ཡོད། ཁྲིམས་གཞི་གཏན་འབེབས་གནང་བ་ནས་བཟུང་མི་ཚང་མ་ཐོག་མར་སྐྱེ་དུས་ནས་རང་དབང་ལྡན་ཞིང་ཆེ་མཐོང་དང་ཐོབ་ཐང་འདྲ་མཉམ་ཡོད་པའི་ཐོག རིགས་རུས་དང་། ཤ་མདོག  ཕོ་མོ། སྐད་ཡིག ཆོས་ལུགས། ཆབ་སྲིད་དམ་བསམ་ཚུལ་གཞན། རྒྱལ་ཁབ་བམ་སྤྱི་ཚོགས་ཀྱི་འབྱུང་ཁུངས། རྒྱུ་ནོར། སྐྱེ་གནས་སམ་གནས་བབ་གཞན་བཅས་ཀྱི་ཐོག་ནས་དབྱེ་འབྱེད་མི་ཆོག་ཅིང་། འགྲོ་འདུག་སྤྱོད་གསུམ་དང་། སྨྲ་བརྗོད། འདུ་འཛོམས་སོགས་ཀྱི་རང་དབང་ནི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཡིན་པས་སུས་ཀྱང་ཕོག་ཐུག་བྱེད་མི་ཆོག་པ་སོགས་གསལ་དོན་བཞིན། འཛམ་གླིང་རྒྱལ་ཁབ་ཕལ་མོ་ཆེའི་ནང་དེ་ལྟར་ལོངས་སྤྱོད་པའི་གོ་སྐབས་ཡོད་ན་ཡང་། བོད་ནང་ལ་ཆབ་སྲིད་དང་། ཆོས་དད། སྐད་ཡིག་སོགས་ཀྱི་རང་དབང་དང་ཐོབ་ཐང་ལྟ་ཞོག་འགྲོ་འདུག་སྤྱོད་གསུམ་གྱིས་མཚོན་གཞི་རྩའི་རང་དབང་དང་ཐོབ་ཐང་ཡེ་ནས་མེད་པའི་དཀའ་ངལ་འཕྲད་མུས་དང་། བོད་ནང་གི་དངོས་ཡོད་གནས་ཚུལ་རྟོགས་རྒྱུར་རྒྱ་གཞུང་གིས་བཀག་སྡོམ་དང་། གནས་ཚུལ་དངོས་བདེན་མིན་པར་འཁྱོག་བཤད་བྱེད་བཞིན་ཡོད་པར་བརྟེན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནས་ཁྲིམས་ཡིག་ལག་བསྟར་ཚུལ་བཞིན་ཡོང་རྒྱུར་རྒྱ་ནག་གཞུང་ལ་གནོན་ཤུགས་དང་སྐུལ་མ་བྱེད་དགོས་པའི་འབོད་སྐུལ་ནན་པོ་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Advertisement for App

སྐབས་བཅོ་བརྒྱད་པའི་མདོ་སྟོད་སྤྱི་འཐུས་འོས་མི་བེ་རུ་བཀྲ་ཤིས་དོན་གྲུབ།

ཆུ་ཚོད་ ༡ སྔོན་ལ།
University students wearing graduation gowns take part in a photo-shooting session on the Potala Palace Square during a government-organised media tour to Lhasa, Tibet Autonomous Region, China June 1, 2021. Picture taken June 1, 2021. REUTERS/Martin Pollard/File Photo
Mobile App

འདས་ལོར་བོད་པའི་སློབ་མ་ཁྲི་གཅིག་ལྷག་རྒྱ་ནག་ཏུ་སློབ་སྦྱོང་བྱེད་པར་བཏང་འདུག

ཆུ་ཚོད་ ༢༢ སྔོན་ལ།
སྤྱི་ཚོགས་རིག་པའི་འབུམ་རམས་པ་ལྡོང་རྒྱལ་ལོ་ལགས་ཀྱིས་རྒྱ་ནག་གི་ད་ལྟའི་གནས་སྟངས་དབྱེ་ཞིབ་ལས་མཐོང་བའི་བོད་ཀྱི་གོ་སྐབས་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༡།༡༥
Mobile App

བཙན་བྱོལ་སྤྱི་ཚོགས་ལ་རྒྱ་ནག་འཐོར་ཞིག་ཏུ་འགྲོ་བར་གྲ་སྒྲིག་དགོས།

༢༠༢༦/༠༡/༡༦
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ལྡི་ལི་བོད་ཁང་གི་ལམ་རིང་ལྷག་མཐོང་ཆེན་མོའི་ཟབ་སྦྱོང་འཛིན་གྲྭར་ཕེབས་པའི་རྒྱལ་ཁབ་ ༢༦ གི་སློབ་གཉེར་བ་མི་གྲངས་༢༣༧ གཙོས་དད་ལྡན་བཞི་བརྒྱ་ལྷག་ལ་མཇལ་ཁ་སྩལ། ༢༠༢༦།༡།༡༦ དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

ཞོགས་པ་ཡར་ལངས་པ་དང་སེམས་ཅན་ཚང་མར་ཕན་ཐོགས་བྱེད་ཐུབ་པ་ཞིག་བྱུང་ན་བསམས་ཚེ་སེམས་ཀྱི་ཞི་བདེ་སླེབས་ཡོང་གི་འདུག་ཅེས་གསུངས།

༢༠༢༦/༠༡/༡༦
ཕྱི་ལོ་ ༢༠༢༦ ཟླ་ ༡ ཚེས་ ༡༣ ཉིན་ཨི་རན་གྱི་མི་མང་འདུ་འཛོམས་ཆེ་བའི་ངོ་རྒོལ། དྲ་ལམ་གྱི་པར།
Mobile App

རྒྱལ་སྤྱིའི་ཚོགས་སྡེ་སུམ་ཅུ་ལྷག་གིས་ཨི་རན་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དགོས་པའི་བསྒྲགས་གཏམ་སྤེལ། 

༢༠༢༦/༠༡/༡༦
༧གོང་ས་མཆོག་གི་བཀའ་དགོངས་བཞིན་རྒྱ་གར་ནང་ཕེབས་ཏེ་པད་ནོར་རིན་པོ་ཆེ་མཆོག་དང་ལྷན་དུ་མགོན་པོ་གང་ཉིད་ལ་མཇལ་བ། ༡༩༩༠ དྲ་ལམ་གྱི་སྐུ་པར།
Mobile App

མཁན་ཆེན་འཇིགས་མེད་ཕུན་ཚོགས་འབྱུང་གནས་མཆོག་གི་འདས་མཆོད་སྨོན་ལམ་ཆེན་མོ་སྐབས་ ༢༢ པ་དེ་འཚོགས། 

༢༠༢༦/༠༡/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese