བླུན་པོ་རང་གི་རྗེས་སུ་མི་འབྲང་ཡང་།།
རང་ཉིད་བླུན་པོའི་རྗེས་སུ་མི་འབྲང་བ།།
འདི་ནི་མཁས་པའི་དམ་ཚིག་དང་པོ་སྟེ།།
སྲོག་ལ་བབས་ཀྱང་འབད་པས་སྲུང་བར་བྱ།།
___དགེ་ཆོས་ཀྱིས།
རྩོམ་པ་པོ། ཨ་རིག་དམ་ཆོས་བསམ་འཕེལ།
རྩོམ་ཁུངས། བོད་ཀྱི་དུས་བབ།

ཚིག་གི་དབུ་ཁྱུད།
སྲིད་སྤྱི་གཉིས་ཀྱི་འོས་མི་རྣམ་པས་གཅིག་གིས་གཅིག་ལ་སྐྱོན་བརྗོད་དང་ངན་མཚང་འདྲུ་རེས་ཀྱི་འོས་ཤོག་སློང་བ་ནི་སོ་སོས་ཁ་ནས་བཤད་པའི་གཏམ་དང་ལག་ནས་ལས་པའི་བྱ་བ་གཉིས་དོ་མཉམ་མེད་པ་གསལ་སྟོན་བྱེད་པ་ཙམ་དང་། ཡང་མིན་ན་རང་ཉིད་ཀྱིས་འཇོན་ཡོད་ཚོད་དང་ཡོད་རབས་ཀྱི་གླེང་བསླངས་ཏེ། རིམ་བཞིན་ལས་བདའ་དང་ཁག་དཀྲི་བྱེད་ས་བཙལ་ནས་རང་རྒྱལ་གཞན་ཕམ་གྱི་བྱ་སྤྱོད་ཅིག་ལས་མ་འདས་པའི་ཉེར་ལེན་གྱི་ཞོར་ན། བོད་ཀྱི་སྤྱི་ཚོགས་ཧྲིལ་པོའི་འཆམ་མཐུན་ལ་བརྡབ་གསིག་དང་བོད་མི་ཡོངས་ཀྱི་ཆིག་སྒྲིལ་ལ་གཏོར་བཤིག་གཏོང་བྱེད་ཀྱི་ལག་ཆ་ཞིག་ལ་འགྱུར་འགྲོ་བཞིན་འདུག་པ་མ་ཟད། བོད་ཀྱི་མི་མང་གིས་བོད་རང་གི་འགོ་ཁྲིད་ཚོར་ཡིད་ཆེས་བརླགས་ཤིང་། དོགས་པ་དང་སེམས་ཁྲལ་ངང་འདུག་དགོས་བྱུང་བ་དེ་འདས་བའི་ལོ་འགའི་ནང་གི་ང་ཚོའི་བཙན་བྱོལ་སྤྱི་ཚོགས་འཁོར་སྤྱོད་ཀྱི་ཉམས་མྱོང་ལས་ཚོར་ཐུབ་པ་འདི་རེད།
བྱ་སྤྱོད་འདི་དག་ལས་ཕར་བལྟས་ཚོད་ལ་བོད་ཀྱི་དེང་རབས་སྤྱི་ཚོགས་ཀྱང་སྐྱོན་མཚང་འདྲུ་ཪེས་ཀྱི་སྤྱི་ཚོགས་ཤིག་ཆགས་ཀྱིན་འདུག་པར་བརྟེན། སྲིད་སྤྱི་གཉིས་ཀྱི་དབུ་ཁྲིད་རྣམ་པ་ཚོ་ཡང་སྐྱོན་མཚང་འདྲུ་རེས་ལ་བྱང་ཆ་ལྡན་པ་ཞིག་ལས་འདེམས་མི་ཐུབ་པ་དེ་ཆོས་ཉིད་དུ་གྲུབ་འདུག་ལ། སྤྱི་ཚོགས་སྐྱོན་མཚང་འདྲུ་རེས་ཅན་ཞིག་ཆགས་པ་དེ་ཡང་། ཆུ་མགོ་བསྙོགས་ན་ཆུ་རྔ་མི་དྭངས་ཟེར་བའི་དཔེ་ལྟར་དུ་སྒང་གི་དབུ་ཁྲིད་ཚོས་སྤྱི་ཚོགས་ཁྱོན་ཡོངས་སྐྱོན་མཚང་འདྲུ་རེས་ཀྱི་ལམ་ལ་ཁྲིད་ཀྱིན་ཡོད་པའི་ཤུགས་རྐྱེན་ལས་བྱུང་བ་ཞིག་རེད།
ད་ལྟའི་བཙན་བྱོལ་བོད་ཀྱི་སྤྱི་ཚོགས་དྲ་ལམ་ན་ལྷོག་ལྷོག་ཏུ་འཕྱུར་བཞིན་པའི་ཟང་ཟིང་གི་དམོད་ཚིག་ཆར་བ་འབབ་འབབ་དང་། རང་གི་འདོད་པའི་ཐོག་ལ་མ་ཡོང་ན། མང་གཙོ་དང་སྨྲ་བརྗོད་བརྗོད་རང་དབང་ཟེར་ཞིང་། གནས་ལུགས་དང་དྲང་བདེན་ལ་བརྟག་ཅིང་དཔྱད་པའི་རྣམ་དཔྱོད་སྤུ་ཙམ་ཡང་མེད་པར་རང་སྣང་གང་དྲན་གྱིས་མི་གཞིའི་ལུས་ངག་ཡིད་གསུམ་གྱི་ཀུན་སྤྱོད་བོར་ཏེ། ཁ་བཤད་ལག་ལེན་མེད་པར་དར་དམར་དང་དར་ནག་ཟེར་བའི་རྗོད་ཚིག་སྐྱུག་བྲོ་བ། ཧམ་པ་དང་ཁྲམ་པ་ཞེས་པའི་ནང་དམེ་དམོད་ཚིག ང་རང་དང་ཁྱོད་རང་རྩོད་པའི་རང་རྒྱལ་གཞན་ཕམ། ང་ཚོ་དང་ཁྱོད་ཚོར་ཕྱོགས་ཁག་དབྱེ་འབྱེད་ཀྱི་རྗོད་བྱེད་ཐ་སྙད་བེད་སྤྱོད་གཏོང་མཁན་ཞིག་ཡིན་ན་སྲིད་སྤྱི་གང་རུང་ལ་ལངས་ནའང་ཁ་དོན་ཚིག་ལ་མི་གནས་པ་དེ་ཆོས་ཉིད་དུ་གྲུབ་པར་འདོད། དེ་གང་ཡིན་ཞེ་ན། སྐྱེ་བོ་གང་ཞིག་གིས་བསམ་བློར་འཁོར་བའི་ཡིད་ཀྱི་ཀུན་སློང་ལས་ངག་ནས་ཐོན་པའི་ཚིག་དང་། ལུས་ཀྱི་རྣམ་འགྱུར་དུ་ཐོན་བཞིན་པའི་རྒྱུ་འབྲས་ཀྱི་འབྲེལ་བ་དེ་ལྟོས་ས་ལྟོས་འཇོག་གིས་གྲུབ་བཞིན་པ་ནི་འགྲོ་བ་མིའི་ཀུན་སྤྱོད་དང་གཤིས་ཀ་ངོས་འཛིན་བྱེད་སྟངས་ཤིག་རེད། དེ་ལྟར་ན་ཕ་རོལ་ལ་སྐྱོན་གྱི་རྣམ་པ་ཅི་ཙམ་ཡོད་ཀྱང་མི་མཐོང་བར་ཡིད་འོང་དུ་སྒྲོ་འདོགས་པ་ནི་ཕྱོགས་ཞེན་ཡིན་ལ། གཅིག་ཤོས་ལ་ཡོན་ཏན་ག་ཚོད་ཡོད་ན་ཡང་དང་ལེན་བྱ་མི་ཐུབ་པ་ནི་ཕྲག་དོག་དང་། དེ་ཡང་མཐོང་ཚད་དང་གོ་ཚོད་ཀྱི་གནས་ལུགས་ལ་མ་དཔྱད་མ་བརྟག་པར་ཤོད་པ་ནི་འཆལ་གཏམ་ཡིན་ལ། སེམས་ཁམས་འདི་དག་ནི་སེམས་ཁམས་རིག་པས་གྲུབ་དོན་ཞིག་ཀྱང་ཡིན་པས་ན་ང་ཚོས་བདེན་པའི་གནས་ལུགས་ལ་ནག་སུབ་གཏོང་ག་ལ་རུང་།
འཛམ་གླིང་གི་རང་རྐང་ཚུགས་པའི་རྒྱལ་ཁབ་དག་གི་དམངས་གཙོ་དང་བཙན་བྱོལ་བོད་གཞུང་གི་དམངས་གཙོའི་བར་ཁྱད་དང་གནས་བབ་ལ་རྨོངས་པའི་ཧོད་རྒྱུག
ང་ཚོའི་བོད་ཀྱི་དམངས་གཙོ་ནི་འབངས་མི་ཡར་ལ་ལངས་ཏེ་བརྩད་ནས་མར་བླངས་པ་ཞིག་མིན་པར། སྒང་གི་བྱང་ཆུབ་སེམས་དཔས་མར་མི་མང་ལ་གནང་པའི་སྦྱིན་པ་ཞིག་ཡིན་སྟབས། དམངས་ཀྱིས་ཡར་ཁ་ཟེད་དུས་སྒང་གིས་མར་ཁ་ནང་ལ་ལྡུག་ཆོག་ཆོག་བྱས་ཡོད་པ་ཞིག་ཡིན་པར་བརྟེན། བཙན་བྱོལ་བོད་མི་ཚོས་དམངས་གཙོའི་ལམ་ལུགས་ཀྱི་ཐོབ་ཐང་དང་ལས་འགན། སྨྲ་བརྗོད་རང་དབང་གི་གོ་དོན་གྱི་གནད་འགག་རྟོག་ཐུབ་ཀྱིན་མེད་པའི་ཚོད་ཅིག་ལ་བསླེབས་འདུག དེ་ཁག་ཀྱང་མི་འདུག ང་ཚོ་མང་པོ་ཞིག་ལོ་རབས་བརྒྱད་ཅུ་དང་དགུ་བཅུའི་ནང་ཀ་ངོ་ཡིག་ངོ་མི་ཆོད་ཅིང་། ལག་སྟོང་མཆན་སྟོང་ལ་བོད་ནས་བཙན་བྱོལ་ལ་བསླེབས་དུས་མི་རབས་རྒན་པ་ཚོས་ཤ་ཟད་ནས་རུས་པར་གཏུགས་ཏེ། རྣག་ཁྲག་གི་ཟུངས་ཤུགས་ཡོད་ཚད་བོད་མི་རིགས་ཀྱི་ཆེད་དུ་བཏང་ནས་གཞིས་ཆགས་དང་བོད་གཞུང་བཙུགས། སློབ་གྲྭ་དང་དགོན་པ་བཏབ། མཐའ་ན། བལ་ཡུལ་དང་རྒྱ་གར་ནས་སྣེ་ལེན་ཁང་གོ་སྒྲིག་བྱས་ཏེ་བོད་ནས་ཡོང་བའི་བོད་ཀྱི་སློང་མོ་བ་སྟེ། མུག་ཕྲུག་ཚོ་བསླེབས་དུས་བོད་མི་རིགས་ཀྱི་ཆེད་དུ་ཟ་ཆོག་ཆོག་དང་འཐུང་ཆོག་ཆོག་བྱས་ཡོད། ད་དུང་རང་གི་གདམ་ག་ལྟར་སློབ་གྲྭ་དང་དགོན་པར་བཏང་སྟེ་སློབ་སྦྱོང་ཡང་བྱེད་ཆོག་ཆོག་བྱས་ཡོད་པ་དེ་རེད། དེ་ནས་རིམ་བཞིན་ཀ་ངོ་ཡིག་ངོ་མི་ཆོད་པའི་སློང་མོ་བ་ཚོས་ཀ་ཁའི་མགོ་རྔ་ཤེས་ནས་རང་མགོ་ཐོན་ཡོང་ཙམ་ལ། མི་རབས་རྒན་པ་ཚོར་སྨྲ་བརྗོད་རང་དབང་རེད་ཟེར་ནས་ཅིག་འགྲིག་མི་འདུག་མདོག་མདོག་ལབ་པ། སྨྲ་བརྗོད་རང་དབང་ཟེར་ནས་གཉོམ་ས་དག་ལ་བརྙས་བཅོས་བྱེད་པ། སྨྲ་བརྗོད་རང་དབང་ཟེར་ནས་མི་རབས་རྒན་པ་ཚོར་མ་ཉེས་ཁ་གཡོག་བྱེད་པ། སྨྲ་བརྗོད་རང་དབང་ཟེར་ནས་སྤྱི་ཚོགས་དཀྲུག་པ། སྨྲ་བརྗོད་རང་དབང་ཟེར་ནས་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་ཁག་ལ་འགོག་རྐྱེན་བཟོ་བ། སྨྲ་བརྗོད་རང་དབང་ཟེར་ནས་རང་བཙན་དང་དབུ་མའི་ལམ་གྱི་དགོས་དོན་དེ་ཡང་ཤུགས་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་རྩོད་ཀྱིན་ཡོད་པའི་རྣམ་འགྱུར་སྟོན་གྱིན་པ་སོགས་ནི། བོད་པའི་ལྟ་གྲུབ་ཀྱི་ཐོག་ནས་བལྟས་པ་ཡིན་ན་དྲིན་ཆེན་ལ་དྲིན་ལོག་བྱས་པ་རེད་ལ། ཕྱིའི་དགྲ་མི་ཐུབ་ཀྱང་ནང་གི་མི་རབས་རྒན་པ་ཚོར་ལོ་ལོན་དུས་ཐུབ་ཚོད་བཏང་བ་ཞིག་ཀྱང་རེད། མི་གཞིའི་ཀུན་སྤྱོད་ནི་ངོ་ཚ་དང་ཁྲེལ་ཡོད་མེད་ཀྱི་ཐོག་ནས་འབྱེད་དགོས་དུས། འདི་དག་ལ་ངོ་ཚ་དང་ཁྲེལ་ཞིག་གཏན་ནས་མེད་པས། མི་གཞིའི་ཀུན་སྤྱོད་བོར་འདུག་ཟེར་བའང་དེ་ཡིན། རང་དབང་དང་དམངས་གཙོའི་ལྟ་གྲུབ་ཀྱི་ཕྱོགས་ནས་བཤད་ནའང་བྱེད་སྟངས་འདི་དག་ནི་སྨྲ་བརྗོད་རང་དབང་དང་དམངས་གཙོ་ལོག་པར་སྤྱད་པ་རེད།
སྤྱིར་དམངས་གཙོའི་སྤྱི་ཚོགས་ནི་བསམ་ཚུལ་དང་ལྟ་གྲུབ་འདྲ་མིན་གྱིས་གྲུབ་ཅིང་སྤྱི་ཚོགས་དེར་མཉམ་གནས་དང་མཐུན་སྒྲིལ། ཤེས་ཡོན་དང་སློབ་གསོའི་རྨང་གཞི་ལྡན་པ། གཅིག་གིས་གཅིག་ལ་བསམ་ཤེས་དང་བཟོད་སྒོམ། མི་རིགས་ཀྱི་གསོན་ཤུགས་དེ་མདུན་སྐྱོད་དང་གོང་འཕེལ་གྱི་ཆེད་དུ་དམིགས་པ་ཞིག་རེད། ང་ཚོས་སྤྱི་ཚོགས་སུ་དེང་རབས་དམངས་གཙོའི་ལམ་ལུགས་ཀྱི་རྒྱུན་ཤེས་ཙམ་ཡང་མེད་མཁན་ཁ་ཁེར་གྱིས་དམངས་གཙོའི་མཉམ་གནས་ལ་འགོག་རྐྱེན་དང་། མཐུན་སྒྲིལ་ལ་གཏོར་བཤིག རྩ་དོན་ལ་བར་ཆད་བཅས་ཀྱི་ཆེད་དུ་དམངས་གཙོ་དང་སྨྲ་བརྗོད་རང་དབང་བེད་སྤྱོད་བྱེད་ཀྱིན་འདུག གཅིག་བྱས་ན་མི་དེའི་རིགས་ལ་ཁག་ཅི་ཡོད། བོད་ནས་ཀ་ངོ་ཡིག་ངོ་མི་ཆོད་པའི་སློང་མོ་བ་ཚོ་བཙན་བྱོལ་དུ་ཡོང་ནས་དབུ་ཁྲིད་ཆགས་སོང་ན། ཡོང་རྒྱུ་དེ་ལས་གཞན་ཅི་ཡང་མེད་པ་རེད། དེ་ཡང་བོད་ཀྱི་སྤྱི་ཚོགས་རིག་པའི་སྲོལ་འབྱེད་པ་ལྡོང་ཕྱིང་གུར་བ་རྒྱལ་ལོ་མཆོག་གིས”་བཙན་བྱོལ་བོད་མིའི་མི་འབོར་གྱི་ཤེས་ཚད་ནི་བརྒྱ་ཆའི་བརྒྱད་ཅུར་དམའ་འབྲིང་གི་ཤེས་ཚད་ལས་བརྒལ་ཐུབ་མེད་ཅིང་། མང་གཙོའི་ཀ་བ་གསུམ་དང་བཅས་པའི་སྒྲིག་འཛུགས་དང་རྩ་འཛུགས། མང་གཙོ་ཡི་འགྲོ་སྟངས་ལྟར་གཞུང་གི་མ་ལག་བཙུགས་ཀྱང་། མི་དམངས་རང་གི་སློབ་གསོ་ཐོབ་ཚད་དང་སྤུས་ཀ་ཞན་པས། སྤྱི་ཚོགས་ཀྱི་འཁོར་ཕྱོགས་དང་ཡར་རྒྱས་འགྲོ་ཕྱོགས་ཐད་རང་རང་སོ་སོར་ལངས་ཕྱོགས་མེད་པས་འོས་ཤོག་གི་འདོད་པ་རྨོངས་དད་ཀྱི་དབང་དུ་སོང་ཞིང་། ཡང་ན། གཞན་གྱི་གཡོ་འོག་ཏུ་ཚུད་དེ་མང་གཙོ་ཡང་དག་ལག་བསྟར་དཀའ་བའི་གནས་ཚུལ་མང་པོ་གོ་ཐོས་བྱུང་འདུག་”ཅེས་པ་ནི་ང་ཚོའི་བཙན་བྱོལ་བོད་མིའི་དམངས་གཙོའི་གནས་སྟངས་ལ་རྒྱུས་ལོན་དང་ཉམས་ཞིབ་པའི་གྲུབ་དོན་དེ་རེད། གནས་སྟངས་འདིའི་འོག་ནས་ང་ཚོས་གཅིག་གིས་གཅིག་ལ་བསམ་ཤེས་དང་བཟོད་སྒོམ་གྱིས་སྐྱོན་འཚང་འདྲུ་རེས་ཀྱི་བྱ་སྤྱོད་མཚམས་བཞག་སྟེ། རང་ཉིད་ལ་འོས་ཤོག་ཐོབ་པའི་རྗེས་སུའང་གཅིག་གིས་གཅིག་ལ་ནུས་ཤུགས་མཉམ་སྤོང་བྱེད་དགོས་ཤིང་། རྡོག་རྩ་གཅིག་སྒྲིལ་གྱིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་སྲུང་སྐྱོབ་བྱེད་དགོས།
འདི་ནི་ང་ཚོའི་སྟོབས་ཤུགས་དང་རྒྱ་དམར་གྱི་ཁ་གཏད་ལྕོགས་བྱེད་ཀྱི་ལག་ཆ་དང་། བོད་མི་གཞིས་བྱེས་ཀྱི་རེ་འདུན་དང་རྨི་ལམ་ཁོ་ནའང་རེད། ང་ཚོ་བོད་པ་ཚོར་ད་ལྟའི་གནས་སྟངས་འོག་ན་ཅིག་ཡོད་པ་ནི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་ཡིན། འདི་ང་ཚོས་བདག་པོ་རྒྱག་ཐུབ་པ་བྱེད་དགོས། ངེས་པར་ཏུ་ང་ཚོས་སྲུང་དགོས།
ང་ཚོས་བཙན་བྱོལ་གཞུང་འདི་ནི་འཛམ་གླིང་གི་སྲིད་འབྱོར་དམག་གསུམ་བདག་གིར་འཛིན་པའི་ཨ་རིའི་གཞུང་མིན་པ་དང་གྲོས་ཚོགས་སྤར་མོ་གང་བོ་ཡང་ཨ་རིའི་གྲོས་ཚོགས་མིན་པའི་ཁྱད་པར་མཁྱེན་དགོས་པ་ལས་རྨོངས་ཚོད་ཀྱིས་ཧོད་རྒྱུག་བྱ་རུང་བ་ཞིག་མིན་པ་སྟེ། ང་ཚོར་ས་མཐའ་འདི་ན་ས་ཆ་ལག་མཐིལ་ཙམ་ཞིག་ཀྱང་མེད་ས་ཞིག་ནས་རང་དབང་རྒྱལ་ཁབ་ཅིག་ནང་བཞིན་ལས་ཀ་བྱེད་དགོས་ཟེར་ན་ང་ཚོ་སྐྱབས་བཅོལ་བ་ཡིན་པའང་བརྗེད་ཡོད་པའི་ཚོད་རེད། “སྐྱབས་བཅོལ”ཞེས་པའི་དོན་དག་གང་རེད། མི་རིགས་གཞན་གྱིས་ང་ཚོར་སྙིང་རྗེ་བསྒོམས་པའི་བཀའ་དྲིན་ཡིན་པ་ལས་ང་ཚོས་རང་མགོ་ཐོན་པ་མ་རེད། ང་ཚོས་རང་རིགས་མཆོག་འཛིན་དང་། འདྲ་འདྲའི་ནང་གི་མ་འདྲ་བའི་རང་རློམ་གྱིས་གཞན་པ་ལས་ཁྱད་དུ་འཕགས་པའི་འཁྲུལ་སྣང་གི་རྨི་ལམ་གྱི་ཞིང་ཁམས་ལས་སད་ཐུབ་ཀྱིན་མེད་པ་འདྲ། ད་ནི་ང་ཚོ་བཙན་བྱོལ་པའི་བོད་པ་རྣམས་ཀྱི་བླ་འཁྱམས་སོང་བ་ནང་བཞིན་གཞི་རྩའི་དམིགས་འབེན་བོར་ནས་མདོ་མེད་པའི་མགོ་ཆག་གི་ལབ་རྡོལ་དང་འདྲ་བར། ཅིག་ཅིག་ཉིག་ཉིག ཁྱེད་རང་གི་ཁ། ངའི་སྣ། བྱིས་པའི་བསམ་བློ་ཙམ་ལས་མེད་པ་འདི་ཅི་རེད། མྱིག་སྟོན་རེད། བོད་ནང་གི་གཞིས་ལུས་སྤུན་ཟླ་ཚོ་ལ་ངོ་ཚ་གིན་མི་འདུག་གམ། ངོ་མི་ཚ་ནའང་འཚེར་སྣང་སྐྱེ་ཡི་མི་འདུག་གམ། ང་ཚོས་ང་ཚོ་ཕྲ་མཐོང་ཆེ་ཤེལ་ནང་ལ་བླངས་ཏེ་བལྟས་ན། ཆེས་ཐག་ཉེ་སའི་ཕུ་ནུའི་ནང་དམེ་རྐྱང་རྐྱང་ལས་འདའ་མེད་པ་སྟེ། མནའ་མ་ལྷ་ས་བ་རེད། མག་པ་ཨ་མདོ་བ་རེད། སྐྱེས་སྨན་ཨ་མདོ་བ་རེད། ཁྱོ་ག་ཁམས་པ་རེད། ཨ་ཕ་ཁམས་པ་རེད། ཨ་མ་ལྷ་ས་བ་རེད། ཤ་ཉེ་ཚོ། ད་བསམ་བློ་ཐོངས།
གཞུང་ལུགས་གང་ཡིན་ནའང་མི་རིགས་གང་དེའི་རིགས་པའི་ཉིང་ཁུས་བརྒྱན་ཡོད་པ་ནང་བཞིན། ང་ཚོའི་བོད་ཀྱི་དམངས་གཙོ་ལའང་བོད་རང་གི་ཐུན་མོང་མ་ཡིན་པའི་དྲང་བདེན་དང་ལྷག་བསམ། སྤྱི་ཕན་གྱིས་ཕྱུག་པའི་བོད་ཀྱི་བྱམས་བརྩེའི་དམངས་གཙོ་ཞིག་ཡིན་དགོས་ལ། ང་ཚོའི་བོད་ཀྱི་ཡ་ང་བའི་གནས་བབ་དང་བསྟུན་ནས་ང་ཚོའི་དམངས་གཙོ་ཡང་བྱམས་སེམས་ཀྱིས་བསྐྱང་དགོས་ལ། ང་ཚོའི་སྐྱབས་བཅོལ་པའི་གཞུང་འདིའང་སེམས་ཆུང་གིས་བསྐྱང་གནང་མཛད་རོགས།
དགྲ་གཉེན་ཟུང་འབྲེལ་གྱི་གཏོར་བཤིག
བོད་གཞིས་བྱེས་གཉིས་ཀྱི་བོད་མིའི་ཆིག་སྒྲིལ་གྱི་རྩ་བ་ནི་རྒྱལ་བ་ཡིད་བཞིན་ནོར་བུ་མཆོག་ཡིན་པ་དང་། རེ་བའི་རྨང་གཞི་ནི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཡིན་པ་དེ་རྒྱ་མིའི་སྒེར་གཅོད་དམར་པོའི་གཞུང་གིས་ཀྱང་ཤེས་ཀྱི་ཡོད་པར་བརྟེན། གནའ་ནས་ད་བར་དངོས་ཤུགས་གསང་གསུམ་ནས་རྒྱལ་བ་རིན་པོ་ཆེའི་ཆེ་མཐོང་བརླག་རྒྱུ་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་གཏོར་ཐབས་ལ་འབད་པ་བྱས་དང་བྱེད་བཞིན་ཡོད་ལ། མ་འོངས་པར་ཡང་དེ་ལྟར་མུ་མཐུད་རྒྱུ་ཡིན་པ་གླེང་མ་དགོས་པ་ཞིག་རེད། དེ་ལྟར་རྒྱ་དམར་གྱིས་དམིགས་ཡུལ་དེ་ལམ་ལྷོང་བྱུང་ན། བཙན་བྱོལ་བོད་མིའི་སྤྱི་ཚོགས་འདི་ལས་སླ་བོས་ངང་འཐོར་འགྲོ་བར་ཡིད་ཆེས་ཀྱང་བྱེད་ཀྱིན་ཡོད་པ་རེད། དེའི་རྐྱེན་གྱིས་དུས་དང་རྣམ་པ་ཀུན་ཏུ་༧གོང་ས་མཆོག་ལ་མཚན་སྨོད་དང་ཟུར་ཟ། སྐུ་ལ་བར་ཆད་བཟོ་བ་དང་། ཞིང་གཞན་ལ་གཤེགས་པར་སྒུག་བཞིན་པ། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་མཐོང་ཆུང་དང་སྐྱོན་འཛུགས་རྒྱུན་ཆད་མ་མྱོང་ཞིང་། ལྷག་པར་ཏུ་ད་ལྟའི་བཙན་བྱོལ་བོད་མིའི་ནང་གི་བོད་མི་སྔོན་ཐོན་པ་ཁག་ཅིག་གིས་རྒྱ་ནག་དམར་གཞུང་གི་ལོ་རབས་དྲུག་ཅུ་དང་བདུན་ཅུའི་ནང་གི་རིག་གནས་གསར་བརྗེ་བསྐྱར་སྤེལ་བྱེད་བཞིན་པ་འདི་ཡང་དམར་གཞུང་དང་ཆར་བ་ཆུ་གྲོགས་ཀྱི་ལས་དོན་སྣ་དགུ་ལ་འབད་ཀྱིན་ཡོད་པ་མངོན་གསལ་དོད་པོ་རེད།
དེ་དང་ཆབ་ཅིག བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདིའང་རྒྱ་ནག་དམར་པོས་ཐབས་བརྒྱ་ཇུས་སྟོང་གིས་ཇག་རྐུན་གྱི་ངོ་བོར་བསྒྱུར་ཏེ་མི་སུ་ཞིག་གིས་ཀྱང་ཡིད་ཆེས་མེད་པའི་ལས་སྣ་ཚོགས་བརྩམས་དང་རྩོམ་གྱིན་པ་། མ་འོངས་པར་ཡང་ཆེད་མངགས་ཀྱིས་གནོན་ཤུགས་ཆེ་རུ་གཏང་རྒྱུ་ཡིན་པ་དེ་ང་ཚོའི་མིག་མཐོང་ལག་ཟིན་དུ་གྱུར་ཡོད་པ་འདི་རེད།
དེའི་ཕྱིར། ཁ་སང་དེ་རིང་ང་ཚོ་བོད་པ་རང་ཉིད་ཀྱིས་ཀྱང་མི་སྒེར་དང་། བོད་མིའི་སྒྲིག་འཛུགས་ཀྱི་བྱ་འགུལ་གང་ཞིག་རང་རང་གི་འདོད་ཐོག་ལ་མ་ཡོང་ཚེ། ཇག་པ། རྐུན་མ། གདོན་འདྲེ། རྒྱལ་བཙོང་། རྒྱུག་ཁྱི་ཞེས་གཅིག་གིས་གཅིག་ལ་སྐྱོན་བརྗོད་བྱེད་པ་འདིས་རྒྱ་དམར་ལ་བོད་པ་རང་ངོས་ནས་རང་འགུལ་གྱིས་གོ་སྐབས་ལྷག་མ་ཞིག་སྤྲོད་པ་དང་གཅིག
གཉིས་ནས་རྒྱ་དམར་གྱིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་སུ་མ་ཉེས་ཁག་གཡོག་བྱེད་པར་དཔང་རྟགས་བྱེད་པའི་ལས་དོན་དང་འདྲ་མཉམ་དུ་གྱུར་ཡོད། གསུམ་ནས་བྱ་སྤྱོད་འདིའི་རིགས་ཀྱིས་ད་ལྟའི་བོད་ནང་གི་མི་ཐོག་བཞི་པར་རྒྱ་དམར་གྱིས་ཀླད་པ་བཀྲུས་ཡོད་པ་དག་གི་བསམ་བློའི་རྒྱབ་རྩ་ཇེ་བརྟན་དུ་འགྱུར་བར་ཡང་ཤུགས་རྐྱེན་ཐེབས་མི་སྲིད་པའང་མ་རེད། བཞི་ནས་བཙན་བྱོལ་བོད་མི་དག་གིས་རང་དབང་ལུང་པ་ནས་རང་དབང་དང་། དམངས་གཙོ། སྨྲ་བརྗོད་ཀྱི་ཐོབ་ཐང་རྐྱང་རྐྱང་ལེན་མཁས་པ་ལས་དེའི་འགན་སྤུ་ཙམ་ཡང་མི་འཁུར་བ་ནི་རང་དབང་དང་སྨྲ་བརྗོད། དམངས་གཙོའི་གནད་དོན་ལ་གོ་རྟོག་ཞན་དྲགས་པ་ཁོ་ནས་རེད། དེས་ང་ཚོ་རང་གཞན་གཉིས་སུ་ཕན་ཐོགས་རྒྱུ་ཕར་ཞོག གནོད་སྐྱོན་གྱི་རྒྱུ་རུ་འགྱུར་བ་ལས་གཞན་གང་ཡང་མ་རེད། རང་མགོ་རང་གིས་གཅོག་པ་ལས་ཅི་ཡང་མིན། དེ་ཡང་། ཕྱོགས་སོ་སོ་དང་། སྒེར་སོ་སོ་གང་རུང་ནས་པར་རྫུན། བརྙན་རྫུན། གསར་འགྱུར་རྫུན་མ་མངོན་སུམ་འཛེམ་མེད་ངང་གང་འདོད་དུ་བཟོས་པ་དེས་བོད་པའི་བསམ་བློའི་ཆུ་ཚད། མི་གཞིའི་ཀུན་སྤྱོད། སློབ་གསོའི་གནད་མིག ཆབ་སྲིད་ཀྱི་གོ་རྟོགས་ཀྱི་ཤེས་ཚད་གང་འདྲ་ཞིག་ལ་སླེབས་ཡོད་པའང་ཚོད་དཔོག་བྱེད་ཐུབ་པ་འདི་རེད། ལྷག་པར་ཏུ་ལོ་ནས་ལོ་བསྟུད་ཅིང་། མི་རབས་ནས་མི་རབས་བར། ད་རུང་ཕྱོགས་ཞེན་ཁོ་ནས་བཙོན་ར་ལས་ཐར་མེད་པ་འདི་ནི། མཐོང་རྒྱ་དང་ཁོག་རྒྱ་ངོ་མར་རྒྱུས་ལོན་གྱི་རིག་སྟོབས་མེད་ཅིང་། རང་གི་སྤྱི་ཚོགས་ཆུང་ཆུང་བོ་འདི་ཡང་བརྒྱ་ཕྲག་སྟོང་ཕྲག་དུ་མར་དུམ་བུ་དུམ་བུར་གཏུབས་ནས་ཇེ་ཆུང་ནས་ཇེ་ཆུང་དུ་བཏང་སྟེ་བཙན་བྱོལ་བོད་མིའི་སྟོབས་ཤུགས་ཉམས་རྒུད་དུ་བྱེད་པའི་ཀླད་པ་སྟོང་པའི་ཀླད་ལྗང་གི་ཐབས་རྡུགས་ཀྱི་བྱ་སྤྱོད་ཁོ་ནས་དུས་ཚོད་བསྐྱལ་པའི་གུ་དོག་ལ་རང་ཉིད་ལས་ལྷག་ཅིག་མཐོང་མི་ཐུབ་པའི་སློབ་གསོའི་མཇུག་འབྲས་རེད། ཆོས་ལུགས་པའི་བྱ་སྤྱོད་ཅིག་ཕར་ཞོག བྱམས་དང་སྙིང་རྗེ། གཞན་ཕན་ཀུན་སློང་། ལྟ་བ་རྟེན་འབྱུང་། སྤྱོད་པ་འཚེ་བ་མེད་པའི་གདོང་བག་ཙམ་གྱོན་ཡོད་པ་དམར་རྗེན་དུ་བཏོན་པ་རེད། མཐའ་ན། འཇིག་རྟེན་ཁྱིམ་པའི་མི་ཆོས་ཀྱི་ཀུན་གཞི་ཙམ་ཡང་མེད་པ་དེ་རེད། ཡང་དཔེ་མཚོན་ཙམ་བཤད་ན། ཕྱོགས་ཞེན་གྱི་དུག་རྫས་ཏེ་ཁམས་པ་དང་ཨ་མདོ། དབུས་གཙང་། དེ་ལས་ཁམས་པའི་ནང་ཁུལ་དུའང་སྡེ་དགེ། ལི་ཐང་། ཏྲེ་ཧོར་སོགས། ཨ་མདོ་ནང་ན་རེབ་གོང་། བླ་བྲང་། གཅན་ཚ་སོགས། དབུས་གཙང་ནང་ནའང་གཙང་པ། ལྷ་ས། ལྷོ་ཁ། མངའ་རིས་སོགས་ཕུ་དཀྲུག་མདའ་དཀྲུག་གིས་བགོ་བྱ་རྒྱག་སྟངས་འདིས་ཀྱང་བསམ་པའི་བློ་ཁོག་དོག་པའི་ནག་ཁུང་ནང་ན་དབུགས་ཆད་ནས་འགག་གྲབས་འདུག་པ་དེ་མཚོན་ཡོད་སྟབས། ང་ཚོས་ཕྱོགས་སོ་སོ་ནས་བཟང་ཆ་དང་སྐྱོན་ཆ་ངོས་བཟུང་བའི་ཐོག་ནས་གཅིག་ལ་གཅིག་ཕན། གཅིག་ལ་གཅིག་གྲོགས་ཀྱིས་བསམ་ཤེས་བྱེད་མི་ཐུབ་པ་དང་། ཁོག་རྒྱ་བསྐྱེད་མི་ཐུབ་པ་འདིས་མི་རིགས་ཤིག་གི་ལས་དབང་ལ་སྡོམ་ཚིག་འགོད་ཀྱིན་པར་འདོད་ལ། འདི་ནི་མི་རིགས་ཀྱི་འཆི་ལྟས་ཤིག་ཡིན་ཡང་སྲིད།
དེས་ན། ང་ཚོས་༧གོང་ས་མཆོག་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་ངེས་པར་ཏུ་སྲུང་སྐྱོབ་བྱེད་དགོས། འདི་ནི་ང་ཚོ་བོད་མིའི་གསོན་ཤུགས་དང་གཞིས་བཞུགས་ཀྱི་རེ་བ། འཐབ་རྩོད་ཀྱི་ཆིག་སྒྲིལ་དང་སྟོབས་ཤུགས་ཡིན། ད་ལྟ་ང་ཚོའི་ལག་ན་ཡོད་པའི་དངོས་ཡོད་ཀྱི་གནས་སྟངས་ངོ་མའང་འདི་ཡིན། ང་ཚོ་བཙན་བྱོལ་བོད་མི་ཚོས་བྱེད་ཐུབ་པའང་འདི་ཡིན། འདི་ལས་ལྷག་ཅིག་གི་ལས་འགུལ་ལས་བརྒལ་ནས་ང་ཚོར་འགྲོ་ས་ཞིག་གཏན་ནས་མེད། ང་ཚོ་བཙན་བྱོལ་བ་རྣམས་ངེས་པར་ཏུ་རང་གི་རྐང་པའི་ཐོག་ནས་ལང་ཐུབ་པར་འབད་བརྩོན་གནང་ཞོར་དུ་རྒྱལ་སྤྱིའི་སྤྱི་ཚོགས་སུ་བོད་དོན་སྒྲིལ་བསྒྲགས་བྱེད་རྒྱུ་དང་། གཞིས་ལུས་བོད་མི་རྣམས་ཀྱི་སྐྱིད་སྡུག་ངོ་མ་མཚོན་པའི་གཞུང་འབྲེལ་ཞུ་གཏུགས་དེ་ཁ་ཚ་དགོས་གཏུགས་ཀྱི་ལས་དོན་ཡིན་ལ། ང་ཚོས་བསྒྲུབ་ཐུབ་པ་ཞིག་ཀྱང་ཡིན་ཞིང་། བསྒྲུབ་དགོས་པ་ཞིག་ཀྱང་ཡིན་པས་ན། ང་ཚོས་དངོས་ཡོད་ཀྱི་གནས་སྟངས་འདི་ལ་གདུང་གཏད་དགོས་པ་ལས་འབེན་ཤར་དུ་བཞག་ནས་མདའ་ནུབ་ལ་འཕེན་པའི་རྩེད་མཚར་གྱི་དུས་ཚོད་མེད་པ་ཀུན་གྱིས་ཐུགས་སུ་འཇགས་རོགས།།
བརྒྱ་བཤད་ཚིག་གི་རྩ་བ།
གླེང་མ་ཐག་པའི་གནད་དོན་འདི་དག་ལ་གཞིགས་ནས་བཤད་ན། བཙན་བྱོལ་མི་མང་གི་སྤྱི་ཚོགས་སུ་དར་དམར་དང་དར་ནག ཁྲམ་པ་དང་ཇག་རྐུན། ཆོལ་ཁ་དབྱེ་འབྱེད། སྲིད་སྐྱོང་གང་ཡིན་ལ་མཐའ་གཅིག་ཏུ་རུས་སུ་ལྷུང་བའི་གཏམ་དང་ཐ་སྙད་གང་རུང་བེད་སྤྱོད་གཏོང་བཞིན་པ་ནི་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་གྱིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་གཞིས་བྱེས་གཉིས་ཀྱི་ཆིག་སྒྲིལ་གཏོར་བྱེད་ཀྱི་གསང་བའི་ཐ་སྙད་ལ་ངོས་འཛིན་བྱེད་དགོས་པ་དང་གཅིག གཉིས་ནས་བོད་མི་མང་གི་སྲིད་སྤྱི་གང་རུང་ཡིན་ནའང་བོད་ས་ཡོངས་རྫོགས་ཀྱི་བོད་གངས་ཅན་པ་ཡོད་དོ་ཅོག་གི་འཐུས་ཚབ་བྱེད་པའི་གདེང་ཚོད་ཀྱི་རུས་རྐང་དགོས་ཤིང་། བཙན་པོའི་སྙིང་སྟོབས་ཀྱི་དཔའ་ངར་ལྡན་པ་ཞིག་ཡིན་དགོས། དེ་ནི་ད་ལྟའི་སྲིད་སྤྱིའི་འོས་མིར་ལངས་བཞིན་པ་རྣམ་པས་སོ་སོ་ལ་ངོས་འཛིན་ཐོབ་དགོས་པའི་རྩ་བའི་གནད་འགག་ཅིག་རེད། ཡང་དགོས་སུ་བོད་ཀྱི་མཐའ་མཚམས་སུ་ཡོད་པའི་བོད་ནང་གི་བོད་སྐད་མི་ཤེས་པའི་བོད་མི་ཚོའི་འཐུས་ཚབ་ཀྱང་བྱེད་ཐུབ་པའི་སེམས་ཤུགས་རྣོན་པོའི་བརྩོན་འགྲུས་དང་ལྷག་བསམ་རྣམ་དག་གི་དམ་བཅའ་དགོས། དེ་བཞིན་དུ་ཕྱི་རྒྱལ་གྱི་བོད་སྐད་མི་ཤེས་པའི་བོད་པ་དག་གི་འཐུས་ཚབ་ཀྱང་བྱེད་ཐུབ་པའི་སྤོབས་པ་ཡོད་དགོས་པ་རེད་ལ། ང་དང་ཁྱོད་ཅེས་རང་རང་གི་ལྟ་བ་མཆོག་འཛིན་མེད་པར་བོད་མི་རིགས་ཡོད་ཚད་ལ་འབྲེལ་མཐུད་ཀྱི་སྣེ་འདྲེན་པ་ཞིག་བྱ་དགོས་པ་ནི་རྩ་བའི་ནང་གི་རྩ་དོན་རེད། གསུམ་ནས་རྒྱ་ནག་དམར་ཕྱོགས་ཀྱིས་བོད་ལ་འཛིན་པའི་སྲིད་བྱུས་ནི་དུས་དང་གོ་སྐབས་སུ་བསྟུན་ཏེ་འཆར་གཞིའི་སྒྲིག་འཛུགས་ཡོད་པའི་དམིགས་འབེན་བཟུང་སྟེ་བསམ་བཞིན་དུ་བོད་མིའི་བསམ་བློ་བསྒྱུར་བཅོས་གཏོང་ཐབས་སུ་བོད་མི་རིགས་ལ་རྒྱ་མི་རིགས་ཀྱི་ལྟ་བ་ཆགས་སུ་འཇུག་རྒྱུའི་ཕུགས་རྒྱང་རིང་བའི་བོད་རྒྱ་བསྒྱུར་གྱི་གཏིང་ནག་གི་ཐབས་ལམ་དེར་ངོས་འཛིན་གསལ་ཐག་ཆོད་པ་ཞིག་དགོས་པ་སྟེ། དེ་ཡང་ད་ལྟའི་དམིགས་ས་གཙོ་བོ་ནི་བོད་ནང་གི་བླ་དཔོན། སྐྱ་སེར། ཕོ་མོ། མཁས་བླུན། དགེ་སློབ། རྒན་གཞོན། ཞིང་འབྲོག་ཁྱད་མེད་ཀྱི་བོད་མི་ཡོད་དོ་ཅོག ནང་དགོས་སུ་བོད་མི་སྙིང་སྟོབས་ཅན་དང་ལྷག་བསམ་ཅན། བོད་མི་རིགས་ཀྱི་གཤིས་རྒྱུད་ཤ་གསེང་དུ་ཡོད་མཁན། མི་གཞིའི་སྒལ་ཚིགས་ཀྱི་རུས་རྐང་ཅན། མི་བུ་སློབ་གསོའི་བསམ་གཞིགས་རང་དབང་གི་ཁ་ཕྱོགས་སུ་སྐྱོད་མཁན་དག་ལ་ཁྱད་གསོད་བསྙོན་འཛུགས་དང་ངན་ཁག་འདྲ་མིན་དཀྲིས་ཏེ། གར་སོང་ཆ་མེད་དང་དམར་གསོད་བཙོན་འཇུག གཅར་རྡུང་སྡུག་སྦྱོང་། རྗེས་འདེད་སོ་ལྟ། འཇིགས་སྐུལ་དྲག་གནོན་ལ་སོགས་ཀྱིས་བོད་མི་རིགས་ཀྱི་བསམ་བློའི་སྟོབས་ཤུགས་འགོག་ཐབས་སུ་ཐབས་ལམ་རྣམ་པ་སྣ་ཚོགས་སྤྱད་དང་སྤྱོད་ཀྱིན་ཡོད་ཅིང་། མ་འོངས་པར་ཡང་བྱ་འགུལ་དེ་དག་མུ་མཐུད་དུ་སྤེལ་རྒྱུའི་གྲ་སྒྲིག་ཨང་གསར་ཡོད་པ་བཅས་རེད། འདི་ཡང་ལག་བསྟར་གྱི་ཞོར་ན་ཞི་དྲག་དང་མངོན་ལྐོག་གཉིས་ཀྱི་སྒོ་ནས་རྒྱ་མི་རྣམས་རྒྱབ་ནས་སྡོད་ཅིང་བོད་མི་རྣམས་མདུན་དུ་བཞག་སྟེ་ལས་ཀར་བཀོད་སྤྱོད་བྱས་དང་བྱེད་ཀྱིན་པ་ནི་རྩ་བའི་ལག་ཆ་ཁོ་ན་རེད། ད་དུང་གསལ་པོ་ཤེས་དགོས་པ་ཞིག་ནི། རྒྱ་དམར་གྱིས་བཙན་འཛུལ་བྱས་པ་ནས་བཟུང་། ད་ནི་བོད་མི་རིགས་ཀྱི་མི་ཐོག་བཞི་པ་ཆགས་ཡོད་པར་བརྟེན་བོད་ནང་གི་བོད་ཀྱི་མི་ཐོག་བཞི་པ་འདི་ཡང་དངོས་ཤུགས་ལྐོག་གསུམ་ནས་རྒྱ་མི་རིགས་ཆེན་པོའི་ལྟ་བ་དང་མི་མཐུན་པའི་བོད་ཀྱི་ལྟ་སྤྱོད་དག་རྣ་བར་ཐོས་སུ་མི་འཇུག་ཅིང་། ལྟ་ཚུལ་མི་མཐུན་པ་རྣམས་མཐའ་གཅིག་ཏུ་ལོག་ལྟར་བསྒྲུབ་པའི་ཀླད་པ་བཀྲུ་བའི་སློབ་གསོ་སྔ་ཕྱི་བར་གསུམ་ལ་ཤུགས་ཆེན་སྤེལ་ཡོད་ལ། དེ་ལས་ད་ལྟ་ང་ཚོས་མཐོང་བཞིན་པའི་བོད་ནང་གི་བཅའ་སྡོད་སློབ་གྲྭ་རེད། དེ་ལ་མཇུག་འབྲས་ཀྱང་གང་འཚམས་ཐོན་དང་ཐོན་བཞིན་ཡོད་པའི་ཉེན་འཕྲང་ཅན་གྱི་གནས་སུ་ལྷུང་ཡོད་པར་སེམས་བསམ་པའི་གཏིང་ནས་རྟོགས་དགོས། བཞི། བཙན་བྱོལ་བོད་མི་སྐོར་ཞིག་གཉེན་འཕྲད་ལ་ཕེབས་མཁན་ཚོར། ཕྱིའི་རྒྱལ་ཁབ་ཁག་གི་མི་སེར་ཐོབ་ཐང་རག་པ་དང་། རྐང་བཙུགས་ནས་རྒྱ་དམར་པོར་མགོ་མ་སྒུར། རང་ཚུགས་ཟུངས། རང་ངོ་སྲུངས། ཁྱེད་རང་ལ་བོད་ན་ཕ་མ་དང་སྤུན་མཆེད་ཡོད་པ་བདེན་མོད། རྒྱ་དམར་པོར་མགོ་བཏགས་ནས་ཐུག་འཕྲད་ལ་སོང་ན། ཁྱེད་རང་ཉིད་ཀྱིས་རང་གི་སྲོག་བཅད་པ་དང་མཚུངས་ལ། བོད་ནང་གི་ཕ་མ་དང་སྤུན་མཆེད་ཀྱི་ཁོག་དཔུང་དང་ལ་རྒྱ་ལ་མངོན་སུམ་འཛེམ་མེད་ཀྱིས་རྡོག་རྫིས་བཏང་བ་རེད། ད་དུང་ཁྱེད་ཀྱིས་བྱམས་བརྩེ་ཟབ་མོའི་ཚོར་བ་ལག་ཆར་བེད་སྤྱོད་བཏང་སྟེ་བཙན་གནོན་དང་བཅས་ཁོང་ཚོར་ཐུག་འཕྲད་བྱེད་དུ་བཅུག་པ་རེད། ཁྱེད་ནི་ཇི་འདྲའི་རང་དོན་ཚ་པོ་ཅན་ཞིག་རེད་ཨང་། རྒྱུ་མཚན་ནི། ཁོང་ཚོས་ཐབས་བརྒྱ་ཇུས་སྟོང་གིས་ཁྱེད་རང་བོད་ལ་སླེབས་ན་བོད་ཀྱི་ལས་དབང་སྐོར་གླེང་སློང་མི་བྱེད་པར་རྒྱ་དམར་གཞུང་ལ་ཁག་ཐེག་ཆེད་ཁོང་ཚོའི་ཚེ་སྲོག་གི་གཏའ་མ་འཇོག་དགོས་པ་རེད། དེ་ནས་བཟུང་ཁྱེད་ཀྱི་བོད་ནང་གི་ཕ་མ་སྤུན་མཆེད་ཚོའི་ཚེ་སྲོག་རྒྱ་ལག་ལ་ཁྱེད་རང་གིས་འཇོག་རོགས་བྱས་པ་རེད་ལ། ཁྱེད་རང་ཉིད་ཀྱི་ཚེ་སྲོག་དང་མིའི་རིན་ཐང་ཡང་ཁྱེད་རང་ཉིད་ཀྱིས་ཆ་རྐྱེན་གང་ཡང་མེད་པར་རྒྱ་ལག་ལ་བཞག་པ་རེད། འདི་ནི་རྒྱལ་མཚམས་བརྒལ་བའི་རྒྱ་དམར་གྱིས་བཙན་བྱོལ་ལ་བྲོས་པ་རྣམས་ཡང་བསྐྱར་བཙོན་འཇུག་བྱེད་སྟངས་ཤིག་རེད།
གཞན་ཁྱེད་རང་བོད་ནས་ཕྱིར་རང་དབང་ལུང་པར་ལོག་ཁར་ཡང་རྒྱ་དམར་གཞུང་གིས་ཕྱི་རྒྱལ་ནས་ཁྱེད་རང་བོད་མི་རིགས་ཀྱི་ལས་དོན་དང་འབྲེལ་བའི་བྱེད་སྒོ་ཞིག་ལ་ཞུགས་ན་ཁྱེད་རང་གི་ཕ་མ་སྤུན་མཆེད་ཚོའི་ཚེ་སྲོག་ཁོང་ཚོའི་ལག་པར་ཡོད་ཅེས་ཉེན་བརྡའི་ལག་རྟགས་དེ་འགྲོ་ཁར་ཁྱེད་རང་གི་ལག་པར་འཇོག་གི་རེད། ཡང་ན། ཁྱེད་རང་ལ་ལས་འགུལ་ཞིག་གི་ཆེད་དུ་རྒྱུ་དངོས་ཀྱིས་རྫོངས་པའང་བྱེད་སྲིད་པ་རེད། གདམ་ག་དེ་ཁྱེད་རང་ལ་ཐུག་ཡོད་རེད། གང་འདེམས་པ་དེ་ཁྱེད་རང་གི་སྙིང་གི་བྲང་ཁུག་ནང་ལ་བཅུག་ནས་ཡོང་དུས། ཁྱེད་རང་རང་དབང་ལུང་པ་ནས་སྡུག་བསྔལ་གྱི་གཅུང་ནད་གསར་བ་ཞིག་གིས་བཅུམ་མགོ་ཚུགས་པ་རེད། དེའི་ཞོར་ན། ཁྱེད་རང་བོད་ཀྱི་འཐབ་རྩོད་ཀྱི་ལས་འགུལ་ནང་ལ་ཞུགས་འདོད་མེད་པ། ཡང་ན། ཞུགས་འདོད་ཡོད་ཀྱང་རང་བཞིན་གྱིས་ཞུགས་མི་ཐུབ་པར་རང་གནོང་རྐྱང་རྐྱང་གིས་ཁེར་ཆད་ལ་ལྷུང་ཞིང་། སྐབས་རེར་བོད་ཀྱི་གྲོགས་པོ་ཚོ་མཐོང་ནའང་ཐུག་མི་ཐུབ་པར་འབྲོ་དགོས་པའི་གནས་སྟངས་འབྱུང་སྲིད་པ་རེད། དེས་ན། ཁྱེད་རང་སྔར་གྱི་མི་དེ་མིན་པར་རང་དབང་ལུང་པ་ནས་རང་གི་སྨྲ་སྒོར་རང་གིས་སྒོ་ལྕགས་བརྒྱབས་ཤིང་། རང་གིས་རང་གི་རང་དབང་དང་ཐོབ་ཐང་འཕྲོགས་ཏེ་གོ་མེད་ཚོར་མེད་དུ་ཡལ་བར་གྱུར། དེའི་ཕྱིར། ཡུ་རོབ་དང་ཨ་རི་སོགས་ཀྱི་ས་ཆ་གང་མང་ན། ལོ་ཤས་རིང་ནས་བཟུང་བོད་པ་མང་པོ་ཞིག་མངོན་སུམ་དོད་པོས་བོད་རང་གི་སྤྱི་ཚོགས་དང་ཁ་ཐག་ཇེ་རིང་དུ་འགྲོ་བཞིན་པའི་གནས་ཚུལ་ཚབས་ཆེན་གྱི་རྩ་བའང་དེ་ལ་ཐུག་འདུག་པར་འདོད། འདི་ནི་རྒྱ་ནག་གཞུང་གིས་བོད་ཕྱི་ནང་གཉིས་ཀྱི་བོད་མིར་གནོན་ཤུགས་སྤྲོད་བྱེད་ཀྱི་ཐབས་ཇུས་གསར་པ་ཞིག་ཀྱང་རེད་ལ། མི་སྣ་འདི་འདྲའི་རིགས་སྲིད་སྤྱི་གང་རུང་ལ་ལངས་རྒྱུའི་ཐོབ་ཐང་མེད་པའང་ཤེས་དགོས། དེའི་རྒྱུ་མཚན་ནི། ཐོབ་ཐང་དེ་ཁོ་རང་ཉིད་ཀྱིས་རང་ཉིད་ཀྱི་ལག་ནས་འཕྲོགས་པ་ཡིན་པས་ཁག་འཇོག་ས་ཞིག་ལྷག་ཡོད་པ་མ་རེད་ལ། འདི་དག་གི་ནང་ན་བཙན་བྱོལ་བོད་མིའི་རྐང་བཙུགས་གཏོར་མཁན་ཡང་མངོན་ལྐོག་ཤུགས་གསུམ་ན་འབུར་བཞིན་པའང་ཡོད། རྒྱ་དམར་པོའི་འདྲེ་ལག་བཙན་བྱོལ་བོད་མིའི་ནང་བརྐྱངས་ཟིན་པས་ན། བོད་མི་རིགས་ཀྱི་རྒན་གཞོན་བར་གསུམ་གྱི་ནང་ན། འདས་མ་ད་གསུམ་གྱི་མངོན་ལྐོག་གསང་གསུམ་ན། བོད་པར་རྒྱ་གདོན་ཞུགས་པ་གང་མང་ཞིག་མཆིས་པ་དག་གིས་གང་ཞིག་ལ་ཤ་ཚ་མདོག་དང་རུས་དུངས་མདོག་གིས་ཆོལ་ཁ་དབྱེ་འབྱེད། དར་དམར་དང་དར་ནག ཇག་པ་དང་རྐུན་མ། ཧམ་པ་དང་ཁྲམ་པ། ཕྱོགས་ཞེན་དབྱེ་འབྱེད། སྲིད་སྐྱོང་གང་ཞིག་གི་ཕྱོགས་སུ་མཐའ་གཅིག་ཏུ་རུས་སུ་ལྷུང་བའི་རྗོད་བྱེད་ཀྱི་ཚིག་དང་བཅས་པའི་ཐ་སྙད་ཡོད་དོ་ཅོག་ནི་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་གྱི་གསང་བའི་ཐ་སྙད་ཡིན་པར་ངོས་འཛིན་ཐོབ་དགོས་སོ།། །།





