བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ལ་མཇལ་བཅར་ཞུ་མཁན་གྱི་གནད་ཡོད་མི་སྣ།
༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད།
ཕྱི་ལོ་ ༢༠༢༥ ཟླ་ ༧ ཚེས་ ༤ ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ། བོད་མིའི་ཆོས་ལུགས་ཚོགས་ཆེན་ཐེངས་ ༡༥ བའི་ཐོག་ཕེབས་པའི་བསྟན་བདག་བླ་སྤྲུལ་རྣམ་པ་དང་ཚོགས་བཅར་བ་ཡོངས་ཀྱིས་༧གོང་ས་མཆོག་ལ་མཇལ་བཅར་ཞུས་ཡོད་པ་དང་། ཕྱི་ཟླ་ ༧ ཚེས་ ༢ ཉིན་ཚོགས་ཆེན་གྱི་ཉིན་དང་པོའི་སྐབས་སུ་༧གོང་ས་མཆོག་ནས། ཡང་སྲིད་ངོས་འཛིན་གྱི་བྱེད་སྒོའི་འགན་འཁུར་གཙོ་བོ་ཏཱ་ལའི་བླ་མའི་བླ་བྲང་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩའི་དབང་ལྡན་འགན་འཛིན་རྣམས་ལ་ཡོད་པ་དང། ཁོང་ཚོས་བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་ཁག་གི་དབུ་ཁྲིད་བླ་ཆེན་རྣམ་པ་དང། ༸རྒྱལ་དབང་སྐུ་ཕྲེང་ན་རིམ་དང་ལུས་དང་གྲིབ་བཞིན་འགྲོགས་པའི་དམ་ལྡན་ཆོས་སྲུང་ཁག་ལ་སྐབས་བསྟུན་ལམ་སྟོན་ཞུས་ཏེ་ཡང་སྤྲུལ་རྩད་གཅོད་ངོས་འཛིན་སྔོན་སྲོལ་བཞིན་བྱ་རྒྱུ་ལས། གཞན་སུས་ཀྱང་ཐེ་བྱུས་མི་ཆོག་པའི་གནས་བབས་ལ་འགྱུར་བ་གང་ཡང་མེད་ཅེས། ༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད་ཡོད་པ་རེད། བོད་མིའི་ཆོས་ཚོགས་ཐེངས་བཞི་པ་དང་། དམིགས་བསལ་ཚོགས་ཆེན། བོད་ཕྱི་ནང་དུ་གནས་པའི་བོད་མི་སྤྱི་དང༌། ཧི་མཱ་ལ་ཡའི་ས་ཁུལ་ཁག ཆེན་པོ་ཧོར། རྒྱ་ཡི་ཆོས་གྲོགས། ཕྱི་ནང་དད་ལྡན་སོགས་ཁུངས་སོ་སོ་ནས་༸རྒྱལ་བའི་སྐུ་ཕྲེང་རྒྱུན་མཐུད་ངེས་ཕེབས་ཡོང་བ་ཞེས་གཅིག་མཇུག་གཉིས་མཐུད་དུ་གསོལ་བ་ཕུར་ཚུགས་སུ་བཏབ་པ་ཡོད་པ་རེད། ཕྱི་ལོ་ ༢༠༢༥ ཟླ་༧ ཚེས་ ༡༧ ཉིན་ཨ་རིའི་གྲོས་ཚོགས་གོང་མའི་ནང་༧གོང་ས་མཆོག་གི་འཁྲུངས་སྐར་གྱི་ཉིན་མོ་དེ་བྱམས་བརྩེའི་ཉིན་མོར་སྲུང་གཙི་བྱ་རྒྱུ་དང་། རྒྱ་ནག་གཞུང་གིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་གནད་དོན་ལ་ཐེ་ཇུས་བྱེད་མི་ཆོག་པའི་གྲོས་ཆོད་ཅིག་སྤྱི་མོས་གཏན་འབེབས་གནང་འདུག
སི་ལོ་ཝེ་ཀི་ཡའི་སྲིད་འཛིན་ཟུར་པ་སོགས་ཀྱིས་མཇལ་བཅར་ཞུས།
ཕྱི་ལོ་ ༢༠༢༥ ཟླ་ ༣ ཚེས་ ༡༠ ཉིན་བཞུགས་སྒར་རྡ་རམ་ས་ལའི་ཕོ་བྲང་དུ། བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༦ པའི་མཛད་སྒོར་ཕེབས་པའི་སི་ལོ་ཝེ་ཀི་ཡའི་(Slovakia)སྲིད་འཛིན་ཟུར་པ་ Mr. Andrej Kiska དང་། ཨེ་སི་ཏྲོ་ནི་ཡའི་(Estonia)གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་བ་བཞི། སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་སོགས་ཀྱིས་༧གོང་ས་ལ་མཆོག་ལ་མཇལ་བཅར་ཞུས། སྐབས་དེར་༧གོང་ས་མཆོག་ནས། དེ་རིང་ང་ཚོའི་གསུམ་བཅུའི་དུས་དྲན་རེད། ང་ཚོའི་བོད་པ་ཚོ་འུ་ཐུག་ནས་སྐད་འབོད་བྱས་པ་རེད། ངོས་རང་ཡང་བྱེད་ཧ་ཅང་ཁག་པོ་བྱུང་། ནོར་བུ་གླིང་ག་ནས་སྤོས་ཡ་མ་གཏོགས་གཞན་ཐབས་ཤེས་མི་འདུག་ཅེས་སྤོས་རྒྱུ་ཐག་བཅད་པ་རེད། ནོར་གླིང་ནས་ཚུར་ཐོན་ཡོང་སྐབས་སེམས་ཏོག་ཙམ་སྐྱོ་བྱུང་། ལྷ་སའི་གཙང་པོར་བརྒལ་ནས་ཆུའི་ཕར་ཕྱོགས་སུ་སླེབས་སྐབས་ངོས་ཀྱི་རྟ་ཁྲིད་ས་གནས་ཀྱི་གྲོང་གསེབ་པ་ཞིག་གིས་ལྷ་ས་འདི་ནས་མ་གཏོགས་གཟིགས་ཀྱི་མ་རེད། ལྷ་སར་གཅིག་གཟིགས་རོགས་ཟེར། སྙིང་རྗེ། དེ་ནས་ངོས་ཀྱི་རྟ་ཁ་ཕར་སློག་ནས་ལྷ་སར་ཁ་གཏད་དེ་སྨོན་ལམ་ཞིག་བརྒྱབ་པ་ཡིན། ལྷ་སའི་ལྷོ་རྒྱུད་ཀྱི་གཙང་པོ་ཕར་བརྒལ་ནས་རྟ་བཞོོན་ནས་སླེབས་སྐབས་རྒྱ་མིའི་བཙན་འོག་ནས་ཐར་སོང་བསམ་པའི་དགའ་སྣང་ལྟ་བུའང་བྱུང་། རྒྱ་མི་གུང་ཁྲན་གྱིས་བོད་ནག་བསུབ་གཏོང་བའི་རེ་བ་བརྒྱབ་ཀྱང་ནག་བསུབ་གཏོང་ཐུབ་ཡོད་པ་མ་རེད། ཅེས་གསུངས།
རྒྱ་རིགས་ཚན་རིག་པ་ཁག་ཅིག་གིས་མཇལ་བཅར་ཞུས།
ཕྱི་ལོ་ ༢༠༢༥ ཟླ་ ༥ ཚེས་ ༢ ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ། ཐའེ་ཝན་དབྱང་མིང་ཆའོ་ཏུང་སློབ་ཆེན་གྱི་སེམས་ཁམས་མཚན་ཉིད་རིག་པའི་སློབ་དཔོན་ཆེ་བ་ཧོང་ཡུས་ཧོང་དང་། ཐའེ་ཝན་རྒྱལ་ཡོངས་སློབ་ཆེན་གྱི་སེམས་ཁམས་རིག་པའི་སློབ་དཔོན་གཞོན་པ་དང་། ཀླད་པ་དང་ཤེས་པའི་ཉམས་ཞིབ་ཁང་གི་འགན་འཛིན་ཞེ་པོ་རཱང་སོགས་ཚན་རིག་པ་ ༡༡ གིས་༧གོང་ས་མཆོག་ལ་མཇལ་བཅར་ཞུས་ཡོད་ཅིང་། སྐབས་དེར་༧གོང་ས་མཆོག་ནས་ནུབ་ཕྱོགས་རྒྱལ་ཁབ་ཀྱི་ཚན་རིག་པའི་ཁྲོད་ནང་ཆོས་ལ་དོ་སྣང་བྱེད་མཁན་མང་དུ་མང་དུ་འགྲོ་བཞིན་འདུག ངོས་ཀྱིས་ནང་ཆོས་ངོ་སྤྲོད་བྱེད་སྐབས་སེམས་ཁམས་རིག་པ་དང་འབྲེལ་ནས་བཤད་ཀྱི་ཡོད་མ་གཏོགས། དེ་སྔའི་ང་ཚོའི་ལུགས་སྲོལ་ལྟ་བུར་སྨོན་ལམ་བརྒྱབ་སྡོད་པ་དེ་བཤད་ཀྱི་མེད། འཛམ་གླིང་འདིར་ང་ཚོ་ཚང་མར་ཞི་བདེ་དགོས་ཀྱི་ཡོད་པ་ནི་རྒྱུ་མཚན་ལྡན་པ་ཞིག་རེད། ཞི་བདེ་ཡོང་བའི་མ་རྩར་སེམས་དུལ་བ་དགོས། སེམས་ལ་ཞི་བདེ་ཡོད་ན་འཛམ་གླིང་ལ་ཞི་བདེ་ཡོང་ཐུབ་པ་ཞིག་རེད། སེམས་ལ་ཞི་བདེ་མེད་པར་ཁ་ནས་ཞི་བདེ་ཞི་བདེ་ཞེས་བརྗོད་པས་ཕན་ཐོགས་མེད། ཅེས་བཀའ་སློབ་བསྩལ།
ཧི་མ་ལ་ཡ་ནཱ་ལནྡྲའི་ནང་པའི་སྲོལ་རྒྱུན་ལྷན་ཚོགས་ཀྱི་ཚོགས་མི་རྣམས་ཀྱིས་མཇལ་བཅར་ཞུས།
ཕྱི་ལོ་ ༢༠༢༥ ཟླ་ ༦ ཚེས་ ༡༦ ཉིན་བཞུགས་སྒར་ཕོ་བྲང་དུ། རྒྱ་གར་ཧི་མ་ལ་ཡ་ནཱ་ལནྡྲའི་ནང་པའི་སྲོལ་རྒྱུན་ལྷན་ཚོགས་ཀྱི་ཚོགས་མི་བཅུ་གཉིས་ཀྱིས་༧གོང་ས་མཆོག་ལ་མཇལབཅར་ཞུས་ཡོད་ཅིང་། སྐབས་དེར་༧གོང་ས་མཆོག་ནས། ང་ཚོའི་དཔེ་ཆའི་ནང་དུ་སེམས་ཁམས་རིག་པ་བློའི་འགྲོ་སྟངས་ཧ་ཅང་གསལ་པོ་འདུག དེ་དབྱིན་ཡིག་ཏུ་དགོས་པ་ཧ་ཅང་གལ་ཆེན་པོ་རེད། ངོས་ཀྱི་ངོ་ཤེས་པ་ཚན་རིག་པ་མང་པོས་སེམས་ཁམས་རིག་པའི་སྐོར་ལ་དམིགས་བསལ་གྱིས་དོ་སྣང་བྱེད་བཞིན་འདུག སྐྱེ་བ་སྔ་ཕྱི་དང་ཐར་བ་དང་ཐམས་ཅད་མཁྱེན་པའི་སྐད་ཆ་མི་དགོས་པར་འཕྲལ་དུ་སེམས་ཞི་བདེ་ཇི་ལྟར་བཟོ་དགོས་པ་རེད་ཅེས་དོ་སྣང་བྱེད་མཁན་ཤུགས་ཆེན་པོ་འདུག ཅེས་བཀའ་སློབ་བསྩལ།
ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཕེ་ཌར་པཱ་ཝལ་མཆོག་གིས་མཇལ་བཅར་ཞུས།
ཕྱི་ལོ་ ༢༠༢༥ ཟླ་ ༧ ཚེས་ ༢༧ ཉིན་ལ་དྭགས་གླེ་ཞི་བའི་ཚལ་རྒྱལ་བའི་ཕོ་བྲང་དུ། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཕེ་ཌར་པཱ་ཝལ་(Petr Pavel)མཆོག་གིས་༧གོང་ས་མཆོག་ལ་མཇལ་བཅར་ཞུས་ཡོད་ཅིང་། སྲིད་འཛིན་མཆོག་གིས་འདི་གའི་གསར་འགོད་པར། ༧མགོན་པོ་གང་ཉིད་ནས་གཉིས་ཕན་དབུ་མའི་ལམ་གྱི་ཐོག་ནས་བོད་རྒྱའི་དཀའ་རྙོག་སེལ་བའི་དགོངས་གཞི་གཙོ་བོ་དང། ཆོས་དད་རང་དབང་། སྨྲ་བརྗོད་རང་དབང་། བོད་མི་རྣམས་ལ་སྐད་ཡིག་བཀོལ་སྤྱོད་སོགས་ཀྱི་རང་དབང་དགོས་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅེས་གསུངས་བྱུང་ལ། ཁོང་ཆེད་དུ་ལ་དྭགས་ལ་ཕེབས་ནས་༧གོང་ས་མཆོག་ལ་མཇལ་བཅར་ཞུས་པར་བརྟེན། རྒྱ་ནག་གཞུང་གིས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཕེ་ཌར་པཱ་ཝལ་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཞུས་པར་ངོ་རྒོལ་བསྒྲགས་གཏམ་སྤེལ་འདུག
ཉི་ཧོང་གྲོས་ཚོགས་འཐུས་མི་ཝ་དཱ་ཡུ་ཆི་རཱོ་ལགས་ཀྱིས་མཇལ་བཅར་ཞུས།
ཕྱི་ལོ་ ༢༠༢༥ ཟླ་ ༩ ཚེས་ ༣ ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ། ཉི་ཧོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཝ་དཱ་ཡུ་ཆི་རཱོ་ (Wada Yuchiro ) ལགས་ཀྱིས་མཇལ་བཅར་ཞུས་ཡོད་ཅིང་། སྐབས་དེར་༧གོང་ས་མཆོག་ནས་འཛམ་གླིང་ནང་དཀའ་ངལ་མང་དག་ཅིག་ཡོང་གི་ཡོད་ཀྱང་། སེམས་ནང་ཞི་བདེ་དང་བྱམས་སྙིང་རྗེ་ཡོད་ན་དཀའ་རྙོག་དེ་དག་སེལ་ཐུབ་རྒྱུ་རེད། དེ་ལྟར་ཡོང་བ་ལ་ཐོག་དང་པོར་རང་ཉིད་ཀྱི་ཨ་མ་ཇི་ཙམ་བཀའ་དྲིན་ཆེན་པོ་ཡིན་པ་དྲན་ཏེ། བྱམས་པ་དང་སྙིང་རྗེའི་གལ་གནད་ཤེས་དགོས་ཤིང་། དེ་ལྟ་བུའི་བརྩེ་བའི་བསམ་པ་དེ་ཉིད་དགྲ་ལའང་བསམ་ཐུབ་པ་བྱུང་ཚེ་འཛམ་གླིང་གི་རྙོག་དྲ་མང་པོ་ཞིག་སེལ་ཐུབ་རྒྱུ་རེད། ཅེས་གསུངས།
སུད་སིའི་གྲོས་ཚོགས་འཐུས་མི་གསུམ་གྱིས་མཇལ་བཅར་ཞུས།
ཕྱི་ལོ་ ༢༠༢༥ ཟླ་ ༡༠ ཚེས་ ༡༠ ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ། སུད་སིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཧྥ་བྷིན་མོ་ལི་ནཱ་(Fabian Molina )ལགས་དང་། སུད་སིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ལི་ཌ་ཊི་བིན་ཊུ་རཱ་(Linda De Ventura )ལགས་དང་ལིན་ནོ་རཱ་ཕོར་ཆི་ཌི་(Léonore Porchet )ལགས། སུད་བོད་མཐུན་གྲོགས་ཚོགས་ཆུང་གི་ཚོགས་གཙོ་ཐོ་མ་ཤི་བྷུ་ཆི་ལི་(Thomas Buchli )ལགས། དེ་བཞིན་སུད་སིའི་བོད་ཀྱི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས། ཡུ་རོབ་སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་ལགས་བཅས་ཀྱིས་༧གོང་ས་མཆོག་ལ་མཇལ་བཅར་ཞུས། སུད་སིའི་གྲོས་ཚོགས་འཐུས་མི་རྣམས་ཀྱིས་གསར་འགོད་པར་འདི་ལོར་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུའི་གོ་སྟོན་དང་བསྟུན། དམིགས་བསལ་མཇལ་ཁ་ཞུ་རྒྱུའི་གོ་སྐབས་བྱུང་བར་ཧ་ཅང་དགའ་པོ་བྱུང་། ༧གོང་ས་མཆོག་ནི་འཛམ་གླིང་ཁྲོད་གལ་ཆེ་བའི་མི་སྣ་ཞིག་ཡིན་པས། ༸མགོན་པོ་གང་ཉིད་མཆོག་སྐུ་ཚེ་ཡུན་རིང་བརྟན་པའི་སྨོན་འདུན་ཡོད་ཅེས་གསུངས།
ཁཱལ་མུག་གི་སྲིད་འཛིན་ཟུར་པས་མཇལ་བཅར་ཞུས།
ཕྱི་ལོ་ ༢༠༢༥ ཟླ་ ༡༡ ཚེས་ ༢༥ ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ། ཁཱལ་མུག་གི་སྲིད་འཛིན་ཟུར་པ་ཁེར་སིན་ནེ་ཁོ་ལྭ་ཡེ་ཝེག་(Kirsan Nikolayevich llyumzhinov) མཆོག་དང་། རུ་སོག་དོན་གཅོད་ཏི་ལོ་རིན་པོ་ཆེ་མཆོག དེ་བཞིན་སོག་ཡུལ་གྱི་དད་ལྡན་སེར་སྐྱ་མི་མང་ ༢༥༠ ལྷག་གིས་༧གོང་ས་མཆོག་ལ་མཇལ་བཅར་ཞུས། མཇལ་བཅར་སྐོར་ལ་ཁཱལ་མུག་གི་སྲིད་འཛིན་ཟུར་པ་ཁེར་སིན་ནེ་ཁོ་ལྭ་ཡེ་ཝེག་མཆོག་གིས་འདི་གའི་གསར་འགོད་པར། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ངས་ཐེངས་མང་པོར་མཇལ་བཅར་ཞུས་ཡོད། ཕྱི་ལོ་ ༡༩༩༣ ལོར་ང་རང་ཁཱལ་མུག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ལ་འོས་འདེམས་བྱུང་བ་རེད། དེ་དུས་གཞུང་འབྲེལ་ཐོག་ནས་དྷ་རམ་ས་ལར་༧གོང་ས་མཆོག་ལ་མཇལ་བཅར་ཞུ་རུ་ཡོང་མྱོང་ཡོད་ལ། ཡུ་རོབ་ཀྱི་རྒྱལ་ཁབ་ཁག་ནས་ཀྱང་མཇལ་བཅར་ཞུས་མྱོང་། ཕྱི་ལོ་ ༢༠༠༤ ལོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཁཱལ་མུག་སྤྱི་མཐུན་རྒྱལ་ཁབ་ནང་དུ་ཆིབས་སྒྱུར་བསྐྱངས་ཏེ། ཁེལ་མེག་གི་མི་མང་སྟོང་ཕྲག་མང་པོར་བཀའ་སློབ་སྩལ་ཡོད། དེ་ནི་ངའི་སེམས་པའི་ནང་སྤོབས་པ་སྐྱེས་པ་ཞིག་རེད། ཅེས་འགྲེལ་བརྗོད་གནང་བྱུང་།
ཧི་མ་ཅལ་མངའ་སྡེའི་ཁྲལ་བསྡུའི་བློན་ཆེན་མཆོག་གིས་མཇལ་བཅར་ཞུས།
ཕྱི་ལོ་ ༢༠༢༥ ཟླ་ ༡༡ ཚེས་ ༣༠ ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ། ཧི་མཱ་ཅལ་མངའ་སྡེའི་ཁྲལ་བསྡུའི་བློན་ཆེན་སྐུ་ཞབས་ཇ་གཏ་སིངྒ་ནེ་གི་ (Jagat Singh Negi) མཆོག་དང་། གྲོས་ཚོགས་འཐུས་མི་སྐུ་ཞབས་ཧ་རིཤ་ཇཱ་ནཱ་ཐན་ (Harish Janathan ) ལགས་རྣམ་གཉིས་ཀྱིས་༧གོང་ས་མཆོག་ལ་མཇལ་བཅར་ཞུས་ཡོད་ཅིང་། སྐབས་དེར་༸གོང་ས་མཆོག་ནས་ཧི་མཱ་ཅལ་མངའ་སྡེའི་གཞུང་མང་གཉིས་ནས་བོད་མི་ཚོར་མཐུན་འགྱུར་རམ་འདེགས་གང་ཡོང་གནང་བཞིན་པར་ཐུགས་རྗེ་ཆེ་ཞེས་གསུངས་ཡོད་པ་དང་། མངའ་སྡེའི་ཁྲལ་བསྡུའི་བློན་ཆེན་མཆོག་གིས་མངའ་སྡེའི་གཞུང་གི་ངོས་ནས་ཁྱབ་ཁོངས་བོད་མི་ཚོར་རྒྱབ་སྐྱོར་མུ་མཐུད་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་སྐོར་གསུངས།
བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་སྐུ་མགྲོན་རྣམ་པས་མཇལ་བཅར་ཞུས། 
ཕྱི་ལོ་ ༢༠༢༥ ཟླ་ ༡༢ ཚེས་ ༡༠ ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་དེ་ལོ་ངོ་ ༣༦ འཁོར་བའི་གཞུང་འབྲེལ་མཛད་སྒོའི་ཐོག་ཕེབས་པའི་ཅེག་རྒྱལ་ཁབ་ཀྱི་གྲོས་ཚོགས་ཀྱི་ཚོགས་གཞོན་ལྕམ་སྐུ་ཇེ་ཊ་ཀ་སི་ཊི་ལོ་ཝ་ (Jietka Sietlova) ལགས་དང་། ཨོ་གླིང་གྲོས་ཚོགས་འཐུས་མི་ལྕམ་སྐུ་སྦར་སྦ་ར་པོ་ཀོག་ (Barbara Pocock) ལགས། ཅི་ལིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཝ་ལ་ཊོ་ མི་རོ་སི་ཝིག་ (Vlado Mirosevic) ལགས། ཧྥ་རན་སིའི་གྲོས་ཚོགས་འཐུས་མི་ལྕམ་སྐུ་ས་མཱནྠཱ་ཀཱ་ཛེ་བོ་ནེལ་ (Samantha Cazebonel) ལགས། ནིའུ་ཛི་ལེནྜ་གྲོས་ཚོགས་འཐུས་མི་སྐུ་ཞབས་གྲེག་ཧྥེ་ལེ་མིང་ (Greg Flemming) ལགས། ཕི་ཇི་གྲོས་ཚོགས་འཐུས་མི་སྐུ་ཞབས་བི་རེནྡྲ་ལཱལ་ (Virendra Lal) ལགས་བཅས་རྒྱལ་ཁབ་དྲུག་གི་གྲོས་ཚོགས་འཐུས་མི་རྣམས་ཀྱིས་མཇལ་བཅར་ཞུས་ཡོད་པ་དང་། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག ཨོ་གླིང་སྐུ་ཚབ་དོན་གཅོད་ཀརྨ་སེང་གེ་ལགས། ལྷོ་ཨ་མེ་རི་ཁའི་སྐུ་ཚབ་དོན་གཅོད་འཇིགས་མེད་ཚེ་རིང་ལགས། སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་བཅས་མཉམ་བཅར་ཞུས།
ཞི་བདེའི་གཟེངས་རྟགས་བཞེས་མཁན་གྱིས་མཇལ་བཅར་ཞུས། 
ཕྱི་ལོ་ ༢༠༢༦ ཟླ་ ༡ ཚེས་ ༢༣ ཉིན་གྱི་སྔ་དྲོ་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ནང་བྱེས་ཀྱི་གདན་ས་འབྲས་སྤུངས་སྒོ་མང་དུ ། ཕྱི་ལོ་ ༢༠༡༡ ལོའི་ནོ་སྩེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཨ་ཧྥི་རི་ཁའི་རྒྱལ་ཁབ་ལི་བྷི་རི་ཡ་(Liberia) ནས་ཡིན་པ་ལྕམ་སྐུ་ (Leymah Roberta GBowee)མཆོག་དང་རྒྱལ་སྤྱིའི་ཁྲོད་གློག་བརྙན་བཟོ་སྐྲུན་པ་གྲགས་ཅན་ལྕམ་སྐུ་ (Abigail Edna Disney) ལགས་རྣམ་གཉིས་ཀྱིས་༧གོང་ས་མཆོག་ལ་མཇལ་བཅར་ཞུས་ཡོད་ཅིང་། སྐབས་དེར་༧གོང་ས་མཆོག་ནས་ད་ལྟའི་འཛམ་གླིང་འདིའི་ནང་དབུལ་ཕྱུག་གི་ཁྱད་པར་ཆེན་པོ་ཡོད་པ་དེ་ཧ་ཅང་གི་སེམས་སྐྱོ་པོ་ཡིན་པ་དང་། འཛམ་གླིང་འདིའི་སྤུན་ཟླ་མི་མང་ཚང་མ་འདྲ་མཉམ་ཐོག་དབུལ་ཕྱུག་གི་ཁྱད་པར་དེ་མེད་ན་སྙམ་པའི་ཐུགས་སྨོན་མཛད་ཀྱི་ཡོད་སྐོར་གསུངས།
གསར་འགོད་པ་བྱམས་པ་ཚ་ེ་རིང་གིས་ཕྱོགས་སྒྲིག་བྱས།




